༄༅། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་རྣམ་པར་བཤད་པ་མདོར་བསྡུས་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། རབ་འབྱམས་ཆོགས་གཉིས་གསེར་མངལ་ལས་འཁྲུངས་ཤིང༌། །སྤངས་རྟོགས་གདོང་བཞིའི་བཞིན་གྱི་དཀྱིལ་འཁོར་རྫོགས། །ཆོས་ཀུན་གདོད་མའི་བྱེད་པོ་སྨྲ་བའི་དབང༌། །བརྟན་པའི་འཁོར་ལོས་ངག་གི་དཔལ་སྟེར་མཛོད། །དེ་ལ་འདིར་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཞེས་བྱ་བའི་དོན་རྣམ་པར་བཤད་པ་ལ་བཞི། མཛད་པ་པོ་གང་ཡིན། བསྟན་བཅོས་ཀྱི་མཚན། མཆོད་བརྗོད། གཞུང་དོན་དངོས་བཤད་པའོ། །དང་པོ་ནི། འདིར་མཁས་པ་ཁ་ཅིག་གིས་འདི་ནི་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པར་བཞེད་ལ། གཞན་དག་སྔོན་འཕགས་པའི་ཡུལ་དུ་པཎྜི་ཏ་རྣམས་སོ་སོ་ནས། འཇམ་དཔལ་ཉིད་ལ་བསྟོད་པ་རེ་མཛད་པར་བགྲོས་ཏེ། དེ་ལྟར་ཞུགས་པ་ལ། འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པས། པཎྜི་ཏ་ཀུན་གྱིས་མཛད་པའི་བསྟོད་པ་རྣམས་གཅིག་ཁོ་ནར་གྱུར་པ་འདི་ཉིད་ཡིན་ཞེས་འདོད་དོ། །དེ་གཉིས་གང་ལྟར་ཡང་མཛད་པ་པོ་ནི་ཡིད་ཆེས་པའི་གནས་སོ། ༈།གཉིས་པ་བསྟན་བཅོས་ཀྱི་མཚན་ལ། རྒྱ་གར་འཕགས་པའི་ཡུལ་ན། ལེགས་སྦྱར། རང་བཞིན། ཤ་ཟ། ཟུར་ཆག་གི་སྐད་དང་བཞིའི་ནང་ནས། ལེགས་སྦྱར་རམ་སང་སྐྲི་ཏའི་སྐད་དུ། བསྟན་བཅོས་འདིའི་མཚན་ལ། ཤྲཱི་ཛྙཱ་ན་གུ་ཎ་ཕ་ལ་ནཱ་མ་སྟུ་ཏི་ར་ཞེས་བྱའོ། །དེ་ཡང་བོད་སྐད་དུ་བསྒྱུར་ན། ཤྲཱི་ནི་དཔལ། ཛྙཱ་ན་ནི་ཡེ་ཤེས། གུ་ཎ་ནི་ཡོན་ཏན། ཕ་ལ་ནི་བཟང་པོ། ནཱ་མ་ནི་ཞེས་བྱ་བ། སྟུ་ཏིར་ནི་བསྟོད་པ་ཞེས་བྱ་བའོ། །དེ་ལྟར་རྒྱ་སྐད་སྨོས་པའི་དགོས་པ་ནི། སཾ་སྐྲི་ཏའི་སྐད་ལ་བག་ཆགས་འཇོག་པའི་ཆེད་དང༌། བོད་སྐད་ནི། གཞུང་གཞན་དང་མི་ནོར་བར་བྱ་བའི་ཕྱིར་དུའོ། །
