དབྱངས་ཅན་སྒྲ་ཊཱིཀ་ལས་དདྡྷྱཱནཡ་དང་གཽརྻྻཏྲཿགཉིས་ཀྱི་སྒྲ་སྒྲུབ་མདོ་འགྲེལ་ལ་རགས་ཙམ་དཔྱད་པ།

 དབྱངས་ཅན་སྒྲ་ཊཱིཀ་ལས་དདྡྷྱཱནཡ་དང་གཽརྻྻཏྲཿགཉིས་ཀྱི་སྒྲ་སྒྲུབ་མདོ་འགྲེལ་ལ་རགས་ཙམ་དཔྱད་པ།

སངས་རྒྱས་རྒྱལ། [1]

[ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིའི་ནང་དུ་འདར་ལོ་ཙཱ་བའི་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་བ་གསལ་ལྡན་དང་མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་གི་དབྱངས་ཅན་སྒྲ་མདོའི་འགྲེལ་བ་གཉིས་ཀྱི་བསྟན་བཅོས་རྩོམ་བསྒྱུར་གྱི་རྒྱུ་རྐྱེན་གསལ་སྟོན་དང་། ཁྱད་པར་དུ་བསྟན་བཅོས་དེ་གཉིས་ལས་སྒྲ་མཚམས་སྦྱོར་ལྔ་བའི་ནང་ཚན་དབྱངས་ཀྱི་མཚམས་སྦྱོར་གྱི་དདྡྷྱཱནཡ་དང་གཽརྻྻཏྲཿགཉིས་ཀྱི་སྒྲ་སྒྲུབ་ཀྱི་མདོ་ཚིག་གི་བསྒྱུར་དང་མཆན་འགྲེལ་ལ་དཔྱད་ཞིབ་བགྱིས་ཏེ་སྒྲ་སྒྲུབ་ཀྱི་རི་མོའམ་གོ་རིམ་སྟབས་བདེའི་ངང་སྡོམ་ཚིག་འཇོག་པ་དམིགས་སུ་བཟུང་ནས་གླེང་ཡོད།

