འདིར་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་མཐོ་ལ་བརླིང་བས་ངོས་ཀུན་ནས་བསྐོར་ཅིང༌། མ་རིག་པའི་མུན་པ་སྟུག་པོ་ཅན། ལྟ་བ་ངན་པ་སྣ་ཚོགས་པའི་འཁྲི་ཤིང་གིས་ཐར་བའི་ལམ་བསྒྲིབས་ལ།།ཕྲ་རྒྱས་ཀྱི་དུག་གི་ལྗོན་ཤིང་སྡུག་བསྔལ་གྱི་འབྲས་བུ་ཡིད་དུ་མི་འོང་བ་སྟེར་བས་དཀྲིགས་པ། སྲེད་པའི་ཆུ་ཀླུང་གི་འོབས་ཆེན་པོས་ཡོངས་སུ་འཁྱུད་པའི་འཁོར་བའི་འབྲོག་དགོན་པ་ཆེན་པོ་ལས་ལུས་ཅན་མཐའ་དག་བསྒྲལ་ཏེ་ཉིད་ཀྱིས་སྐུ་ཉམས་སུ་བསྟར་བའི་འབྲས་བུ་མཆོག་ལ་འགོད་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། འགྲོ་བ་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གྱི་མཆོག་ཏུ་གྱུར་བའི་བདག་ཅག་གི་སྟོན་པ་དེས་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་པའི་ཐབས་སུ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩི་ཇི་སྙེད་ཅིག་སྩལ་བ་རྣམས་ཀྱི་ནང་ནས་ཆེས་ཤིན་ཏུ་ཟབ་པ་དང་ལྡན་པ་ནི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་ཉིད་ཡིན་ལ། འདིའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ་ཡང་དུ་མ་ཞིག་ཡོད་ཀྱང་གཙོ་བོར་གྱུར་བ་ནི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ།།དེ་ཡང་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་བསྒྲུབ་བྱ་བདེན་དངོས་དང་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ཀྱི་དབང་དུ་མཛད་ནས། དང་པོ་ལ་རང་གཞན་གྱི་སྡེ་བ་ཐུན་མོང་དུ་འགོག་པ་དབུ་མའི་རྩ་བ། དེའི་རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། རབ་བྱེད་བདུན་པ་སྐྱེ་གནས་འཇིག་པ་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་བ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་བ་སྟེ་བཞི། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ་ལྔའོ།།འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའང་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང༌། གཞན་དག་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེ་འཕྲོས་སུ་བྱེད་པ་ནི་འཁྲུལ་བར་ཁོང་དུ་ཆུད་པར་བྱའོ།།སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་ཡུམ་བསྡུས་པའི་གཙོ་བོའི་དོན་སོ་གཉིས་སུ་བསྡུས་ནས་སྟོན་པ་བརྒྱད་སྟོང་བའི་དོན་བསྡུས་ཏེ་སོ་གཉིས་ནི། དེ་ཉིད་ལས། རྟེན་དང་དབང་དུ་བྱ་བ་དང༌།།ལས་ནི་སྒོམ་པ་དང་བཅས་དང༌།།རབ་དབྱེ་རྟགས་དང་ལྟུང་བ་དང༌།།ཕན་ཡོན་བཅས་པར་ཡང་དག་བརྗོད།།ཅེས་པ་ལྟར་རབ་དབྱེ་ལ་སྟོང་ཉིད་བཅུ་དྲུག །སྒོམ་པ་ལ་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་བཅུ། རྟེན།དབང་དུ་བྱ་བ།ལས།བརྟགས། ལྟུང་བ། ཕན་ཡོན་དང་དྲུག་རྣམས་སོ།།དེ་ལ་རྟེན་ནི་སྟོན་པའོ།།དབང་དུ་བྱ་བ་ནི་བྱང་སེམས་དང་ཉན་ཐོས་ཀྱི་འཁོར་རོ།།ལས་ནི་ཡུམ་ལ་ཇི་ལྟར་སྤྱོད་པའོ།།རྟགས་ནི་བདུད་ལས་དང་ཕྱིར་མི་ལྡོག་གི་རྟགས་སོ།།ལྟུང་བ་ནི་ཤེར་ཕྱིན་སྤངས་ནས་ངན་སོང་དུ་སྐྱེ་བའོ།།ཕན་ཡོན་ནི་སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་བྱིན་པ་བས་ཤེར་ཕྱིན་འདྲི་བ་སོགས་བསོད་ནམས་ཆེའོ།།མན་ངག་རྗེས་འབྲང་དུ་འབྲུ་མནན་པ་གཞན་རྣམས་འདྲ་བ་ལ་ལྟུང་བའི་དོན་བདུད་ལས་ལ་བཤད་པ་ནི་སྔ་མ་དང་མི་མཐུན་ཞིང་སྟོང་ཉིད་བཅུ་དྲུག་ལ་རང་གི་མཚན་ཉིད་སྟོང་བ་ཉིད་ཀྱི་སྟེང་དུ་དངོས་པོ་མེད་པ་སྟོང་བ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་བགྲང་རྒྱུ་ཡིན་པ་ལ་དང་པོ་དོར་ནས་མི་དམིགས་པ་སྟོང་བ་ཉིད་བགྲངས་པ་ནི་རྩ་བ་དང་འགལ་ལོ།།ཡུམ་རྒྱས་འབྲིང་གཉིས་དང་ཁྲི་བརྒྱད་སྟོང་བའི་རྒྱ་ཆེར་བཤད་པ་གཞུང་འགྲེལ་གནོད་འཇོམས་ཀྱིས་ནི་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་ཡུམ་འགྲེལ་བར་བྱེད་དོ།།དེ་ལ་སྒོ་གསུམ་ནི་གླེང་གཞིས་སྐབས་ཕྱེ་བའི་རྗེས་ལ་ཤཱ་རིའི་བུ་འདི་ལ་ཞེས་པ་ནས་བརྩོན་པར་བྱའོ་ཡི་བར་གྱིས་མགོ་སྨོས་པས་གོ་བ་རྣམས་ལ། གང་གིས།གང་གི་ཕྱིར། གང་ལ། ཇི་ལྟར་བསླབ་ཚུལ་བཞི་སྟོན་པ་བསྡུས་ཏེ་བསྟན་པའི་སྒོ། དེ་ནས་རྣམ་མཁྱེན་རྫོགས་ཀྱི་བར་གྱིས་རྣམ་པར་སྤྲོས་ནས་གོ་བ་རྣམས་ལ་