༈གསུམ་པ་མཆོད་བརྗོད་ནི། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་སོ། ། ངག་དོན་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དགྲ་སྡེ་མ་ལུས་པར་བཅོམ་པས་ན་བཅོམ་དང༌། དབང་ཕྱུག་དང༌། གཟུགས་དང༌། དཔལ་དང༌། གྲགས་པ་དང༌། ཡེ་ཤེས་དང༌། བརྩོན་འགྲུས་ཏེ། སྐལ་པ་དྲུག་སོགས་དང་ལྡན་པས་ན་ལྡན་དང༌། སྤྱིར་བྷ་ག་བ་ཏི་ཞེས་པའི་བྷ་ག་བཅོམ་པ་དང༌། སྐལ་པ་སོགས་ལ་འཇུག་ཅིང༌། བ་ཏི་ནི་ལྡན་པའི་དོན་ཡིན་པས་འདས་པའི་སྐད་དོད་དངོས་སུ་མེད་ཀྱང་འདིར་དོན་གྱིས་ཐོབ་པ་དང༌། བོད་སྐད་ལ་བརྗོད་བདེ་བའི་ཕྱིར་དུ་ལོ་ཙྪ་བས་བླ་ཐབས་སུ་བསྣན་པའོ། །འདས་པའི་དོན་ནི་འཁོར་བ་འམ་བདུད་བཞི་ལས་འདས་པའོ། །མྱ་ངན་ལས་འདས་ཞེས་པའི་དོན་ལྟར་ན། ཉོན་མོངས་ལས་འདས་པར་བཤད་དུའང་རུང་ངོ། །ཉོན་མོངས་པ་སོགས་ཉེས་པའི་རྩུབ་རེག་དང་བྲལ་བས་ན་འཇམ་པ་གསུངས་དབྱངས་ཡན་ལག་དྲུག་ཅུ་མངའ་བས་ན་དབྱངས་སོ། །འདིར་དྲུག་པའི་སྒྲ་ཡོད་པ་བཞིན་བཤད་ན། དེ་ལྟ་བུའི་དབྱངས་ནི། འཇམ་པའི་ཁྱད་གཞི་དང་འབྲེལ་ལོ། །ལ་ནི་དགོས་ཆེད་ཡིན་ལ། ཕྱག་འཚལ་ཞེས་པ་ནི། གུས་པས་འདུད་པའི་དོན་ཏེ། དེ་ཡང་སྒོ་གསུམ་གང་རུང་གི་སྒོ་ནས་གུས་པའོ། །དེ་ལྟར་ཡང་ཇི་སྐད་དུ། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་གསུངས་པས་སོ། །ལོ་ཞེས་པ་ནི་སླར་བསྡུའི་ཚིགསྟེ། དོན་གྱི་དོ་བོ་དེ་རེ་ཞིག་རྫོགས་པའི་དོན་ཅན་ནོ། །དེ་ལྟར་མཆོད་བརྗོད་མཛད་པའི་དགོས་པ་ནི། ལོཙྪ་བས་འདི་བོད་དུ་བསྒྱུར་བའི་ཚེ། འདི་ཉིད་མངོན་པའི་སྡེ་སྣོད་དུ་གཏོགས་པར་ཤེས་པར་བྱ་བའི་ཕྱིར་མཛད་ལ། གཞན་ཡང་གཞུང་འདི་ཉིད་འཇམ་དབྱངས་ཉིད་ཀྱི་བསྟོད་པ་ཡིན་པའི་རྒྱུ་མཚན་གྱིས་ཀྱང་ཡིན་ནོ། །
༈བཞི་པ་གཞུང་དོན་དངོས་ལའང༌། དངོས་དང༌། ཞར་ལ་དོགས་དཔྱོད། ཕན་ཡོན་དང་གསུམ་ལས། དང་པོ་ལ་ཡང་ཐུགས་དང༌། གསུང་དང༌། སྐུ་ལ་བསྟོད་པ་དང་གསུམ། དང་པོ་ལའང་མཁྱེན་པ་དང་བརྩེ་བའི་སྒོ་ནས་བསྟོད་པ་གཉིས་ལས། དང་པོ་ནི། འདི་ལྟར་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས་གང་གི་མཁྱེན་པའི་བློ་གྲོས་ཀྱིས་ནི། སྤང་བྱ་འདོད་ཆགས་ལ་སོགས་པ་རྩ་བ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་དང༌། གཉིས་སྣང་འཁྲུལ་བའི་བག་ཆགས་སུ་གྱུར་པའི་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་མུན་པ་ལྷག་མ་མ་ལུས་པར་གཏན་ནས་བཅོམ་པའོ། །ཚུལ་ཇི་ལྟར་ན། དེ་ཡང་ཡོད་དེ། དཔེར་ན་རྡུལ་དང་སྤྲིན་ལ་སོགས་པའི་སྒྲིབ་བྱེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཉི་མ་ལྟར། ཉིད་ཀྱི་མཁྱེན་པ་དེའང་ཆོས་ཀུན་གཟིགས་པ་ལ་སྒྲིབ་བྱེད་ཀྱི་འཁྲུལ་པའི་དྲི་མ་དེ་དག་ཤིན་ཏུ་རྣམ་པར་དག་ཅིང་རབ་ཏུ་གསལ་བ་དེ་བཞིན་དུའོ། །ཡེ་ཤེས་དེས་ཡུལ་ཇི་ལྟར་གཟིགས་པའི་ཚུལ་ཡང་ཡོད་དེ། གཟུགས་ནས་རྣམ་མཁྱེན་གྱི་བར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་ངོ་བོ་དང་ཁྱད་པར་གྱི་དོན་ཕྲ་ཞིང་ཕྲ་བ་ཀུན་ཀྱང་ཇི་ལྟ་བ་བཞིན་སྒྲིབ་པ་མེད་པར་མངོན་སུམ་དུ་གཟིགས་པ་དེའི་ཕྱིར་རོ། །ཉིད་ཀྱི་སྐུའི་ཐུགས་ཀར་རྒྱལ་སྲས་རྣམས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྫོགས་པར་སྟོན་པའི་ཤེར་ཕྱིན་གྱི་གླེགས་བམ་འཛིན་པའི་རྒྱུ་མཚན་ཡང་ཡོད་དེ། གོང་དུ་བཤད་པ་ལྟར་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་གཟིགས་པའི་མཁྱེན་པ་དེ་ལྟ་བུ་མངའོ་ཞེས་མཚོན་པར་བྱ་བའི་ཆེད་དུའོ། །
༈གཉིས་པ་ནི། གཏན་གྱི་བདེ་བ་དང་བྲལ་བའི་སེམས་ཅན་གང་དག་སྲིད་པ་སྟེ་སྲིད་རྩེ་ནས་མནར་མེད་ཀྱི་བར་གྱི་འཁོར་བའི་བཙོན་ཁང་གི་ར་བར་ཆུད་ཅིང༌། དེའི་ནང་དུའང་བདག་དང་བདག་གིར་འཛིན་པའི་མ་རིག་པའི་མུན་པ་མུན་ནག་ཏུ་ལུས་ངག་ཡིད་གསུམ་ཀུན་ནས་འཐོམས་ལ། དེར་མ་ཟད་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་གསུམ་གྱིས་རབ་ཏུ་གཟིར་བའི་འགྲོ་བ་མ་ལུས་པའི་ཚོགས་ཀུན་ལ་འང་ཤིན་ཏུ་བརྩེ་བའི་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །དཔེ་ཇི་ལྟ་བུ་ཞེ་ན། དེ་ཡང་ཡོད་དེ། དཔེར་ན་འཇིག་རྟེན་ན་བུ་གཅིག་ཁོ་ན་ལས་མེད་པའི་མ་དེས། རང་གི་བུ་ལ་ཇི་ལྟར་སྙིང་བརྩེ་བ་དེ་ལྟར། འཇམ་པའི་དབྱངས་ཉིད་ཀྱིས་ཀྱང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་ལའང་ཁྱད་པར་མེད་པར་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ་ཆེན་པོས་བརྩེ་བ་དང་ལྡན་པའི་ཕྱིར་རོ། ། ༈ གཉིས་པ་གསུང་ལ་ཡན་ལག་དྲུག་ཅུའི་དབྱངས་ཀྱི་སྒོ་ནས་བསྟོད་པ་ནི། ཇི་སྐད་བཤད་པ་ལྟར་གྱི་བརྩེ་བ་ཆེན་པོ་དེས་ཀུན་ནས་དྲངས་ཏེ། ཉིད་ཀྱིས་ཇི་ལྟར་གཟིགས་ཤིང་བརྙེས་པའི་གོ་འཕང་མཆོག་ལ་འགྲོ་བ་ཐམས་ཅད་འགོད་པའི་ཆེད་དུ། བླང་དོར་གྱི་གནས་ཀུན་མ་ལུས་པ་གསལ་བར་སྟོན་པའི་གསུང་གཅིག་ཉིད་ལ་འང་སྙན་པ་ལ་སོགས་པ་ཡན་ལག་དྲུག་ཅུ་འམ་དྲུག་ཅུ་རྩ་བཞི་ཚངས་བའི་དབྱངས་དང་ལྡན་པའི་གསུང་མངའོ། །དེའི་བྱེད་ལས་ཇི་ལྟ་བུ་ཞེ་ན། ཡོད་དེ། དཔེར་ན་ནམ་མཁའི་དབྱིངས་སུ་འབྲུག་གིས་རང་སྒྲ་ཤིན་ཏུ་ཆེར་སྒྲོག་ཅིང་སྒྲ་དེས་སེམས་ཅན་གཞན་དག་གཉིད་ལས་སད་པར་བྱེད་པའི་ཚུལ་དེ་ལྟར། སྔར་སྨོས་པའི་ཁྱད་པར་དེ་ལྡན་གྱི་གསུང་གིས་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གདུལ་བྱའི་རྣ་བར་ལེགས་པར་ཆེས་ཆེར་སྒྲོགས་བར་མཛད་པས། སེམས་ཅན་ཐམས་ཅད་ཀྱང་ཉོན་མོངས་པའི་གཉིད་འཐུག་པོ་ལས་སློང་ཞིང༌། འཁོར་བར་འཕེན་པ་དང༌། འགྲུབ་པ་དང༌། འཆིང་བར་བྱེད་པའི་ཟག་བཅས་ཀྱི་ལས་ཀྱི་ལྕགས་སྒྲོག་དམ་པོ་རྣམས་འགྲོལ་བར་མཛད་པའི་ཕྱིར་རོ། །ཉིད་ཀྱི་གཡས་ན་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ངོ་བོ་ཤེས་རབ་ཀྱི་རལ་གྲི་བསྣམས་པའི་མཚོན་དོན་ཡང་ཡོད་དེ། གོང་དུ་བཤད་པ་ལྟར་གྱི་མཁྱེན་བརྩེ་དེ་ལ་བརྟེན་ནས་གསུང་གི་འཕྲིན་ལས་དེས་སེམས་ཅན་ཐམས་ཅད་ཀྱིས་གནས་ལུགས་མཐོང་བ་ལ་སྒྲིབ་བྱེད་ཀྱི་ང་དང་ང་ཡིར་འཛིན་པའི་མ་རིག་པའི་མུན་པ་ཀུན་སེལ་བར་བྱེད་ཅིང༌། མ་རིག་པ་དེས་བསྐྱེད་པའི་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱི་མྱུ་གུ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀུན་ཀྱང་གཅོད་པར་མཛད་པ་དེ་ཉིད་མཚོན་པས་སོ། ། ༈གསུམ་པ་སྐུ་ལ་མཚན་དཔེའི་སྒོ་ནས་བསྟོད་པ་ལ། ངེས་པའི་དོན་དུ་ན་བཅོམ་ལྡན་འདས་འཇམ་པའི་དབྱངས་ཉིད་གདོད་ནས་ཏེ་བསྐལ་བ་གྲངས་མེད་པ་མང་པོའི་སྔོན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མ་དག་ཅིང༌། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ༌། ལྔ་པ་སྤྱངས་དཀའ་བ། དྲུག་པ་མངོན