[གནད་ཚིག]  དབྱངས་ཅན་སྒྲ་ཊཱིཀ   དདྡྷྱཱནཡ།    གཽརྻྻཏྲཿ།   སྒྲ་སྒྲུབ།

གླེང་གཞི།

རྒྱ་གར་ནི་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་དང་། རིག་གནས་ཀྱི་རྔམས་ཁ་ཤིན་ཏུ་འཐུག་པས།  ལེགས་སྦྱར་སྒྲ་རིག་པ་ནི་ཐོག་མར་རྒྱ་གར་དུ་བྱུང་བ་ཡིན་ཞིང་། དེ་ལ་སྒྲ་གཞུང་ཆེན་པོ་བརྒྱད་དུ་གྲགས་པ་ལས་དར་ཆེ་ཞིང་རྒྱུགས་ཆེ་བ་ནི་“སྒྲ་བྱེད་པ་པཱ་ཎི་ནཱིའོ། །”[2] ཞེས་པ་བཞིན་སྒྲ་པཱ་ཎི་བྱཱ་ཀ་ར་ཎ་དེ་ཡིན་ལ། དེའི་བརྗོད་དོན་ནི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་“རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །”ཞེས་གསུངས་པ་ལྟར་ལེགས་སྦྱར་སྒྲ་རིག་པའི་བརྗོད་བྱའི་བསྟན་དོན་ནི་རང་བཞིན་དང་རྐྱེན། རྣམ་འགྱུར་གསུམ་དུ་བསྡུས་ཤིང་། སྟོན་པ་ཤཱཀྱ་ཐུབ་པ་སྐུ་བཞུགས་དུས།  སྟོན་པ་ཁོང་ཉིད་སཾ་སྐྲྀ་ཏའི་སྐད་དེ་ལེགས་སྦྱར་སྐད་དུ་མདོ་སྔགས་ཀྱི་གསུང་རབ་མང་པོ་བཀའ་བསྩལ་གནང་པ་དང་། སྐབས་དེའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་རང་རང་གི་བློ་ཁ་དང་མཐུན་པའི་སྒོ་ནས་གསུང་རབ་རྣམས་སྐད་བརྡ་མི་འདྲ་བའི་ཡི་གེར་ཕབ་སྟེ་དམ་པའི་ཆོས་རྒྱ་ཆེར་དར།  བོད་དུའང་སྒྲ་ཀཱ་ཙན་དབྱངས་གསུམ་སོགས་བྱུང་བ་དང་། ཁྱད་པར་དུ་དབྱངས་ཅན་སྒྲ་མདོ་དར་རྒྱས་ཆེན་པོ་བྱུང་། བོད་ཀྱི་མཁས་པ་སྔ་མའི་གསུང་རྒྱུན་དུ། སྒྲ་ཤེས་ན་དོན་ལ་མི་རྨོངས།། ཞེས་པ་བཞིན་ལེགས་སྦྱར་སྒྲ་རིག་པ་ནི་གསང་སྔགས་ཀྱི་གཞུང་ཆེན་ལ་འཇུག་པར་མ་ཟད། ཐ་ན་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དང་སྙན་གཞུང་གི་ལེའུ་དང་མཐའ་གཉིས་སོགས་ཁོང་དུ་ཆུད་པ་ལ་ངེས་པར་དུ་སློབ་དགོས་པ་ཞིག་ཏུ་གྱུར་ཡོད། བོད་དུ་ལེགས་སྦྱར་སྒྲ་རིག་པའི་མཁས་པ་མང་པོ་བྱོན་པ་དང་དེའི་ཐད་ཀྱི་བསྟན་བཅོས་ཀྱང་མང་པོ་ཞིག་མཛད་པ་ལས་དུས་རབས་མི་འདྲ་བའི་ནང་དུ་བྱུང་བའི་འདར་ལོ་ཙཱ་བའི་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་བ་གསལ་ལྡན་དང་མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱི་དབྱངས་ཅན་སྒྲ་མདོའི་འགྲེལ་བ་གཉིས་ནི་ལེགས་སྦྱར་སྒྲ་རིག་པའི་བསྟན་བཅོས་གྲགས་ཆེན་དུ་བགྲང་བས་ན། བློ་གསལ་དོན་གཉེར་ཅན་རྣམས་ལེགས་སྦྱར་གྱི་སྒྲ་རིག་པར་འཇུག་བདེ་བའི་ཕྱིར་དུ། ཁོ་བོས་དཔྱད་རྩོམ་འདིར་ལེགས་སྦྱར་སྒྲ་རིག་པའི་བསྟན་བཅོས་དེ་གཉིས་དམིགས་སུ་བཟུང་སྟེ་ལེགས་སྦྱར་སྒྲ་རིག་པ་དོན་གཉེར་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་ཁྱད་པར་དུ་དདྡྷྱཱནཡ་དང་གཽརྻྻཏྲཿགཉིས་ཀྱི་སྒྲ་སྒྲུབ་མདོ་འགྲེལ་ལ་གཤིབ་བསྡུར་བྱས་ཏེ་སྒྲ་སྒྲུབ་ཀྱི་གོ་རིམ་མདོ་ཚིག་ཇི་བཞིན་སྡོམ་ཚིག་བཀོད་དེ་གླེང་བར་བྱ་བ་ལ། །  

