འོ་ན་རྒྱན་ལ་འགྲེལ་བ་དུ་མ་ཞིག་སྣང་ན་འདིར་གང་ལ་བརྟེན་ནས་འཆད་ཅེ་ན། འདིར་ནི་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་བ་དོན་གསལ་བའི་སྟེང་ནས་འཆད་དེ། དེ་ནི་ཚིག་ཉུང་ལ་དོན་འགྲེལ་ཞིང་གསལ་བས་འགྲེལ་བ་གཞན་ལས་ཁྱད་ཞུགས་པའི་ཕྱིར་རོ།།འདི་འཆད་པ་ལ་ཡང་སྤྱིའི་དོན་གསུམ་སྟེ། རྗོད་བྱེད་དོན་ལྡན་གྱི་མཚན་དང༌། བརྗོད་བྱ་དེ་ལྡན་གྱི་གཞུང་དང༌། གང་གིས་བསྒྱུར་བའི་འགྱུར་བྱང་བཤད་པའོ།།དང་པོ་ལ་གཉིས། དངོས་དང༌། ཞར་ལ་བྱུང་བའོ།།དང་པོ་ལ་གསུམ། མཚན་བསྒྱུར། མཚན་བཤད། མཚན་གྱི་དགོས་པའོ།།དང་པོ་ནི། རྒྱ་གར་ཞེས་པ་འདུལ་བ་ཚིག་ལེ་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ།ཝ་ར་ཎཱ་སི་ཡངས་པ་ཅན།།རྒྱལ་པོའི་ཁབ་ནི་དྲུག་པ་སྟེ།།འདི་དག་གྲོང་ཁྱེར་ཆེན་པོར་ཤེས།། ཞེས་པ་ལྟར་གྲོང་ཁྱེར་ཆེན་པོ་དྲུག་གནས་པའི་ཕྱོགས་ལ་འདོད་རྒྱལ་དུ་བརྡ་བྱས་པ་སྟེ། ཡུལ་དེ་བ་རྣམས་ཀྱི་སྐད་དུའམ་སྐད་ལ། བསྟན་བཅོས་འདིའི་མིང་ལ་ཨ་བྷི་ནས་བྷྲི་ཏིའི་བར་རོ།།དེ་བོད་ཀྱི་སྐད་དུ་བསྒྱུར་ན། ཤེས་ནས་འགྲེལ་བ་ཞེས་པའི་བར་ཏེ། དེ་ཡང་ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལཾ་ཀ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ། པྲཛྙཱ་པ་ར་མི་ཏ་ནི་ཤེར་ཕྱིན། ཨུ་པ་དེ་ཤ་ནི་མན་ངག །ཤཱསྟྲ་ནི་བསྟན་བཅོས། བྷྲི་ཏི་ནི་འགྲེལ་བའོ།།གཉིས་པ་ནི། ཤེར་ཕྱིན་ནི་འདིའི་རྩ་བའི་མདོའོ།།མན་ངག་ནི་མདོའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པའོ།།བསྟན་བཅོས་དང་མངོན་རྟོགས་དང་རྒྱན་གསུམ་ནི་འཆད་པར་འགྱུར་རོ།།ཞེས་བྱ་བ་ནི་མིང་སྒྲོགས་པའོ།།འགྲེལ་བ་ནི་ཚིག་དང་དོན་གཉིས་ལས་ཕྱི་མ་གཙོ་བོར་འགྲེལ་བའོ།།གསུམ་པ་ནི། ཆོས་ལ་ཡིད་ཆེས་སྐྱེ། སྐད་ལ་བག་ཆགས་འཇོག རྒྱུད་ལ་བྱིན་རླབས་འབྱུང་ཞེས་སྔ་མ་རྣམས་འཆད་ཅིང༌། ཕྱི་མ་རྣམས་དེ་འགོག་མོད། འོན་ཀྱང་དང་པོ་བླ་ནས་བཀའ་སྩལ་བ་མ་གཏོགས་བསྒྱུར་ཏུ་མེད་པ་དང༌། བོད་ཀྱི་བསྟན་བཅོས་ཀྱི་མགོར་ཡང་རང་གང་འདོད་ཀྱི་རྒྱ་གར་སྐད་བྱ་ས་མེད་པའི་དུས་སུ། ཆོས་ཁུངས་མར་མཚོན་བྱེད་དུ་མཛད་པ་འདྲའོ།།གཉིས་པ་ལ་གཉིས། གཞུང་ཚད་རྟོགས་པའི་ཡན་ལག་ཏུ་བམ་པོའི་གྲངས་དང༌། འགྱུར་མཐར་ཕྱིན་པའི་ཡན་ལག་ཏུ་ཕྱག་འཚལ་བའོ།།དང་པོ་ནི། བམ་པོ་ཞེས་པ་གཞུང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་མིང་སྟེ། དཔེར་ན་རྩྭའམ་ཤིང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པ་ལ་ཕོན་པོའམ་བམ་པོའི་སྒྲས་བརྗོད་པ་བཞིན་ནོ།།དང་པོ་ནི་ལྔ་ཡོད་པའི་ཐོག་མ་དེ་འཆད་པར་འགྱུར་རོ།།བམ་པོ་རེ་ལ་ཤུ་ལོག་གི་གྲངས་མི་མཐུན་ཡང་འདིར་ནི་སུམ་བརྒྱ་རེ་ལ་བྱས་པ་སྟེ། རྒྱ་དཔེ་ལ་ཤུ་ལོག་སྟོང་ལྔ་བརྒྱ་ཞེས་འབྱུང་ཞིང་བམ་པོ་ལྔར་བྱས་པས་སོ།།འདི་ཡང་ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས་གཞུང་ཚད་ལ་སྒྲོ་སྐུར་སྤང་བའི་ཕྱིར་བྱས་ཀྱི་རྒྱ་དཔེ་ལ་མེད་དོ།།གཉིས་པ་ནི། ཕྱག་འཚལ་ལོ་ཞེས་དྲང་ངོ།།གང་ལ་ན། མ་རིག་པའི་གཉིད་རྒྱུན་ཆད་པས་སངས་པ་སྟེ་གཉིད་སད་པ་བཞིན། ཡང་དག་པའི་ཡེ་ཤེས་ཀྱིས་མི་ཤེས་པའི་ཟུམ་པ་བཅོམ་ཞིང་ཤེས་བྱ་ལ་བློ་རྒྱས་པས་པད་འདབ་རྒྱས་པ་བཞིན་ཏེ། དེ་འདྲ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལའོ།།དེ་ལྟར་ཡང༌། སྐྱབས་འགྲོ་བདུན་ཅུ་བ་ལས། ཤེས་བྱ་ལ་ནི་བློ་རྣམ་རྒྱས།།རྨོངས་པའི་ཟུམ་པ་བཅོམ་པས་ན།།སངས་རྒྱས་པདྨ་ལྟར་རྣམ་རྒྱས།།ཞེས་དང༌། མ་རིག་གཉིད་ནི་རྒྱུན་བཅད་ཅིང༌།།ཡང་དག་ཡེ་ཤེས་ངེས་འབྱུང་བའི།།གང་ཞིག་རྣམ་སད་དེ་སངས་རྒྱས།།སྐྱེས་བུ་གཉིད་སངས་ཇི་བཞིན་ནོ།།ཞེས་སོ།།དེས་ན་བུད་དྷའི་སྒྲ་གཉིད་སད་པ་དང་པད་འདབ་རྒྱས་པ་གཉིས་ཀ་ལ་འཇུག་པ་སྔོན་གྱི་ལོཙྪ་བས་སྒྲ་སྦྱོར་བམ་གཉིས་སུ་བཤད་པ་ལྟར། སངས་རྒྱས་ལ་དེ་གཉིས་ཀའི་སྒྲ་དོན་བཤད་རྒྱུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཞེས་བསྡོམས་ནས་བསྒྱུར་ཏོ།།དེའི་ཕྱིར་གང་དག་མ་རིག་གཉིད་ལས་སངས་ཕྱིར་དང༌།།ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར།།སངས་རྒྱས་པད་མ་ལྟར་སངས་རྒྱས།།དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ།།ཞེས་འདྲེན་པ་ནི་ཚིག་མ་དག་ཅིང་རྐང་བ་གསུམ་པའི་དོན་ལ་ཡང་སྐྱོན་ཞུགས་སོ།།གང་གིས་ན། དང་པོར་ལོཙྪ་བ་དང་ཕྱིས་བཤད་པ་དང་ཉན་པ་ལ་སོགས་པས་སོ།།དགོས་པ་དང༌། ཚུལ་དང༌། དུས་ནི་གོ་བར་ཟད་དོ།།འདིར་སྔ་མ་རྣམས་འདུལ་བའི་ཀླད་དུ་ཐམས་ཅད་མཁྱེན་པ་དང༌། མདོ་སྡེ་ལ་སངས་རྒྱས་བྱང་སེམས་དང༌། མངོན་པ་ལ་འཇམ་དཔལ་གཞོན་ནུ་གྱུར་བ་ལ་ཕྱག་འཚལ་སྨོས་ཤིག་ཅེས་ལོ་པཎ་གྱིས་བཀས་བཅད་པས་སྡེ་སྣོད་གསུམ་ངོས་འཛིན་གྱི་ཕྱག་ཡིན་ཞེས་སྤྲོས་ནས་འཆད་ཅིང༌། དེ་ལ་ཕྱི་རབས་པ་རྣམས་ཀྱིས་མ་ངེས་པའི་རྒྱུ་མཚན་དུ་མ་བཤད་ནས། ལོ་ཙྪ་བ་རང་དད་པའི་ལྷ་ལ་ཕྱག་བྱས་པར་འཆད་མོད། འོན་ཀྱང་སྔོན་བསྒྱུར་བའི་འདུལ་བ་དང༌། མངོན་པ་དང༌། མདོ་སྡེ་ཕལ་མོ་ཆེ་ལ་ངེས་པ་ཅན་དུ་སྨོས་འདུག་པས། ཕྱིས་མ་ངེས་ཀྱང་དང་པོའི་ཆོས་རྒྱལ་རྣམས་ཀྱི་དུས་སུ་བཀས་བཅད་པ་འདྲའོ།།གཉིས་པ་ལ་གཉིས། སྤྱིའི་ཆིངས་དང༌། གཞུང་དངོས་བཤད་པའོ།།དང་པོ་ནི། གཞུང་འཆད་པའི་ཐོག་མར་འཆད་པར་འགྱུར་བའི་གཞུང་གི་མཚམས་སོ་སོར་བཅད་པ་དང༌། གཞུང་དེས་རང་གི་རྩ་བ་ཇི་ལྟར་བཤད་པ་རྣམས་བསྟན་ན། དཀྱུ་ས་བསྟན་པའི་རྟ་བཞིན་དུ་འཆད་པ་དང་ཉན་པ་རྣམས་ཀྱི་བློ་མི་འཁྲུག་ཅིང༌། དོན་ཚན་རྣམས་སོ་སོར་ཕྱེད་པར་འགྱུར་བ་དེའི་ཕྱིར་འདིར་ཡང༌། རྩ་བའི་དོན་དུ་ཞིག་གིས་མདོ་བཀྲལ་བ་དང༌། འགྲེལ་བས་རྩ་བ་ཇི་ལྟར་བཀྲལ་བའི་རིམ་པ་རྣམས་བཤད་པར་བྱའོ།།དེ་ཡང་རྣམ་བཤད་རིགས་པར། མདོ་དོན་སྨྲ་བ་དག་གིས་ནི།།དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས།།བརྒལ་ལན་བཅས་པར་བསྙད་པར་བྱ།།ཞེས་བཤད་ཐབས་ཀྱི་ཡན་ལག་ལྔས་མདོ་བཤད་དོ་ཞེས་འབྱུང་སྟེ། འདི་ཡང་བྱམས་པ་ཉིད་ཀྱི་མན་ངག་བརྒྱུད་པའོ།།དེ་ལྟར་རྒྱལ་བ་བྱམས་པས་ཀྱང་མདོ་འཆད་པ་ན་བཤད་ཐབས་ལྔ་ཡིས་འཆད་པར་མཛད་དེ། དེ་ཡང་དགོས་དོན། བསྡུས་དོན། ཚིག་དོན་གསུམ་དངོས་སུ་དང༌། མཚམས་སྦྱར་ཤུགས་ལ་བསྟན་ཅིང༌། བརྒལ་བ་དང་ལན་ནི་ཕལ་ཆེར་ཤུགས་ལ་བསྟན་ཏོ།།དེ་ལ་དགོས་དོན་ནི། དགོས་འབྲེལ་དང༌། བསྡུས་དོན་ནི། ལུས་རྣམ་གཞག་དང༌། ཚིག་དོན་ནི་ཡན་ལག་རྒྱས་བཤད་ཀྱིས་སོ།།འདིར་དགོས་དོན་དགོས་འབྲེལ་གྱིས་བསྟན་པར་མཁས་པ་དག་བཞེད་པ་ལ་དེ་ནི་མ་འབྲེལ་ཏེ། དགོས་འབྲེལ་གྱིས་ནི་བསྟན་བཅོས་ཀྱི་དགོས་དོན་བསྟན་ལ། བཤད་ཐབས་ལྔའི་དགོས་དོན་ནི་མདོའི་ཡིན་པས་སོ།།དེས་ན་མཆོད་བརྗོད་ཀྱིས་དགོས་དོན་བསྟན་ཏེ། མདོའི་བརྗོད་བྱ་ཡུམ་གྱི་ཕུལ་དུ་བྱུང་བའི་ཡོན་ཏན་བསྟན་པའི་ཕྱིར་རོ།།ཞེས་བླ་མ་དག་གསུང་བ་ནི་ཆེས་ཤིན་ཏུའང་མ་འབྲེལ་ཏེ། བསྟན་བཅོས་མདོ་འཆད་བྱེད་ཡིན་ཞིང་ཡན་ལག་ལྔ་དེས་མདོ་བཤད་པའི་ཐབས་ཡིན་པའི་ཕྱིར། དགོས་དོན་ནི་མདོའི་དོན་རྟོགས་པའི་དགོས་པ་ཡིན་ཞིང༌། དགོས་འབྲེལ་གྱིས་ཀྱང་མདོ་ཡི་བརྗོད་བྱ་རྟོགས་པའི་དགོས་པ་གཉིས་སྟོན་པ་དང༌། གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཞེས་པས་མདོ་ཡི་བརྗོད་བྱ་ཕུལ་བྱུང་བསྟན་པའི་ཕྱིར་དགོས་དོན་བསྟན་པར་ཐལ་ལོ།།གཞན་ཡང་དགོས་འབྲེལ་གྱིས་མདོའི་དགོས་པ་མ་བསྟན་ན། ལུས་རྣམ་གཞག་གིས་ཀྱང་ཡུམ་གྱི་བསྡུས་དོན་མ་བསྟན་པར་འགྱུར་རོ།།དེའི་ཕྱིར་རྒྱན་སྣང་དང་རྟོགས་དཀར་འབྱུང་བ་ལྟར་དགོས་འབྲེལ་གྱིས་དགོས་དོན་བསྟན་པར་གཟུང་ངོ།།ཤུགས་ལ་བསྟན་པའི་མཚམས་སྦྱོར་གྱི་དང་པོ་ནི། འཕགས་པ་བྱམས་པ་ཞེས་སོགས་འདི་ཡིན་ལ། དེ་ཡང་སྐབས་དང་པོ་ལ་སོ་དྲུག །གཉིས་པ་ལ་ཉི་ཤུ། གསུམ་པ་ལ་བཅུ་བཞི། བཞི་བ་ལ་སོ་ལྔ། ལྔ་བ་ལ་ཉེར་བདུན། དྲུག་པ་ལ་གཅིག བདུན་པ་ལ་ལྔ། བརྒྱད་པ་ལ་བཅུ་གསུམ། བར་བ་ལ་གཅིག བསྡུས་པ་ལ་གཅིག་སྟེ་སྤྱིར་ན་བརྒྱ་ང་གསུམ་མོ།།དེ་ལ་སྐབས་ཀྱི་དང་པོར་བསྟན་པ་བརྒྱད་ནི། སྐབས་ཀྱི་གོ་རིམ་ངེས་པར་བྱེད་པའི་མཚམས་སྦྱོར་ཡིན་ལ། གཞན་རྣམས་ནི་ཅི་རིགས་པའོ་ཞེས་ཆོས་ཀྱི་བཤེས་གཉེན་འཆད་དོ།།འདི་ལ་བརྗོད་པར་བྱ་སྟེ། མཚམས་སྦྱོར་གྱི་རིམ་པ་འདི་སློབ་དཔོན་གྱི་ཚིག་གིས་ཟིན་པ་འདྲེན་ནམ། དོན་ཐོབ་ཡིན་གྲང༌། དང་པོ་ལྟར་ན་སྐབས་དང་པོ་ལ་ཉེར་ལྔ་ལས་མེད་པའི་ཕྱིར་གྲངས་མང་ལ། སྐབས་བཞི་བ་དང་བརྒྱད་པ་ལ་རིམ་པ་ལྟར་སོ་དྲུག་དང་བཅུ་བཞི་ཡོད་པས་གྲངས་ཉུང་ངོ།།གཉིས་པ་ལྟར་ན་དང་པོའི་སོ་དྲུག་གི་དོན་ཐོབ་གང་ཡིན། གལ་ཏེ་དམིགས་རྣམ་རྒྱས་བཤད་ལ་མཚམས་སྦྱོར་གཅིག་ལས་མེད་ཀྱང༌། ངེས་འབྱེད་བཞི་ཡོད་པས་མཚམས་སྦྱོར་བཞི་འཐོབ་ཅིང༌། སའི་ཡོངས་སྦྱོང་ལ་ཡང་ས་བདུན་པའི་ཡོངས་སྦྱོང་དང་པོ་དང་བཅས་པ་ལ་བརྒྱད་ཀྱི་ཡོངས་སྦྱོང་བརྒྱད་འཐོབ་པས་སོ་དྲུག་ཡིན་ཞེ་ན། འོ་ན་གཟུང་རྟོག་དང་འཛིན་རྟོག་གཉིས་ལ་ཡང་མཚམས་སྦྱོར་གཉིས་ཅིའི་ཕྱིར་མི་འཐོབ། གཞན་ཡང་སྐབས་གཉིས་པའི་ཉན་རང་གི་ངེས་འབྱེད་བཞི་ཚན་གཉིས་དང༌། སྐབས་བཞི་བའི་ངེས་འབྱེད་བཞི་ལ་ཡང་མཚམས་སྦྱོར་བཞི་བཞིར་འགྱུར་བས། གཉིས་པ་ལ་ཉི་ཤུ་བཞི་བ་ལ་སོ་ལྔ་ཞེས་པ་དོར་ཅིག །དེས་ན་པཎྜི་ཏས་མཉམ་པར་མ་བཞག་པའི་ཚིག་འདི་ལྟ་བུ་ལ་ཡང༌། དཔྱོད་པ་མེད་པར་མཁས་པ་རྣམས་ཀྱང་རང་རང་གི་ཊཱི་ཀར་དང་པོ་ལ་ནི་སོ་དྲུག་ཅེས་སོགས་ཀྱིས་བྲག་ཆ་ལྟར་བརྗོད་པ་མཐོང་བས་འདི་ལ་འབད་ཀྱི། དེ་ལྟ་མིན་ན་འདི་ལ་བརྒལ་ཞིང་བརྟག་པ་དེ་ཙམ་གྱིས་ཅི་ཞིག་བྱ། དེའི་ཕྱིར་རྒྱན་གྱིས་མདོ་འཆད་པའི་མཚམས་སྦྱོར་དངོས་སུ་མེད་ཅིང་ཤུགས་ལ་ཡོད་པ་རྣམས་སློབ་དཔོན་གྱིས་ཅི་རིགས་པར་གསལ་བར་བཀོད་པ་འདི་རྣམས་ཡིན་ལ། མ་བཀོད་ཀྱང་དོན་གྱིས་ཐོབ་པ་རྣམས་ནི་རང་རང་གིས་བརྟགས་པས་ཁོང་དུ་ཆུད་དོ།།
