ལུགས་ཟུང་གི་བསླབ་བྱ་མུ་ཐི་ལིའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༎

༄༅།།སྨྲ་བ་ངག་གི་དབང་ཕྱུག་འཇམ་པའི་དབྱངས། །དབྱངས་ཅན་ལྷ་མོའི་གཙུག་ལག་འདོད་འཇོའི་དཔལ། །དཔལ་ལྡན་ཚངས་པ་སྡེ་བཞིའི་བང་མཛོད་འཛིན།།འཛིན་མའི་མངའ་བདག་རྣམས་ཀྱིས་ཤིས་པ་སྩོལ། །ཆོས་དང་སྲིད་ཀྱི་ཚིག་དོན་ཟབ་བརླིང་སྒྲ། །སྙན་ངག་པི་ཝཾ་རྒྱུད་ཀྱིས་གླུར་བླངས་ན།།རྣམ་དཔྱོད་ལང་ཚོ་རྒྱས་པའི་ཤེས་ལྡན་རྣར། །འཇེབས་ཀྱང་ཕལ་ཆེར་ཐོས་འཛིན་ཚེར་མ་ཉལ། །དེ་ཕྱིར་མཆོག་དམན་ཀུན་གྱིས་ལེགས་རྟོགས་པའི།།འབོལ་རྩོམ་ཚིགས་སུ་བཅད་པའི་མུ་ཐིལ། །ཆིང་གིས་གནམ་གྱི་རིགས་ལས་མི་བདག་མགུལ། །མཛེས་བྱེད་དོ་ཤལ་འཕྲེང་བས་རྒྱན་དུ་སྤུད།། དེང་དུས་རྒྱ་གར་རྒྱ་ནག་ཧོར་བོད་སོགས། སྔོན་བྱུང་ཡ་རབས་ངང་ཚུལ་ལུགས་གཉིས་ཁྲིམས། །ཆེར་ནུབ་ངན་སྤྱོད་ངོ་སོར་འཁྱེར་དུས་འདིར།།ལེགས་པར་བཤད་ཀྱང་ཙཱུ་ཏའི་རྐང་གཉིས་བཞིན། །བྱང་བསྟན་ཕུག་པར་རྟ་ལྗང་ཅན་གྱི་ཟེར། །མི་འཇུག་དངོས་པོའི་གཤིས་ལ་བཅོས་མེད་ཀྱང་།།ཕྱོགས་གཞན་བུག་པར་ཤར་བའི་སྣང་བ་ཡིས། །འཐིབས་བུའི་སྨག་རུམ་སེལ་བ་འགའ་འབྱུང་སྙམ། །ལྷ་ཆོས་ལྟ་ཞོག་མི་ཆོས་བྱ་བཞག་ཀྱང་།།ལམ་དུ་རྒྱུགས་པ་བསོད་ནམས་ལ་རགས་པས། །དཀོན་མཆོག་མཆོད་དང་ངན་ལོང་སྦྱིན་གཏོང་སོགས། །ལེགས་བྱས་སྤེལ་བའི་ཚོགས་ཆེན་གསོག་པ་གནད།། མངོན་ཤེས་མེད་ཕྱིར་གྲོས་དང་མདུན་མ་ཀུན།།ཐོག་ཏུ་འཁེལ་དཀའ་ཡུལ་དུས་གནས་སྐབས་དང་། །དགྲ་གཉེན་བར་མ་བརྟགས་ནས་འཕྲལ་ཆོད་འཕྲལ་བླངས་ཏེ་འཇུག་པ་ཕོ་ཚོད་འཕྲལ།།བླངས་ཏེ་འཇུག་པ་ཕོ་ཚོད་ཡང་རྩེ་ཡིན། །སེམས་ཀྱི་འཆར་སྒོ་འབྱུང་ལ་མཐའ་མེད་ཀྱང་། །གྲེ་བར་བསྐྱིལ་ནས་མི