རབ་དཀར་མུ་ཏིག་སྤུངས་འདྲའི་གངས་ལྗོངས་འདི། །
སུམ་རྩེན་ལྷ་ཡི་སྐྱེད་མོས་ཚལ་བཞིན་མཛེས། །
རྨོངས་མུན་འཇོམས་ལ་རབ་མཁས་སློབ་དཔོན་ཁྱོད། །
སྲིད་པའི་སྒྲོན་མེ་དང་མཚུངས་བསྐལ་བརྒྱར་གསལ། །
དབྱ༵ངས་ལྡ༵ན་སློབ་དཔོན་ཁྱོད་ཀྱི་ཐུགས་དགོངས་ནི། །
ཕ་མཐའ་འཇལ་དུ་མེད་པའི་བྱ་ལམ་བཞིན། །
རི༵ག་པ༵འི་འདོ༵ད་འཇོ༵་མཁན་དེའི་མཁྱེན་ཀློང་ནི། །
ཀུན་གསལ་བུ་མོའི་གོས་ཀྱི་ཚོན་མདངས་བཞིན། །
ཡོན་ཏན་ཀུན་མངའི་དབང་ཕྱུག་ཁྱོད་ཀྱི་གསུང་། །
མཚོ་བྱུང་བུ་མོས་རྒྱུད་མངས་སྦྲེང་བ་བཞིན། །
ཆུ་སྐྱེས་འབུམ་གྱིས་མཛེས་པའི་སྐྱེད་ཚལ་དུ། །
རྐང་དྲུག་བུ་མོས་སྙན་འཇེབས་གླུ་དབྱངས་སྒྲོག །
སྦྲང་རྩིའི་བཅུད་ལ་སྲེད་པའི་རྐང་དྲུག་བཞིན། །
སྐལ་ལྡན་བྱེ་བས་གང་སྐུ་མཛེས་པར་བསྐོར། །
ཁྱོད་གསུང་བདུད་རྩི་བཏུང་བའི་མོས་བློ་ལྟར། །
ར་ཡིག་ཚོགས་རྣམས་སྐྱེད་མོས་ཚལ་དུ་ཕྱོགས། །
སྒྲ་འཛིན་རྣ་བའི་བཅུད་ལེན་གང་གི་གསུང་། །
ངག་དབང་ལྷ་མོའི་རྒྱུད་མངས་དབྱངས་ལ་འཁུ། །
དེ་ལས་ཡིད་རབ་འཕྲོག་པའི་གླུ་དབྱངས་ཤིག །
དཔྱིད་ཀྱི་རྒྱལ་མོའི་མགྲིན་ལས་མ་ཐོས་སོ། །
ཁྱོད་གསུང་ག་ལ་པིང་ཀའི་མགྲིན་གླུ་དཔེར། །
དབྱངས་ཅན་དགའ་མའི་རྒྱུད་མངས་འགོད་ལེགས་ཏེ། །
ཡང་ན་དེ་ལས་སྙན་འཇེབས་གླུ་དབྱངས་ཤིག །
སྲིད་འདིར་མཆིས་ན་དཔེ་རུ་ཅིས་མི་བྱེད། །
གནས་ལྔ་གཟིགས་པའི་ཡོན་ཏན་ཁོ་ནས་ཁྱོད། །
མཁས་དགུ་གཙུག་གི་ནོར་བུར་མཚུངས་མིན་ཏེ། །
ཞི་ཞིང་དུལ་བའི་སྤྱོད་མཆོག་མ་སྨད་པས། །
ཀུན་ཡིད་རང་དབང་མེད་པར་འཕྲོག་འདིས་ཀྱང་། །
རྐང་དྲུག་བུང་བའི་མགྲིན་གླུ་པད་ཚལ་དང་། །
ཁྱོད་གསུང་སྙན་པོ་བསིལ་པའི་ལྗོངས་ཀུན་ཁྱབ། །
དེ་ལས་རྣམ་པར་འབྱེད་ཆོས་ཞིབ་མོའི་བློས། །
ལན་བརྒྱར་བརྟགས་ཀྱང་རང་ཉིད་ངལ་བ་ཙམ། །
བཅུ་ཕྲག་རིག་པའི་གནས་ཀུན་གཟིགས་པའི་སྤྱན། །
གསལ་ཞེས་སློབ་དཔོན་དམ་པ་ཁེངས་མི་འཚལ། །