བརྒལ་ལན་ནི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།།ཞེས་དང༌། དངོས་པོ་བརྗོད་དུ་མེད་པ་ལ།།ཞེས་དང༌། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཞེས་སོགས་ཀྱིས་འགའ་ཞིག་དངོས་སུ་བསྟན་ཅིང་ཕལ་ཆེར་ཤུགས་ལ་བསྟན་པ་རྣམས་ཀྱང་སློབ་དཔོན་གྱིས་གསལ་བར་མཛད་དོ།།བརྒལ་བ་དང་ལན་ནི་གཉིས་ཡིན་པའི་ཕྱིར་བཤད་ཐབས་ཀྱི་ཡན་ལག་དྲུག་ཏུ་ཡང་ཐལ་བར་མི་འགྱུར་ཏེ། རྣམ་བཤད་རིགས་པར། བརྒལ་བ་དང་ལན་གཉིས་གཅིག་ཏུ་བྱ་བ་ནི། བརྒལ་བའི་ལན་གདབ་པའི་དོན་གྱི་ཕྱིར་རོ།།ཞེས་པས་སོ། །དེ་ལྟར་མདོ་བཤད་པ་ལ་ཡན་ལག་ལྔ་ཅི་དགོས་ཤེ་ན། རྣམ་བཤད་རིགས་པར། མདོ་དོན་ཆེ་བ་ཉིད་ཐོས་ནས།།ཉན་པ་དང་ནི་འཛིན་པ་ལ།།ཉན་པ་པོ་ནི་གུས་བྱེད་པས།།ཐོག་མར་དགོས་པ་བརྗོད་པར་བྱ།།དེ་འགྲུབ་དེ་ནི་བསྡུས་དོན་ལས།།བསྡུས་པའི་དོན་ནི་ཚིག་དོན་ལས།།གོ་རིམ་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ།།ཞེས་པ་ལྟར་ཡིན་ཞིང༌། དེ་ལ་མཚམས་སྦྱོར་བརྗོད་པས་ཚིག་གོ་རིམ་རྣམས་འབྲེལ་ལོ།།བརྒལ་ལན་བརྗོད་པས་ནི་རིགས་པ་དང་སྔ་ཕྱི་མི་འགལ་ལོ།།དེ་དག་གིས་ནི་རྒྱན་གྱི་དོན་དུ་ཞིག་གིས་མདོ་བཀྲལ་བ་བཤད་ཟིན་ཏོ།།
ད་ནི་འགྲེལ་བས་རྒྱན་བཀྲལ་བའི་རིམ་པ་རྣམས་བཤད་པར་བྱའོ།།དེ་ལ་དང་པོར་འགྲེལ་བ་རྩོམ་པ་ལ་འཇུག་པའི་ཚིགས་བཅད་བརྒྱད་ལས། གཅིག་དང་བཞི་དང་གཅིག་དང་གཅིག་དང་གཅིག་གིས་རིམ་པ་བཞིན་དུ་འགྲེལ་བ་རྩོམ་པའི་དགོས་པ་ཕྱག་འཚལ་བ་དང་བཅས་པ་དང༌། སྔོན་གྱི་སློབ་དཔོན་གྱིས་གཞུང་ཇི་ལྟར་ཕྱེ་བ་དང༌། ཤེར་ཕྱིན་རྙེད་པ་ངོ་མཚར་བར་བསྟན་ནས་གཟེངས་བསྟོད་པ་དང༌། ཡུམ་སྟོན་པའི་མཐུས་རྙེད་པ་ལ་དྲིན་དུ་གཟོ་བའི་སྒྲུབ་པའི་མཆོད་པའི་ངོ་བོར་ཡུམ་དབྱེ་རིགས་པའམ། རང་གིས་ཡུམ་དོན་ཚང་བར་རྙེད་ནས་བརྩམས་པ་ལ་གཞན་འཇུག་རིགས་པ་དང༌། རང་ལ་སྨད་ནས་འཇུག་པའི་བྱེ་བྲག་རྣམས་བསྟན་ཏོ།།དེ་ནས་བཤད་ཐབས་ལྔའི་སྒོ་ནས་མཆོད་བརྗོད་ཀྱི་ཚིགས་བཅད་དང་།དགོས་འབྲེལ་སྟོན་པའི་ཚིགས་བཅད་གཉིས་བཀྲོལ་ལོ།།དེ་ནས་བསྡུས་དོན་མདོ་རྒྱས་གཉིས་ཀྱི་ཚིགས་བཅད་བཅོ་ལྔའི་མཚམས་སྦྱར་བ་ཙམ་བསྟན་ཅིང༌། དེ་ཡང་མདོར་བསྡུས་པ་དང་དེ་ལས་ཕྱེ་བ་ཙམ་དུ་བསྟན་ནས། དེ་དག་གི་དོན་ནི་འོག་ནས་འཆད་པ་ལ་ལྟོས་པར་བསྟན་ཏོ།།དེ་ནས་སྐབས་བརྒྱད་རིམ་པར་བསྟན་པ་རྣམས་དང༌། དེ་ནས་སྐབས་དྲུག་དང༌། དེ་ནས་སྐབས་གསུམ་དུ་བཞག་པ་རྣམས་བཀྲོལ་ལོ།།དེ་ལྟར་རྩ་བ་བཤད་ཟིན་ནས་དེ་ནས་ཚིགས་སུ་བཅད་པ་བརྒྱད་ལས། གཉིས་དང༌། གཉིས་དང༌། གཅིག་དང༌། གཅིག་དང༌། གཅིག་གིས་གོ་རིམ་བཞིན་དུ། མདོའི་དོན་བསྡུས་ནས་དང༌། རང་མིང་སྨོས་ནས་ཇི་ལྟར་བརྩམས་ཚུལ་དང༌། དགེ་བ་བསྔོ་བ་དང༌། ཡུམ་ཟབ་པས་བདག་གི་ཡུལ་མིན་ཞིང་སྐྱེས་བུ་དམ་པ་རྣམས་ཀྱི་ཡུལ་དུ་དང༌། ཉེས་པར་བསྟན་པ་ལ་བཟོད་པ་གསོལ་བ་རྣམས་བསྟན་ཏོ་ཞེས་ཚིག་གསལ་དུའོ།།དེར་ནི་ཚིགས་བཅད་ཐ་མ་ལ་བཤད་པ་མི་སྣང་ངོ།།ནུབ་སྒོ་བ་ནི་དང་པོ་གཉིས་ནི་ཀུན་གྱི་རྒྱན་དུ་འགྱུར་བ་དང༌། དེ་ནས་གཅིག་དགོས་པ་དང༌། དེ་ནས་གཅིག་རྩོམ་པར་དམ་བཅའི་གཞུང་གཟུགས་ཡིན་ཞིང༌།།དེ་ནས་གཅིག་བསྔོ་བ་དང༌། དེ་ནས་གཉིས་ཁེངས་བསྐྱུང་དང༌། ཐ་མ་རྟོགས་པའི་ཁྱད་པར་བརྗོད་པ་རུ་མཛད་པ་ནི་ཆེས་ལེགས་སོ།།གཉིས་པ་ལ་གསུམ། རྩོམ་པ་ལ་འཇུག་པའི་བྱ་བ། བརྩམ་བྱ་གཞུང་གི་རང་བཞིན། བརྩམས་པ་མཐར་ཕྱིན་པའི་ཚུལ་ལོ།།དང་པོ་ལ་གཉིས། འགྲེལ་བ་རྩོམ་པ་དང༌། རྩ་བ་རྩོམ་པ་ལ་འཇུག་པའོ།།དང་པོ་ལ་ལྔ། དགོས་པ་དང་ལྡན་པའི་ཕྱག་འཚལ་བ། སློབ་དཔོན་སྔ་མས་གཞུང་ཇི་ལྟར་ཕྱེ་ཚུལ། རང་གི་བློའི་ཆེ་བ་བསྟན་པ། བརྩམས་པ་ལ་གཞན་འཇུག་རིགས་པར་གདམས་པ། ཁེངས་བསྐྱུང་སྟེ་རྩོམ་པའི་རྒྱུ་བརྗོད་པའོ།།དང་པོ་ནི། ཕྱག་འཚལ་ཞེས་དྲང་སྟེ་དོན་ནི་མཆོག་ཏུ་འདུད་པའོ།།ཁ་ཅིག ཕྱག་ཐལ་མོ་སྦྱོར་བ་དང་འཚལ་བ་འབུལ་བ་རུ་བྱས་ནས་ཐ་དད་དུ་འཆད་པ་ནོར་བ་སྟེ། དེ་ལྟ་ན་ངག་དང་ཡིད་ཀྱི་ཕྱག་མེད་པར་ཐལ་བའི་ཕྱིར་རོ།།གང་ལ་ན་ཤེར་ཕྱིན་ལའོ།།དེ་ལ་ཤེར་ཕྱིན་ནི་འཆད་པར་འགྱུར་ཞིང༌། ལ་ནི་ཤིང་གི་ཆེད་དུ་ཆུ་འདྲེན་པ་ལ་ཤིང་ལ་ཆུ་འདྲེན་ཞེས་པ་ལྟར། ཤེར་ཕྱིན་གྱི་ཕྱིར་དུ་ཕྱག་འཚལ་བ་ལ་དེ་ལ་ཕྱག་འཚལ་ཞེས་དགོས་ཆེད་ཀྱི་བཞི་བའོ།།ཇི་ལྟ་བུས་ན། སྒོ་གསུམ་ག་གུས་པས་སམ་ཡང་ན་ཡིད་རབ་ཏུ་དང་བས་སོ།།ཅི་ཞིག་གི་དོན་དུ་ན། འདི་ལ་གཉིས་ལས་རང་དོན་གྱི་དགོས་པ་ནི། རྒྱ་རོལ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ།།བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ།།བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར།།མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་འཐོབ།།ཅེས་པ་ལྟར་ཡུལ་ཁྱད་པར་ཅན་ཤེར་ཕྱིན་ལ་ཕྱག་འཚལ་བས་བསོད་ནམས་དཔག་མེད་རྒྱུད་ལ་སྐྱེད་ལ། དེའི་མཐུས་བསོད་ནམས་མ་ཡིན་པ་ལོག་ནས་བར་ཆད་ཞི་སྟེ་རྩོམ་པ་མཐར་ཕྱིན་པར་འགྱུར་བའི་ཕྱིར་རོ།།གཞན་དོན་གྱི་དགོས་པ་ནི། འཇིག་རྟེན་ན་དམ་པ་རྣམས་བྱ་བ་ཆེན་པོ་ལ་འཇུག་པའི་ཐོག་མར་ཡུལ་ཁྱད་པར་ཅན་ལ་ཕྱག་མཆོད་བྱེད་ལ། འདིར་ཡང་ཡུམ་ལ་མཆོད་པར་བརྗོད་པས་གདུལ་བྱ་རྣམས་ཀྱིས་འདི་ནི་དམ་པའོ་ཞེས་རྟོགས་པར་འགྱུར་བའི་ཕྱིར་རོ།།དེའི་ཡང་དགོས་པ་ནི། རྩོམ་པ་པོ་དམ་པར་རྟོགས་པ་ན་འདི་སྙམ་དུ་འདིས་ཕྱག་འཚལ་བའི་ཤེར་ཕྱིན་ཡང་དམ་པའི་འདོད་བྱ་ཡིན་པའི་ཕྱིར་དམ་པའོ་ཞེས་ཡུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་དད་འབྲང་རྣམས་འཇུག་པར་འགྱུར་བའི་ཕྱིར་རོ།།དེ་ལྟར་ཕྱག་འཚལ་ནས་ཅི་ཞིག་འདོད་ན།།ཤེར་ཕྱིན་དེའི་རྒྱན་ཚིག་ལེའུར་བྱས་པ་དག་རྣམ་པར་དབྱེ་བའི་ཕྱིར་རམ་དབྱེ་བར་འདོད་ནས་སོ།།དེ་ལ་རྒྱན་ཞེས་པ་ནི་དཔེའི་མིང་སྟེ། དཔེར་ན་རང་བཞིན་གྱི་རྒྱན་གཟུགས་བཟང་པོ་ལ་མཛེས་བྱེད་ཀྱི་རྒྱན་གདུ་བུ་ལ་སོགས་པས་སྤྲས་པ་གསལ་བྱེད་མེ་ལོང་ལ་སོགས་པའི་ནང་དུ་ཤར་བ་མཐོང་ན། སྐྱེ་བོ་རྣམས་དགའ་བ་སྐྱེད་པ་ལྟར། འདིར་ཡང་རང་བཞིན་གྱི་རྒྱན་ཡུམ་གྱི་ལུས་བཟང་པོ་ལ་མཛེས་བྱེད་ཀྱི་རྒྱན་དོན་བདུན་ཅུས་བཀྲ་བ་གསལ་བྱེད་བསྟན་བཅོས་འདིར་སྣང་བ་ན་མཁས་པ་རྣམས་དགའ་བ་སྐྱེད་པའི་ཕྱིར་ན་རྒྱན་ཏེ། མདོ་སྡེ་རྒྱན་ལས། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་བ།།མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་སྐྱེད་པ།། དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི།།ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་སྐྱེད།།ཅེས་པ་ལྟར་རོ།།ཚིག་ལེའུར་བྱས་པ་ནི། འགྲེལ་བཤད་གཉིས་ཀར། རྗེས་སུ་བསྔགས་པ་ཞེས་བྱ་བའི་ཚིགས་སུ་བཅད་པའི་སྡེབ་སྦྱོར་དུ་བྱས་ཞེས་དང༌། ཚིགས་སུ་བཅད་པ་རྩ་བ་བཞི་བ་ཡི་གེ་བརྒྱད་པར་བྱས་པའི་མིང་སྟེ། ཞེས་མཐུན་པར་འབྱུང་བ་ལྟར་རོ།།རྣམ་པར་དབྱེ་བ་ནི་དོན་ཙམ་ཞིག་དབྱེ་ཞེས་པ་སྟེ་འདི་ནི་བརྩམ་པར་དམ་བཅའ་བའོ།།དེ་བྱས་པ་ལ་དགོས་པ་ཅི་ཞེ་ན། ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན།།རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི།།ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ།།ཞེས་པ་ལྟར་བརྩམས་པ་མཐར་དབྱུང་བའི་ཆེད་དུའོ།།རྣམ་པར་ཕྱེ་བ་ཉིད་ལ་ཡང༌དགོས་པ་ཅི་ཞིག་ཡོད་ན། གཞུང་ལམ་འབྲས་བུ་རང་བཞིན་གྱི་ཤེར་ཕྱིན་ནི་ཀུན་གྱི་ཞེས་པའམ། རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་རྟོགས་པར་འགྱུར་བའི་ཕྱིར་དུའོ།།གལ་ཏེ་འདི་བརྩམས་པ་ཉིད་ནས་རྒྱན་དུ་གྲུབ་ཟིན་པའི་ཕྱིར་རྒྱན་དུ་བྱེད་མི་དགོས་ཞེ་ན། ཉེས་པ་མེད་དེ། སྐྱེས་པ་དང་བུད་མེད་རྣམས་ཀྱི་གདུ་བུ་ལ་སོགས་པ་རྒྱན་དུ་གྲུབ་ཟིན་ཡང་དྲི་མ་དང་བཅས་པར་གྱུར་ན་རྒྱན་གྱི་དགོས་པ་དགའ་བ་སྐྱེད་མི་ནུས་པས། རྒྱན་གྱི་རྒྱན་ནི་དྲི་མ་སེལ་བ་ཡིན་པ་ལྟར། མཁས་པ་དགའ་བར་བྱེད་པའི་རྒྱན་ནི་ཚིག་ལེའུར་བྱས་པ་ཉིད་དོ་ཞེས་བསྟན་དུ་ཟིན་ཀྱང་མ་རྟོགས་པའམ་ལོག་རྟོག་གི་དབང་གིས་འདིས་ཡུམ་དོན་གསལ་བར་བྱེད་པ་མ་ཡིན་པའི་ཕྱིར་རྒྱན་མ་ཡིན་ནོ་སྙམ་དུ་ཀླན་ཀའི་དྲི་མ་སྐྱེ་སྲིད་དོ།།དེ་ལ་སློབ་དཔོན་གྱིས་སྒྲ་དྲང་ཐད་དུ་བསྟན་ཅིང་དོན་གསལ་ལ་ཚིག་བདེ་བའི་འགྲེལ་བ་འདི་མཛད་པས་དྲི་མ་དེ་དག་སེལ་བའི་སྒོ་ནས་རྒྱན་དུ་བྱེད་པས་འདི་ནི་རྒྱན་གྱི་རྒྱན་ཏེ། ཇི་སྐད་དུ། སློབ་དཔོན་ཀ་ཤིས། ཀླན་ཀ་ངན་པའི་དྲི་མ་སེལ་བས་ན་འདི་ནི་དབུ་མའི་རྒྱན་ནོ་ཞེས་པ་དང་མཐུན་ནོ།།གང་དག །མངོན་མཐོ་ངེས་ལེགས་ཀྱི་རྒྱུ་ཡིན་པས་མངོན་རྟོགས་བརྒྱད་ནི་ཡུམ་དེའི་རྒྱན་ཞེས་དང༌། མངོན་པའི་སྡེ་སྣོད་ལ་སོགས་པ་ཀུན་གྱི་རྒྱན་ཞེས་འཆད་པ་སྔ་མ་ལྟར་ན། དེའི་རྒྱན་ཚིག་ལེའུར་བྱས་པ་ཞེས་པའི་ཚིག་ཙམ་ཡང་མ་མཐོང་བར་གསལ་ལ་ཕྱི་མ་ཡང་རྩོམ་པ་པོའི་དགོངས་པ་དང་འགལ་ལོ། དེ་ལྟར་ཚིགས་སུ་བཅད་པ་འདིས་ནི། འགྲེལ་བ་བརྩམས་པའི་བརྗོད་བྱ་དང༌། དགོས་པ་དང༌། ཉིང་དགོས་དང༌། འབྲེལ་བ་རྣམས་ཀྱང་བསྟན་ཏོ།།དེ་ཡང་དང་པོ་ནི་མངོན་རྟོགས་རྒྱན་ཏེ་བཤད་བྱ་ཡིན་པའི་ཕྱིར་རོ།།གཉིས་པ་ནི་ཡུམ་གསུམ་གའི་རྒྱན་དུ་རྟོགས་པ་སྟེ་བསྒྲུབ་བྱ་ཡིན་པའི་ཕྱིར་རོ།།གསུམ་པ་ནི་འདི་ལ་བརྟེན་ནས་ཐོས་བསམ་སྒོམ་པ་མཐར་ཕྱིན་པ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་གང་ཡིན་པ་མིང་གཞན་ཤེར་ཕྱིན་ཞེས་པ་ཐོབ་པ་ཡིན་ཏེ། དེ་ཐོབ་པ་ན་སྐྱེས་བུའི་འདོད་པ་རྫོགས་པས་དགོས་པ་གཞན་བཙལ་དུ་མེད་པའི་ཕྱིར་རོ།།དེ་གསུམ་ནི་རིམ་པ་ལྟར་དམ་བཅའ་དང་རྐང་བ་གསུམ་པ་དང་དང་པོས་བསྟན་ཏོ།།བཞི་བ་ནི་བསྟན་བཅོས་དང་དགོས་པའམ། དགོས་པ་གཉིས་རྒྱུ་འབྲས་སུ་འབྲེལ་བ་སྟེ་དེ་ནི་ཤུགས་ཀྱིས་སོ།།ཞེས་པ་ནི་ཤེར་འབྱུང་གི་དགོངས་པ་ཡིན་ལ་ཚིགས་གསལ་དུ། སྒྲའི་བརྗོད་བྱ་ཚིག་ལེའུར་བྱས་པ། དོན་གྱི་བརྗོད་བྱ་རྒྱལ་བ་སྐྱེད་མ་རྩ་བའི་དོན་ལེགས་པར་བསྟན་པ་དགོས་པ། གདུལ་བྱ་གཞན་ལ་རྒྱན་དུ་གྲུབ་པ་ཉིང་དགོས་སོ་ཞེས་རང་ལུགས་བཀོད་ནས། གཞན་དག་ནི་ཚིག་ལེའུར་བྱས་པའི་དོན་ལེགས་པར་བསྟན་པས་དེ་རྒྱན་ཉིད་དུ་གྲུབ་པ་ནི་དགོས་པ་ཡིན་ལ། དེས་རྒྱལ་བ་བསྐྱེད་མའི་དོན་མ་ལུས་པ་ཤེས་པ་ནས་བཟུང་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་བར་དུ་ནི་དགོས་པའི་ཡང་དགོས་པའོ་ཞེས་རྟོག་སྟེ། དེ་ནི་དེ་ལྟར་གྲུབ་པ་ཉིད་འགྲེལ་བ་འབའ་ཞིག་གིས་མི་སྲིད་ལ། རྩ་བའི་གཞུང་ཉིད་ཀྱི་དབང་དུ་བྱས་པ་ཡང་འོག་ནས་འཆད་པས་མི་འཐད་པ་ཉིད་དོ་ཞེས་འཆད་པ་ནི། དེ་ལས་ཀྱང་མི་འཐད་དེ། འགྲེལ་བ་ཁོ་ནས་དེ་སྒྲུབ་མི་ནུས་པས་དེའི་ཉིང་དགོས་མིན་ན། མི་གནས་པའི་མྱང་འདས་དེ་རྩ་བའི་ཡང་མིན་པར་ཐལ་བ་དང༌། རྩ་འགྲེལ་ཉིང་དགོས་གཅིག་པ་མི་འགལ་བའི་ཕྱིར་རོ་ཞེས་པ་ནི་གཞན་ལུགས་བཀག་པའི་སྐྱོན་ནོ།།རང་ལུགས་བཞག་པ་ལ་ཡང་སྐྱོན་ཡོད་དེ། ཚིག་ལེའུར་བྱས་པ་ལེགས་པར་བསྟན་པ་ནི་འགྲེལ་བ་ལེགས་པར་བརྩམས་པ་ཡིན་ལ།།།འགྲེལ་བ་བརྩམས་པ་འགྲེལ་བ་བརྩམས་པའི་དགོས་པར་མི་འཐད་པའི་ཕྱིར། འགྲེལ་བས་བསྟན་པ་ལྟར་གཞན་གྱིས་རྒྱན་དུ་རྟོགས་པ་ནི་འགྲེལ་བ་བརྩམས་པའི་དགོས་པ་ཡིན་ལ། དེའི་ཕྱིར་རྒྱན་དུ་གྲུབ་པ་ནི་འགྲེལ་བ་བརྩམས་པ་ལ་དགོས་སོགས་ཆོས་བཞི་ཡོད་པའི་ནང་ནས་དགོས་པ་མིན་པར་ཉིང་དགོས་ཁོ་ནས་འཆད་པ་མི་འཐད་པའི་ཕྱིར་རོ།།དེས་ན་བཤད་པ་སྔ་མ་ཉིད་མཛེས་སོ།།གཉིས་པ་ནི། གལ་ཏེ་ཀུན་གྱི་རྒྱན་དུ་འགྱུར་བའི་འགྲེལ་བ་རྩོམ་ན། ཀུན་གྱི་རྒྱན་ཡིན་པར་གང་ལས་རྟོགས་ཤེ་ན། ཞེས་པའི་ལན་དུ། མཁས་པ་བཞིའི་བཤད་པ་ལས་སོ་ཞེས་དང༌། རྣམ་པར་དབྱེ་ཞེས་རྩོམ་པར་དམ་བཅས་པ་ལ། ཅི་མངོན་རྟོགས་རྒྱན་གྱི་འགྲེལ་བ་གཞན་དག་ཀྱང་ཡོད་དམ་ཞེ་ན།ཞེས་པའི་ལན་དུ་ཡོད་ཅེས་སྟོན་པའི་འབྲེལ་སྒྲིག་ཚུལ་གཉིས་ལས། འདིར་སྔ་མའི་རྗེས་སུ་འབྲངས་ཏེ་བཤད་དོ།།འདི་ལ་བཞི་ལས། རེ་ཞིག་ཐོགས་མེད་ཀྱིས་བཤད་ཚུལ་ནི། རྣམ་བཤད་མཛད་ཅེས་དྲང་ངོ།།གང་གི་ན། ཤེར་ཕྱིན་གྱི་མདོ་དོན་མ་ལུས་པ་སྡུད་པས་བསྟན་བཅོས་ཆེན་པོ་སྟེ་མངོན་རྟོགས་རྒྱན་གྱི་ཞེས་འཆད་ཀྱང༌། སྐུ་མཆེད་གཉིས་ཀས་རྒྱན་དང་མ་སྦྱར་བར་མདོ་ཉི་ཚེ་བཀྲལ་བར་གྲགས་པས་ཚིགས་གསལ་དུ་བསྟན་བཅོས་ནི། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌།།ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ།།འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ།།གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད།།ཅེས་པའི་ངེས་ཚིག་གི་ཚུལ་གྱིས་ན་བསྟན་བཅོས་ཏེ། དེ་ཡང་ཁྱད་པར་ཅན་རྒྱལ་བའི་ཡུམ་རྣམས་སོ།།ཞེས་པ་ལྟར་མདོའོ།།ཡང་ན་བསྟན་བཅོས་དང་མདོ་མ་སྦྱར་ཡང་དེ་གཉིས་བརྗོད་བྱ་གཅིག་པ་ལ་དགོངས་སོ།།གང་གིས་ན་འཕགས་པ་ཐོགས་མེད་སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །ཞེས་རྣམ་འགྲེལ་དུ་བཤད་པ་ལྟར་རང་གིས་གཟིགས་པའི་ལམ་གཞན་ལ་སྟོན་པས་སྐྱོབ་པ་སྟེ་དེས་སོ།།རྒྱུ་གང་ལ་བརྟེན་ནས་སྐྱོབ་ན།འགྲོ་བ་རིགས་ལྔ་ལ་ཆགས་པ་སྟེ་བརྩེ་བ་བྱང་སེམས་ཆེན་པོ་རྣམས་དང་འདྲ་བར་ཀུན་ཏུ་ཆགས་པ་སྟེ་ལྷག་པར་ཡང་བརྩེ་བར་མཛད་པའི་སྙིང་རྗེ་ལ་བརྟེན་ནས་སོ།།སློབ་དཔོན་འདི་ཡོན་ཏན་གྱི་ཁྱད་པར་ཅི་ལྟ་བུ་ཞིག་དང་ལྡན་ཞེ་ན། འཇམ་དཔལ་རྩ་རྒྱུད་དུ། ཐོགས་མེད་ཅེས་བྱའི་དགེ་སློང་ནི།།བསྟན་བཅོས་དེ་ནི་དོན་ལ་མཁས།།མདོ་སྡེ་ངེས་དོན་དྲང་བའི་དོན།།རྣམ་པ་མང་པོ་རབ་ཏུ་འབྱེད།།འཇིག་རྟེན་རིག་པ་སྟོན་བདག་ཉིད།།གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར།།ཞེས་དང༌། བསྟན་པ་ཡུན་རིང་གནས་བྱའི་ཕྱིར།།མདོ་ཡི་དེ་ཉིད་དོན་སྡུད་བྱེད།།ལོ་ནི་བརྒྱ་དང་ལྔ་བཅུར་འཚོ།།དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །ཞེས་ལུང་བསྟན་པ་དང༌། དབུ་མ་རྒྱན་གྱི་རང་འགྲེལ་དང༌། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་དང༌། ཚིག་གསལ་དུ་ས་གསུམ་པ་བརྙེས་པར་བཤད་ཅིང༌། མན་ངག་རྗེས་འབྲང་དུ། ཐུབ་པའི་རྒྱལ་པོའི་ཡུམ་འདི་མགོན་པོ་བྱམས་པ་ལས།།འཕགས་པའི་ལམ་ནི་ཐོབ་པ་ཐོགས་མེད་ཅེས་བྱ་འདིར།།དོན་ནི་གང་ཞིག་ཐོབ་འགྱུར་དེ་ནི་བདག་གིས་སྦྱར།།ཞེས་བཤད་ཅིང༌། ཡང་དེ་ཉིད་ལས། འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང༌།སྙིང་རྗེས་སྲོག་ཆགས་རྣམས་ལ་འཚོ་བའི་ཚུལ་གྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ཤ་ལ་སོགས་པ་བཅད་ཅིང་སྦྱིན་པར་མཛད་པ་ལས། དགའ་ལྡན་གྱི་གནས་ནས་བྱོན་པའི་མགོན་པོ་བྱམས་པ་མཐོང་ནས། ཇི་ལྟར་སྔ་མའི་ལུས་དེ་ཐོབ་སྟེ། དེའི་གདམས་ངག་གིས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ནི་བརྙེས་པར་གྱུར་ཏོ་ཞེས་པ་ལྟར་རོ།།ཐོགས་མེད་རང་གི་བློས་དཔྱད་པ་ཁོ་ནས་འཆད་དམ་འོན་ཏེ་བླ་མའི་མན་ངག་ལས་ཀྱང་ཡིན་ཞེ་ན། སྔ་མ་ནི་མིན་གྱི་ལྷ་དང་མི་རྣམས་ཀྱི་དམ་པ་དང་འཇིག་རྟེན་གྱི་གཙོ་བོར་གྱུར་བ་དང༌། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པས་ཀྱང་མི་ཐུབ་པའི་ཕྱིར་མི་ཕམ། སེམས་ཅན་གྱི་མགོན་ལ་ཉིད་ཀྱིས་ཏེ་བདག་ཉིད་ཀྱིས་དང་པོར་གསན་ནས་དེའི་དོན་ལེགས་པར་བསམ་ཞིང་བསྒོམས་པས་བརྟན་པར་བྱས་ནས་ནིའོ།།དེ་ཡང་གྲགས་པ་ལ། དགའ་ལྡན་དུ་རྒྱལ་ཚབ་ལ་མི་ལོ་ལྔ་བཅུ་ཆོས་གསན་ཞེས་འབྱུང་ལ། ས་སྡེའི་གནའ་མཆན་ལས་ཟླ་བ་དྲུག་ཅེས་འབྱུང་ངོ།།དེའི་ཚེ་རྗེ་བཙུན་གྱིས་ཐོགས་མེད་ཀྱི་དོན་དུ་མངོན་རྟོགས་རྒྱན་ལ་སོགས་པ་རྣམས་མཛད་པར་མཁས་པ་རྣམས་ལ་གྲགས་ཏེ། རྒྱན་སྣང་ལས། དེ་ཡང་འདི་ལྟར་ཐོས་ཏེ། འཕགས་པ་ཐོགས་མེད་ཀྱིས་གསུང་རབ་མ་ལུས་པའི་དོན་ཐུགས་སུ་ཆུད་ཅིང་རྟོགས་པ་ཐོབ་པ་ཡིན་དུ་ཟིན་ཀྱང༌། ཟློས་ཏེ་གསུངས་པ་མང་བ་དང་ཟློས་ཏེ་གསུངས་པ་མ་ཡིན་པའི་ཕྱོགས་ལ་ཡང་ཚིག་སོ་སོར་བཅད་པ་མ་གཟིགས་པ་དང༌། ཟབ་པ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དཔོག་པར་མ་དཔྱོད་ནས། ཡིད་མི་བདེ་བ་རྗེས་སུ་འཐོབ་པར་གྱུར་ཏེ། དེ་ནས་དེའི་དོན་དུ་བཅོམ་ལྡན་འདས་འཕགས་པ་བྱམས་པ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་མཛད་དོ།།དེ་གསན་ནས་ཀྱང་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས། སློབ་དཔོན་དབྱིག་གཉེན་ལ་སོགས་པ་ལ་ཡང་བཤད་པ་ཡིན་ནོ།།ཞེས་སོ།།ཟླ་འོད་ལས་ནི། མཆོག་ཏུ་ཟབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་རྟོགས་པར་དཀའ་བས་ཐུགས་རྗེས་དེས་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་བསྒྲུབས་ནས་དུས་ཕྱིས་བྱས་ཞེས་པ་ནི་སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་སྟེ། སྔོན་དུ་བྱས་པ་ལ་རྗེས་སུ་བརྗོད་ཅེས་པ་ནི་གཞན་དག་གིའོ།།ཞེས་འཆད་ཀྱང་མི་འཐད་པར་གོ་སྟེ། ཤེས་བྱེད་གཞན་མེད་པ་མཉམ་པོ་ལ་མཁས་པ་ཕལ་མོ་ཆེ་ལ་བརྒྱུད་ནས་གྲགས་པའི་གཏམ་རྒྱུད་ལ་སྔ་མ་ཁོ་ན་སྣང་བའི་ཕྱིར་རོ།།གང་དུ་ན། འཕགས་པ་ཐོགས་མེད་ཅེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་བས།།དེ་ཉིད་རྣམ་པར་ངེས་པར་བཤད་པ་རབ་ཏུ་སྦྱར་མཛད་ཅེས་པ་ལྟར་རོ།།འདི་ལ་ཉི་ཁྲི་དེ་ཉིད་རྣམ་ངེས་ཟེར་བ་ནི་བརྟག་དགོས་སོ།།
གཉིས་པ་དབྱིག་གཉེན་གྱིས་བཀྲོལ་ཚུལ་ནི། རྣམ་པར་བཀྲོལ་ཞེས་དྲང་ངོ།།གང་ན་སྔར་ལྟར་རོ།།གང་གིས་ན། འགྲོ་བ་རྣམས་ཀྱི་ཐོབ་བྱའི་དོན་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་ཁ་ན་མ་ཐོ་བ་མེད་པའི་ལམ་བསྟན་ནས་འདོད་པ་རྫོགས་པར་བྱེད་པས་རྩ་ལག་མཚན་དབྱིག་གཉེན་ཞེས་པ་དེས་སོ།།གང་དུ་ན། དངོས་དང་དངོས་མེད་རྣམ་དབྱེའི་ཕྱོགས་ལ་མཁས་པར་ཤེས་པའི་མངོན་རློམ་གྱིས་མཐོ་བ།།སློབ་དཔོན་དབྱིག་གཉེན་གྱིས་ནི་གཞུང་གི་འགྲེལ་བར་དོན་བཤད་པ་ལ་གནས་ཐོབ་གྱུར།།ཞེས་པ་ལྟར་ཉི་ཁྲིའི་གཞུང་འགྲེལ་དུའོ།།ཚུལ་ཇི་ལྟ་བུས་ན། ཕྱི་རོལ་མེད་ཅིང་ཤེས་བྱ་ཡུལ་དུ་སྣང་བ་ཐམས་ཅད་ནང་སེམས་ཀྱི་སྣང་བ་ཙམ་ཡིན་ཞིང་སེམས་དེ་ཉིད་གཤིས་ལ་གྲུབ་པར་འདོད་པ་རྣམ་རིག་པའི་ཚུལ་ལ་ཡང་དག་པར་བརྟེན་ནས་སོ།།དེའི་རྒྱུ་མཚན་ཡང་སློབ་དཔོན་རང་ཉིད་སེམས་ཙམ་གྱི་ལུགས་ལ་མོས་པ་གཙོར་བྱེད་པ་སྟེ་ལྷུར་ལེན་པས་སོ།།དེ་བཞིན་དུ་ཚིག་གསལ་དུ་ཡང༌། འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་དག་གིས་སྐབས་བརྒྱད་དུ་ཕྱེ་བ་མེད་ཀྱི་དོན་གཞན་དུ་རྣམ་པར་རིག་པའི་གྲུབ་པའི་མཐར་རྒྱལ་བའི་ཡུམ་བཀྲོལ་ཏེ། ཚིག་ལེའུར་བྱས་པ་ཐེག་པ་ཆེན་པོ་དབུ་མའི་ལྟ་བ་འདི་ནི་སློབ་དཔོན་དབྱིག་གཉེན་དེའི་ཡུལ་དུ་མ་གྱུར་བས་ན། འཕགས་པ་ཐོགས་མེད་ས་འོད་བྱེད་པ་བརྙེས་པས་ཀྱང་དེ་འདུལ་བ་དང་འཚམས་པར་བཀྲོལ་ཏེ། སེམས་ཅན་གཅིག་གི་དོན་གྱི་ཕྱིར།།ཕྱི་མཐའི་བར་དུ་གནས་པར་བགྱི།།ཞེས་གསུངས་པའི་རྗེས་སུ་འབྲངས་པས་སོ་ཞེས་འབྱུང་ཞིང་རྟོགས་དཀའི་སྣང་བ་དང༌། ཤེར་འབྱུང་དང༌། བུད་དྷཱ་ཤྲཱིས་ཀྱང་སེམས་ཙམ་དུ་བཀྲལ་བར་འཆད་དོ།།མན་ངག་རྗེས་འབྲང་དུ་ནི་ཉི་ཁྲིའི་གཞུང་འགྲེལ་དུ། ཀླུ་སྒྲུབ་ཀྱི་ལུང་ཤེས་བྱེད་དུ་དྲངས་ནས་འཆད་པས་དེའི་ལུགས་དང་འགལ་བ་སྨྲ་མི་ནུས་ལ། རྣམ་རིག་ཙམ་ལ་མ་ཞེན་པར་སྟོང་ཉིད་ཀྱི་རྒྱ་མཚོ་འཛིན་མི་ནུས་པས། སངས་རྒྱས་ཀྱིས་སེམས་ཙམ་དུ་བཟུང་བ་བཞིན་དུ་འཕགས་པ་རྣམས་ཀྱིས་རྣམ་པར་ཤེས་པའི་ཚུལ་བཤད་པ་ཡང་དྲང་དོན་ཡིན་ནོ་ཞེས་པ་ལ་སོགས་པ་བཤད་ནས། ནང་གི་ཤེས་བྱ་ལ་བརྟེན་ནས། དབྱིག་གཉེན་གྱིས་ནི་རྣམ་པར་བཀྲོལ།།ཞེས་བྱ་བ་སུན་ཕྱུང་བའོ།།ཞེས་དང༌། རྟོག་གེ་བ་རྣམས་ཀྱིས་ནི། འཕགས་པ་རྣམས་ཀྱི་གཞུང་ངེས་དོན་དུ་གནས་པ་བསྒྱུར་ནས་རྣམ་རིག་ཙམ་དུ་བཤད་ཅིང༌། དེ་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་དབུ་མ་འཇུག་པ་ལས་སུན་ཕྱུང་ངོ།། དེར་ཡང་དོན་དམ་པའི་ཕར་ཕྱིན་གྱི་ཚུལ་ནི་སུན་འབྱིན་པ་མ་ཡིན་ཏེ། རང་ཉིད་ཀྱིས་ཀྱང་འདོད་པའི་ཕྱིར་རོ།།དེ་ལྟ་མ་ཡིན་པར་འཕགས་པ་རྣམས་ཀྱང་འདོད་པ་ཐ་དད་པར་སྟོན་ནམ་འབྲེལ་བ་ཆེན་པོ་སྨྲས་པར་འགྱུར་རོ།།དེ་རྣམས་ལ་དགོངས་ནས་འཇུག་པའི་འགྲེལ་བར། གནས་བརྟན་ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་ཀྱི་མཛད་པ་པོ་དེ་རྣམས་ཀྱང་སྟོང་བ་ཉིད་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་འདོར་བ་ཡིན་ཞེས་བྱའོ་ཞེས་འདྲེན་ནོ།།འོན་ཀྱང་ཞི་བ་འབྱུང་གནས་རང་ཉིད་ཕྱོགས་གླང་གི་བཤད་པ་ལ་ཚད་མར་བྱེད་པ་དང༌། འཇུག་འགྲེལ་གྱི་ལུང་དེ་ཤེས་བྱེད་དུ་འདྲེན་པ་འགལ་བར་མཐོང་སྟེ། ལུང་དེ་ལས་ནི་ཕྱོགས་གླང་གིས་ཀྱང་རྟེན་འབྲེལ་ཟབ་མོའི་དོན་མ་བཤད་པར་འདོད་པའི་ཕྱིར་རོ།།དེས་ན་སློབ་དཔོན་སྐུ་མཆེད་དང་ཕྱོགས་གླང་ལྟ་བུ་རྣམས་ལྟ་ཞོག །གང་ཟག་ཕལ་བར་གྲགས་པ་རྣམས་ལ་ཡང་འདིས་འདི་རྟོགས་འདིས་འདི་ལས་མ་རྟོགས་ཞེས་རང་དབང་དུ་རྒྱུད་ཚོད་གཟུང་བར་ག་ལ་ནུས། དེ་ལྟ་ན་ཡང་དེ་དག་གི་གཞུང་ལུགས་ནས་བཤད་ཚོད་ནི་རྣམ་རིག་ཙམ་དུ་བཀྲལ་ནས་དེ་ཉིད་དབུ་མའི་དོན་དུ་འཆད་པར་རྒྱ་བོད་ཀྱི་མཁས་པ་ཕལ་མོ་ཆེ་ལ་གྲགས་ཤིང་གྲགས་པ་ལྟར་ཡང་སྣང་སྟེ། དཔེར་ན་བླ་མ་ཤཱནྟི་བས་རྣམ་རིག་ཙམ་ཉིད་དབུ་མར་བཤད་པའི་སྟེང་ནས། ཀླུ་སྒྲུབ་དང་ཐོགས་མེད་དགོངས་པ་གཅིག་པར་བཤད་པ་དབུ་མ་རྒྱན་རྩ་འགྲེལ་དང༌། སེམས་གསལ་མྱོང་འདི་ཉིད་གཤིས་ལ་གྲུབ་ཅིང་དེའི་སྟེང་དུ་གཟུང་འཛིན་མེད་པ་དབུ་མར་འཆད་པ་ཤེར་ཕྱིན་མན་ངག་ལྟ་བུ་ཡིན་པས་དེ་དག་ཏུ་ལྟོས་ཤིག །ཡུམ་གསུམ་གནོད་འཇོམས་དང༌། ཞི་བ་འབྱུང་གནས་གཉིས་ཀྱི་ལྟ་བའི་འགངས་མཐུན་པར་སྣང་བས་དེའི་ཚུལ་དང་སྔ་མ་རྣམས་ཀྱི་རྒྱུ་མཚན་མདོ་ཙམ་ཡང་སྐབས་ཇི་ལྟ་བ་བཞིན་དུ་འཆད་པར་འགྱུར་རོ།།གསུམ་པ་འཕགས་པས་ཕྱེ་ཚུལ་ནི། རྣམ་པར་ཕྱེའོ།།གང་ན་མདོ་དང་རྒྱན་གཉིས་ཏེ་འོག་མ་ལ་ཡང་ཤེས་པར་བྱའོ།།གང་གིས་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པས་འཕགས་པའི་ཁོངས་སུ་གཏོགས་པ་ཡི། རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བ་དེས་སོ།།ཀྱང་ནི་སྔ་མ་གཉིས་སུ་མ་ཟད་པའོ།།གང་དུ་ན། རྣལ་འབྱོར་གོམས་པས་དོན་གྱི་དེ་ཉིད་བསྲུབས་པས་འཇིག་རྟེན་འདས་པའི་ཤེས་ལྡན་པར།།སྐྱེས་གྱུར་བློ་བཟང་འཕགས་པ་རྣམ་གྲོལ་སྡེ་ཡིས་འགྲེལ་བ་ལ་ནི་ཆེར་འབད་ལ།།ཞེས་པ་ལྟར་ཉི་ཁྲིའི་འགྲེལ་བར་རོ།།བློ་གང་གིས་ན། ཡུམ་དང་བསྟན་བཅོས་ཀྱི་དོན་ཡོད་མེད་རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུ་མར་གནས་པ་ལ་དེ་ལྟར་རྟོགས་པའི་བློས་སོ།།འདིར་སྔ་མ་རྣམས་འགྱུར་འདི་ལྟར་ན་ཤེས་བྱ་ནང་གི་ཡིན་པ་ལ་ཟུར་ཟ་ལ། གཟུ་བོར་གནས་པའི་བློས་ཞེས་པ་ལྟར་ན་རང་མོས་གཙོར་བྱེད་ལ་ཟུར་ཟ་ཞེས་འཆད་དོ།།ཅི་སྟེ་སྔ་མ་གཉིས་ཀྱིས་ཕྱེ་ཟིན་པས་འདིས་འབྱེད་མི་དགོས་ཤེ་ན། སྔ་མ་གཉིས་པོ་དེས་འགྲེལ་བ་བྱས་པ་རྣམ་རིག་ཙམ་གྱི་གཞུང་དང༌། མཐུན་པའི་ཕྱིར་རམ། སྐབས་ཀྱི་དོན་མ་བརྗོད་ཅིང་རྣམ་རིག་ལ་ཞེན་པ་མ་སྤངས་པའི་ཕྱིར། ཡུམ་དོན་ཇི་ལྟ་བ་བཞིན་བྱས་པ་མིན་པར་མཐོང་ནས་ཕྱེ་བས་ཉེས་པ་མེད་དོ།།བཞི་བ། བཙུན་པས་རྣམ་བཤད་བྱས་ཚུལ་ནི། རྣམ་བཤད་བྱས་སོ།།གང་གིས་ན། རྣམ་གྲོལ་སྡེ་དད་པའི་ས་ཚོགས་ལམ་ཕལ་བ་ལ་གནས་པ་དེ་ཡིས་སོ།།དུས་ནི་འཕགས་པས་མཛད་པ་དེའི་འོག་ཏུའོ།།གང་དུ་ན། མཐའ་གཅིག་སྐྱེས་གྱུར་མི་མཐུན་ཕྱོགས་ལྟ་ཞི་ཕྱིར་བསྟན་བཅོས་ལ་མཁས་རྟོགས་ལྡན་གང༌།།རྣམ་གྲོལ་སྡེ་ཞེས་ཚིག་ཏུ་འཇིག་རྟེན་ན་གྲགས་གཞན་པ་དེས་ནི་རྣམ་འགྲེལ་མཛད། །ཅེས་པ་ལྟར་ཉི་ཁྲི་རྣམ་འགྲེལ་དུའོ།།ཇི་ལྟར་ན། བསྟན་བཅོས་རྒྱན་གྱི་ཚིག་དོན་མཐའ་དག་ཚང་བར་མ་རྙེད་པར་རང་གིས་ཇི་ལྟར་རྙེད་པ་དང་རྗེས་སུ་མཐུན་པར་རོ།།གྲུབ་མཐའ་རབ་འབྱམས་ལ་མ་འདྲིས་པར་རིག་པ་རྩོམ་པ་ནི་ཤེས་རབ་འཕེལ་བའི་རྒྱུའོ།།ཞེས་པ་ལྟར་རང་དང་རྗེས་སུ་མཐུན་པ་སྟེ་རང་གི་ཤེས་རབ་འཕེལ་བའི་ཕྱིར་དུ་བརྩམས་ཀྱི་གཞན་ལ་ཕན་འདོད་པའམ་མངོན་པའི་ང་རྒྱལ་གྱིས་ནི་མ་ཡིན་ནོ།།འདི་ནི་འདབ་གཤོག་ཅུང་ཟད་སྐྱེས་པའི་བྱ་འཕུར་བར་རྩོམ་པ་དང་འདྲ་བར་བསྔགས་པ་ཡིན་གྱི་སྨད་པ་མིན་ནོ།།ཁ་ཅིག་ཡུམ་མཐའ་དག་མ་རྙེད་ཟེར་བས་ནི་ལེགས་པར་མ་སྨྲས་སོ་ཞེས་དང༌། ཀུན་མ་རྙེད་ཅེས་པ་ནི་རང་རང་གི་བློས་མ་རྟོགས་པ་སྟེ་གཞུང་མ་རྙེད་པ་ནི་མ་ཡིན་ནོ་ཞེས་ཚིག་གསལ་དུའོ།།རྟོགས་དཀར། བསྟན་བཅོས་མ་ལུས་པ་དེ་མཛད་པ་པོ་ལས་དངོས་སུ་མ་ཐོས་པའམ་མ་མཐོང་བའོ།།ཡང་ན་མངོན་པའི་སྡེ་སྣོད་ལ་སོགས་པའི་བསྟན་བཅོས་མཐའ་དག་མ་རྙེད་པའོ་ཞེས་འཆད་པ་ནི་སྐབས་དང་མི་མཐུན་ཞིང་ཧ་ཅང་ཐལ་བའི་བཤད་པའོ།།གཞུང་མ་རྙེད་པ་ལ་སྔ་མ་རྣམས་དགོས་འབྲེལ་དང༌། སེམས་བསྐྱེད་པའི་རབ་དབྱེ། དགེ་འདུན་ཉི་ཤུ། ངེས་འབྱེད་རྒྱས་བཤད་ལ་སོགས་པའི་བསྟན་བཅོས་ཀྱི་ཚིག་མ་རྙེད་པར་མདོ་ལེ་མང་རང་དང་མཐུན་པར་བཤད་དེ། མ་རྙེད་པའི་རྒྱུ་མཚན་ཡང་རྒྱུན་ཞུགས་འབྲས་གནས་ཙམ་པོ། འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ༌།གཟུགས་ཀྱི་ཆགས་བཅོམ། དགྲ་བཅོམ་འབྲས་ཞུགས་གཉེན་པོ་དང་རྫས་ལ་བརྟེན་པའི་རྟོག་པ་རྣམས་ཀྱི་མདོ་ལེ་མང་ན་མེད་པས། དེ་དང་བསྟན་བཅོས་མ་མཐུན་པས་བསྟན་བཅོས་ཀྱི་ཚིག་མ་ཡིན་ནམ་སྙམ་དུ་བསམས་སོ་ཞེས་འཆད་དོ།།དེ་ལ་རྣམ་འགྲེལ་དེར་རྩ་བ་དེ་དག་མེད་ཀྱང་དམིགས་རྣམ་རྒྱས་བཤད་ཀྱི་བཤད་པ་རྫོགས་པ་དང༌། མདོར་བསྟན་གྱི་རྐང་བ་དང་པོ་གཉིས་དྲངས་ནས་ལྷག་མ་ལ་སོགས་ཀྱི་སྒྲ་དང༌། དགེ་འདུན་ཉི་ཤུ་ལ་ཡང་དགེ་འདུན་གྱི་མདོ་དང་པོའི་སྟོད་དྲངས་ནས་སོགས་ཀྱི་སྒྲ་སྦྱར་རོ།།སེམས་བསྐྱེད་ཀྱི་དབྱེ་བ་ལ་མདོ་ངོ་བོ་རྣམས་ཉི་ཁྲི་འགྲེལ་བར་བཤད་པ་ལ་ཁ་འཕངས་ཤིང་རབ་དབྱེ་རྣམས་བློ་གྲོས་མི་བཟད་པ་སོགས་སུ་བལྟ་སྟེ་འདིར་མ་བཀོད་པ་གཞུང་མང་བ་སྤང་བའི་ཆེད་དོ་ཞེས་འབྱུང་ལ། རྟོག་པ་བཞི་ལ་ནི་དང་པོ་ལ་བདུན་བརྒྱད་གཉིས་མ་གཏོགས་པ་བདུན་འོལ་སྤྱི་གཅིག་སྣང་ཞིང་ལྷག་མ་གསུམ་ལ་སྤྱི་མིང་ཙམ་ལས་མ་གཏོགས་པའི་དབྱེ་བ་མ་བྱས་པར་བཞི་བའི་སྐབས་སུ་འདི་དང་སྐབས་གཞན་དུ་ཡང་བསྟན་བཅོས་དང་སྦྱར་བར་བྱ་སྟེ་འདིར་མ་སྦྱར་བ་གཞུང་མང་བ་སྤང་བའི་ཕྱིར་ཡིན་པར་བཤད་པས་བསྟན་བཅོས་མ་བྲིས་པ་དེ་དག་ཀྱང་གཏན་མ་རྙེད་པར་མི་སྣང་ངོ།།ཉི་ཁྲིའི་རྣམ་འགྲེལ་འདི་བཙུན་པ་གྲོལ་སྡེ་དང་མིང་མཐུན་པ་གཅིག་གམ། འཕགས་པའི་སློབ་མར་གྲགས་པའི་བཙུན་པའི་ཡིན་བརྟག་པར་བྱ་སྟེ། རྒྱན་སྣང་དུ་གླེང་གཞི་དང་རྩེ་མོའི་ཀུན་ཏུ་རྒྱུ་སྡེ་ཅན་གྱི་སྐབས་སུ་བཙུན་པའི་བཤད་པ་དྲངས་པ་རྣམས་འདི་ལ་མི་སྣང་བའི་ཕྱིར་རོ།།ཅིའི་ཕྱིར་མཁས་པ་འདི་བཞིའི་ཕྱེ་ཚུལ་བཀོད་ཅེ་ན། རང་ཉིད་སྔོན་གྱི་མཁས་པ་རྣམས་ཀྱི་ལུགས་ལ་མཁས་པར་བསྟན་པས་རང་གི་གཞུང་ལ་གཞན་འཇུག་པར་བྱ་བའི་ཕྱིར་དང༌། གཞུང་དུ་མ་ཚོལ་བ་རྣམས་ལ་ཕན་གདོགས་པར་བྱ་བའི་ཕྱིར་རོ།།ཞེས་ཚིག་གསལ་དུའོ།།ཤེར་འབྱུང་ནི། ཁྱོད་ཀྱིས་རྩོམ་མི་རིགས་ཏེ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་མདོ་ལ་རྨོངས་པ་བཟློག་ཟིན་ལ། མ་བཟློག་ན་ཁྱོད་ཀྱིས་ཀྱང་བཟློག་མི་ནུས་ཞེས་པའི་ལན་དུ། བཅོམ་ལྡན་འདས་མའི་བཤད་པ་དང་ཊཱི་ཀ་མཛད་པའི་འཕགས་པ་དང་སློབ་དཔོན་གྱིས་ནི་གཞི་ལམ་རྣམ་པ་ཐམས་ཅད་བསྡུས་ཀྱང་མངོན་རྟོགས་དང་མ་སྦྱར་ཞིང༌། སེམས་ཙམ་དུ་བཀྲོལ་བས་ན་རྨོངས་པ་ཐམས་ཅད་མ་བཟློག་ལ། འགྲེལ་བ་དང་རྣམ་འགྲེལ་མཛད་པའི་འཕགས་པ་དང༌། སློབ་དཔོན་དག་གིས་ཀྱང་མངོན་རྟོགས་དང་སྦྱར་ཡང་ཀུན་གྱི་རྒྱན་དུ་མ་གྱུར་ཞིང་མ་ཚང་བས་དོགས་པ་མ་བཟློག་གོ།ཁོ་བོ་ནི་བྱམས་པས་བསྟན་ཅིང་རྣམ་སྣང་བཟང་པོའི་དྲིན་ལས་གཞི་ལམ་རྣམ་པ་ཐམས་ཅད་བསྡུས་ཤིང་མངོན་རྟོགས་དང་སྦྱོར་བས་ཀུན་གྱི་རྒྱན་དུ་འགྱུར་བའི་ཕྱིར་དང༌། དབུ་མ་དང་སྦྱར་བས་དོགས་པ་ཐམས་ཅད་བཟློག་པའོ།།ཞེས་འཆད་དོ།།གསུམ་པ་ནི། དེ་ལྟར་དབྱིག་གཉེན་དང་བཙུན་པས་མ་རྙེད་པར་བརྩམས་ལ་འཕགས་པས་རྙེད་ནས་ཡིན་ན་ཁྱོད་ཀྱིས་རྙེད་ནས་སམ་མ་རྙེད་ནས་རྩོམ་ཞེ་ན། བསྟན་བཅོས་ཀྱི་དོན་མཐའ་དག་འདི་རྙེད་དོ་ཞེས་ཚིག་རྣམ་པར་སྦྱར་རོ།།བསྟན་བཅོས་ཀྱི་དོན་ཅི་འདྲ་བ་ཞེ་ན། སྔར་བཤད་པ་དེ་ལྟར་མཁས་པ་འཕགས་གྲོལ་གྱིས་ནི་སྣང་བར་བྱས་པ་སྟེ་རྙེད་ཅིང་འགའ་ཞིག་ཁོ་ན་སྟེ་དབྱིག་གཉེན་དང་བཙུན་པ་དང་གདུལ་བྱའི་དབང་ལས། ཐོགས་མེད་རྣམས་ཀྱིས་མ་རྙེད་པའི་ཡུམ་དང་རྒྱན་གྱི་དོན་དེའོ།།ཚུལ་ནི་འཕགས་པས་རྙེད་པ་དེ་ལྟར་རོ།།དེ་ལྟར་རྙེད་པ་གང་ཡིན་པ་དེ་ཡ་མཚན་ཞེས་པ་ནི་སྔོན་བསོད་ནམས་རླབས་པོ་ཆེ་བསགས་པ་འདྲ་ཞེས་དགའ་བ་སྟོན་པའོ།།བཞི་བ་ནི། དེ་ལྟར་མཁས་པས་སྣང་བར་བྱས་པ་ཡང་བདག་གིས་ཤེས་ལ། ལ་ལས་དོན་ཚང་བར་མ་རྙེད་པ་ལས་བདག་གིས་ཚང་བར་རྙེད་དོ་ཞེས་བསྟན་པ་དེ་ཡང་རང་གི་ལྷས་བྱིན་པ་ལ་སོགས་པ་ནི་མ་ཡིན་གྱི་སངས་རྒྱས་ཀྱི་མཐུས་ཡིན་པར་བསྟན་པའི་ཕྱིར། དེ་ལྟས་ནས་རྙེད་པ་ནི་ཞེས་པའི་བར་དུ་གསུངས་སོ།།དེ་ལྟས་ནི་སྔར་བཤད་པ་དག་གིས་མ་རྙེད་པའོ།།ཤིན་ཏུ་རྙེད་དཀའ་བའི་ཟབ་མོའི་ལམ་འདི་ནི་མངོན་རྟོགས་བརྒྱད་སྟོང་བ་ཉིད་དོ།།ཅི་ཞིག་ལྟར་ནི་སྟེས་དབང་ངོ།།དེ་ལྟར་སངས་རྒྱས་ཀྱི་མཐུས་རྙེད་ནས་བརྩམས་པའི་ཕྱིར་བདག་གི་གཞུང་འདི་ལ་ཕྱི་རབས་ཀྱི་མཁས་པ་གཟུར་གནས་རྣམས་ཀྱིས་མཉན་པ་དང་བཤད་པའི་སྒོ་ནས་དབྱེ་བ་དང་འཇུག་པར་རིགས་སོ་ཞེས་པའོ།།ལྔ་བ་ནི། ཅི་འགྲེལ་བ་རྩོམ་ན་མདོའི་དོན་ཐམས་ཅད་ཁྱོད་ཀྱི་ཡུལ་དུ་གྱུར་རམ་ཞེ་ན། ཤེར་ཕྱིན་གྱི་དོན་རྣམས་རྣམ་པ་ཀུན་ཏུ་སྟེ་ཐོས་པ་ལ་སོགས་པའི་རྣམ་པས་ཀྱང་བདག་གི་ནི་སྤྱོད་ཡུལ་མིན་ཡང་རྩོམ་པ་ལ་སྤྲོ་བ་སྐྱེས་སོ།།ཡུལ་མིན་ན་རྩོམ་པར་མི་རིགས་ཤེ་ན། རང་དང་གཞན་ལ་ཕན་གདགས་པར་འདོད་པའི་ལྷག་པའི་བསམ་པས་ཀུན་ནས་བསླང་བའི་ཕྱིར་ཉེས་པ་མེད་དོ།།རང་གཞན་ལ་ཕན་འདོགས་པའི་ཐབས་སུ་འགྲེལ་བ་རྩོམ་པ་ཅི་ཞིག་འགྲེལ་ཞེ་ན། རང་གཞན་གྱི་རྒྱུད་ལ་བསོད་ནམས་དག་སྒྲུབ་པ་དང་འགྲེལ་བ་རྩོམ་པ་དོན་མཐུན་པའི་ཕྱིར་ཏེ། དེ་ལ་བརྟེན་ནས་རང་གཞན་གྱི་རྟོགས་པ་འཕེལ་བར་འགྱུར་བའི་ཕྱིར་རོ།།འདི་དང་སྔ་མའི་རྐང་པ་ཐ་མ་ལ་འགྲེལ་བཤད་གཉིས་འདི་ལས་གཞན་དུ་འཆད་ཀྱང་དགོངས་པ་མིན་ནོ།།འདིས་རང་ཉིད་བསམ་པ་དག་པར་བསྟན་ཅིང་བསམ་པ་འདི་ལྟ་བུའི་སྒོ་ནས་རྩོམ་པ་ལ་སྤྲོ་བ་སྐྱེད་ཅིག་ཅེས་གཞན་ལ་གདམས་ངག་ཏུ་སྦྱར་རོ།།