་སྨྲ་བ་དེ་མཁས།།སྙིང་ནའི་དགྲ་ལ་འཕྲལ་དུ་མི་ཁྲོ་བར། །བཅོས་མ་འཛུམ་གྱིས་བསུ་བ་གྲུང་པོ་ཡིན། །རང་བློར་མི་བབས་གཏམ་ཚིག་ཅི་བྱུང་ཡང་།།བརྫུ་བཟང་ཁོག་ནས་མི་མངོན་ལེན་པ་ཟབ། །ཟས་ནོར་འདོད་ཀྱང་ངག་འཇམ་གཡོ་ཐབས་ཀྱིས། །མི་མངོན་ཤུགས་ཀྱིས་ལེན་པ་སྤྱང་པོ་ཡིན།།ངན་ལ་མི་འཁང་སླད་ནས་འགྱུར་བ་སྲིད། །བཟང་ལ་མི་བལྟོད་ཅིར་འགྱུར་ཤེས་པ་དཀའ། །གང་གི་ཐོག་ཏུ་འབབ་པའི་གནད་མེད་པར།།གཞན་ཐར་འབྲངས་པའི་ཞལ་ཆད་བཅད་མི་རུང་། །བྱ་བ་གང་ཡང་འགྲུབ་པའི་གདེང་མེད་པར། །ཁ་འདོན་མེ་སྐྱེན་ཁོང་དུ་སྦེད་པ་གནད།།བུ་སོགས་གཉེན་ལ་བྱམས་དྲག་ངན་སྲོལ་ཡོང་། །དགྲ་ལ་ཧ་ཅང་སྡང་ན་རང་ལ་མཚུངས། །གཉེན་ལ་རས་གཅོད་ཆེ་ན་ནམ་ཕུགས་འཁོན།།བྲན་ལ་འབར་ཤ་ཆེས་ན་འཁོར་མཁན་དཀོན། །འཁོར་ལ་ཆེས་ཆེར་རྩུབ་ན་སྙིང་སྐྲན་འཇུག། གྲོགས་ལ་རྔན་ཆེན་མང་ན་ཞེ་བཞག་ཡོང་།།དཔེ་ངན་གཞན་ལ་གཏོང་ན་རང་ལ་འཁོར། །ཁ་དགྲ་མི་བསག་གནག་པ་སེམས་ལ་ཞོག། གཉེན་ལ་མི་བསྟོད་བྱམས་པ་ཡིད་ལ་འཛིན།།ངན་བློ་ཡོད་ཀྱང་ཕྱི་རུ་འཇམ་སྐད་སྙན། །གདོང་ཐུག་དྲག་པོས་དགྲ་བོ་ཐུལ་དཀའ་བས། །སྣ་ཚོགས་ཐབས་ཀྱིས་མདུན་མ་རླབས་ཀྱིས་ཆོད།།གཏམ་མགོ་འཛུམ་བསུ་མཇུག་མ་དལ་གྱིས་ལོང་། །དགོས་དོན་འཕིགས་སྨྲ་འཚམ་ཞིང་མཛེས་པར་བརྗོད།།སེར་སྣ་ཙམ་གྱིས་ཟས་ནོར་གསོག་དཀའ་བས། །བརྒྱ་བཤིག་སྟོང་འགུགས་སྤྱི་བྱམས་བློ་རྒྱ་བསྐྱེད།།བུ་ལ་ཉེས་སྐྱོན་བཤད་ན་རྗེས་སུ་ཕན། །རང་ལ་ཆེ་བསྟོད་སྤངས་ན་ནམ་ཕུགས་དྲིན། །རང་འདོད་ཞེ་བཞག་སྤྱི་གཙིགས་ཕྱིར་བྱས་བཙུན།།བུད་མེད་གྲོས་དབང་མ་གཏོང་རང་ཐག་ཆོད། །རྨོངས་པར་གྲོས་དང་ངན་ལ་དབང་མ་བསྐུར། །གྲོས་ལ་མི་དབང་མི་ལ་གྲོས་མ་འཆད།།དཀྲུག་ཤིང་བྱེད་མཁན་གྲོས་ཀྱི་ཁྱུར་མ་འཇུག། མཁས་དང་རྒན་རབས་ཉམས་ཆེན་ཤ་ཚར་དྲིས། །གྲོས་མཐིལ་རེ་ཞིག་མ་བཤད་བསྒྱུར་དུ་བཏུབ།།གྲོས་ལ་བསམ་གཞིག་མང་བཏང་ཧང་བུག་ཆུང་། །མི་དཔེ་རང་ལ་བཀབ་ནས་ཞིབ་མོར་དཔྱོད། །ཕྲན་བུའི་ཁེ་ལ་བལྟས་ནས་ཉེ་སྡོ་དང་།།གཏམ་ངན་མི་བསམ་འདོད་ལ་སྲེད་པས་འཕུང་། །ཡ་རབས་དུས་བསྟུན་དམའ་སར་འབེབས་མི་རུང་། །མ་རབས་ཆེ་སར་བཏོན་ན་གཉའ་བ་རེངས།།མཁས་པ་རས་པོར་ཡོན་ཏན་ལྡན་པ་དཀོན། །མི་མང་དགྲ་རུ་མི་ལེན་གཉེན་དུ་འགུགས། །མེ་འགྲུབ་ཁས་ལེན་མ་ཆེ་དེར་མི་འཇུག།གཅེས་ནོར་འདོད་ཅན་མི་ལ་མི་སྟོན་གསང་། །ཚོད་མེད་ལ་གྲོས་ངན་སེམས་ཅན་ལ་བློ། །མི་གཏོང་སྙིང་གཏམ་ཁ་མང་ཅན་ལ་གསང་།།སྣ་ཐུང་ཀུ་རེ་མི་ཐུབ་ལ་སྔོ་སྤོངས། །མི་བདེན་པ་ལ་ཡུས་ཀྱིས་གཤགས་མ་གདབ། །མི་ཉན་གྲོས་འདེབས་མེད་ལ་ཁྱེར་ཤོག་དང་།།མི་ཡོང་ལས་འཆོལ་མི་ཤེས་ཀོ་ལོང་དོར། །དྲིན་དྲན་མང་ན་དགའ་པའི་གདུང་སེམས་འཆོར། །གྱོན་ཆེན་མང་ན་གཉེན་ཡང་ཞེན་པ་ལྡོག།གཞན་སྡུག་སྙིང་ཚིམ་མ་བྱེད་རང་ལ་འཁོར། །རང་སྐྱིད་མ་ངོམས་གཞན་གྱིས་དེ་ལན་འཇལ། །གྲོས་ཉེས་འགྱོད་འཐལ་མི་བྱ་ཕྱིན་ཆད་གཟབས།།དགོས་མེད་འཕོག་ཐུག་གཏམ་གྱིས་དགྲ་བོ་འགུགས། །ཕ་རོལ་བསམ་པ་རྟོགས་ཕྱིར་ཡུན་དུ་སོམས། །རང་མགོ་ཐོན་པའི་འཕྲུལ་ཅན་གྲུང་པོ་ཡིན།།ཆེན་པོར་སླེབས་ཚེ་ཁེངས་དང་ང་རྒྱལ་དམད། །ཀུན་གྱིས་ཁུར་དུས་འོག་འཛུལ་འཇུག་བདེ་བྱེད།།འགྲུབ་ཚད་མི་བྱེད་ཚོད་འཛིན་ཁེ་ཉེན་བསམ། །དཔོན་དུ་གྱུར་ཚེ་འདོད་ཆུང་སྤྱི་གཙིགས་ངོས།།སྒེར་དུ་ལྟོས་རྣམས་མི་མངོན་ཤུགས་ཀྱིས་སྐྱོངས། །ཤར་ཚད་ལག་ཏུ་མི་ལེན་བླངས་ཕྱིན་ཆད། །ཞི་དྲག་ཐབས་ཀྱིས་བྱ་བ་མཐའ་རུ་ཐོན།།ཟེར་ཚད་བདེན་པར་མ་འཛིན་དཔྱད་དར་གྱིས། །ཟས་ཞིམ་མིར་བྱིན་ནོར་བཟང་རང་གིས་ཆོངས། །མི་སྙིང་གཅོད་པའི་གཏམ་དེ་ལྕེ་ནས་བཟུང་།།སྡང་དགྲའི་ནོར་ལ་མ་བལྟ་བརྗེད་མ་གཞུག། མ་ཞིམ་སྣ་ཉེར་ཞིམ་ལ་ཧམ་ཤ་དང་། །མ་མགུར་འཕྲལ་དུ་མཆུ་མུག་མི་ལྡོག་སྤོངས།།དོན་མེད་ལས་ལ་བརྩོན་འགྲུས་རང་ངལ་ཡིན། །གསོད་བརྡུངས་ངེས་པར་དགོས་ལ་སྙིང་མ་ཆུང་། །འབབ་ངེས་ཁྲལ་དང་ལག་འདོན་ཡངས་མི་འཇུག།དགོས་མེད་འབངས་རྣམས་མནར་བའི་ལས་མི་བྱེད། །ཕྲད་མ་ཐག་པའི་མི་ལ་ངོ་ཤེས་དང་། །འདྲིས་མ་ཐག་པའི་མི་ལ་བློ་གཏོད་དང་།།སེམས་ལ་བབས་འཕྲལ་དགའ་བའི་འཛུམ་སྟོན་དང་། །མ་བབས་འཕྲལ་བཞིན་སྡུད་རྣམས་ཀླད་ཆུང་ཡིན།།དྲག་པོ་དྲག་འཁྱེར་མ་མཁས་ནམ་ཕུགས་འཕུང་། །མཛའ་བ་མཛའ་འཁྱེར་མ་མཁས་ནས་ཕུགས་འཁོན། །མཁས་པ་མཁས་འཁྱེར་མ་མཁས་ནམ་ཕུགས་བླུན།།བཙུན་པ་བཙུན་འཁྱེར་མ་མཁས་ནམ་ཕུགས་འཆལ། །ཆེ་བ་ཆེ་འཁྱེར་མ་མཁས་ནམ་ཕུགས་དམའ། །གཏམ་ལ་རྒྱུ་མཚན་ཡོད་པས་གཞན་ཁ་མྱུལ།།བག་ཕེབས་ངག་འཇམ་སྙན་པོས་བློ་བྲིད་ནས། །གཞན་མཚང་ཐབས་ཀྱིས་བྲུས་ནས་ཆམ་ལ་འབེབས། །མ་བཤད་ཕས་ཀྱང་མི་གོ་ལྷོན་པར་སྨྲ།།མ་འབད་བུས་ཀྱང་མི་ཉན་རན་པར་རྒོལ། །མ་བསླབ་སུས་ཀྱང་མི་གོ་ལེགས་པར་སློབས། །མ་བྱིན་གཉེན་ཡང་མི་འཁོར་བག་རེ་སྟེར།།ཡང་ཡང་སྦྱིན་སར་རྟག་འགྲོ་བྱམས་པ་ཟད། །དྲིན་ཅན་མི་དེ་སུན་དུ་མ་འཇུག་མཛངས། །གཉའ་བར་འཆོར་བའི་དགྲ་བོ་རངས་མ་འཇུག།སུས་ཕན་མི་ཤེས་སྙོམ་ཆུང་རས་མ་བོར། །གང་བཅོལ་གོ་ཆོད་བྱུང་ན་བྲན་གྱི་རབ། །རྫུན་དང་གཡོ་སྒྱུ་མི་ཤེས་ནས་ཕུགས་དྲིན།།ཁ་ཉུང་ལག་པ་གཙང་བ་ཡོན་ཏན་མཆོག། བྱས་ཡུས་ཆེས་ན་ལས་ལ་ངོ་སོ་ཆུང་། །ཁ་གདངས་སྔར་བསྡམས་མི་དང་འགྲེལ་བྱེད་འཕུང་།།མཐོན་པོ་ང