་དུ་གྱུར་བ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་ས་བཅུའི་མཐར་སོན་པ་སྟེ་ཕྱིན་ནས་སྤངས་རྟོགས་ཀྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཀྱི་ལུས་ཡོངས་སུ་རྫོགས་པའི་སངས་རྒྱས་དངོས་ཡིན་ནའང་དྲང་དོན་དུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཀུན་གྱི་ཐུ་པོ་སྟེ་གཙོ་བོར་གྱུར་བའི་སྐུའི་རྣམ་པར་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཚུལ་དུ་བཞུགས་སོ། །དེ་ལང་སྔགས་ཕྱོགས་ལྟར་ན་འཇམ་དབྱངས་སངས་རྒྱས་ཡིན་པ་ལ་ཐེ་ཚོམ་མེད་མོད། མདོ་ཕྱོགས་ནས་ཀྱང་སངས་རྒྱས་པར་བཤད་དེ། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས་སྟོབས་བཅུ་རྫོགས་པར་བཤད་ཅིང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་དང༌། སོར་མོ་འཕྲེང་བའི་མདོ་གཉིས་ལས་སངས་རྒྱས་སུ་གསལ་བར་བཤད་པའི་ཕྱིར་རོ། །སྐུ་དེའང་བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི་རྒྱན་གྱིས་རྣམ་པར་སྤྲས་པ་ཡིན་ཏེ། ཕྱག་ཞབས་ཀྱི་མཐིལ་ན་རྩིབས་སྟོང་དང་ལྡན་པའི་གསེར་གྱི་འཁོར་ལོ་སོགས་མཚན་སོ་གཉིས་དང༌། སེན་མོ་ཟངས་མདོག་ལྟ་བུ་ལ་སོགས་པ་དཔེ་བྱད་བརྒྱན་ཅུ་སྟེ་བསྡོམས་ན་བརྒྱ་དང་བཅུ་གཉིས་ཀྱི་རྒྱན་གྱིས་བརྒྱན་པའི་ཕྱིར་རོ། །དེ་ལྟ་བུའི་ཡོན་ཏན་ཡོངས་སུ་རྫོགས་ཤིང་འགྲོ་བ་སྤྱི་དང་ཁྱད་པར་དུའང་བདག་གི་བློ་གྲོས་ཀྱི་མི་ཤེས་པའི་མུན་པ་ཐམས་ཅད་སེལ་བར་མཛད་པའི་འཇམ་པའི་དབྱངས་ཁྱོད་ལ་གུས་པས་འདུད་དོ། །དེ་ལྟར་གུས་པས་གསུང་དབྱངས་དང་མཚན་དཔེ་དེ་དག་ཀྱང་མཁས་པའི་གསུང་ལ་བརྟེན་ནས་རྒྱས་པར་བཤད་ནུས་མོད་འོན་ཀྱང་གཞུང་མང་བར་འགྱུར་དོགས་ནས་རེ་ཞིག་དེ་ཙམ་མོ། །
༈ གཉིས་པ་གཞན་དག་དོགས་པའི་གནས་བསལ་བའི་ཕྱིར་བཤད་པ་ལ། ཁོ་ན་རེ། ཁྱོད་ཀྱིས་གཞུང་གི་མཚན་དོན་དང༌། ཕན་ཡོན་གཉིས་གཞུང་ལས་ལོགས་སུ་ཕྱེ་བ་དེ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། དེ་ལྟར་མ་ཕྱེ་བར་བཤད་རུང་བའི་ལུགས་ཡོད་ཀྱང༌། འདིར་ནི་བསྟོད་པ་གཞུང་དངོས་དང༌། གཞན་གཉིས་ཡན་ལག