གཉིས་པ་ལ་གཉིས། གདུལ་བྱ་དང་བ་བསྐྱེད་པའི་ཡན་ལག་མཆོད་བརྗོད། རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་ལོ།།དང་པོ་ལ་གཉིས། མཆོད་བརྗོད་དངོས་དང༌། དེ་ལ་རྩོད་པ་སྤང་བའོ།།དང་པོ་ལ་གསུམ། མཚམས་སྦྱར། རྩ་བས་བསྟན། འགྲེལ་བས་བཤད་པའོ།།དང་པོ་ནི། ཕྱག་འཚལ་ཞེས་དྲང་ངོ།།གང་ལ་ན། སྲས་བཞིའི་ཡུམ་ལའོ།།གང་གི་སྒོ་ནས་ན། ཉེར་ཞིར་ཁྲིད་པ་སོགས་ཀྱི་ཡོན་ཏན་ཇི་ལྟར་གནས་པ་བཞིན་དུ་སྒྲོ་སྐུར་དང་བྲལ་བར་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས་སོ།།གང་གིས་ན། རྗེ་བཙུན་གྱིས་སོ།།དུས་ནི། བསྟན་བཅོས་འདི་རྩོམ་པའི་དང་པོར་རོ།།རེ་ཞིག་ནི་རིམ་པ་སྟོན་པའོ།།ཅི་ཞིག་གི་དོན་དུ་ན། འདི་ལ་གཉིས་ལས། རང་དོན་གྱི་དགོས་པ་ནི། སོ་སྐྱེའི་ས་ལས་རིང་དུ་སོང་བས་འཕགས་པ་སེམས་ཅན་རྣམས་ལ་བུ་གཅིག་པ་ལྟར་བརྩེ་ཞིང་སློབ་པ་དང་མི་སློབ་པའི་གནས་སྐབས་ཐམས་ཅད་དུ་བྱམས་པའི་མཚན་མི་འདོར་བའི་བྱམས་པ་རང་ཉིད་ཀྱི་སྤྱོད་པ་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་སྟོན་པའི་ཕྱིར་རོ།།དེ་ཡང་དམ་པས་བྱས་པའི་བསྟན་བཅོས་ལ་གཞན་འཇུག་པའི་ཆེད་དུའོ།།དེ་ལྟར་ན་འདི་ནི་དང་བ་ལ་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་བྱེད་པའི་ནུས་པ་ཇི་ལྟར་ཡོད་ཅེས་པའི་ལན་དུ། རབ་ཏུ་དང་བ་ཉིད་ཀྱི་རང་བཞིན་རྒྱུད་ལ་སྐྱེས་པ་ཙམ་གྱིས་རྣམ་གཡེང་དང་མི་དགེ་བ་ལས་སེམས་ལོག་ནས་ཏིང་ངེ་འཛིན་ དམ་པ་དང༌། དགེ་བ་བཅུའི་བྱ་བའམ་སྤྱོད་པ་ལ་འཇུག་པས་སོ་ཞེས་གཞུང་ཕྱི་མའི་རྒྱུ་མཚན་དུ་འཆད་པ་ནི་དགོངས་པ་མིན་ནོ།།གཞན་དོན་གྱི་དགོས་པ་ནི། གདུལ་བྱ་གཞན་དག་རབ་ཏུ་དང་བ་བསྐྱེད་པའི་ཆེད་དུའོ།།དེའི་དགོས་པ་ནི་ཐོས་སོགས་ཀྱིས་འཇུག་པར་བྱ་བའི་ཕྱིར་ཡིན་ལ། དེ་ཡང་བྱང་ཆུབ་འཐོབ་པའི་དོན་གྱིས་ཏེ་ཕྱིར་དུའོ།།གང་ལ་དད་ན། ཉོན་མོངས་བག་ཆགས་དང་བཅས་པ་བཅོམ་པའམ་བདུད་བཞི་བཅོམ་ཞིང་ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང༌།།དཔལ་དང་གྲགས་དང་ཡེ་ཤེས་དང༌།།བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ།།དྲུག་པོ་རྣམས་ལ་སྐལ་ཞེས་བྱ།།ཞེས་པ་ལྟར་དེ་བཞིན་ཉིད་རྣམ་རྟོག་གི་བག་ཆགས་མ་ལུས་པས་དབེན་པའི་དབང་ཕྱུག་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གཟུགས་བཟང་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དཔལ་དང་གྲགས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་སྒྲུབ་ཡེ་ཤེས་ཀྱིས་བརྩོན་འགྲུས་ཏེ། ལེགས་པ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་མ་ལའོ།།དེ་ཡང་བྷ་ག་ཝན་ཞེས་པའི་སྐད་དོད་ལ་འདས་པ་མེད་ཀྱང༌། མདོ་སྡེ་ལས་སངས་རྒྱས་ལ་འཇིག་རྟེན་ལས་འདས་པ་ཞེས་ཀྱང་འབྱུང་བས། འདས་ཞེས་བླ་ཐབས་སུ་བསྣན་ནས་བཅོམ་ལྡན་འདས་སུ་བསྒྱུར་ཞེས་སྒྲ་སྦྱོར་བམ་གཉིས་སུ་བཤད་པ་ལྟར་རོ།།ཡུམ་འདི་གང་ཟག་གསུམ་དང་འབྲེལ་བས་བཅོམ་ལྡན་འདས་ཀྱི་སྒྲ་བཤད་པ་ལྟར་མི་འཇུག་ཀྱང་ཕྱོགས་གཅིག་གི་མིང་གིས་ཐམས་ཅད་ལ་བཏགས་པའོ།།བཅོམ་ལྡན་འདས་མ་དེ་ཡང་ཇི་འདྲ་བ་ཞེ་ན། ཉེར་ཞིར་ཁྲིད་པ་སོགས་ཀྱི་ཡོན་ཏན་འདོད་པ་རྫོགས་པར་བྱེད་པས་རིན་པོ་ཆེ་ལམ་སོ་སོ་ལ་ལྟོས་ཏེ་མཐར་ཐུག་པས་ཕུལ་དུ་དབྱུང་དུ་མེད་ཅིང་གྲངས་མང་པས་དཔག་ཏུ་མེད་པ་སྟེ་མདོར་ན་སྲས་བཞིའི་བཞེད་དོན་མཐར་ཐུག་པའི་འབྱུང་གནས་སམ་རྒྱུར་གྱུར་བའོ།།ཅིའི་ཕྱིར་དང་བསྐྱེད་པའི་ཆེད་དུ་མཆོད་བརྗོད་གསུངས་ཤེ་ན། རང་གིས་མྱོང་བ་ལྟར་གཞན་ལ་བསྟན་མི་ནུས་ཤིང༌། གཞན་གྱིས་ཀྱང་བསྟན་པ་ལས་རྟོགས་པར་བྱ་མི་ནུས་ལ། རྣལ་འབྱོར་བ་རང་རང་གིས་རྟོགས་པར་བྱ་བའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་བྱས་པ་ཅན་གྱི་ཤེར་ཕྱིན་ལ་རབ་ཏུ་དང་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་པ་ཐམས་ཅད་འཐོབ་པའི་ཐབས་རྣམས་ཀྱི་ནང་ནས་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་བའམ་རྟོགས་ནས་དང་བ་བསྐྱེད་པའི་དོན་དུ་ཚིགས་བཅད་འདི་གསུངས་སོ་ཞེས་རྣམ་པར་སྦྱར་ཏེ། གཙོ་བོར་འགྱུར་ཚུལ་ནི་ཕྱི་འགྲེལ་གྱིས་འཆད་དོ།།འདི་ནི་སློབ་དཔོན་གྱིས་བཞེད་པའོ།།ཚིག་གསལ་དུ་མི་རྟོག་ཡེ་ཤེས་དེ་མི་རྟོག་བཞིན་ཤེར་ཕྱིན་གྱི་ཡུམ་གྱི་དང་བར་ཇི་ལྟར་བཞག དང་བ་ནི་སེམས་བྱུང་དང་བ་ཡིན་ནོ་ཞེས་པའི་ལན་དུ། མིག་ཤེས་ཀྱིས་མཐོང་བའི་གཟུགས་ལ་དེའི་རྗེས་སུ་ཡིད་ཀྱིས་ཆགས་པ་ལྟར་མི་རྟོག་ཡེ་ཤེས་ཀྱིས་ཡུམ་ངེས་པར་བྱས་ནས་དེའི་རྗེས་ཐོབ་ཀྱིས་མཉམ་གཞག་གིས་ཇི་ལྟར་བཟུང་བའི་ཡུམ་ལ་དང་བར་བྱེད་ཅེས་འཆད་པ་དང༌། ཡང་ན་སོ་སོ་རང་གིས་རིག་པའི་ཡུལ་ཅན་ཤེར་ཕྱིན་ལ་རབ་ཏུ་དང་བ་ཞེས་རྣམ་པ་གཞན་དུ་སྦྱར་བ་ལ་ཡང་ཉེས་པ་མེད་དོ་ཞེས་ལུགས་གཉིས་བྱུང་ཡང་སྔ་མ་མི་འཐད་པ་རྟོགས་སླ་ཞིང་ཕྱི་མ་འཐད་དེ། དེ་ནི་སྔར་བཤད་དོ།།སྔ་མ་རྣམས་ནི་དང་བ་དང་བྱང་ཆུབ་གཉིས་ཀྱི་རྒྱུ་འབྲས་ཀྱི་འབྲེལ་བ་བློས་བཏགས་པ་ཙམ་མམ་ཚད་མས་གྲུབ་སྙམ་ན། མ་ཕམ་པ་རང་གི་མཉམ་གཞག་གི་ཡུལ་མིན་པས་དེས་དྲངས་པའི་རྗེས་ཐོབ་ཀྱིས་ངེས་པར་བཟུང་ནས་སོ་ཞེས་འཆད་པ་ནི་མ་འབྲེལ་ཏེ། ནས་ཞེས་པ་ལྷག་མ་ཅན་ཡིན་པས་བཟུང་ནས་ཞེས་བྱ་བ་གསུངས་སོ་ཞེས་སྦྲེལ་དགོས་པས་སོ།།གཉིས་པ་ནི། ཕྱག་འཚལ་ལོ།།གང་ལ་ན་ཡུམ་མཁྱེན་གསུམ་དེ་ལའོ།།སུའི་ཡུམ་ཞེ་ན། ཉན་ཐོས་དང་རང་རྒྱལ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྟེ་དེ་རྣམས་དང་ལྷན་ཅིག་པའི་སངས་རྒྱས་ཀྱི་ནི་ཡུམ་མོ།།དེ་ལྟ་ན་ཉན་རང་དང་བྱང་སེམས་ཀྱི་ཡུམ་མིན་ནམ་ཞེ་ན། བཞི་གའི་ཡུམ་ཡིན་ཀྱང་སྤྱི་ལ་གཅིག་ཚིག་སྦྱར་བ་ཙམ་སྟེ། དག་ལྡན་ལས། ཉན་ཐོས་ལ་སོགས་པའི་ཚོགས་དང་བཅས་པའི་སངས་རྒྱས་ཀྱི་སྟེ་རིགས་ལ་གཅིག་གི་ཚིག་གོ་ཞེས་དང༌། དེའི་ཚོགས་དང་བཅས་པའི་སངས་རྒྱས་རྣམས་ཀྱི་ཡུམ་ཞེས་གསུངས་པ་ལས་འདི་ནི་དེ་རྣམས་ཀྱི་ཡང་ཡུམ་ཡིན་པར་རྟོགས་སོ།།ཞེས་པ་ལྟར་རོ།།དེའི་ཕྱིར་དེ་ཉིད་ལས། སངས་རྒྱས་ནི་བླ་མ་དམ་པ་ཡིན་ཞིང་དེ་རྣམས་ཀྱི་ཡང་ཡུམ་འདི་ཡིན་པ་དེས་ན་འདི་ནི་བླ་མ་དམ་པའི་ཡང་བླ་མ་ཡིན་པ་དེའི་ཕྱིར་ཞེས་པའི་ཚིག་གིས་ཡུམ་འདི་འབྲས་ཡུམ་དུ་འཁྲུལ་བར་མི་བྱ་སྟེ། སངས་རྒྱས་ཀྱི་བཞེད་པ་སྒྲུབ་པའི་རནམ་ཡུམ་གྱི་ཁྱད་པར་ཡིན་པ་ལ་དགོངས་ནས་དེ་ལྟར་བཤད་པའི་ཕྱིར་ཏེ། སྒྲ་སོར་བཞག་ན་སངས་རྒྱས་ལས་ལྷག་པའི་ཡོན་ཏན་ཡོད་པར་ཐལ་ལོ།།ཇི་ལྟར་ན་མཁྱེན་གསུམ་གང་ཟག་དེ་དག་གི་ཡུམ་ཡིན་ཞེ་ན། རེ་ཞིག་གཞི་ཤེས་ནི་ཉན་རང་གི་ཡུམ་ཡིན་ཏེ། ཉན་ཐོས་དང་དེས་མཚོན་པའི་རང་རྒྱལ་ཞི་བ་མྱང་འདས་ཚོལ་བ་རྣམས་ཉོན་མོངས་དང་སྡུག་བསྔལ་ཉེ་བར་ཞི་བ་དེར་ཁྲིད་པར་མཛད་པ་གང་ཡིན་པ་དེ་དེ་གཉིས་ཀྱི་ཡུམ་ཡིན་ལ་གཞི་ཀུན་ཤེས་པ་ཉིད་ཀྱིས་དེར་ཁྲིད་པས་སོ།།ལམ་ཤེས་ནི་བྱང་སེམས་ཀྱི་ཡིན་ཏེ། འགྲོ་བ་ལ་ཕན་འདོགས་པར་བྱེད་པའི་བྱང་སེམས་རྣམས་འཇིག་རྟེན་གདུལ་བྱའི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་སྟེ་དེའི་ཡུམ་ཡིན་ལ་ལམ་གསུམ་ཤེས་པ་ཉིད་ཀྱིས་དེ་མཛད་པས་སོ།།རནམ་ནི་སངས་རྒྱས་ཀྱི་ཡིན་ཏེ། ཐུབ་པ་རྣམས་བརྗོད་བྱའི་རྣམ་པ་ཀུན་དང་ལྡན་པའི་རྗོད་བྱེད་སྣ་ཚོགས་པ་འདི་དག་གསུང་བར་འཇུག་བྱེད་དེ་དེའི་ཡུམ་ཡིན་ལ་ཇི་ལྟ་ཇི་སྙེད་ཀྱི་རནམ་གང་དང་ཡང་དག་པར་ལྡན་པས་དེ་གསུངས་པས་སོ།།ཚིགས་བཅད་དང་པོ་འདི་སློབ་དཔོན་གྱིས་བཤད་ཐབས་ལྔའི་སྒོ་ནས་བཀྲལ་ཏེ། རང་ཉིད་ནས་ཆེད་དུའི་བར་གྱིས་དགོས་པ་དང༌། ཡུམ་ལ་ནས་ཕྱག་འཚལ་གྱི་བར་གྱིས་བསྡུས་དོན་དང༌། ཚིགས་སུ་ནས་གཙོ་བོ་ཡིན་ནོའི་བར་ནི་དགོས་དོན་དང༌། དེ་ལ་ནས་བསྟོད་དོའི་བར་ནི་བསྡུས་དོན་ལས་འཕྲོས་ཤིང༌། ཉན་ཐོས་ནས་ཕྱག་འཚལ་གྱི་བར་གྱིས་ཚིག་དོན་དང༌། དེ་ལྟར་ནས་འཐད་པ་ཡིན་ནོའི་བར་གྱིས་བརྒལ་ལན་བསྟན་ལ། མཚམས་སྦྱོར་ནི་དེ་དག་ཐམས་ཅད་ལ་ཡོད་དོ།།འདིར་ཡུམ་གྱི་མཐའ་དཔྱད་པ་ལ་གསུམ། རང་གི་ལུགས་བཞག་པ། དེ་ལ་རྩོད་པ་སྤང་བ། དེ་མཁས་པའི་དགོངས་པར་སྒྲུབ་པའོ།།དང་པོ་ནི། ཡུམ་དེ་ཡང་གང་ཞེ་ན། མཁྱེན་པ་གསུམ་ནི་འདིར་ཡུམ་དུ་བསྟན་ལ། དེ་ཡང་སྒྲས་ཟིན་ཚོད་དང་བསྟུན་ན་གཞི་ཤེས་ནི་ཉན་རང་གི་ཉེར་ཞི་ཐོབ་བྱེད་དུ་བསྟན་པས། སློབ་ལམ་ལྟ་བུར་མངོན་ཀྱང་ཉན་རང་གི་བཞེད་པ་སྒྲུབ་པ་ལ་དེའི་ཡུམ་དུ་བཤད་པར་འདོད་ནས་ཐབས་ཙམ་དུ་བཤད་ཀྱི། ཉེར་ཞི་ཐོབ་ཟིན་པའི་གཞི་ཤེས་འདིར་བསྟན་གཞི་ཤེས་སུ་མི་འདོད་པ་མིན་ནོ།།མཁྱེན་པ་གསུམ་པོ་དེས་ཀྱང་ཉན་རང་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་ཡིན་པའི་ཚུལ་གྱིས་བསྡུས་པས་མངོན་རྟོགས་བརྒྱད་ཀ་བསྟོད་ཕྱག་གི་ཡུལ་གྱི་ཡུམ་ཡིན་ནོ།།དེ་ལྟ་ན་ཡང་རྗེ་བཙུན་གྱིས་མཁྱེན་གསུམ་ཉིད་ལ་བསྟོད་པ་ནི། མངོན་རྟོགས་ཐ་མ་ལྔ་དང་པོ་གསུམ་དུ་འདུས་པར་དགོངས་ནས་སོ།།སྤྱིར་ན་མཆོད་བརྗོད་ཀྱི་ཡུལ་དང་དེ་ལ་བསྟོད་ཚུལ་ལ་དུ་མ་ཞིག་ཡོད་ཀྱང༌། འདིར་ནི་བསྟན་བཅོས་ཀྱི་བརྗོད་བྱ་བསྟོད་ཕྱག་གི་ཡུལ་ཡིན་ཞིང་བསྟོད་ཚུལ་ཡང་ཡུམ་དེས་སྲས་བཞིའི་ཐུན་མོང་མ་ཡིན་པའི་བཞེད་དོན་སྒྲུབ་པའི་སྒོ་ནས་བསྟོད་ལ། དེ་ལྟར་བསྟོད་པ་ན་ཐར་བ་དང་ཐམས་ཅད་མཁྱེན་པ་གང་དུ་བགྲོད་པ་ཐམས་ཅད་ཀྱི་རྩ་བ་བསྟན་བཅོས་ཀྱི་བརྗོད་བྱ་རུ་གོ་བ་ན་གྲོལ་བ་དོན་གཉེར་རྣམས་དང་བ་སྐྱེས་ཏེ་ཚིག་ལེའུར་