་རྒྱལ་ཅན་གྱི་མཚང་མ་འདྲུ། །བསམ་ངན་ཕྱི་ཐག་ཐུང་དང་གྲོགས་མ་བྱེད། །ཞེ་སྡང་ཁ་འཇམ་ཅན་ལ་རང་ཟོན་ཆུག།དོན་མེད་གཏམ་ལ་ཡང་ཡང་སྐྱོར་ཟློས་སྤོངས། །ཕྱུག་པོ་ནོར་ལ་སྤྱོད་ཤེས་སླད་ནས་འཕེལ། །མི་ལྟོགས་བསིལ་ཞིབ་བྱས་ན་རང་སྡུག་ཆུང་།།དབུལ་ཡང་སྡུག་ཐེག་བྱས་ན་ཕོ་བཟོ་བྱེད། །ནོར་ཡོད་མེད་པོར་མ་བརྫུ་ཀུན་གྱིས་ཤེས། །ངན་པ་ཆེ་སྐད་མ་འདོན་ཁྲེལ་བདས་ཡོང་།།གདོང་བར་ཁྲག་མེད་གཉེན་ལ་རེ་བ་ལས། །ངོ་ཚ་ཁྲེལ་ཡོད་ཤེས་པའི་དགྲ་བོ་དགའ། །བློ་བཏད་མི་ཐུབ་སྤུན་དང་བཟའ་ཚང་ལས།།གསང་ཐུབ་བློ་ལྡན་གྲོགས་དང་གྲོང་པ་བཟང་། །ཡོན་ཏན་མེད་པའི་ཚོགས་ཀྱི་སློབ་དཔོན་ལས། །ཤེས་རབ་ལྡན་པའི་གྲྭ་སློབ་བྱས་ན་འཚེངས།།མི་ཉན་ཁ་འདུས་མང་པོའི་དཔོན་པོ་ལས། །ཡ་རབས་བཟང་སྤྱོད་ལྡན་པའི་གཡོག་པོ་སྐྱིད། །ལང་ཤོར་རྐུན་པོ་མི་ཡི་ཁྱུར་མི་ཚུད།།བློ་གྲོས་ཟབ་དང་མགོ་འཐོམས་ནོར་ས་ཡོད། །ཀླད་ཆུང་མི་དང་ཕོ་གྲུང་ནོར་ས་ཡོད། །མ་ནུས་ཇོ་བཟང་བརྫུ་ཆེན་ནོར་ས་ཡོད།།རང་བཞིན་བཟང་དང་མདོ་མེད་ནོར་ས་ཡོད། །དྲང་པོའི་མི་དང་གླེན་པ་ནོར་ས་ཡོད། །ཚུལ་ཆོས་ཅན་དང་བཙུན་པ་ནོར་ས་ཡོད།།ཚེ་བློས་ཐོངས་དང་ཟོག་པོ་ནོར་ས་ཡོད། །བརྫུ་བག་ཅན་དང་མཁས་པ་ནོར་ས་ཡོད། །དེ་ལྟར་ཚེ་འདིའི་འདུན་མ་འགྲུབ་པ་ལ།།བླང་དང་དོར་བྱའི་སྐྱོན་ཡོན་ཤེས་བྱས་ནས། །དཔའ་མཛངས་རྟུལ་ཕོད་སྣ་ཚོགས་གཡོ་འཕྲུལ་གྱིས།།རང་ཉིད་རྒྱལ་བའི་སྒྱུ་ཐབས་ལྷུར་ལེན་གཅེས། །འོན་ཏེ་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར།།ལྷ་མིའི་དཔལ་འབྱོར་ཀུན་ལ་ལོངས་སྤྱོད་མཐར། །སླར་ཡང་ལྕགས་བསྲེགས་ས་གཞིར་དམྱལ་བའི་མེ།།འབར་བའི་བུད་ཤིང་བྱེད་སྲིད་ཡིད་རྟོན་ཅི། །འཇིག་རྟེན་གསལ་བར་བྱེད་པའི་ཉི་ཟླ་ཡང་། །སྔོན་བསགས་བཟང་པོའི་འཕེན་པ་རྫོགས་པའི་མཐར།།རང་གི་ལག་པ་བརྐྱང་བསྐུམ་མི་མཐོང་བའི། །མུན་པའི་མལ་དུ་ཉལ་འབྱུང་མཆི་མ་དཀུ། །པདྨའི་འདབ་འདྲའི་གོས་ཀྱིས་རེག་བྱས་ཀྱང་།།ལུས་ལ་རྩུབ་ཉམས་བྱེད་པའི་སྨིན་ལེགས་མ། །བདག་པོའི་རོ་དང་ལྷན་ཅིག་སྲེག་ཁང་དུ། །རབ་འབར་མེ་ཡིས་བསྲེག་པ་སུ་ཡིས་བཟོད།།ནོར་བུའི་གླིང་དུ་བགྲོད་པའི་ཚོང་ཟོག་གིས། །རྣམ་ཐོས་བུ་ལ་འགྲན་པའི་དེད་དཔོན་ཡང་། །འཇུར་གེགས་གནས་སུ་སྐྱེས་ནས་ཟས་སྐོམ་གྱིས།།བཀྲེས་ཤིང་སྐོམས་པའི་ངང་ཚུལ་ཀྱེ་མ་ཧུད། །དགྲ་འདུལ་གཉེན་སྐྱོང་མངའ་ཐང་ལོངས་སྤྱད་སོགས།།བླ་ནས་བླར་འཕེལ་ཕོ་རྒོད་གྲུང་པོ་ཡི། །གྲངས་སུ་ཚུད་ཀྱང་ཚེ་ནི་ནམ་མཁའི་གློག། རྨི་ལམ་ཙམ་གྱི་བདེ་བས་ཅི་ཞིག་བྱ།།བསམས་ཀྱིན་ནམ་ཡང་རྫུན་ཐོག་མི་གསུང་བ། །འོ་སྐོལ་རྣམ་འདྲེན་ཟས་གཙང་སྲས་པོ་དེས། །འཁོར་བར་གནས་ཕྱིན་སྡུག་བསྔལ་རང་བཞིན་དུ།།བསྟན་ཚུལ་བསམས་ན་སྙིང་ཡང་དུམ་བུར་འགས། །བཟོད་དཀའི་སྡུག་བསྔལ་འདི་ལས་སླན་ཆད་དུ། །མི་ལྡོག་ཐར་པའི་ཁང་པར་འཇུག་པའི་ཐབས།།དཀར་ནག་ལས་འབྲས་བསམས་ནས་བླང་དོར་ངོས། །བསླབ་པ་རྣམ་གསུམ་ཉམས་ལེན་གྲུང་པོ་ཡིན། །སངས་རྒྱས་སྲས་བཅས་མངོན་སུམ་མཐོང་དཀའ་ཡང་།།ད་དག་ཞལ་སྐྱིན་གསུང་དང་ཐུགས་རྟེན་ལ། །མེ་ཏོག་བདུག་སྤོས་མར་མེ་ལྷ་བཤོས་སྒྲ། །འཕན་གདུགས་ཕྱི་ཕུར་ལ་སོགས་མཆདོ་སྤྲིན་དབུལ།།བསླབ་གསུམ་ལྡན་པའི་དགེ་འདུན་བསྙེན་བཀུར་ནས། །ཐུབ་གསུང་སྒྲོགས་སོགས་ཆོས་སྤྱོད་རྣམ་བཅུའི་ལས།།རྣམ་གསུམ་འཁོར་ལོའི་བྱ་བ་ཆེར་སྤེལ་བའི། །བསོད་ནམས་ཚོགས་ཆེན་གསོག་པ་གནད་དུ་ཆེ། །དབུལ་ཕོངས་སྐྱེ་རྒུ་ཀུན་ལ་སྦྱིན་པ་གཏོང་།།ཉམ་ཐག་ནད་པར་གོས་ཟས་སྨན་གྱིས་བཟང་། །འཆི་ངེས་དད་འགྲོ་གསོད་འོས་ནག་ཆེན་མི། །སྲོག་བསླུ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་བྱ།།ལྷ་མིའི་རྟེན་བཟང་ཐོབ་པའི་རྒྱུའི་གཙོ་བོ། །བྱ་སླ་ཚེགས་ཆུང་ཡན་ལག་བརྒྱད་པའི་ཁྲིམས།།ཉ་སྟོང་བརྒྱད་གསུམ་རྣམས་ལ་ལེགས་བླངས་ནས། །དམ་བཅའ་སྡོམ་པ་ཚུལ་བཞིན་བསྲུང་བར་མཛོད། །ཚིག་རྩུབ་མཚོན་ལ་ཇི་མི་སྙམ་པའི་གོ།བཙན་པོར་གྱོན་ན་རང་རྒྱུད་མི་འཁྲུགས་པས། །རྣམ་པར་དག་པའི་སྲོག་རྩ་མི་གཅོད་ཅིང་། །སྔར་བསགས་འཕེལ་བའི་ཐབས་ཚུལ་འདི་པ་བརྩོན།།སྒྱིད་ལུགས་ལེ་མོ་བཏང་སྙོམས་དབང་སོང་ན། །ལེགས་པའི་ཡོན་ཏན་གང་ཡང་འགྲུབ་དཀའ་བས། །དལ་མེད་བརྩོན་པ་ཆེན་པོས་འབད་བྱས་ན།།ཆེ་ཆེར་དཀའ་བའི་ལས་ཀྱང་ལྷུན་གྱིས་གྲུབ། །དེ་བཞིན་གཤེགས་སྐུ་ལ་སོགས་དམིགས་རྟེན་ལ། །མ་ཡང་བཞོལ་བའི་ཏིང་འཛིན་བརྟན་པོའི་རྒྱུན།།ཆད་མེད་བསྟར་ན་ཉོན་མོངས་མངོན་གྱུར་མགོ། ཟིལ་མནན་ལུས་སེམས་ལས་རུང་བསམ་གཏན་རྙེད། །ཆོས་རྣམས་སོ་སོའི་གདགས་གཞིའི་སྟེང་ཙམ་ན།།རྟོགས་པས་བཏགས་པ་ལས་གཞན་དོན་དམ་དུ། །མ་རྙེད་རྟེན་ཅིང་འབྲེལ་འབྱུང་དབུ་མའི་ལས། །ཤེས་རབ་མཚོན་གྱིས་འཁོར་བའི་རྩ་བ་གཅོད།།དྲན་པས་འཆི་བདག་དཔུང་འཇོམས་ཚེ་དཔག་མེད། །ཡིད་སྲུབ་སྡེ་བཅས་མཐར་བྱེད་གསང་བའི་བདག། བླ་མགོན་དབྱེར་མེད་མྱུར་མཛད་ཕྱག་དྲུག་པ།།འདི་ཕྱི་བར་དོའི་སྐྱབས་ཡིན་རྟག་ཏུ་བསྟེན། །དེ་ཡང་གནམ་དང་ས་ཡི་དཀྱིལ་འཁོར་ལ། །དབང་ཕྱུག་མི་ཡི་རྒྱལ་པོ་ཆེན་པོ་རྣམས།།རང་ཉིད་གཅིག་པུར་དགེ་སྤོར་ལ་གཞོལ་ལས། །བསྟན་འགྲོའི་བདེ་ཐབས་བསྒྲུབ་པ་མཆོག་ཏུ་བསྔགས།།ཉི་འོག་མི་ཡི་བདག་པོ་ཆེ་རྣམས་དང་། །ཕན་ཚུན་མཉེས་གཞན་བྱམས་པའི་སེམས་བཟང་པོས། །རང་རང་མངའ་རིས་རྣམས་ཀྱིས་ཆོག་ཤེས་ཤིང་།།འབངས་ཀུན་བཟང་པོའི་གཞུང་བཟང་སྦེལ། །སངས་རྒྱས་ཐུགས་རྗེ་ཕྱོགས་བྲལ་འགྲོ་བ་ལ། །འཇུག་ཕྱིར་ཡང་དག་ཆོས་ལ་རིས་མེད་ཀྱང་།།གནའ་ལུགས་གྲུབ་པའི་མཐའ་དེ་ཤིན་ཏུ་ཤིས། །ལུགས་གཉིས་ཟུང་འབྲེལ་ཡབ་མེས་རྒྱལ་པོའི་ཁྲི།།མནན་ནས་ས་ཆེན་འཇམ་དར་ཡུག་གཅིག་དང་། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ཉེར་སྤྱད་པས། །འདི་ཕྱི་གཏན་གྱི་མདུན་མ་ལྷུན་གྱིས་གྲུབ།།དེ་ལྟར་ཆོས་སྲིད་བླང་དོར་རང་ཉིད་ལ། །མི་ལྡན་ནེ་ཙོའི་བརྗོད་པ་ལྟ་བུའི་ཚིག། སྨྲ་ལ་མཁས་རྣམས་ཁྲེལ་ཡང་སྟོན་ཟླ་ལྟར།།ཆེས་དཀར་སེམས་བཟང་བ་ལ་ཉེས་མེད། །འདི་མཚོན་དགེ་བས་གནས་བསྐོས་མི་ཡི་བདག། བཙུན་མོ་སྲས་བཅས་བློན་འབངས་རབ་བརྟན་ཅིང་།།མངའ་ཐང་དཔལ་འབྱོར་རྣམ་མང་ཐོས་སྲས་དང་། །མཚུངས་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག། །།

དེར་ལྟར་ལུགས་གཉིས་དང་འབྲེལ་བའི་བསླབ་བྱའི་རིམ་པ་མུ་ཐི་ལའི་འཕྲེང་འདི་ནི་ཚེ་རིང་གནམ་གྱི་ཤེ་མོང་གིས་སྟོབས་ཀྱི་དབང་ཕྱུག་ཆིང་གིས་རིགས་ལས་ཁལ་ཁ་ཐུ་ཤེ་ཐུ་རྡོ་རྗེ་རྒྱལ་པོས་རི་ཁ་བ་ཅན་གྱི་ལྔོགས་སུ་དཀོན་མཆོག་གསུམ་ལ་བླ་མར་བཟུང་སྟེ་མཆོད་པར་གྱོན་པའི་རྩོ་མས་ཤིག་པར་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་རིགས་ལས་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཚ་ཐུབ་བསྟན་ལང་ཚོའི་སྡེས་ཕོ་བྲང་ཆེན་པོ་པོ་ཏཱ་ལར་སྦྱར་བའི་ཡེ་གེ་པ་ནི་འཕྱོངས་རྒྱས་བཀྲས་རབ་ཕུན་ཚོགས་དབང་པོའོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།