་ཙམ་ཡིན་པས་མི་འཐད་པ་མེད་པའི་ཕྱིར་རོ། །ལུང་དོན་ཚན་གསུམ་དུ་བསྡུས་པ་འང་མི་འཐད་དེ། དེ་ལྟར་དངོས་སུ་མི་གསལ་ཞིང་དེ་ཡིན་ན་འོག་ཏུ་མ་རིག་མུན་སེལ་ཞེས་བའི་རྐང་བ་གཅིག་པོ་དེ་ཐུགས་ཀྱི་ཡོན་ཏན་ལ་སྦྱར་ཏེ་བཤད་དགོས་པས་གོ་རིམ་མི་འགྲིག་པའི་ཕྱིར་རོ། །ཞེ་ན། སྐྱོན་དེ་ཡང་མི་འཇུག་སྟེ། གསུམ་དུ་བསྡུས་པ་དེ་གཙོ་བོའི་དབང་དུ་བྱས་ལ་འོག་ཏུ་དེ་ལྟར་འབྱུང་བ་དེ་སྐུ་གསུང་ཐུགས་གསུམ་གྱི་འང་ཡོན་ཏན་གྱི་ཡན་ལག་ཡིན་པས་མི་འགལ་བའི་ཕྱིར་རོ། །ཡང་ཇི་སྙེན་ཞེས་པ་དེ་ཆོས་ཐམས་ཅད་ལ་བཤད་པའང་མི་འཐད་དེ། དེ་ནི་ཇི་ལྟ་ཇི་སྙེད་ཀྱི་ཟླས་ཕྱེ་བའི་ཇི་སྙེད་ལ་བྱེད་དགོས་པའི་ཕྱིར་རོ། །ཞེ་ན། དེ་ནི་མ་ཡིན་ཏེ། སྤྱིར་ཇི་སྙེད་ཞེས་པའི་སྒྲ་དེ་ཀུན་རྫོབ་ལའང་འཇུག་ཀྱང༌། འདིར་མང་ཚིག་གིས་ཆོས་ཐམས་ཅད་ལ་གོ་དགོས་ལ། དེ་ལྟར་མ་ཡིན་ན་འཇམ་དབྱངས་ཀྱིས་ཇི་ལྟ་བ་མཁྱེན་པ་གཞུང་འདིས་མ་བསྟན་པར་འགྱུར་བའི་ཕྱིར་རོ། །ཡང་གསུང་དབྱངས་དྲུག་ཅུ་རྩ་བཞི་བཤད་པ་དེ་ཡང་མ་ཡིན་ཏེ། འདིར་དྲུག་ཅུ་ལས་མི་གསལ་བའི་ཕྱིར་རོ། །ཞེ་ན། དེ་ཡང་མི་འགལ་ཏེ། དེ་ནི་དབྱེ་བསྡུ་ཙམ་ཡིན་པའི་ཕྱིར་དང༌། དེ་ལྟར་བཞིས་ལྷག་པའི་དྲུག་ཅུའི་དབྱངས་ཞེས་པ་ལྟར་བཤད་ཀྱང་ཆོག་པའི་ཕྱིར། ཡང་གདོད་ནས་དག་ཅིང་ཞེས་པའི་དོན་དེ་ལྟར་ཡང་མི་འཐད་དེ། དེ་ནི་ཐོག་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ལ་བྱེད་དགོས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། སྦྱིར་དེ་ལྟར་བཤད་དགོས་པའི་གཞུང་ཡོད་མོད། འདིར་དེ་བཞིན་དུ་བཤད་པ་སྐབས་སུ་མ་བབས་པའི་ཕྱིར་རོ། །དེ་ལྟར་ཡིན་ཏེ། ཆོས་ཐམས་ཅད་ཀྱང་ཐོག་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། ཁྱོད་ཀྱིས་འཇམ་དབྱངས་རྒྱལ་བའི་ཡབ་ཏུ་ཡང་བཤད་ཅིང༌། སྲས་སུ་ཡང་བཤད་པ་དེ་མི་འཐད་དེ། གཞི་གཅིག་ལ་དེ་གཉིས་འགལ་བའི་ཕྱིར་རོ་ཞེ་ན། སྐྱོན་དེ་ཡང་མི་འཇུག་སྟེ། རྒྱལ་བའི་ཡབ་ཞེས་པའི་དོན་ནི། འཇམ་དབྱངས་ཀྱིས་སྔོན་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པའི་སངས་རྒྱས་གྲངས་མེད་པ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་བཅུགས་པའི་དོན་དང༌། རྒྱལ་བའི་སྲས་ཞེས་པ་ནི། རང་གི་ཡོངས་འཛིན་དུ་གྱུར་བའི་རྒྱལ་བ་འགའ་ཞིག་ལས་འཁྲུངས་པའི་དོན་ཡིན་པར་རྗེ་ཡབ་སྲས་ཀྱིས་བཤད་པའི་ཕྱིར་རོ། །དེས་མཚོན་ཏེ་གཞན་ཡང་དོགས་གནས་སུ་གྱུར་ནའང་སྐྱོན་མེད་པར་གོ་དགོས་ལགས་སོ། །
༈གསུམ་པ་ཕན་ཡོན་བསྟན་པ་ནི། སྐྱེས་བུ་གང་ཞིག་ལྷག་པའི་བསམ་པ་རྣམ་པར་དག་པས་གོང་དུ་བཤད་པའི་བསྟོད་པ་འདི་ནི། ལན་གཅིག་དང་བདུན་དང་ཉི་ཤུ་རྩ་གཅིག་དང༌། བརྒྱ་དང་སྟོང་ལ་སོགས་པ་དག་ཉིན་རེ་བཞིན་དུ་སྒྲོགས་པའི་གང་ཟག་དེ་ནི། སྔར་གྱི་གོ་རིམ་ཇི་ལྟ་བ་བཞིན་དུ་ཉིན་རེ་བཞིན་ལན་གཅིག་སྒྲོགས་པས་སྒྲིབ་པ་འདག་པ་དང༌། བདུན་གྱིས་ཐོས་པ་འཛིན་པ་དང༌། ཉེར་གཅིག་གིས་སྤོབས་པ་དང༌། བརྒྱས་མི་བརྗེད་པའི་གཟུངས་དང༌། སྟོང་སོགས་ཀྱིས་བསྡུས་པ་ཁྲི་འབུམ་སོགས་བརྗོད་པས། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པར་བྱེད་ནུས་པའི་ཤེས་རབ་ཀྱི་དབང་པོ་དང༌། སྟོབས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གཞན་ཡང་སྐྱེས་བུ་གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་མ་ཆག་པར་བསྟོད་པ་དེ་ནི་ཇི་སྐད་བཤད་མ་ཐག་པ་ལྟར་སྒྲིབ་པ་འདག་པ་སོགས་ཡོན་ཏན་དེ་དག་དང་ལྡན་བར་འགྱུར་བས། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་པོས་ཟིན་པའི་སྒོ་ནས་ཐེག་པ་ཆེན་པོའི་ལམ་སྤྱི་དང༌། ཁྱད་པར་ས་དང་པོ་ལ་སོགས་པ་རྣམས་རིམ་གྱིས་བགྲོད་དེ། གོང་ནས་གོང་དུ་ཡོན་ཏན་གྱི་ཁྱད་པར་རྣམས་ཆེས་ཆེར་འཕར་ནས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུག་གི་གྲོང་ཁྱེར་ཆེན་པོར་ཕྱིན་ནས་འགྲོ་བ་མ་ལུས་པ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་བྱེད་ནུས་པའི་དེད་དཔོན་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །གཞན་ཡང་འཇམ་དཔལ་གྱི་ཞིང་བཀོད་ཀྱི་མདོ་ལས་འཇམ་དཔལ་གྱི་མཚན་བརྗོད་ན་སངས་རྒྱས་འབུམ་གྱི་མཚན་བརྗོད་པ་དང་མཉམ་པར་གསུངས་སོ། །དེ་ལྟར་