ལྗོངས་འདིར་འཁྲུངས་པའི་དགེ་རྒན་དག་ལ་ཡང་། །
ཁྱོད་དང་མཚུངས་པའི་ཆོས་རྣམས་ལྡན་ཕྱིར་རོ། །
རབ་ཡངས་ཀུན་གསལ་བུ་མོའི་བཞིན་རས་ངོར། །
རབ་མཛེས་རྒྱུ་སྐར་ཚོགས་ཀྱིས་འཕྲ་བཏབ་ཀྱང་། །
ལྔ་རིག་ཟློས་གར་གཟིགས་པའི་སྤྱན་གསལ་ན། །
སློབ་དཔོན་ཁྱོད་ཀྱི་མཚུངས་ཟླར་འོས་པ་ཙམ། །
ཁུ་བྱུག་བུ་མོས་སྙན་འཇེབས་གླུ་བླངས་ཚེ། །
ཁྱོད་གསུང་དགའ་སྟོན་འགྱེད་པ་མིན་ནམ་བསམས། །
དྲུག་འགྱུར་ངག་གི་རྒྱུད་མངས་འཁྲོལ་བ་ལ། །
དཔྱིད་ཀྱི་མ་མའི་གླུ་སྙམ་བདག་བློ་རྨོངས། །
སྙན་འགྱུར་ངོ་མཚར་དབྱངས་ཀྱིས་ཡིད་རབ་ཀུན། །
འཕྲོག་འདི་དཔྱིད་ཀྱི་ཕོ་ཉའི་མགྲིན་གླུ་འམ། །
ཡང་ན་ཟླ་མེད་དགེ་བའི་བཤེས་གཉེན་དེས། །
གསུང་གི་དགའ་སྟོན་འགྱེད་དམ་འཕྱང་མོ་ཉུག །
སྒྲ་འཛིན་དབང་མེད་དྲངས་པའི་སྙན་འགྱུར་དེ། །
གཞན་གསོས་བུ་མོའི་གླུ་དབྱངས་མ་ཡིན་གྱི། །
ཡོན་ཏན་ཡོངས་སུ་རྫོགས་པའི་སློབ་དཔོན་དེས། །
ལེགས་བཤད་གསུང་གི་དགའ་སྟོན་འགྱེད་པར་ངེས། །
རབ་དཀར་མུ་ཏིག་ཆུ་འཛིན་བ་གམ་ལས། །
ལེགས་འཇོ་ཀུན་འདོད་རེ་བ་སྐོང་བྱེད་པའི། །
ཚ་བའི་གདུང་བ་འཇོམས་མཁས་ལྷ་ཡི་སྨན། །
སློབ་དཔོན་ཁྱོད་ནི་དཔྱིད་ཀྱི་སྦྲང་ཆར་བཞིན། །
ལྔ་རིག་ལང་ཚོའི་དཔལ་ཡོན་རབ་རྫོགས་ཤིང་། །
འཆད་རྩོད་རྩོམ་པའི་ལོ་འདབ་འབུམ་རྒྱས་པའི། །
སློབ་དཔོན་ཁྱོད་ནི་ལེགས་བྲིས་པད་ཚལ་བཞིན། །
སྣ་ཚོགས་རིན་ཆེན་མེ་ཏོག་ཕྲེང་བས་མཛེས། །
ཆུ་སྐྱེས་མཛེས་པར་སྣང་ཡང་ཤེས་རིག་བྲལ། །
ནོར་བུས་དགོས་འདོད་འཇོ་ཡང་བེམ་པོའི་ཆོས། །
དེ་དག་ཉིད་དང་སློབ་དཔོན་ཁྱོད་ཀྱི་སྐུར། །
མཚུངས་པར་བརྗོད་ཀྱང་ཡོན་ཏན་དུ་མས་དབུལ། །
ལྷ་ཡི་རྫིང་རིང་ཕ་མཐའ་འདི་ཙམ་མམ། །
ཟླ་བའི་མ་མ་གཏིང་ཟབ་འདི་ཙམ་ཞེས། །
སོ་སོར་མ་འདྲེས་གཞལ་བར་མི་སྤོབས་པས། །
ཁྱོད་ཐུགས་ཟབ་ཡངས་དེ་དང་ཟོལ་མེད་མཚུངས། །
མ་རིག་མུན་པ་འཇོམས་ལ་མཁས་པའམ། །