རྣམ་མཁྱེན་ལས་བརྩམས་ཏེ་རྣམ་པར་མི་རྟོག་པའི་ཤེར་ཕྱིན་བཟུང་ནས་དོན་དམ་པའི་ཚུལ་དུ་སྟོན་པ་འབྲིང་དུ་བསྟན་པའི་སྒོ། དེ་ནས་ཡོངས་སུ་རྫོགས་ཀྱི་བར་གྱིས་དྲང་དགོས་པའམ་ཚིག་ལ་འཆེལ་བ་རྣམས་ཀྱི་དོན་དུ་ལམ་ཤེས་ལས་བརྩམས་ཏེ་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་མི་རྟོག་པའི་ཤེར་ཕྱིན་བཟུང་ནས་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་བསྟན་པ་རྒྱས་པར་བཤད་པའི་སྒོའོ།།རྣམ་གྲངས་བཅུ་གཅིག་ནི་དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་ནས་བཤད་པའི་རྣམ་གྲངས་གཅིག་གོ།དེ་ནས་རབ་འབྱོར་གྱིས་རྒྱས་པར་བཤད་པ་ནི་གཉིས་པའོ།།དེ་ནས་བརྒྱ་བྱིན་དང༌། རབ་འབྱོར་དང༌། བྱམས་པ་དང༌། རབ་འབྱོར་དང༌། བརྒྱ་བྱིན་དང༌། རབ་འབྱོར་དང༌། བྱམས་པ་དང༌། རབ་འབྱོར་དང༌། དེ་ནས་ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་པའོ།།དེ་ལྟར་གནོད་འཇོམས་འདི་སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་ལ། ཕྱིས་ཀྱི་མཁས་པ་ཁ་ཅིག་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། དེ་ནས་གཞན་དུ་ལུང་དྲངས་པ་རྣམས་དེར་སྣང་བ་དང༌། འདི་ཡི་ཀླད་དུ་ཡང༌། འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། ཅེས་འབྱུང་བའི་ཕྱིར་ཞེས་བཞེད་ཅིང༌། མཁས་པ་གཞན་དག་འདིར་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་ལ་དེ་བཙུན་པའི་རྣམ་འགྲེལ་ན་ཡོད་པས་དབྱིག་གཉེན་གྱི་མ་ཡིན་ཞེས་ཟེར་རོ།།འོན་ཀྱང་ད་ལྟ་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ཞེས་པ་བམ་པོ་ཉེར་དགུར་བྱས་པ་ལོ་ཙྪ་བ་ཆེན་པོ་ཡེ་ཤེས་སྡེས་བསྒྱུར་བ་དང༌། འབུམ་རྐྱང་བའི་གཞུང་འགྲེལ་གནོད་འཇོམས་ཞེས་པ་འགྱུར་བྱང་མེད་པ་སྔ་མ་ལས་ཉིས་འགྱུར་གྱིས་གླེགས་བམ་རྒྱས་པ་གཅིག་དང་གཉིས་སྣང་ཞིང་སྔ་མ་ལ་དཀར་ཆག་འཕང་ཐང་མར་བམ་པོ་ཉེར་བདུན་ཞེས་འབྱུང་ཡང་ཉེར་དགུར་ཁོ་རང་ལས་འབྱུང་ངོ།།ཕྱི་མ་འདི་འཕང་ཐང་གི་དཀར་ཆག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་འབྱུང་བས་རྒྱལ་པོས་མཛད་པ་ཡིན་ནོ།།གང་ཡང་མན་ངག་རྗེས་འབྲང་དུ་གཞུང་འགྲེལ་ལས་ལོག་པའི་གཞན་རྣམས་ཀྱི་བཤད་པ་གཟུང་བྱ་མ་ཡིན་པ་ཉིད་དོ།། གང་གི་ཕྱིར་སློབ་དཔོན་ནི་མདོ་སྡེ་ལྔ་བརྒྱ་བཤད་པའི་ཕྱིར་འཕགས་པ་མགོན་པོ་བྱམས་པས་བཀའ་སྩལ་པ་དེ་བས་ན་ཇི་ལྟར་ཕྱིན་ཅི་ལོག་ཏུ་བཤད་པ་མཛད། བླ་མའི་མན་ངག་ལས། གཞུང་འགྲེལ་གནོད་འཇོམས་གསལ་པོར་བྱ་བར་འདོད།།ཅེས་བྱ་བ་བཤད་པའི་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཉིད་ཀྱི་མན་ངག་ལ་སྐྱབས་སུ་བྱེད་པ་ཡིན་ནོ་ཞེས་དང༌། འདིའི་ཀླད་དུ། བླ་མའི་ལུང་གིས་བདག་ལ་ཕན་པའི་ཕྱིར།།འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །ཅེས་པ་རྣམས་ཕལ་ཆེར་སྒྲིག་པར་ནུས་ན་ཡང་རྩོམ་པར་དམ་བཅའི་རྐང་བ་འདི་གཉིས་གནོད་འཇོམས་གཉིས་ཀ་ལ་ཁྱད་མེད་པ་དང༌། མན་ངག་རྗེས་འབྲང་དུ་ཡང་ཉི་ཁྲིའི་གཞུང་འགྲེལ་ཞེས་གྲགས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བ་དང༌། ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་དང༌། ལྔ་བརྒྱ་བ་ཐ་མའི་འགྲེལ་བར་བསྟན་པའི་གནས་ཚད་ལ་རང་ཉིད་ཀྱི་འདོད་པ་བཀོད་ནས། ཤྰནྟི་རཀྵི་ཏའི་བསམ་པ་ནི་ཞེས་ཞི་བ་འཚོའི་བཤད་ཡམས་མཛད་པའི་ཕྱིར་མཆེ་བའི་སྡེས་བརྩམས་པ་ཡིན་ནམ་སྙམ་སྟེ། བློ་གསལ་ཞིང་ཡིད་གཞུངས་པ་དག་གིས་དཔྱད་པར་བྱའོ།།གང་ལྟར་ཡང་འདིས་སེམས་ཙམ་དུ་བཀྲལ་ཞེས་གསུང་བ་ནི་ཆེས་མི་འཐད་པར་གོ་སྟེ། རྒྱས་པར་འོག་ཏུ་བསྟན་པར་བྱའོ།།རྒྱལ་བ་མ་ཕམ་པས་ཡུམ་གྱི་ལུས་དངོས་བརྒྱད་དོན་བདུན་ཅུར་དྲིལ་ཏེ་རྣལ་འབྱོར་བས་ཉམས་སུ་ལེན་པའི་རིམ་པ་དང་སྦྱར་ནས་མངོན་པར་རྟོགས་པའི་རྒྱན་མཛད་དོ།།དེ་ལྟར་ན་བཞི་པོ་འདིས་དགོངས་འགྲེལ་གཞན་ལ་མ་ལྟོས་པར་ཡུམ་གྱི་དགོངས་པ་རེ་འགྲེལ་བས་ཤིང་རྟའི་སྲོལ་འབྱེད་དོ་ཞེས་འཆད་དོ།།དེ་ལྟར་གྲགས་ཀྱང་བརྒྱད་སྟོང་དོན་བསྡུས་ཀྱི་བརྗོད་བྱའི་གཙོ་བོ་སྟོང་ཉིད་བཅུ་དྲུག་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་སྒྲུབ་པ་ལ་གདམས་པའི་མདོའི་འགྲེལ་ཚུལ་དང༌། ཤེས་རབ་ཕ་རོལ་ཕྱིན་པར་ནི།།བསྟན་པ་གསུམ་ལ་ཡང་དག་བརྟེན།།བརྟགས་པ་