བྱས་པ་ལ་འཇུག་པར་འགྱུར་བས་དེའི་ཕྱིར་མཛད་དེ། དེ་ནི་སྔར་བཤད་པ་ལྟར་རོ།།རྒྱུ་མཚན་འདིས་ཀྱང་ཐེག་པ་གསུམ་གྱི་མངོན་རྟོགས་མ་ལུས་པ་ཡུམ་ཡིན་ནོ།།གཉིས་པ་ནི། གལ་ཏེ་དེ་ནི་མི་རིགས་ཏེ། འཕགས་པས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་ཞེས་པ་དང༌། འཕགས་བཞིའི་ཡུམ་ཡིན་པའི་ཕྱིར་སྦྱོར་ལམ་མན་ཆད་ན་ཡུམ་འདི་ཡོད་པ་མི་རིགས་ཤེ་ན། འདིས་འཁྲུལ་གཞི་བྱས་ནས། གཞི་ཤེས་དང་ལམ་ཤེས་འཕགས་པའི་རྟོགས་པ་ཁོ་ནར་འཆད་པ་བྱུང་མོད་དེ་ནི་མི་འཐད་དེ། གཞན་དུ་ན་ཉི་སྣང་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་རྣམས་བསྡུས་པར་འགྱུར་བ་ཡིན་ཏེ། ཞེས་འབྱུང་བས་སོ་བདུན་སོགས་ཐམས་ཅད་འཕགས་པའི་རྟོགས་པར་ཐལ་ལོ།།དེས་ན་དེ་སྐད་གསུངས་པ་ནི་སྲས་ཀྱི་གཙོ་བོ་བརྗོད་པར་འདོད་ནས་ཡིན་གྱི་ཚོགས་སྦྱོར་བ་སྲས་མིན་ནས་མ་ཡིན་ཏེ། དཔེར་ན་རྒྱལ་པོ་འཁོར་དང་བཅས་པ་འགྲོ་བ་ན་རྒྱལ་པོ་གཤེགས་སོ་ཞེས་པ་དང་སྲས་བཞི་གའི་ཡུམ་ཡིན་ཡང་རྒྱལ་བའི་ཡུམ་ཞེས་པ་བཞིན་ནོ།།དེ་ལྟ་མིན་ན་དེ་དག་ལ་ཁྱབ་བྱེད་མཁྱེན་པ་གཉིས་པོ་མེད་པའི་ཕྱིར་ཁྱབ་བྱ་ཐེག་དམན་དང་བྱང་སེམས་ཀྱི་མངོན་རྟོགས་མེད་པར་ཐལ་བ་དང༌། ཉེར་ཞིར་ཁྲིད་པ་དང་ལྷག་བསམ་ཁྱད་པར་ཅན་གྱིས་འཇིག་རྟེན་གྱི་དོན་དངོས་སུ་སྒྲུབ་པའི་བྱང་སེམས་ཀྱི་སྤྱོད་པ་མེད་པར་ཐལ་ལོ།།དེ་ལྟར་ན་ལུང་དེ་ནི་དེ་ཁོ་ན་ལྟར་བཤད་དེ། འཕགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གང་ཡིན་ཞེས་བྱ་བ་འདི་ནི་བརྗོད་པར་བྱའོ་ཞེ་ན། བཤད་པ། ཤེས་རབ་ཕ་རོལ་ཕྱིན་པ་ནི།།དངོས་པོ་བརྒྱད་ཀྱིས་ཡང་དག་བཤད།།ཅེས་གསུངས་ལ། དེའི་དོན་ཡང་གོང་དུ་ཤེར་ཕྱིན་ལ་ཕྱག་འཚལ་ལོ་ཞེས་བསྟན་བཅོས་ཀྱི་བརྗོད་བྱ་ལ་ཕྱག་འཚལ་བའི་ཤེར་ཕྱིན་དེ་གང་ཡིན་དེ་ཇི་ལྟར་བསྟན་བཅོས་ཀྱིས་འཆད་ཅེས་པའི་ལན་དུ། ཤེར་ཕྱིན་དེ་ལ་འཆད་པར་འགྱུར་བའི་དངོས་པོ་བརྒྱད་དུ་ཕྱེ་ནས་འཆད་དོ་ཞེས་བཤད་དགོས་པའི་ཕྱིར་རོ།།དེ་བཞིན་དུ་སློབ་དཔོན་གྱིས་ཀྱང༌། གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཀྱི་ཡུམ་ཞེས་དང༌། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་ཞེས་སོགས་ཚིག་དོན་གྱི་སྐབས་ནས་འབྱུང་བ་རྣམས་ཁྱད་མེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅེས་དང༌། བསྡུས་དོན་དང༌། བརྒལ་ལན་གྱི་སྐབས་སུ་ཡང་མཁྱེན་གསུམ་གྱིས་མངོན་རྟོགས་མཐའ་དག་བསྡུས་པར་བསྟན་པ་ཡིན་ནོ།།གསུམ་པ་ནི། དེ་ལྟར་ན་དངོས་པོ་བརྒྱད་མ་ལུས་པ་ཡུམ་ཡིན་པ་འདི་རྩ་བའི་དགོངས་པ་ཡིན་ཞིང༌། དེ་ལྟར་དུ་ཆེན་པོ་གཉིས་ཀྱིས་ཀྱང་བཀྲལ་ལ། འཕགས་ཡུལ་གྱི་མཁས་པ་གཞན་དུ་མ་ཡང་བཞེད་དེ། རྣམ་འགྲེལ་ལས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས། སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་དེ་ལ་ཕྱག་འཚལ་ལོ།།ཞེས་གསུངས་པ་ལ། ཇི་ལྟ་བུ་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་འདྲི་བ་ལ། མངོན་རྟོགས་བདག་ཉིད་བདུན་ཡིན་པར།།ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ།།ཞེས་དང༌། དག་ལྡན་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱེ་བ་ནི་རྣམ་པ་གསུམ་ཡིན་ཏེ། ཞེས་དང༌། གྲགས་པའི་ཆ་ལས་ཀྱང༌། གང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡུམ་བཅོམ་ལྡན་འདས་མ་སྟེ། འཆད་པར་འགྱུར་བ་མངོན་པར་རྟོགས་པ་བརྒྱད་ཀྱི་རང་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ།།ཞེས་དང༌། ཤེར་འབྱུང་གིས་ཀྱང༌། མངོན་རྟོགས་བརྒྱད་ཀྱི་རང་བཞིན་ཅན།།རང་བཞིན་མེད་ཅིང་རྟོག་ལས་འདས།།དཔག་བསམ་ཤིང་བཞིན་འབྲས་བཟང་ནི།།རྩོལ་མཛད་རྒྱལ་ཡུམ་དགེ་མ་རྒྱལ།།ཞེས་དང༌། ཟླ་འོད་ལས་ཀྱང༌། དེ་ལྟར་ཀུན་མཁྱེན་པ་གསུམ་གྱིས་མངོན་པར་རྟོགས་པ་གཞན་ལྔ་བོ་རྣམས་བསྡུས་པའི་བརྒྱད་ཆར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཞེས་བྱ་སྟེ་དེ་ཉིད་ཆུང་དུ་དང་འབྲིང་དང་ཆེན་པོའི་རྟོགས་པ་པོའི་དབྱེ་བ་ལ་དགོངས་ནས་ཀུན་མཁྱེན་པ་གསུམ་གྱི་སྒོ་ནས་ཕྱག་འཚལ་ནས། ཞེས་སོ།།འོ་ན་སློབ་དཔོན་དེ་དག་གིས་ཡུམ་དེ་ཤེར་ཕྱིན་དུ་ཡང་བཤད་པའི་ཕྱིར་མངོན་རྟོགས་བརྒྱད་ཀ་ཤེར་ཕྱིན་དུ་འགྱུར་ཞེ་ན། ཤེར་ཕྱིན་དང་ཡུམ་ཁྱད་མེད་པ་ལྟར་བཤད་པ་ནི་དེ་གཉིས་ཟག་མེད་ཀྱི་ཕུང་པོ་སྐྱེད་པ་དང་གསོ་བའི་སྒོ་ནས་བྱེད་ལས་མ་ཚུངས་པ་ཙམ་ལ་དགོངས་པ་སྟེ། གཞན་དུ་ན་ཡུམ་མཚན་ཉིད་པའི་དོན་སྲས་ཀྱི་བཞེད་པ་སྒྲུབ་པ་ཡིན་པ་དང༌། ཤེར་ཕྱིན་མཚན་ཉིད་པའི་དོན་རང་བཞིན་མེད་རྟོགས་ཀྱི་བློ་དམ་པ་ཡིན་པ་གཉིས་ཁྱད་པར་མེད་པའི་སྐབས་ག་ལ་ཡོད། དེ་ལྟར་འགྲེལ་བ་གཞན་ཐམས་ཅད་ཡུམ་གྱི་བཤད་པ་ལ་མི་མཐུན་པ་མེད་ཀྱང་ཚིག་གསལ་དུ་དེ་དག་ལས་གཞན་དུ་འཆད་པ་ནི་སྐབས་དེ་ཉིད་དུ་དགག་པར་བྱའོ།།
གསུམ་པ་ལ་གཉིས། སྔ་འགྲེལ་གྱི་འཕྲོས་དོན། རྩ་བའི་ཚིག་དོན་ནོ།།དང་པོ་ལ་གཉིས། དགོས་དོན་དང༌། བསྡུས་དོན་ལས་འཕྲོས་པའོ།།དང་པོ་ལ་གསུམ། གནས་སྐབས་དང༌། མཐར་ཐུག་གི་དགོས་པ། དེ་དག་གིས་གྲུབ་པའི་དོན་ནོ།།དང་པོ་ལ་གསུམ། ཐོས་པ་དང༌། དང་བ་དང༌། གུས་པའི་དགོས་པའོ།།དང་པོ་ནི། ཞེས་བྱ་བ་ནི་སྤྱིར་དོན་མང་པོ་ལ་འཇུག་ཀྱང་འདིར་ནི་དེ་ལྟར་ཞེས་པའི་དོན་ཡིན་པས་འདས་མ་ཐག་པའི་རྩ་བ་ལ་གཟུང་ངོ།།དེ་ཡང་རྩ་བའི་གོང་དུ་གསུངས་ཞེས་པའམ་བཤད་ཅེས་པ་ཡོད་ན་ཕྱི་འགྲེལ་གྱི་མགོར་གསུངས་ཏེ་དང༌། བཤད་དེ་ཞེས་མི་འབྱུང་བར་ཞེས་བྱ་བ་ཡིན་ནོ་དང༌། ཡིན་ཏེ་དང༌། ཞེས་བྱ་བ་ལ་དང༌། ནི་ཞེས་འབྱུང་ལ། གསུངས་སོ་ཞེས་རྫོགས་ཚིག་སྦྱར་ན་དེ་མ་ཐག་འབྲུ་མི་གཉེར་བར་དགོས་དོན་སོགས་སྟོན་པ་ལ་འཇུག་པ་ཡིན་གསུངས་པའི་སྔ་མ་རྣམས་འགྲེལ་བ་འདི་ལ་ངེས་ཀྱང་ཕྱི་མ་ལ་མ་ངེས་ཏེ་གདམས་ངག་སྤྱིར་བསྟན་གྱི་སྐབས་བཞིན་ནོ།།གང་དག་མཚམས་སྦྱོར་གང་ཡིན་སྔ་འགྲེལ་དུ་བཞེད་པ་ནི་སྔ་འགྲེལ་གྱི་དོན་མ་མཁྱེན་པར་ཟད་དེ། རྩ་བ་དེའི་སྔར་དང་རྗེས་སུ་དེའི་དོན་བླངས་ནས་འགྲེལ་བ་ནི་སྔ་འགྲེལ་དང་ཕྱི་འགྲེལ་གྱི་དོན་ཡིན་ན་རྩ་བའི་དོན་སྔར་བླངས་ནས་མི་འགྲེལ་བའི་མཚམས་སྦྱོར་དུ་མ་ཡོད་པས་སོ།།དེས་ན་འདི་དང་འགོག་པ་མེད་པའི་རང་བཞིན་གྱི་མཚམས་སྦྱོར་ལྟ་བུ་ནི་གཉིས་ཀ་ཡིན་ཡང་གཞན་ལ་མ་ངེས་སོ།།མཆོད་བརྗོད་བྱས་པས་གཞན་དག་དང་བ་བསྐྱེད་ཅེས་བསྟན་ན། གཞན་དག་ནི་གང༌། མཆོད་བརྗོད་ལས་ནི་ཇི་ལྟར་དང་ཞེ་ན། འདི་ལ་གཉིས། དབང་བརྟུལ་དང༌། དབང་རྣོན་གྱི་ངང་ཚུལ་ལོ།།དང་པོ་ནི། གང་ཟག་གཙོ་བོར་བྱས་ནས་འཇུག་པའམ་ཚིག་ཙམ་ལས་ཡིད་ཆེས་སྐྱེ་བའི་དད་པའི་རྗེས་སུ་འབྲང་བ་རྣམས་ནི་དང་བ་སྐྱེའོ།།ངོ་བོ་ནི། རབ་ཏུ་སྟེ་ཆེན་པོའོ།།རེ་ཞིག་ནི་བཤད་པའི་རིམ་པའམ་འདི་དབང་རྣོན་ལས་དང་བ་སྐྱེ་མྱུར་བའོ།།ཡུལ་ནི་ཡུམ་འདི་ལའོ།།ཚུལ་ནི་ཡུམ་སྔར་བཤད་པའི་ཡོན་ཏན་དང་ལྡན་པར་བསྟན་པ་ན་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་མེད་པར་ཏེ་བརྟགས་དཔྱད་མ་བྱས་པར་ཚིག་ཐོས་མ་ཐག་ཏུ་སྐྱེ་བས་ན་མྱུར་དུའོ།།རྒྱུ་ནི་ཉན་ཐོས་ཞེས་སོགས་ཚིགས་བཅད་འདིས་ནི་ཡུམ་འདིས་སྲས་བཞིའི་བཞེད་པ་བསྐྲུན་པའི་ཆེ་བའི་བདག་ཉིད་ཀྱི་ཡོན་ཏན་གསུམ་པོ་ཕྱི་རོལ་བ་དང་ཉན་རང་དང་བྱང་སེམས་ལས་ཕུལ་དུ་བྱུང་བ་དང་ལྡན་པར་བརྗོད་དེ་བརྗོད་པ་དེ་ཐོས་པ་ལ་བརྟེན་ནས་སོ།།གཉིས་པ་ནི། དབང་བརྟུལ་ཁོ་ནར་མ་ཟད་ཆོས་གཙོ་བོར་བྱས་ནས་འཇུག་པའམ། དོན་ལ་བརྟགས་དཔྱད་བྱས་ནས་འཇུག་པའི་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་དང་བ་སྐྱེད་པར་བྱེད་པ་ཉིད་དོ་ཞེས་རྣམ་པར་སྦྱར་རོ།།དང་བའི་ངོ་བོ་ནི་རབ་ཏུ་སྟེ་མི་འཕྲོགས་པའོ།།གང་ལ་ན་ཡུམ་དེ་ལའོ།།འདིར་དེ་དང་གོང་དུ་འདི་ཞེས་པ་ནི་མཆོད་བརྗོད་ལ་ཉེ་རིང་གིས་ཡིན་ནོ།།རྒྱུ་ནི་སྔར་ལྟར་རོ།།ཚུལ་ནི། འོ་ན་ཡུམ་གྱིས་སྲས་བཞི་བསྐྲུན་པར་མཛད་དོ་ཞེས་བསྟན་པ་ཙམ་གྱི་མོད་ལ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདི་ལྟར་སྤྱིར་དབང་བརྟུལ་གྱི་འཇུག་ལྡོག་གི་རྒྱུ་ཚིག་ཙམ་ཡིན་ཡང༌། དབང་རྣོན་ནི་རིགས་པས་གནོད་པ་ཡོད་མེད་བརྟགས་པ་ན་གནོད་པ་མེད་པ་དང་ཡོད་པར་མཐོང་བ་ཁོ་ན་ཡིན་པའི་ཕྱིར་རོ།།དེས་ན་འདིར་ཡང་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་བརྗོད་བྱའི་དོན་གྱི་མཚན་ཉིད་དེ་ངོ་བོ་ཉིད་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་ཡོངས་སུ་ཤེས་པའི་མཁྱེན་གསུམ་གྱི་ཡུམ་གྱིས་སྲས་བཞི་བསྐྲུན་པར་བསྟན་པ་ལ་རིགས་པ་ཡང་དག་གིས་གནོད་པ་ཡོད་མེད་བརྟག་པ་སྔོན་དུ་བཏང་བ་ན་གནོད་པ་མ་མཐོང་ནས་དེའི་རྗེས་སུ་དབྱེ་གཞི