༄༅། །ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ།

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །ཕུན་སུམ་ཚོགས་པ་བྷཾ་ག་ལ་ཡི་ཡུལ། །ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་བོའི་རིགས། །བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་རྒྱུད། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །ཡབ་དང་ཡུམ་ལ་སྲི་ཞུ་མཁས་ཤིང་གུས། །གཟུགས་མཛེས་ཡིད་འོང་ཤེས་རབ་སྙིང་བརྩེར་ལྡན། །དུལ་ཞིང་རྒྱུད་འཇམ་ཐབས་མཁས་སྙིང་སྟོབས་ཆེ། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཐམས་ཅད་དང་། །བཟོ་དང་གསོ་བ་སྒྱུ་རྩལ་སྣ་ཚོགས་དང་། །རིག་བྱེད་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །འདོད་པའི་ཡོན་ཏན་རྣམས་ལ་མ་ཆགས་ཤིང་། །རྒྱལ་སྲིད་འབྱོར་བ་ཕུན་ཚོགས་སྤངས་ནས་ནི། །དགེ་འདུན་ཕལ་ཆེན་སྡེ་བའི་དགེ་སློང་མཛད། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །འདུལ་བའི་སྡེ་སྣོད་སྡེ་བཞི་ལས་གསུངས་པའི། །བདེ་བར་གཤེགས་པའི་བསླབ་པ་བཅས་པ་ལ། །ཉེས་པའི་སྐྱོན་གྱིས་མ་གོས་རྣམ་པར་དག། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །ཡོངས་སུ་འཛིན་པའི་མཁས་པ་མང་བསྟེན་ཅིང་། །སྡེ་སྣོད་གསུམ་དང་སྒྲ་དང་ཚད་མ་དང་། །མན་ངག་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །གསེར་གླིང་རྒྱལ་པོ་ས་སྐྱོང་བླ་མ་ལས། །བྱང་ཆུབ་སེམས་ཀྱི་བདུད་རྩི་སྨན་བླངས་ནས། །འགྲོ་བ་ཀུན་ལ་ཕན་བདེ་མཛད་པ་ཡི། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །སེམས་ཅན་ཕོངས་ཤིང་ཤིན་ཏུ་སྡུག་བསྔལ་བ། །རབ་ཏུ་མང་ལ་སྙིང་ནས་བརྩེ་བ་ཡིས། །འཇིག་རྟེན་ལྷ་དང་ལྷ་མིན་བཅས་པ་ཡི། །སྐྱོབ་པ་ཡབ་གཅིག་པུ་ལ་གསོལ་བ་འདེབས། །གྲུབ་པ་བརྙེས་པའི་བླ་མ་དམ་པ་ལས། །ཡི་དམ་ལྷ་ཡི་མངོན་རྟོགས་ལུང་མནོས་ནས། །རྩེ་གཅིག་སྒྲུབ་པ་སྙིང་བོར་མཛད་པ་ཡིས། །ལུང་བསྟན་ཐོབ་པར་འགྱུར་ལ་གསོལ་བ་འདེབས། །གདུལ་བྱ་བོད་དུ་ཡོད་པར་དགོངས་ནས་ནི། །ཁ་བ་ཅན་གྱི་ལྗོངས་སུ་བྱོན་ནས་ཀྱང་། །སྡེ་བ་མི་ཆེན་རྣམས་ཀྱི་བླ་མ་མཛད། །མཆོད་ཅིང་བཀུར་འོས་ཁྱོད་ལ་གསོལ་བ་འདེབས། །མཁས་མཆོག་ཁྱེད་འདྲ་བོད་དུ་མ་བྱོན་ན། །སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི། །ཕལ་ཆེར་ཟབ་མོའི་དོན་ལ་རྨོངས་གྱུར་པས། །ལེགས་པར་སྟོན་མཛད་ཁྱོད་ལ་གསོལ་བ་འདེབས། །བསྟན་བཅོས་སྒྱུར་དང་བསྒྱུར་ཟིན་འཆོས་པ་དང་། །དེ་དག་འཆད་དང་རང་གིས་རྩོམ་པ་སོགས། །ཡང་དག་ལམ་ལ་ལེགས་པར་འཁྲིད་མཛད་པའི། །བསྟན་པ་རྒྱས་མཛད་ཁྱོད་ལ་གསོལ་བ་འདེབས། །ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས། །བདུད་དང་མུ་སྟེགས་དབང་ཕྱུག་གྲུབ་མཐའ་ངན། །རིགས་པས་ཚར་བཅད་ཐར་བའི་ལམ་ལ་བཀོད། །ཐར་འདོད་དེད་དཔོན་ཁྱོད་ལ་གསོལ་བ་འདེབས། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་པ་དྲུག། །སྐྱེ་བ་དུ་མར་ཡང་ཡང་གོམས་པ་ཡིས། །ཚོགས་གཉིས་ཡོངས་སུ་རྫོགས་ལ་གསོལ་བ་འདེབས། །མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་དུ་སྤྱོད། །བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས། །གཞན་དོན་ལྷུར་མཛད་ཁྱོད་ལ་གསོལ་བ་འདེབས། །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ། །ནོར་བདུན་དག་གིས་ཕྱུག་པར་གྱུར་བའི་མཛོད། །ཡོན་ཏན་འབྱུང་གནས་ཁྱོད་ལ་གསོལ་བ་འདེབས། །སྔོན་ཚེ་སྨོན་ལམ་བཏབ་པའི་སློབ་མ་མཆོག། །རྒྱལ་བའི་འབྱུང་གནས་རིང་ནས་འོང་བའི་ཚེ། །ཨུ་བ་སི་ཀ་དེ་རིང་སླེབ་བོ་ཞེས། །ལྷ་མིག་མངོན་ཤེས་མངའ་ལ་གསོལ་བ་འདེབས། །མ་ག་དྷ་ནས་སློབ་མ་གུས་པ་ཡིས། །སིལ་སྙན་དཀྲོལ་ཞིང་གསོལ་བ་བཏབ་པའི་སྐད། ། བོད་དུ་གསན་ནས་འབྲོམ་ལ་སྦྲན་པ་ཡིས། །རྣ་བའི་མངོན་ཤེས་མངའ་ལ་གསོལ་བ་འདེབས། །ལྷ་སར་ལྷ་ཡི་རོལ་མོ་བསྒྲགས་པ་ལས། །མྱུར་བར་བྱོན་ནས་བར་ཁང་ལྷ་ཚོགས་ལ། །ཕྱག་རྟེན་ཕུལ་ནས་མཁའ་ལ་བསྐོར་བ་མཛད། །རྫུ་འཕྲུལ་མངོན་ཤེས་མངའ་ལ་གསོལ་བ་འདེབས། ། གང་དུ་རྒྱལ་བོས་བཀའ་ཆེམས་གཏེར་དུ་སྦས། །མཁའ་འགྲོས་གཏེར་ཁ་ཕྱེ་ནས་ཁྱོད་ལ་གཏད། །ཤཱཀྱ་མུ་ནེའི་འཇའ་ས་ཁྱོད་ཀྱི་དྲིན། །ཇོ་བོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ས་བདག་ནད་ཀྱིས་ཟིན་པའི་མི་རྣམས་ལ། །རྟག་ཏུ་ཚེ་འཛིན་བསྲུང་བའི་སྐོར་རྣམས་ཀྱང་། །ཁྱོད་ལས་བྱུང་སྟེ་འགྲོ་བའི་ནད་གསོ་མཛད། །ཀླུ་སྒྲུབ་གཉིས་པར་གྲགས་ལ་གསོལ་བ་འདེབས། །སྙེ་ཐང་འོར་དུ་བྱེ་མའི་སྟེང་བཞུགས་ཚེ། །བརྒྱ་བྱིན་ལ་སོགས་བར་སྣང་ལྷ་རྣམས་ཀྱིས། །རིན་ཆེན་སྣ་ལྔའི་མེ་ཏོག་ཆར་བ་ཕབ། །བླ་མ་ལྷ་ཡི་ལྷ་ལ་གསོལ་བ་འདེབས། །གཡོར་བོ་མཆིམས་ཕུར་བུ་མོའི་མགོ་རྒྱན་ཕུལ། །ཤི་བ་གསན་ནས་དེ་ཡི་སྒྲིབ་སྦྱོང་མཛད། །རིགས་ཀྱི་བུ་མོ་ལྷ་རུ་སྐྱེས་ཞེས་གསུངས། །འགྲོ་བ་འདྲེན་པ་ཁྱོད་ལ་གསོལ་བ་འདེབས། །ཁོ་བོ་འདི་ནས་དགའ་ལྡན་གནས་སུ་འགྲོ། །ང་ལ་དད་ཅིང་གུས་པར་བྱེད་པ་རྣམས། །དགའ་ལྡན་ཡུལ་དུ་མཇལ་བར་འགྱུར་ཞེས་གསུངས། །མ་འོངས་མངོན་སུམ་གཟིགས་ལ་གསོལ་བ་འདེབས། །དགའ་ལྡན་ཡུལ་ན་ནམ་མཁའ་དྲི་མ་མེད། །འཕགས་པའི་ཡུལ་ན་དཱི་བཾ་ཀ་ར་དང་། །ཁ་བ་ཅན་ན་དཔལ་ལྡན་ཨ་ཏི་ཤ། །ས་སྟེང་གྲགས་པས་ཁྱབ་ལ་གསོལ་བ་འདེབས། །འབྲོམ་སྟོན་བདག་གིས་རྭ་སྒྲེང་ལྷ་ཁང་བཞེངས། །འགྲོ་བ་འདྲེན་ཕྱིར་གསོལ་བ་བཏབ་པ་ལས། །དགའ་ལྡན་གནས་ནས་རབ་གནས་མེ་ཏོག་གཏོར། །བྱིན་རླབས་དངོས་སུ་ཕབ་ལ་གསོལ་བ་འདེབས། །ཁྱོད་ཀྱི་ཡོན་ཏན་མཐོང་དང་ཐོས་པ་དང་། །དང་བའི་ཡིད་ཀྱིས་ལྷང་ལྷང་གསོལ་འདེབས་ན། །དགའ་ལྡན་གནས་ནས་ཐུགས་རྗེས་གཟིགས་མཛོད་ལ། །གསོལ་བ་བཏབ་བཞིན་བྱིན་གྱིས་བརླབ་ཏུ་གསོལ། །ད་དུང་ཁ་བ་ཅན་ན་ཁྱོད་ཉིད་ལ།  །དད་ཅིང་རྗེས་སུ་སློབ་མ་མང་ཡོད་ཀྱི། །ཐུགས་ལ་དགོངས་ནས་བུ་ལ་མ་བཞིན་དུ། །བརྩེ་བས་བདག་གི་བཤེས་གཉེན་མཛད་དུ་གསོལ། །སྙིགས་དུས་སྐྱེས་བོ་དམུས་ལོང་ལྟ་བུ་རྣམས། །དམ་མིན་དགེ་བའི་བཤེས་འདྲས་རྗེས་བཟུང་སྟེ། །འཁོར་བའི་གཅུང་རོང་གནས་ནས་འདྲེན་མེད་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲང་དུ་གསོལ། །དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ། །དམ་པ་ཁྱོད་ནི་བདག་གི་མགོན་ལགས་ཀྱི། །མངོན་པར་རྫོགས་པར་མྱུར་དུ་འཚང་རྒྱ་འགྱུར། །ཐོས་བསམ་སྒོམ་གསུམ་བདག་ལ་སྩལ་དུ་གསོལ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།