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཞེས་བྱ་བའི་དོན་རྣམ་པར་བཤད་པ་རྫོགས་སོ། ། །། སྨྲས་པ། རྣམ་འདྲེན་ཀུན་གྱི་མཁྱེན་པའི་ཕུང་པོ་གང༌། །གཅིག་གྱུར་རྒྱལ་སྲས་འཇམ་པའི་རྡོ་རྗེ་ཡི། །རང་བཞིན་བསྔགས་པ་ཉིན་མོའི་སྣང་བ་ནི། །སྐལ་བཟང་བློ་ཡི་པདྨོ་བཞད་ཕྱིར་ཤར། །དེ་ཡི་དགོངས་པ་སྔོན་བྱོན་མཁས་པ་ཡིས། །བཀྲལ་བའི་འགྲེལ་བཤད་འདི་ན་མ་མཐོང་ཡང༌། །བློ་གསལ་དོན་གཉེར་གཞན་གྱིས་བསྐུལ་བའི་ངོར། །ཐག་ཁྲར་ལྟོ་འགྲོར་བཏགས་པ་འདི་ཉིད་བྱས། །འོན་ཏེ་གཞུང་གི་གོང་འོག་ཞིབ་དཔྱད་ནས། །རྒྱས་བཤད་དོར་ཞིང་དོན་གྱི་གནད་བསྡུས་ཏེ། །དགོངས་པ་ཇི་བཞིན་ཁོ་བོས་གྲུབ་སྙམ་པས། །དེ་ཕྱིར་འདི་ལ་ནོངས་པ་མེད་སེམས་མོད། །ཐུབ་བསྟན་གངས་རིའི་སྤོ་ལ་གནས་བཅས་ཏེ། །ལུང་རིགས་རལ་བའི་ཁུར་གྱིས་ལེགས་པར་བརྗིད། །འཇིགས་མེད་རྩལ་གསུམ་རྫོགས་པའི་གདོང་ལྔ་ཡིས། །ལེགས་གཟིགས་འཁྲུལ་པའི་ཆ་གང་སྙིང་ནས་བཤགས། །གཞུང་ལུགས་རྒྱ་མཚོའི་མཚན་མ་མ་མཐོང་ཡང༌། །ཕྱོགས་ཀྱི་ཁྲོན་པར་རིན་ཆེན་ལེན་འདོད་པ། །ཚ་ཙམ་གྱིས་ཚིམ་དེད་དཔོན་ཚུལ་དེ་དག ། གཞན་དུ་འཕྱན་ལ་སུ་ཞིག་འགོག་པར་བྱེད། །ཚུལ་འདིར་འབད་པའི་རྣམ་དཀར་ཅི་མཆིས་དེས། །རྣམ་དཔྱོད་དོན་དུ་གཉེར་བའི་སྐྱེ་འགྲོའི་ཚོགས། །རྒྱལ་སྲས་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་ནས། །ཀུན་མཁྱེན་ཡེ་ཤེས་མྱུར་དུ་ཐོབ་གྱུར་ཅིག ། ཅེས་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པའི་རྣམ་བཤད་མདོར་བསྡུས་པ་འདི་ནི། ཤཱཀྱའི་དགེ་སློང་ཤྲཱི་བྷཱུ་ཏིའི་མིང་གི་མཐའ་ཅན་གྱིས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྔོན་ནས་བྲིས་པ་ལས། ཕྱིས་དད་དང་རྣམ་དབྱོད་ལྡན་པའི་གནས་བརྟན་མ་ཏིས་མུ་དྲས་རང་གི་ལྷག་པའི་ལྷ་འཇམ་དབྱངས་ཉིད་ཀྱིས་རྗེས་སུ་འཛིན་པའི་རྟེན་འབྲེལ་མཚོན་ཕྱིར་བར་དུ་བསྒྲུབས་སོ། ། །། བཀྲ་ཤིས།
རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།
རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་རྣམ་བཤད་མདོར་བསྡུས་བཞུགས་སོ