ཤེར་ཕྱིན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་དབྱེ་བའི་ཚུལ་གསུམ་པ་ཅན་དེས་སངས་རྒྱས་ལ་སོགས་པའི་སྲས་བཞི་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བ་སྟེ་ངེས་པར་སྲིད་པ་སྟེ་འཐད་པ་ཉིད་དོ་ཞེས་ངེས་པར་བཟུང་སྟེ་དང་བར་བྱེད་ཀྱི་དབང་བརྟུལ་ལྟར་བརྟག་དཔྱད་མེད་པར་ནི་མ་ཡིན་ནོ།།རིགས་པ་གང་གིས་ཤེ་ན། ངོ་བོ་ལ་དཔྱད་ནས་འགོག་པ་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་དང་སོགས་པས་རྒྱུ་ལ་དཔྱད་པ་རྡོ་རྗེ་གཟེགས་མ་འབྲས་བུ་ལ་དཔྱད་པ་མུ་བཞི་སྐྱེ་འགོག་ལ་སོགས་པའི་ཚད་མ་སྟེ་གཏན་ཚིགས་རྣམས་ཀྱིས་སོ།།ཅིའི་ཕྱིར་རིགས་པ་འདི་རྣམས་ཁོ་ན་འགོད་ཅེ་ན། གཙོ་བོ་ཡིན་པའི་ཕྱིར་ཏེ། འདི་ལྟར་དེ་ལ་རིགས་པས་གནོད་ན་འདི་དག་གིས་གནོད་དགོས་ཏེ། མཆོད་བརྗོད་ཀྱིས་ནི་ཡུམ་གྱིས་སྲས་བཞིའི་བཞེད་པ་སྐྱེད་པར་བསྟན་ལ། རིགས་པ་འདི་དག་གིས་ཆོས་ཐམས་ཅད་སྐྱེ་མེད་དུ་སྒྲུབ་པའི་ཕྱིར་རོ།།དེ་ཡང་འགལ་བ་ལྟར་སྣང་བ་ཡིན་ཏེ། ཡུམ་གྱིས་སྐྱེད་པར་བསྟན་པ་ཀུན་རྫོབ་དང་རིགས་པས་སྐྱེ་མེད་སྒྲུབ་པ་དོན་དམ་དུ་ཡིན་པའི་ཕྱིར་རོ་ཞེས་པ་འདི་རྣམས་ནི་སློབ་དཔོན་གྱི་དགོངས་པ་རྨ་མེད་པའོ།།ཁ་ཅིག་དང་བའི་རྒྱུ་མཚན་ལ་གནོད་པ་མ་མཐོང་བ་དང༌། སྒྲུབ་བྱེད་བཟུང་བའི་གཞུང་ཚན་པ་གཉིས་བྱེད་པ་དང༌། ལ་ལ་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་གང་གིས་གྲུབ་ན་གཅིག་དུ་བྲལ་ལ་སོགས་པས་སོ་ཞེས་འཆད་དོ།།དེ་ལ་དང་པོ་མི་འཐད་དེ། སྤྱིར་དབང་རྣོན་འཇུག་པ་ལ་གནོད་བྱེད་མ་མཐོང་བ་ཙམ་གྱིས་མི་ཆོག་གི་སྒྲུབ་བྱེད་བཟུང་བ་ཡང་དགོས་མོད། འདིར་ནི་དབང་བརྟུལ་དང་བ་ན་གནོད་མི་གནོད་མ་མཐོང་བར་ཡུམ་གྱིས་སྲས་བསྐྲུན་བར་བསྟན་པ་བདེན་པར་བཟུང་བ་ལྟ་བུ་མིན་གྱི། གནོད་པ་ཡོད་མེད་བརྟགས་པ་ན་མི་གནོད་པར་མཐོང་ནས་སྲས་རྣམས་བསྐྲུན་པར་བཟུང་སྟེ། ཞེས་བཤད་དགོས་པས་གཞུང་དེ་གཉིས་སོ་སོར་གཅོད་པ་མི་འཐད་དོ།།གཞུང་གཉིས་པ་ནི་བསྒྲུབ་བྱ་རུ་སྣང་བའི་ཕྱིར་སྒྲུབ་བྱེད་བཟུང་བ་རུ་མི་འཐད་དོ།།འོ་ན་སྒྲུབ་བྱེད་བཟུང་བ་གང་ཞེ་ན། སྔར་བཤད་པ་ལྟར་མཆོད་བརྗོད་ཀྱིས་བསྟན་ཚོད་དང་དབུ་མའི་རིགས་པ་རྣམས་འགལ་བ་ལྟར་སྣང་ནས་མི་དང་བ་ལ་བརྟགས་པ་ན་དེ་གཉིས་མི་འགལ་བར་མཐོང་བ་ཙམ་གྱིས་དང་བ་སྐྱེ་བའི་ཕྱིར་གཞན་གྱི་སྒྲུབ་བྱེད་བཟུང་བས་ཅི་ཞིག་བྱ། གཉིས་པ་ཡང་མི་འཐད་དེ། རིགས་པས་གནོད་མི་གནོད་རྟོག་པ་ནི། མཆོད་བརྗོད་ཀྱི་སྒྲས་ཟིན་ཚོད་ལ་ཡིན་ལ། དེར་ཡང་ཡུམ་གྱིས་སྲས་བསྐྲུན་པ་སྒྲས་ཟིན་ཅིང༌། གཞི་ལམ་རྣམ་གསུམ་སྐྱེ་མེད་ནི་མ་ཟིན་པའི་ཕྱིར་རོ།།ཚིག་གསལ་དུ་ཁྱད་གཞི་ནི་ཤེར་ཕྱིན་ཏོ།།ཁྱད་པར་ནི་མཁྱེན་གསུམ་མོ།།གསུམ་དུ་བསྟན་པ་ཡང་ཀུན་རྫོབ་ཏུ་ཡང་དབྱེར་མེད་དོ་སྙམ་པ་དགག་པ་དང༌། སྲས་གསུམ་ཆར་སྐྱེ་བར་བསྟན་པའི་ཕྱིར་ཏེ། སངས་རྒྱས་རྣམས་དང་རང་སངས་རྒྱས།།ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི།།ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ།།གཞན་ཞེས་བགྱི་བ་མ་མཆིས་ངེས།།ཞེས་བསྟོད་པའི་ཕྱིར་རོ།།དེ་ལྟར་ན་ཡུམ་འདི་ལ་ཐེག་པ་རང་རང་གི་རྟོགས་པ་ལས་ཕུལ་དུ་བྱུང་བ་དང༌། དེ་སྟོན་པའི་མདོ་འདི་ལ་ཡང་མདོ་གཞན་ལས་ལྷག་པ་མེད་པར་འགྱུར་ཏེ། འདིས་ཉན་རང་རྣམས་བསྐྱེད་པའི་ཆ་ནི་གང་ཟག་གི་བདག་མེད་རྟོགས་པ་ཙམ་ཞིག་དང་བྱང་སེམས་དང་སངས་རྒྱས་བསྐྱེད་པའི་ཆ་ནི་བདག་མེད་གཉིས་རྟོགས་པ་ཡིན་ལ། དེ་ཡང་རིམ་པ་ལྟར་དྲན་པ་ཉེར་གཞག་དང་སྡོང་བོ་བཀོད་པ་རྣམས་སུ་བསྟན་པའི་ཕྱིར་སྙམ་ན་དེ་བསལ་བའི་ཕྱིར་ཚུལ་གསུམ་པ་ཅན་ནི་ཞེས་སྨོས་ཏེ། འདིར་དོན་ནི་ཡུམ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་ཕྱེ་བ་ནི་རང་བཞིན་གསུམ་དུ་ཕྱེ་བ་མ་ཡིན་ཏེ་དབྱེ་བར་མི་ནུས་པའི་ཕྱིར་རོ།།འོ་ན་ཅི་ཞེ་ན། གདུལ་བྱའི་བསམ་པའི་དབང་གིས་སྲས་གསུམ་གྱི་ཡུམ་ཡིན་ནོ།།ཞེས་བསྟན་གྱི་རྣམ་པར་ངེས་པའི་དབང་དུ་བྱས་པའི་ཚེ་ནི་སངས་རྒྱས་རྗེ་བཙུན་ཁོ་ནའི་ཡུམ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་གཡུང་པོ་ལ་སོགས་པ་ལྟ་བུ་ནི་བུད་མེད་རིན་པོ་ཆེ་ལྟ་བུའི་ཡུམ་འདིས་ག་ལ་སྐྱེད་དེས་ན་འདིའི་མཐུའི་ཆེ་བ་ནི་འགྲོ་བ་ཐམས་ཅད་སངས་རྒྱས་སུ་སྒྲུབ་པས་མཚར་དུ་བྱའོ།།དེའི་ཕྱིར་འདི་སྟོན་པའི་མདོ་ཡང་གཞུང་གཞན་ལས་མཆོག་སྟེ། སྔར་གྱི་གཞུང་དེ་དག་ནི་ཕྱོགས་རེ་བ་ཡིན་ལ། ཡུམ་གྱི་མདོར་ནི་རིགས་ཅན་གསུམ་གའི་ལམ་བསྒྲགས་པའི་ཕྱིར་རོ།།རང་བཞིན་གཅིག་ཁོ་ན་རྐྱེན་གྱི་དབང་གིས་གདུལ་བྱ་ལ་དུ་མར་སྣང་བ་ནི་ཚུལ་གྱི་སྒྲས་བསྟན་པས་དུ་མར་སྣང་ཡང་གཅིག་ཏུ་སྒྲུབ་པ་ནི་ཚུལ་གསུམ་པ་ཡིན་ལ་གཅིག་དུ་མར་སྟོན་པའི་མཐུ་དང་ལྡན་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་དོ།།དེ་ལྟ་བུའི་མཐུ་དེ་སུའི་སྙམ་པ་ལ། ཤེར་ཕྱིན་ཞེས་སྨོས་པ་དོན་གྱི་རིམ་པའོ་ཞེས་སྤྲོས་ནས་འཆད་དོ།།ཚུལ་ཞེས་པ་དོན་དེ་དངོས་མིན་པར་རྣམ་པ་ཙམ་བསྟན་པ་རུ་འཛིན་པ་ཚུལ་གྱི་སྒྲས་འཁྲུལ་གཞི་བྱས་པ་འདི་ལ་བརྗོད་པར་བྱ་སྟེ། ཅི་ཡུམ་འདི་གདུལ་བྱའི་ངོར་སྲས་གསུམ་གྱི་ཡུམ་ཡིན་གྱི་ངེས་པའི་དབང་དུ་བྱས་ནས་སངས་རྒྱས་ཁོ་ནའི་ཡིན་ཞེས་པ་འདི་ཀུན་རྫོབ་དང་དོན་དམ་པའམ་བཏགས་པ་བ་དང་མཚན་ཉིད་པ་ལ་བྱེད་བརྟག་གྲང༌། དང་པོ་ནི་མི་འདོད་ཅིང་རིགས་པ་ཡང་མིན་ཏེ། དོན་དམ་པར་ཡུམ་གྱིས་སངས་རྒྱས་བསྐྲུན་པ་ལ་སྔར་གྱི་རིགས་པས་གནོད་པའི་ཕྱིར་རོ།།གཉིས་པ་ལྟར་ན། ཡུམ་གྱིས་སྲས་གསུམ་བསྐྱེད་པ་རང་གི་ཆོས་ཉིད་ཡིན་པའི་ཕྱིར་ཡུམ་འདིས་སྲས་གསུམ་བསྐྱེད་མི་ནུས་སོ་ཞེས་པའི་རིགས་པས་གནོད་པ་མ་མཐོང་བར་ཁས་བླངས་པ་བརྗོད་པ་ཡིན་ནོ།།ཉན་རང་ལ་ཐར་ལམ་ཡང་མེད་པར་འགྱུར་ཏེ། ཡུམ་མ་གཏོགས་པ་ནི་མེད་ལ་ཡུམ་ཡང་འདི་དག་གི་ལམ་མིན་པའི་ཕྱིར་རོ།།འདོད་པར་ནི་མི་ནུས་ལ། རྟགས་གཉིས་ནི་བསྟོད་པའི་ལུང་ཤེས་བྱེད་དུ་དྲངས་པ་དང་རྩ་བའི་གྲུབ་མཐའ་གཉིས་ཀྱིས་ཁས་བླངས་སོ།།གཞི་ཤེས་དང་ལམ་ཤེས་སངས་རྒྱས་ཀྱི་ཡུམ་ཁོ་ནར་འདོད་ན་ཉན་ཐོས་དང་བྱང་སེམས་སུ་བསྟན་པའི་གང་ཟག་གཉིས་ཀྱང་བཏགས་པ་བར་འགྱུར་རོ།།དེས་ན་འགལ་བ་དུ་མ་འདུས་པ་འདི་ལྟ་བུའི་བཤད་པ་ནི། བྱམས་པ་དང་སློབ་དཔོན་གཉིས་ཀ་ལ་ཅོ་འདྲི་བ་ཡིན་ལ། འདི་ཡི་རྗེས་སུ་འབྲང་བ་རྣམས་ཀྱིས་ཀྱང་ལེགས་པར་མ་བརྟགས་སོ།།དེའི་ཕྱིར། འཁྲུལ་གཞི་བྱས་པའི་ཚུལ་གྱི་དོན་ཡང་ཚུལ་གསུམ་རྣམ་པར་བཞག་པར་དགོངས་པས་ཞེས་པ་དང་མཐུན་པར་ཐེག་པའི་ཚུལ་གསུམ་པ་ཞེས་འབུམ་པ་འདོད་པའམ། ཡང་ན་མཁྱེན་པ་གསུམ་དུ་དབྱེ་བའི་ཚུལ་གསུམ་པ་ཞེས་པ་ལྟར་བཤད་དོ།། ཅི་སྟེ་སློབ་དཔོན་ཡང་གཞུང་ལམ་རྣམས་ཤེར་ཕྱིན་བཏགས་པ་བར་བཞེད་པས་མི་མཐུན་པ་མེད་དེ། ཤེར་ཕྱིན་དང་ཡུམ་གཉིས་དོན་གཅིག་པའི་ཕྱིར་ཞེ་ན། འདི་ནི་ཆེས་མི་འཐད་དེ། ཡུམ་གྱི་དོན་ནི་སྲས་བཞིའི་ཐུན་མོང་མ་ཡིན་པའི་བཞེད་དོན་སྒྲུབ་པ་ཙམ་ཞིག་ཡིན་ལ་དེ་ཉན་རང་དང་བྱང་སེམས་ལ་མེད་ཅེས་སློབ་དཔོན་ཇི་ལྟར་བཞེད། གཞན་ཡང་དེ་དག་ལ་ཡུམ་མཚན་ཉིད་པ་མེད་པའི་ཕྱིར་སྲས་ཀྱང་བཏགས་པ་བར་འགྱུར་རོ།།མཁྱེན་གསུམ་དུ་ཕྱེ་བ་རང་བཞིན་ཐ་དད་དུ་ཕྱེ་བ་མིན་ཞེས་དང་དུ་མར་སྣང་ཡང་ངོ་བོ་གཅིག་ཁོ་ནའོ་ཞེས་པ་འདིས་ནི། ཚིག་གསལ་གྱི་འདོད་པ་ལ་བྱང་སེམས་ཀྱི་ཡུམ་མཚན་ཉིད་པ་ཡིན་ཡང་ཉན་རང་གི་མིན་ཞེས་བཞེད་པ་བཀག་སྟེ། རནམ་མཚན་ཉིད་པ་དང་གཅིག་ཏུ་དང་སངས་རྒྱས་ཁོ་ནའི་ཡུམ་དུ་འདོད་པའི་ཕྱིར་རོ།།སྤྲོས་པས་ཆོག་གོ།
གཉིས་པ་ནི། དོན་གྱིས་འཇུག་པར་བྱ་བའི་ཕྱིར་ཞེས་གསུངས་ན། ཇི་ལྟར་འཇུག་ཅེ་ན། གུས་པར་བྱེད་དོ།།གང་ན། ཡུམ་དེའི་ཡོན་ཏན་ཉེར་ཞིར་ཁྲིད་པ་སོགས་ཐོབ་པར་མངོན་པར་འདོད་པའི་གང་ཟག་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་ངོ།།གང་ལ་ན། ཡུམ་དེ་དང་དེ་ལ་བརྟེན་པའི་གསུང་རབ་ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པའོ་ཞེས་འཆད་ཀྱང་ཚིག་དོན་གྱི་རྟེན་ཡིན་པས་བཟློག་ན་འགྲིག་པའི་ཕྱིར་མི་རིགས་སོ།། དེས་ན་མཁྱེན་གསུམ་དེ་བརྗོད་བྱར་བྱེད་པའི་གསུང་རབ་ཡུམ་གྱི་མདོ་དང༌། མདོ་དེ་ལ་བརྟེན་པའི་གསུང་རབ་བསྟན་བཅོས་ལའོ།།གང་གི་དོན་དུ་ན། རྣམ་པ་ཐམས་ཅད་དུ་གཟུང་བ་དང་སོགས་པས་བཅང་བ་དང་བཀླག་པ་དང་ཀུན་ཆུབ་པར་བྱ་བ་དང་རྣལ་འབྱོར་དུ་བྱ་བའི་དོན་དུའོ།།རྒྱུ་གང་ལས་ན། ཡུམ་དེ་ལ་རབ་ཏུ་དང་བ་ལས་སོ།།ཀྱང་ནི་ཐོས་པ་ལས་དང་བར་མ་ཟད། དང་བ་ལས་གུས་པའོ།།ངོ་བོ་ནི། ཤིན་ཏུ་སྟེ་གུས་པ་དྲག་པའོ།།གང་ལ་དད་པ་དེ་ལ་དེ་དོན་གཉེར་གྱི་འདུན་པ་འབྱུང་བའི་ཕྱིར་དད་པས་འདུན་པའི་རྟེན་བྱེད་པར་བཤད་པས་འདིར་གུས་པ་ཞེས་འབྱུང་ཡང་ཡུམ་དོན་གཉེར་གྱི་འདུན་པའོ།།གསུམ་པ་ནི། དེ་ལྟར་དོན་དུ་གཉེར་བའི་རྗེས་དེ་ནས་ཐོས་པ་ལས་བྱུང་བ་དང་སོགས་པས་བསམ་པ་དང་སྒོམ་པའི་ཤེས་པ་གསུམ་རིམ་གྱིས་བསྐྱེད་ནས་འཇུག་པར་འགྱུར་རོ།།ཤེས་རབ་གསུམ་པོ་དེ་ལ་ཡང་བྱེ་སྨྲ་རྣམས། ཐོས་སོགས་ལས་བྱུང་བློ་རྣམས་ནི།།མིང་དང་གཉིས་ཀ་དོན་ཡུལ་ཅན།།ཞེས་མིང་རྐྱང་ལ་དམིགས་པ་ཐོས་བྱུང༌། དོན་རྐྱང་ལ་དམིགས་པ་སྒོམ་བྱུང༌། གཉིས་ཀ་ལ་དམིགས་པ་བསམ་བྱུང་ཞེས་འདོད་པ་ནི་བསམ་བྱུང་གིས་དུས་གཅིག་ཏུ་མིང་དོན་གཉིས་ཀ་མི་འཛིན་པའི་ཕྱིར། བསམ་བྱུང་མེད་པར་འགྱུར་ཏེ། མིང་ཡུལ་དུ་བྱེད་པ་ན་ཐོས་བྱུང་དང༌། དོན་འཛིན་པ་ན་སྒོམ་བྱུང་དུ་ཐལ་བའི་ཕྱིར་རོ།།དེས་ན་འདིར་གསུང་རབ་མཉན་པ་ལས་སྐྱེས་པའི་ཤེས་རབ་ནི་ཐོས་བྱུང༌། དེའི་དོན་རིགས་པས་བརྟགས་པ་ལས་ངེས་པ་རྙེད་པའི་ཤེས་རབ་ནི་བསམ་བྱུང༌། ངེས་པ་རྙེད་པ་དེ་ཉིད་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བསྒོམས་པ་ལས་བྱུང་བ་ནི་སྒོམ་བྱུང་གི་ཤེས་རབ་ཏུ་འདོད་པར་བྱའོ།།གཉིས་པ་ནི། དེ་ལྟར་ཞུགས་པས་ལེགས་པའི་མཆོག་བྱང་ཆུབ་འཐོབ་པར་འགྱུར་རོ།།ཤེར་སྒྲོན་དུ་ཞུགས་པས་མཁྱེན་གསུམ་ཐོབ་ཅེས་ཟེར་རོ།།གསུམ་པ་ནི། དང་བ་ལས་གུས། གུས་པ་ལས་ཞུགས། ཞུགས་པ་ལས་ལེགས་པའི་མཆོག་ཐོབ་པ་དེའི་ཕྱིར། བཅོམ་ལྡན་འདས་མ་ལ་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུ་རྣམས་ཀྱི་ནང་ནས་རྒྱུའི་གཙོ་བོ་ཡིན་ནོ་ཞེས་སྔར་སྨྲས་པས་གྲུབ་བོ།།འདིར་རྒྱུའི་གཙོ་བོའི་དོན་བྱེད་རྒྱུ་ལ་འཆད་ཀྱང་དང་པོའི་རྒྱུ་ཞེས་པ་ལེགས་སོ།།དེའི་ཕྱིར་དང་བ་དེ་བྱང་ཆུབ་ཀྱི་དང་པོའི་རྒྱུ་རུ་གཟིགས་ནས་དེ་བསྐྱེད་པའི་ཐབས་སུ་མཆོད་བརྗོད་མཛད་དོ།།གཉིས་པ་ནི། ཡུམ་ལ་ཡོན་ཏན་ཞེས་སོགས་དེར་མཁྱེན་པ་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཡུམ་ལ་བསྟོད་དེ་ཞེས་བསྟན་པ་ན། འདི་སྙམ་དུ་ཡུམ་ནི་དངོས་པོ་བརྒྱད་ཀྱི་རང་བཞིན་ཡིན་ན་ཅིའི་ཕྱིར་མཁྱེན་གསུམ་ཁོ་ནའི་ཡོན་ཏན་གྱི་སྒོ་ནས་བསྟོད་ལ། སྦྱོར་བ་དང་ཆོས་སྐུའི་སྒོ་ནས་མིན་ཞེས་དོགས་ན། མཁྱེན་གསུམ་གྱི་སྒོ་ནས་བསྟོད་པ་དེ་ལ་གྲངས་ཉུང་པའི་ཉེས་པ་མེད་དེ། མཁྱེན་གསུམ་གྱི་སྒོ་ནས་བསྟོད་པས་ལྷག་མ་ལྔའི་སྒོ་ནས་ཀྱང་དོན་གྱིས་བསྟོད་པར་འགྱུར་ལ། ལྷག་མ་ལྔའི་སྒོ་ནས་བསྟོད་པས་མི་འགྲུབ་ཅིང༌། དང་པོ་གསུམ་གྱི་སྒོ་ནས་བསྟོད་པས་འགྲུབ་པའི་དགོས་པ་ཁྱད་པར་ཅན་ཞིག་ཀྱང་ཡོད་པ་སྟེ། དེ་ལྟར་རྒྱུ་མཚན་དང་དགོས་པ་གཉིས་ཐུགས་ལ་བཞག་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡོན་ཏན་གྱི་སྒོ་ནས་ཤེར་ཕྱིན་ལ་བསྟོད་ཀྱི་ལྷག་མ་ལྔའི་སྒོ་ནས་མ་མཛད་དོ།།དེ་ལ་རྒྱུ་མཚན་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ་བསྡུ་བྱ་དེ་དག་ཀྱང་ཤེར་ཕྱིན་ཡུམ་མ་ཚང་བ་མེད་པ་ཡིན་ཞིང་ཞེས་པའོ།།དགོས་པ་ནི་མཁྱེན་གསུམ་དེས་ནི་ཚིག་དོན་གྱི་སྐབས་ནས་འཆད་པར་འགྱུར་བའི་ཚུལ་གྱིས་སྲས་བཞིའི་བཞེད་དོན་ཐམས་ཅད་ཕུན་སུམ་ཚོགས་པར་སྒྲུབ་ནུས་པ་ཡིན་ནོ་ཞེས་གཞན་ལ་བསྟན་པའི་ཕྱིར་ཏེ། སྦྱོར་བ་དང་ཆོས་སྐུ་ནི་ཉན་རང་གི་ཡུམ་མིན་པའི་ཕྱིར་དེའི་སྒོ་ནས་བསྟོད་པས་སྲས་བཞིའི་བཞེད་དོན་སྒྲུབ་པར་མི་རྟོགས་སོ།།ཀྱང་སྔ་མ་ནི་གསུམ་དུ་བརྒྱད་འདུས་པས་སྡུད་བྱེད་གསུམ་ཕྱག་གི་ཡུལ་དུ་བཀོད་པར་མ་ཟད་དོན་གྱིས་ན་བསྡུ་བྱ་བརྒྱད་ཀྱང་དེར་བཀོད་ཅེས་དང༌། ཕྱི་མ་ནི་མཁྱེན་གསུམ་གྱི་སྒོ་ནས་བསྟོད་པ་ལ་རྒྱུ་མཚན་དེ་ཡོད་པར་མ་ཟད་དགོས་པ་ཡང་ཡོད་ཅེས་པའོ།།གང་དག་ངེས་ཀྱང་ཞེས་པ་དོན་བརྒྱད་དང་འཆད་འགྱུར། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ།།ཞེས་སོགས་ལ་འཆད་པ་ནི་སྐབས་ཀྱི་དོན་ལས་ཉམས་ཏེ། བསྟོད་ཕྱག་གི་ཡུལ་དུ་བཀོད་ཚོད་དེས་སྲས་བཞིའི་བཞེད་དོན་སྒྲུབ་ནུས་སུ་སྟོན་པ་སྐབས་སུ་བབ་པའི་ཕྱིར་རོ།།མ་ངེས་པ་མ་ཡིན་ཏེ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ།།ཞེས་སོགས་ནས་དོན་ཕུན་ཚོགས་སུ་བསྟན་པ་ན་སྲས་བཞིའི་དབང་དུ་བྱས་པ་མིན་ཞིང༌། བསྟོད་པའི་ཡུལ་དུ་དངོས་བརྒྱད་སྒྲས་མ་ཟིན་པ་ལ་དོགས་པ་འདི་དག་བྱུང་བའི་ཕྱིར་རོ།།འོ་ན་མཁྱེན་གསུམ་གྱིས་དངོས་བརྒྱད་བསྡུས་ཚུལ་ཇི་ལྟ་བུ་ཞེ་ན། ཚིགས་གསལ་དུ་ནི། དངོས་པོ་བརྒྱད་དུ་ཕྱེ་བ་དེ་དག་དངོས་ཀྱི་ཚུལ་དུ་དཔྱད་ན་རནམ་གྱི་སྐབས་ཞེས་གཅིག་ཁོ་ནར་གདགས་རིགས་ཏེ་ལམ་ཐམས་ཅད་ཀྱིས་དེ་དངོས་དང༌། བརྒྱུད་པས་སྒྲུབ་པའི་ཕྱིར་རོ།།འོན་ཀྱང་མཐར་འཚང་རྒྱ་ཡང་བདག་ནི་བྱང་ཆུབ་ཆེན་པོའི་སྣོད་མིན་ནོ་ཞེས་རང་ལ་སྨད་ནས་སྤྱོད་པའི་རིགས་ཅན་དང༌། འཚང་རྒྱ་བའི་ཕྱིར་སྤྱོད་པ་སྤྱད་ཀྱང་འབྲས་བུ་མ་ཐོབ་པས་སློབ་ལམ་ལ་གནས་པ་གཅིག་དང༌། ཡུན་རིང་པོ་ནས་འདོད་པའི་དོན་དེ་གྲུབ་པས་ཆོས་ཀྱི་རྒྱལ་པོར་གྱུར་བའི་གང་ཟག་གཅིག་དང་གསུམ་མོ།།དེ་ལྟར་ཐམས་ཅད་དེ་གསུམ་དུ་འདུས་པའི་སྐབས་བརྒྱད་དུ་ཕྱེ་བ་ཡང་སྐབས་གསུམ་དུ་བསྡུ་བར་ཤེས་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ཞེས་སོགས་སྨོས་སོ།།དེས་ན་ཉན་རང་དང་བྱང་སེམས་དང་སངས་རྒྱས་དང་འབྲེལ་བ་མཁྱེན་གསུམ་གྱི་སྐབས་གསུམ་ནི་སྡུད་བྱེད་དོ།།བསྡུ་བྱ་ནི་སྐབས་བརྒྱད་དུ་བསྟན་པ་རྣམས་སོ།།བསྡུས་ཚུལ་ནི་དབང་བརྟུལ་དང་པོར་ཉན་རང་གི་ལམ་སྔོན་དུ་བཏང་ནས་ཕྱིས་ཐེག་ཆེན་དུ་འཇུག་པའི་རིམ་པ་ཡིན་ལ། དེ་ལ་ཡང་ཐོག་མར་ཉན་ཐོས་དང་འབྲེལ་པ་གཞི་ཤེས་ཀྱི་སྐབས་ཀྱིས་བསྡུས་ཚུལ་ནི། སྐབས་བཞི་བའི་རནམ་གྱི་རྣམ་པའི་ནང་ནས་བྱང་ཕྱོགས་སོ་བདུན་ལམ་བདུན་དུ་བསྡུས་པ་འདི་གཞིར་བསྟན་ཏོ།།དེ་ལ་རྣམ་པ་ཅི་ཙམ་ཞིག་ཡོད་སྙམ་པ་ལ་མཐོང་ལམ་གཙོ་བོར་བྱས་ཏེ་མེད་པ་ནས་འདུལ་བ་མེད་པའི་བར་བཅུ་དྲུག་གོ།དེའི་མཚན་ཉིད་གང་སྙམ་པ་ལ་མཚན་ཉིད་ཉི་ཤུའོ།།དེའི་སྦྱོར་ལམ་ནི་འཕགས་པ་ཉན་ཐོས་ལམ་ཞེས་སོགས་དང༌། གཟུགས་སོགས་དེ་མི་རྟག་སོགས་དང༌། ཞེས་པ་ལ་སོགས་པས་བསྟན་ཏོ།།དེ་ལས་མཐོང་ལམ་འབྱུང་བས་དེ་ནི་སྐབས་གཉིས་པ་དང་གསུམ་པར་རྣམ་པ་དང་བཅས་པར་བསྟན་ཏོ།།འབྲས་བུ་ནི་མ་བསྟན་ཏེ། གོ་སླ་བའམ་རང་གི་གཞུང་ལ་ལྟོས་པར་བསྟན་ཏོ།།ཡང་ན་དོན་གཞན་ཡིན་ཡང་དགེ་འདུན་ཉི་ཤུའི་སྐབས་སུ་བསྟན་དུ་རུང་ངོ།།རང་རྒྱལ་དང་འབྲེལ་བས་བསྡུས་ཚུལ་ནི། སྐབས་གཉིས་པ་ལས་སྦྱོར་ལམ་དང་མཐོང་ལམ་ཁྱད་པར་དང་བཅས་པར་བསྟན་ཅིང་སྐབས་བཞི་བར་སྒོམ་ལམ་རྣམ་པའི་སྒོ་ནས་བསྟན་ཏོ།།སྐྱོན་དང་ཡོན་ཏན་ནི་འདི་དག་ལ་མི་སྦྱོར་ཏེ། གཙོ་བོར་མ་བྱས་པའི་ཕྱིར་རོ།།དེ་ལྟར་ན་སྡུད་བྱེད་དང་པོས་ནི་སྐབས་གཉིས་པ་དང༌། གསུམ་པ་དང་བཞི་བ་དག་ལས་བསྡུས་ཏེ། སྐབས་ལྷག་མ་ལྔ་ལས་ནི་གཞི་ཤེས་དང་འབྲེལ་བ་མ་བསྟན་ཏོ།།བྱང་སེམས་དང་འབྲེལ་བ་ལམ་ཤེས་ཀྱི་སྐབས་ཀྱིས་བསྡུས་ཚུལ་ནི། དེ་ལྟར་ཉན་རང་དེ་དག་ཞི་བའི་དབྱིངས་ན་གནས་པ་ལས་ལངས་ནས་ཐེག་ཆེན་དུ་འཇུག་པ་ན། སེམས་བསྐྱེད་དང་པོ་གསུམ་ཐོག་མར་བྱས་གདམས་ངག་གིས་ཚོགས་ལམ་ཕལ་བ་སྦྱངས་ནས་སྐབས་བཞི་བའི་ཐར་པ་ཆ་མཐུན་བསྐྱེད་དེ། དེ་ནས་སྐབས་དང་པོའི་སྦྱོར་ལམ་གོ་སྒྲུབ་སྐབས་བཞི་བ་དང་ལྔ་བ་ལས་བསྟན་པའི་སྦྱོར་ལམ་རྣམས་སྦྱངས་ཏེ་དེ་དག་གིས་རྟགས་ཐོབ་པར་བྱས་ནས་གཉིས་པ་དང་ལྔ་བར་བསྟན་པའི་མཐོང་ལམ་གྱིས་མཐོང་སྤང་གི་རྣམ་རྟོག་རྣམས་སྤངས་ཤིང༌། ཡང་སྐབས་དྲུག་པ་སྦྱངས་དེ་ནས་སྒོམ་ལམ་ཁྱད་པར་ཅན་ལྔ་བ་ལས་བསྟན་པ། བདུན་པར་དངོས་ཁོ་ནར་བསྟན་པ་རྣམ་པ་དང་བཅས་ཤིང་ངེས་འབྱུང་སྒྲུབ་པའི་ངོ་བོར་གྱུར་བ་དེ་རྫོགས་པར་བྱེད་དེ། ལམ་དེ་དག་ཐམས་ཅད་ལ་ཡང༌། སེམས་བསྐྱེད་རིགས་གདམས་ངག །དམིགས་པ་ཆེད་དུ་བྱ་བ། ཡོན་ཏན་སྐྱོན་རྣམས་ཐུན་མོང་དུ་ཅི་རིགས་པར་སྦྱར་རོ།།དེ་ལྟར་ན་སྐབས་གསུམ་པ་དང་བརྒྱད་པ་ལས་བཏུས་པ་མ་བཤད་དོ། སངས་རྒྱས་དང་འབྲེལ་བ་རནམ་གྱི་སྐབས་ཀྱིས་བསྡུས་ཚུལ་ནི། སེམས་བསྐྱད་དང་པོ་བཅུ་དགུ་ནི་དེའི་རྒྱུའོ།།དེ་ཡང་གདམས་ངག་གིས་སྨིན་པར་བྱེད་པས་གདམས་ངག་དང༌། དེས་ཟིན་པ་སྦྱོར་ལམ་ཡིན་པས་དེ་དང༌། དེ་ཐོབ་པ་རིགས་ལ་གནས་པ་ཡིན་པས་དེ་དང་དེ་ལ་གནས་པ་ལ་དམིགས་པ་དང་ཆེད་དུ་བྱ་བ་དང༌། སླར་སྟོན་ཚུལ་གཞན་གྱིས་སྦྱོར་བ་དང༌། མཐོང་བ་དང་སྒོམ་པ་ཁྱད་པར་ལམ་གྱི་ངོ་བོར་གོ་སྒྲུབ་འཇུག་པ་ཚོགས་ངེས་འབྱུང་སྒྲུབ་པ་རྣམས་བསྟན་ཏོ།།སྐབས་དྲུག་པ་ནི་འབྲས་བུ་ཐོབ་པར་བྱ་བ་ལ་འདྲིས་པར་བྱེད་པས་ལམ་སྤྱིར་སྦྱར་རོ།།དེ་དག་ནི་རྒྱུར་བསྡུས་སོ།།དེ་དག་གི་འབྲས་བུ་ནི་སེམས་བསྐྱད་ཐ་མ་གསུམ་དང་སྐབས་བརྒྱད་པ་རིལ་གྱིས་ཡིན་ནོ།།དེ་ལྟར་ན་ཁ་ཅིག་ནི་རྒྱུའོ།།ཁ་ཅིག་ནི་བདུན་པ་ལས་བསྟན་པའི་རྣམ་པ་དང་མཚན་ཉིད་དོ།།ཁ་ཅིག་ནི་ངོ་བོ་དང་དབྱེ་བ་དང་འཕྲིན་ལས་སོ།།དེ་ལྟར་རནམ་གྱི་སྐབས་སུ་སྐབས་ཀྱི་དོན་ཐམས་ཅད་འདུས་པར་དགོངས་ནས། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ།།སྟོན་པས་འདི་ལས་བཤད་པ་གང༌།།ཞེས་ལམ་གཅིག་པུ་ཁོ་ན་འབྲས་བུ་དང་བཅས་པར་བསྟན་ཏོ་ཞེས་སོགས་དང༌། གཞན་ཡང་སྐབས་ཀྱི་འཇོག་ཚུལ་དུ་མ་ཞིག་བྱས་ནས་འཆད་དོ།།ཤེས་རབ་སྒྲོན་མེར་ནི། དེ་ལ་ཡུལ་ཉིད་དང༌། སྦྱོར་བ་ཉིད་དང༌། འབྲས་བུ་ཉིད་ལ་སོགས་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་པར་དགོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་དོ་ཞེས་སྐབས་གསུམ་དང་དྲུག་དང༌། བརྒྱད་དུ་བཞག་པའི་དོན་བརྒྱད་མཁྱེན་གསུམ་དུ་འདུས་པར་འཆད་དོ།།གངས་ཅན་གྱི་མཁས་པ་རྣམས་ནི། ཁ་ཅིག་གསུམ་ནི་སྤྱི་ཡིན་ཞིང་རྒྱ་ཆེ་བས་དེར་རྒྱ་ཆུང་བའི་བྱེ་བྲག་ལྔ་འདུས་ཏེ་རྒྱ་མཚོར་ཆུ་ཐིགས་བཞིན་ཞེས་དང༌། ལ་ལ་གསུམ་རང་བཞིན་ཡིན་པས་དེར་གནས་སྐབས་ལྔ་འདུ་སྟེ་སོར་མོར་ཁུ་ཚུར་བཞིན་ཞེས་དང༌། གཞན་དག་གསུམ་ནི་དེ་དག་མཚོན་བྱེད་ཀྱི་ཆོས་སུམ་ཅུ་ཡིན་པས་དེར་དོན་བརྒྱད་འདུས་པར་བཞེད་དོ།།དང་པོ་གཉིས་ལྟར་ན་གསུམ་གྱིས་ལྔ་བསྡུས་སོ།།དེ་ལྟར་ལུགས་དུ་མ་ཞིག་བྱུང་བ་ལས་ཚིག་གསལ་དུ་ནི། གཞུང་འདི་སྐབས་བརྒྱད་ཡོད་ཀྱང༌། སྐབས་གསུམ་དུ་བསྟན་པའི་ཕྱིར་དུ་གསུངས་པར་བྱས་ནས། སྐབས་བསྡུ་བ་རུ་བྱས་འདུག་པས་སྐབས་དོན་སྟོར་བའི་བཤད་པར་སྣང་ཞིང༌། སྐབས་བསྡུ་ན་ཡང་སྡུད་ལུགས་ལ་སྐྱོན་ཆགས་ཏེ། གཞི་ཤེས་ཀྱི་ཤུགས་བསྟན་གྱི་སྦྱོར་ལམ་སྡུད་ན་རྣམ་ཀུན་གྱི་ཉན་རང་གི་ཚོགས་ལམ་ཡང་སྡུད་དགོས་པ་ལས་མ་བསྡུས་པ་དང༌། འབྲས་བུ་མཆོད་བརྗོད་ཀྱིས་བསྟན་པ་དང༌། སྐབས་བརྒྱད་པར་ཉོན་མོངས་པ་མེད་པ་དང༌། ཤུགས་བསྟན་གྱི་སྨོན་གནས་ཤེས་པ་དང༌། ས་བརྒྱད་ཀྱི་བྱས་པ་རྟོགས་པའི་ས་དང་སྦྱར་རྒྱུ་ཡིན་པ་ལ་དེ་ལྟར་མ་ཤེས་པ་དང༌། གཞི་ཤེས་ཀྱི་མཚན་ཉིད་བཅུ་དྲུག་དང་ངོ་བོ་ཉིད་ཀྱི་མཚན་ཉིད་བཞི་ཐེག་ཆེན་གྱི་ལམ་མཚན་ཉིད་པ་ཉན་ཐོས་ཀྱི་ལམ་ལ་སྦྱར་བ་དང༌། སྦྱོར་ན་ཡང་བྱེད་པ་དང་པོ་གསུམ་དང༌། སྦྱོར་བ་གསུམ་ལས་གཞི་ཤེས་ཀྱི་སྦྱོར་བ་ཆད་པའི་ཕྱིར་དང༌། སྐབས་གཉིས་པའི་ཉན་རང་གི་འཕགས་ལམ་གྱི་སྐབས་སུ་མཐོང་ལམ་ཁོ་ན་དང་སྦྱར་བ་ལ་ཤེས་བྱེད་མེད་པ་དང༌། དེ་ལ་སོགས་པ་གོང་འོག་འགལ་བ་དུ་མ་ཞིག་སྣང་བ་ནི་བློ་གསལ་རྣམས་ཀྱིས་ཞིབ་ཏུ་དཔྱད་པས་ཤེས་ཏེ། འདིར་ནི་ཡི་གེ་མང་པས་འཇིགས་ནས་མ་བྲིས་སོ།།བླ་མ་གོང་མ་རྣམས་ནི་སྐབས་བསྡུ་བ་རུ་མི་མཛད་ཀྱི་མངོན་རྟོགས་ལྔའམ་བརྒྱད་གསུམ་དུ་བསྡུས་ཚུལ་ལ་དཔྱད་ནས་བསྟོད་ཡུལ་གྱི་གྲངས་མང་ཉུང་དཔྱོད་པའི་ཕྱིར་སྐབས་ལ་དཔྱོད་པར་སྣང་ཡང༌། མཁྱེན་གསུམ་དུ་མངོན་རྟོགས་མཐའ་དག་འདུས་པར་སྟོན་པའི་སྐབས་ཡིན་ཞིང་བསྟོད་ཕྱག་གི་ཡུལ་དུ་ཆོས་སུམ་ཅུ་སྒྲས་མ་ཟིན་པའི་ཕྱིར། སློབ་དཔོན་གྱི་དགོངས་པ་ཅུང་མིན་པར་གོའོ།།
དེ་ལ་རང་གི་ལུགས་ནི། ཐེག་པ་གསུམ་གྱི་མངོན་རྟོགས་གང་ཡིན་མཁྱེན་གསུམ་གང་རུང་ཞིག་ཡིན་པ་ལ་དགོངས་ནས་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་པར་གསུངས་ཏེ། དེ་གསུམ་དུ་མ་འདུས་པའི་མངོན་རྟོགས་མེད་པས་སོ།།ཚུལ་དེ་མ་རྟོགས་པར་བསྡུ་བྱ་སྡུད་བྱེད་ཐ་དད་ཁོ་ནར་བཟུང་ནས་སྐབས་དོན་ལས་ཉམས་པར་མི་བྱའོ།།
རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།
ལེགས་བཤད་གསེར་ཕྲེང་གི་གཞུང་དངོས་ལས།ཤོག་ངོས14-57།