གལ་ཏེ་འཆར་ནུབ་སྐྱོན་དུ་འཛིན་ཀྱང་རུང་། །
ཁྱོད་ཐུགས་ཤེས་རབ་གསལ་དང་ཉིན་མོར་བྱེད། །
ཡོངས་སུ་མཚུངས་ཞེས་བརྗོད་འདོད་སུ་ཡིས་འགོག །
འགྱུར་ཁུག་དབྱངས་བདུན་རྫོགས་པའི་ཁུ་བྱུག་དང་། །
སྒྲ་འཛིན་རྣ་བར་དཔལ་སྟེར་དབྱངས་ཅན་གླུ། །
སྐལ་བཟང་ཡིད་རབ་འཕྲོག་མཛད་ཁྱོད་གསུང་རྣམས། །
སྙན་པར་མཚུངས་ཀྱང་ཕན་ཚུན་རྣམ་པར་འགལ། །
སྡེབ་ལེགས་ཚིག་གི་འདབ་ཕྲེང་མ་རྒྱས་ལ། །
ལེགས་བཤད་དོན་གྱི་ཟེའུ་འབྲུ་མ་སྨིན་པའི། །
བརྡ་སྤྲོད་གཉིས་པ་བཟོ་མཁན་མགྲིན་བཟང་གླུས། །
ཁྱོད་གསུང་སྙན་པོར་ནམ་ཡང་འགྲན་མ་མཆིས། །
དབྱངས་ཅན་རྒྱུད་མངས་རྣར་སྙན་མིང་གིས་བརྗོད། །
སློབ་དཔོན་ཁྱོད་གསུང་སྙན་འཇེབས་དོན་དང་མཐུན། །
དེ་ལྟའི་ཕྱིར་ན་གང་ཞིག་དམན་འགྱུར་ཞིང་། །
ཅིག་ཤོས་ལྷག་པའི་ཁྱད་པར་སུ་ཡིས་འབྱེད། །
འདི་ཀོ་སློབ་དཔོན་ཁྱོད་ཀྱི་ཡེ་ཤེས་ཐུགས། །
ལགས་མོད་གཏིང་དཔག་བྲལ་བའི་ཆུ་གཏེར་མིན། །
དྲི་ཟའི་གླུ་དབྱངས་བླངས་མིན་དམ་པ་དེས། །
ལེགས་བཤད་གསུང་གི་དྲིལ་ཆུང་འཁྲོལ་བ་ལགས། །
ཁ་བའི་རྡུལ་མང་བརྩེགས་འདྲའི་ལྷུན་པོ་དང་། །
སྤྲིན་བྲལ་སྟོན་ཟླའི་ཆར་ཡང་སྒྲུན་མིན་ན། །
ད་ནི་སློབ་དཔོན་ཁྱོད་སྐུའི་མཚུངས་ཟླ་ལ། །
རང་ཉིད་ལས་གཞན་དཔེ་ཞིག་ག་ལ་མཆིས། །
སྐལ་བཟང་བྱེ་བ་ཕྲག་བརྒྱས་རབ་བསྐོར་བའི། །
བཅུ་ཕྲག་རིག་པའི་དབང་ཕྱུག་སློབ་དཔོན་ཁྱོད། །
འཛམ་གླིང་མཁས་གྲུབ་སྟོང་གི་བློ་གྲོས་ལས། །
འཁྲུངས་པའི་ཤེས་བྱ་བཞེད་དགུ་འཕྲོགས་པ་བཞིན། །
འགྲོ་བའི་སྒྲོན་མེ་འོད་ལས་མུན་པ་དང་། །
རི་དྭགས་མཚན་མའི་འཛུམ་ལས་ཚ་ཟེར་བཞིན། །
སློབ་དཔོན་ཁྱོད་ཀྱི་ཐུགས་ལས་སྡིག་པའི་རྒྱུ། །
འབྱུང་བའི་གོ་སྐབས་ནམ་ཡང་སྲིད་མ་ཡིན། །
ཀུན་གསལ་དབྱིངས་སུ་རྒྱུ་སྐར་བཀྲ་བ་དང་། །
ཀུན་འཛོམས་ཆུ་གཏེར་ནོར་གྱིས་གཏམས་པ་བཞིན། །
སྐལ་བཟང་ཚོགས་ཀྱིས་བསྐོར་བའི་སློབ་དཔོན་ཁྱོད། །
གངས་ལྗོངས་མཁས་དགུ་གཙུག་གི་སྒྲོན་མེ་བཞིན། །
ལྷ་མོ་སྟོང་གི་ལྷུམས་ལས་འཁྲུངས་འདྲའི་སྐུ། །
བསམ་འཕེལ་མཁའ་ལྡིང་སྙིང་ལས་བྱོན་པ་བཞིན། །
སྐལ་བཟང་འབུམ་གྱི་རྣ་བར་སྙན་པའི་གསུང་། །
དྲི་ཟའི་ཏམྦུ་ར་ལས་དྲངས་པ་བཞིན། །
ཆུ་འཛིན་ཀློང་དུ་དགོད་པའི་དབྱར་རྔ་བཞིན། །
གློག་ཞགས་གར་དུ་རྩེན་པའི་དབྱར་རྔ་སྟེ། །
དབྱར་རྔ་དེས་ཀྱང་མདོངས་མཐའ་མོས་པ་བཞིན། །
ཁྱོད་གསུང་སྙན་པོ་རྣ་བའི་བཅུད་དུ་སྨིན། །
ཁྱོད་གསུང་སྙན་འཇེབས་སྤྲིན་གྱི་རོལ་མོ་ལས། །
གཞན་ཕན་ཤེས་བྱ་ཟེགས་མའི་ཆར་འཇོ་ཞིང་། །
དོན་ལྡན་ལེགས་བཤད་བཅུད་ཀྱིས་བརླན་པ་འདིས། །
སྐལ་ལྡན་མདོངས་མཐའ་དགའ་སྟོན་ཇི་བཞིན་འགྱེད། །
སྐུ་མཆོག་ཤེལ་དཀར་གངས་ཀྱི་ལྷུན་པོ་བཞིན། །
གསུང་དབྱངས་མཚོ་བྱུང་བུ་མོའི་རྒྱུད་མངས་བཞིན། །
ཐུགས་ཀློང་གཡུ་མདངས་འབར་བའི་བྱ་ལམ་བཞིན། །
སློབ་དཔོན་ཁྱོད་ནི་འདོད་འཇོའི་ནོར་བུ་བཞིན། །
ཞིམ་མངར་ལྡན་པའི་བཟའ་བཏུང་དཔག་མེད་ཀྱང་། །
རོ་མཆོག་སྦྲང་མའི་རྩི་ལ་འགྲན་ནུས་སུ། །
བརྡ་དག་རིག་བྱེད་སྩོལ་མཁས་མང་ན་ཡང་། །
ཁྱོད་དང་མཚུངས་པའི་སློབ་དཔོན་གང་དུ་མཇལ། །
ཁུ་བྱུག་བུ་མོའི་དྲུག་འགྱུར་སྐྱེད་མོས་ཚལ། །
གང་གི་གསུང་དབྱངས་བསིལ་ལྗོངས་རིག་པའི་ཚལ། །
དེས་ནི་དབྱངས་ཅན་དགྱེས་པའི་གླུ་དབྱངས་བཞིན། །
སྐལ་བཟང་གཞོན་ནུའི་ཡིད་རབ་དབང་མེད་དྲངས། །
འོད་སྣང་རྩེ་དགའ་འགྱེད་པའི་ཉིན་བྱེད་དང་། །
ཀུ་མུད་འཛུམ་མདངས་བསུ་བས་ཉ་རྒྱས་ཟླ། །
ནུ་ཞོ་འོ་མ་སྦྱིན་པའི་མ་མ་དང་། །
རབ་མཚུངས་སློབ་དཔོན་ཞབས་ལ་གུས་པས་འདུད། །
སྤྱི་ལོ1983ལོའི་དབྱར་གཞུང་གྲོང་ཁྱེར་ཆེན་པོ་ལན་ཀྲུ་ནས་བྲིས་པའོ། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
༄༅།།སློབ་དཔོན་ཆེན་མོ་ཚེ་ཏན་ཞབས་དྲུང་ངམ་དབྱངས་ལྡན་རིག་པའི་འདོད་འཇོ་ལ་ཕུལ་བའི་དཔེ་རྒྱན་སོ་གཉིས་ཀྱི་སྙན་ཚིག་ལྷོད་མེད་དད་པའི་མཆོད་སྤྲིན།