དང་ནི་གཞན་དབང་དང༌།།ཡོངས་སུ་གྲུབ་པ་ཁོ་ནའོ།།མེད་ཅེས་བྱ་ལ་སོགས་ཚིག་གིས།།བཏགས་པ་ཐམས་ཅད་འགོག་པ་སྟེ།།སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས།། གཞན་གྱི་དབང་ནི་ཡང་དག་བསྟན།།རྣམ་པར་བྱང་བ་བཞི་ཡིས་ནི།།ཡོངས་སུ་གྲུབ་པ་རབ་ཏུ་བསྒྲགས།།ཤེས་རབ་ཕ་རོལ་ཕྱིན་པར་ནི།།སངས་རྒྱས་ཀྱིས་ནི་གཞན་བསྟན་མེད།།ཅེས་ངོ་བོ་ཉིད་གསུམ་གྱིས་མདོ་འགྲེལ་ཚུལ་རྣམས་རིམ་པ་ལྟར་དབུས་མཐའ་དང་ཐེག་པ་ཆེན་པོ་བསྡུས་པ་ཇི་ལྟ་བ་བཞིན་སྣང་བས། བྱམས་ཆོས་ལས་ལོགས་སུ་སྲོལ་བཏོད་པ་མིན་ཞིང༌། གཞུང་འགྲེལ་ནི་སྟོང་ཉིད་བཅུ་དྲུག་དང་སྐྱེ་འགག་ཀུན་བྱང་མེད་པའི་སྐབས་སུ་རྩ་ཤེའི་ལུང་དྲངས་ནས་ཀླུ་སྒྲུབ་ཞབས་ཀྱི་རིགས་པ་ཇི་ལྟ་བ་བཞིན་དུ་འཆད་འདོད་པར་འདུག་པས། ཀླུ་སྒྲུབ་ཀྱི་རིགས་ཚོགས་ལས་བཤད་སྲོལ་ཟུར་དུ་བྱེད་པ་མ་ཡིན་ནོ།།དེའི་ཕྱིར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་བཞེད་པ་ལྟར་ཡུམ་གྱི་བརྗོད་བྱ་ལ་སྙིང་པོའི་དོན་དོན་དམ་པའི་བདེན་པ་དང༌། རྒྱ་ཆེ་བ་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། དང་པོ་རིགས་ཚོགས་དང༌། གཉིས་པ་རྒྱན་གྱིས་བཀྲལ་བ་ཡིན་ཞེས་པ་ལྟར་རམ། ཡང་ན་དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང༌། ཤུགས་བསྟན་སྟོང་ཉིད་བཤད་པ་ན་གདུལ་བྱའི་རྒྱུད་ལ་མངོན་རྟོགས་སྐྱེས་པའི་རིམ་པ་རྣམས་རྒྱན་གྱིས་བཀྲལ་བས། རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱི་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ།།ཞེས་བྱ་བར་ཡང་གནས་སོ།།དེ་དག་ལས་མངོན་པར་རྟོགས་པའི་རྒྱན་ནི་འདིར་གང་བཤད་པར་བྱ་བའི་ཆོས་སོ།།འོ་ན་འདིའི་རྩ་བའི་མདོ་རྣམས་གང་ཞེ་ན། དེ་ལ་སྤྱིར་ཤེར་ཕྱོགས་ལ་ཡུམ་དྲུག་སྲས་བཅུ་གཅིག་སྟེ་སྲས་ཡུམ་བཅུ་བདུན་ཞེས་སྔ་མ་རྣམས་ཀྱིས་བརྡ་བྱས་པ་ལ་འབུམ།ཉི་ཁྲི།ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་བ། བརྒྱད་སྟོང་པ། སྡུད་པ་རྣམས་ཡུམ་ཡིན་ཞིང༌། ཤེར་ཕྱིན་བདུན་བརྒྱ་བ། ལྔ་བརྒྱ་བ། སུམ་བརྒྱ་བ། ཚུལ་བརྒྱ་ལྔ་བཅུ་བ། ལྔ་བཅུ་བ། སྒོ་ཉེར་ལྔ་བ། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཀཽ་ཤི་ཀ ཡི་གེ་གཅིག་མ། ཡི་གེ་ཉུང་ངུ། ཤེར་སྙིང་སྟེ་བཅུ་གཅིག་ནི་སྲས་སོ།།སྲས་ཡུམ་གྱི་ཁྱད་པར་ནི་བརྗོད་བྱ་མངོན་རྟོགས་བརྒྱད་དུ་མ་ཕྱེ་བར་དེའི་དོན་ཙམ་སྟོན་པ་དང་ཕྱེ་ནས་སྟོན་པའོ་ཞེས་ཟེར་རོ།།དེ་ལ་ཁ་ཅིག་ཉི་མའི་སྙིང་པོ། ཟླ་བའི་སྙིང་བོ། ཀུན་ཏུ་བཟང་བོ། ལག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་རྣམས་ཀྱང་ཤེར་ཕྱིན་ཡིན་པས་སྲས་ཡུམ་གྱི་དོན་དང༌། གྲངས་གཉིས་ཀ་ནོར་ཞེས་སྨྲ་བ་ནི་ལེགས་པར་སྨྲས་པ་ཡིན་ལ། ཁྱད་པར་དུ་སྡུད་པ་ཁྲི་བརྒྱད་སྟོང་བ་དང་སོ་སོར་བགྲང་བ་ནི་གླེགས་བམ་ཙམ་ཡང་མ་མཐོང་བར་སྟོན་པ་ཡིན་ཏེ། ཁྲི་བརྒྱད་སྟོང་པ་ལ་ལེའུ་གྱ་བདུན་ཡོད་པའི་གྱ་བཞི་བ་ནི་སྡུད་པ་ཡིན་པའི་ཕྱིར་རོ།།དེའི་ཕྱིར་ཁྲི་བརྒྱད་སྟོང་བ་འབྲིང་གི་འབྲིང་དུ་བྱས་ནས་སྡུད་པ་བསྡུས་པའི་བསྡུས་པར་བྱས་པ་ཡང་ནོར་རོ།།དེས་ན་རྒྱན་འདིས་བསྟན་པའི་མངོན་རྟོགས་ཀྱི་རིམ་པ་རྣམས་དང་སྦྱར་རུང་ཡོད་པའི་མདོ་རྣམས་ནི་འདིའི་རྩ་བའི་མདོ་ཡིན་ལ། དེ་ཡང་དང་པོར་མདོ་དང་བསྟན་བཅོས་སྦྱར་བའི་སྲོལ་ནི་འཕགས་པས་བཏོད་པར་མངོན་པས་དེས་ནི་ཉི་ཁྲི་ལ་ལེའུ་བརྒྱད་དུ་བྱས་ཤིང་དེ་སྐབས་བརྒྱད་དང་བསྒྲིགས་ནས་སྦྱར་རོ།།དེ་ནས་བཙུན་པས་ཉི་ཁྲི་དང་སྦྱར་རོ།།ད་ལྟ་འདིས་མཛད་པར་གྲགས་པའི་ཉི་ཁྲི་རྣམ་འགྲེལ་ཞེས་པ་གཅིག་སྣང་སྟེ་འོག་ཏུ་བརྟག་པར་བྱའོ།།དེ་རྗེས་སློབ་དཔོན་གྱིས་བསྡུས་དོན་འགྲེལ་བ་ཉི་ཁྲི་ལེའུ་བརྒྱད་མ་མཛད་ནས་སྦྱར་རོ།།དེ་ནས་ཤཱནྟི་བས་ཉི་ཁྲིའི་འགྲེལ་བ་དག་ལྡན་མཛད་ནས་སྦྱར་བ་སྟེ་ཉི་ཁྲི་དང་སྦྱར་བ་བཞི་དང༌། ཁ་ཆེ་དྷ་རྨ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་བའི་བཤད་པས་འབུམ་དང་སྦྱར་རོ།།ཡུམ་བསྡུས་པ་དང་སྦྱར་བ་རྒྱན་གྱི་སྣང་བ། སྙིང་པོ་མཆོག །གནད་ཀྱི་ཟླ་འོད་དེ་གསུམ་དང༌། སྡུད་པ་དང་སྦྱར་བ་ལ་དཀའ་འགྲེལ་རྟོགས་སླ་དང་སྡུད་པའི་དཀའ་འགྲེལ། ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་སྟེ་གསུམ་དང༌། སྨྲི་ཏིས་མཛད་པར་གྲགས་པ་འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་བ་སྟེ་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་སྟེ། དེ་ལྟར་མདོ་དང་སྦྱར་བའི་འགྲེལ་བ་བཅུ་གཉིས་དང་བསྟུན་ན་འདིའི་རྩ་བའི་མདོ་བཞིའམ་ལྔ་རུ་གསལ་ལོ།།དེ་ལྟ་བུའི་ཡུམ་གྱི་རྒྱན་འདིའི་རྗེས་སུ་འབྲང་བའི་འགྲེལ་བ་ལ་ཡང་མདོ་དང་སྦྱར་བ་བཅུ་གཉིས་མ་སྦྱར་བ་དགུ་སྟེ་ཉེར་གཅིག་གོ།དང་པོ་ནི་བཤད་ཟིན་ཏོ།།གཉིས་པ་ནི་འགྲེལ་བ་དོན་གསལ། དེའི་འགྲེལ་བཤད་ཚིག་གསལ་དང༌། རྟོགས་དཀའི་སྣང་བ་དང་གཉིས། བསྡུས་དོན་གསུམ་ལས། ཤེར་འབྱུང་གིས་མཛད་པ་ནི་དོན་གསལ་གྱི་ཡིན་ཞིང༌། ཇོ་བོ་དང་གཞོན་ནུ་དཔལ་གྱིས་མཛད་པ་ནི་རྩ་བ་རང་གི་བསྡུས་དོན་ནོ།། གྲགས་པའི་ཆ་དང་ཤེས་རབ་སྒྲོན་མེའི་ཕྲེང་བ་གཉིས་ཐུབ་པའི་དགོངས་རྒྱན་རྣམས་སོ།།ཕྱི་མ་འདི་ཐུབ་པའི་གསུང་རབ་སྤྱིའི་དགོངས་འགྲེལ་དུ་བརྩམས་པའི་བསྟན་བཅོས་རང་དགའ་བ་ཡིན་གྱི། རྒྱན་གྱི་གཞན་འགྲེལ་དུ་བརྩམས་པ་རུ་མི་སྣང་ཡང་། ལེའུ་ཕྱི་མ་གསུམ་ལས་གཙོ་ཆེར་མངོན་རྟོགས་རྒྱན་གྱི་དོན་རྣམས་སྟོན་པས་བགྲངས་སོ།།འདིར་ཡང་གང་ཟག་ལ་སོགས་པ་འགའ་ཟུང་མདོ་དང་སྦྱར་ཡང༌། ཕལ་མི་ཆེ་བས། མདོ་སྦྱོར་གྱི་ནང་དུ་མ་བགྲངས་ཤིང༌། སྔར་བཤད་པའི་མཛོད་ཀྱི་ལྡེ་མིག་ལ་མདོ་ཚིག་དངོས་སུ་དྲངས་པ་མི་སྣང་ཡང་སྡུད་པའི་དོན་ཚན་རྣམས་སོ་སོར་བཅད་ནས་མངོན་རྟོགས་དང་སྦྱར་བས་མདོ་སྦྱོར་ལ་བགྲངས་སོ།།འགྲེལ་པ་འདི་དག་ཐམས་ཅད་ཀྱང་ད་ལྟ་རྒྱ་གར་མར་གྲགས་མོད། འོན་ཀྱང་ཁ་ཆེའི་སློབ་དཔོན་དྷརྨ་ཤྲཱིས་མཛད་པར་གྲགས་པའི་འབུམ་འགྲེལ་འདི། རྒྱ་གར་མ་མ་ཡིན་པར་མངོན་ཏེ། འདིས་གླེང་གཞི་དང་མཆོད་བརྗོད་སྦྱར་ནས་དེ་ཡང༌། གླེང་གཞི་རྒྱས་པར་བཀའ་སྩལ་སྡུད་པར་བྱེད་པ་མཆོད་བརྗོད་ཚིག་ལེར་བྱས་པ་མཛད་ཅེས་པའོ།། ཞེས་ཤེས་བྱེད་དུ་དྲངས་པ་འདི་བསྟན་བཅོས་རིན་ཆེན་སྒྲོན་མེ་ལས་འབྱུང་ཞིང༌། དེ་ཡང་མཁས་པ་རྣམས་ལ་བ་རེག་ཐོས་པ་དགས་བརྩམས་པར་གྲགས་པའི་ཕྱིར་རོ།།གཞན་ཡང་ཡུམ་ཆེན་མོ་ལ་བམ་པོ་སུམ་བརྒྱ་ཞེས་བམ་གྲངས་ཀྱི་བཤད་པ་དང་གདམས་ངག་གི་སྐབས་སུ་ཡང༌། མཁས་པ་བཎྜི་ཏའི་ལུགས་ཀྱིས་སྒྲོ་འདོགས་ཕྱི་རུ་གཅོད། ལྟ་རྟོག་ཕྱི་རུ་བྱེད་དེ། ཡུལ་དཔྱད་པས་དེ་འཛིན་གྱི་འཁྲུལ་བ་ལྡོག་པར་འདོད། ཀུ་སུ་ལུ་བའི་ལུགས་ཀྱིས་སྒྲོ་འདོགས་ནང་དུ་གཅོད། ལྟ་རྟོག་ནང་དུ་བྱེད་དེ། རང་ངོ་རང་གིས་ཤེས་རྟོག་པ་གཅིག་རང་ལ་སྐྱེ་དགོས་ཞེས་པ་དང༌། སྦྱོར་ལམ་གྱི་སྐབས་སུ་ཡང་ཉན་ཐོས་ཀྱི་ངེས་འབྱེད་ཀྱི་ཏིང་ངེ་འཛིན་གྱིས་རྣམ་རྟོག་སྤོང་བ་དེ་མི་འཐད་དེ། མེད་ན་སྤང་མི་དགོས། ཡོད་ན་སྤང་མི་ནུས། རྣམ་རྟོག་གི་རང་བཞིན་ཤེས་ནས་རྣམ་རྟོག་ཡེ་ཤེས་སུ་འཆར་བ་ཞིག་དགོས་ཞེས། རྒྱ་གར་མཁས་པའི་གསུང་ལ་མི་འབྱུང་བའི་བོད་ཚིག་དུ་མ་སྣང་བའི་ཕྱིར་རོ།།དེས་ན་འདི་དང་སྡུད་པའི་ལྡེ་མིག་གཉིས་དྷརྨ་ཤྲཱིས་མཛད་པར་གྲགས་ཀྱང༌། ལོ་ཙྪ་བའམ་བོད་གཞན་ཞིག་གིས་བྱས་སྙམ་མོ།།ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་འདི་ཡང་ནུས་པ་ཆུང་ཞིང༌། མདོ་དང་སྦྱོར་ཚུལ་ལ་སྐྱོན་ཆགས་པ་འགའ་ཟུང་འདུག་པས་མཁས་པ་ཆེན་པོ་སྨྲི་ཏི་ཛྙཱན་ཀཱིརྟིའི་ཡིན་མིན་དཔྱད་དགོས་སོ།།སྡུད་འགྲེལ་རྟོགས་སླ་ལ། སུནྱ་ཤྲི་ནི་འགྲེལ་ཆེན་དང་སྒྲ་འགྲོས་མཐུན་པས་སློབ་དཔོན་གྱིས་མཛད་ཟེར་ལ། འབུམ་ཕྲག་གསུམ་པ་དང་བདག་ཉིད་ཆེན་པོ་ནི། འདི་མངོན་རྟོགས་རྐྱང་བར་འདོད་པས་མ་ཡིན་ནོ་ཞེས་འཆད་པར་གྲགས་ཀྱང༌། ཟླ་འོད་དུ་སེང་གེ་བཟང་པོའི་སྡུད་འགྲེལ་ལས་ཞེས་འདི་ལ་དགག་པ་འབྱུང་བས་ཡིན་ནམ་སྙམ་མོ།།དོན་བསྡུས་སྒྲོན་མེ་ཡང་ནུས་པ་ཆུང་ཞིང་བོད་ཚིག་དུ་མ་སྣང་བས་ཇོ་བོའི་སློབ་མ་གཅིག་གིས་སམ་གཞན་བོད་གཅིག་གིས་བྱས་པར་སེམས་སོ།།ཤིང་རྟའི་སྲོལ་འབྱེད་བཞི་དང་མདོ་ཡི་གྲངས།།རྒྱན་གྱི་རྩ་བའི་མདོ་རྣམས་གང་ཡིན་དང༌།།རྒྱ་འགྲེལ་རྣམས་ཀྱི་དག་དང་མ་དག་རྣམས།།ལེགས་པར་དཔྱད་པའི་ཚུལ་འདི་ཐོག་མར་བཀོད།།ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་བ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ལས་གཞུང་བཤད་ཐབས་ཀྱི་སྔོན་དུ་འགྲོ་བའི་སྐབས་སོ།།
རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།
ལེགས་བཤད་གསེར་ཕྲེང་གི་གཞུང་དངོས་ལས། ཤོག་ངོས5-14།