གཅིག    བོད་ཀྱི་ལོ་པཎ་རྣམས་ཀྱིས་ལེགས་སྦྱར་སྒྲ་རིག་པ་བསྒྱུར་སྤེལ་མཛད་ཚུལ།

དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་མདོ་དབུས་ཁམས་གསུམ་གཅིག་གྱུར་བྱས་ནས་ནང་བསྟན་ཆོས་ལུགས་ནང་འདྲེན་གྱི་འགོ་བརྩམས་པ་ནས་བཟུང་། སློབ་དཔོན་ཐོན་མི་སཾ་བྷོ་ཊ་གཙོས་བོད་ཀྱི་ལོ་པཎ་མང་པོས་སྒྲ་རིག་པའི་གཞུང་ལ་དོན་གཉེར་གནང་སྟེ་བོད་ཀྱི་ཡི་གེ་གསར་བཟོ་དང་མདོ་སྔགས་གཉིས་ཀྱི་དམ་ཆོས་མང་པོ་ཞིག་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པ་ཇི་ལྟ་བ་བཞིན་བོད་དུ་ལེགས་པར་བསྒྱུར་ཞུས་ཕབ་གསུམ་མཛད།  ནང་སྒོས་མངའ་བདག་ཁྲི་རལ་བ་ཅན་གྱི་དུས་སུ། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་མོ་སྐ་ཅོག་ཞང་གསུམ་སོགས་བྱོན་པ་དང་། བཙན་པོའི་སྐུ་དྲིན་ལ་བརྟེན་ནས་རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ་སོགས་བོད་དུ་གདན་དྲངས་ཏེ་ཆོས་གཞུང་མང་པོ་བོད་དུ་བསྒྱུར་བ་དང་། སྔར་གྱི་འགྱུར་གཞུང་ཁྲོད་དུ་གནས་པའི་ཐ་སྙད་འདོགས་སྟངས་དང་བརྡ་སྤྲོད་ཀྱི་རྣམ་གཞག་ལ་ལེགས་བཅོས་དང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་བོད་རང་སྐད་ཀྱིས་བརྩམས་ཆོས་དང་གཉིས་སུ་མེད་པའི་འགྱུར་གཞུང་ཐད་ལ་ཕྱག་རྗེས་བླ་མེད་བཞག དེ་ནས་ངེས་དོན་གྱི་པཎྜི་ཏ་ས་པཎ་ཀུན་དགའ་རྒྱལ་མཚན་(1182-1251)གྱིས་རང་གི་བསྟོད་པ《ང་བརྒྱད་མ》ལས། “སྒྲ་པ་ང་ཡིན།”[3]ཞེས་སོགས་གསུངས་པ་ལྟར། ཁོང་ནི་སྒྲ་རིག་པ་དང་བཅས་པ་ལ་ཤིན་ཏུ་མཁས་ཤིང་སློབ་བུའང་མང་པོ་བསྐྱངས། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། “ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། ། ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་། །ཐར་ལོ་ཡན་ལ་སྒྲ་མདོ་འགྱུར་བ་མེད། །”[4] ཅེས་པ་བཞིན། ལོ་ཆེན་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་སྒྲ་རིག་པའི་གནས་ལ་མཁས་པས་སྦྱངས་ཏེ་ཙནྡྲ་གོ་མིས་མཛད་པའི་ཉེ་བར་སྒྱུར་པ་ཉི་ཤུ་པའི་འགྲེལ་པ་ཞེས་བྱ་བ་དང་ཡི་གེའི་མདོ་ཞེས་བྱ་བ་གཉིས་དང་གཞན་སློབ་དཔོན་ཆོས་སྐྱོང་གིས་མཛད་པའི་ཡི་གེ་མདོའི་འགྲེལ་པ་ཞེས་བྱ་བ་བཅས་བོད་དུ་བསྒྱུར་བ་དེ་དག་སྡེ་དགེའི་བསྟན་འགྱུར་ཁྲོད་ཀྱི་སྒྲ་མདོ་སྐོར་གྱི་དུམ་པ་རུ་བཞུགས་པ་དེ་ནི་བོད་དུ་སྒྲའི་བསྟན་བཅོས་ཀྱི་འགྱུར་གཞུང་ཐོག་མ་རུ་ངོས་འཛིན་བྱེད་པ་དང་། དུས་དེ་ནས་བཟུང་སྒྲ་གཞུང་དར་བའི་དབུ་ཚུགས། རིམ་བཞིན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་(ཕལ་ཆེར1240-མི་གསལ)གྱིས་སྒྲ་ཙནྡྲ་པ་བོད་དུ་བསྒྱུར་བ་དང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་(1267-1342)དེ་ལ་བསྒྱུར་བཅོས་གནང་པ་མ་ཟད། སྒྲ་ཀཱ་ལ་པའང་བོད་དུ་བསྒྱུར། དབྱངས་ཅན་སྒྲ་མདོ་ནི་ལྷ་མཐོང་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱིས་ཕྱེད་ཙམ་བསྒྱུར་ཅིང་། ཕྱིས་སུ་ཇོ་ནང་ཏཱ་ར་ནཱ་ཐས་(1575-1634)ཆ་ཚང་བར་བསྒྱུར།  1665ལོར་འདར་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཡང་བསྐྱར་ལེགས་པར་བསྒྱུར་བ་དང་། དེ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ།(1654-1721)དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་(1675-1749)། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་(1700-1774)སོགས་དང་། དེའི་ཕྱིས་བླ་བྲང་བཀྲ་ཤིས་འཁྱིལ་་གྱི་ཨ་ཁུ་ཤེས་རབ་རྒྱ་མཚོ་དང་ཨ་ཁུ་དམར་སོག་བཛྲ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ(1898-1946)།  མཁན་པོ་ཁྲོ་རུ་ཚེ་རྣམ་(1926-2004)སོགས་ཀྱིས་མཚོན་པའི་སྒྲ་རིག་པའི་མཁས་པ་མང་པོ་བྱོན་པ་དང་དེའི་ཐད་ཀྱི་བསྟན་བཅོས་ཀྱང་མང་པོ་ཞིག་མཛད་པ་ནི་རྗེས་སུ་ཡི་རང་གི་གནས་སོ། །

གཉིས། འདར་ལོ་ཙཱ་བས་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་བ་གསལ་ལྡན་བསྒྱུར་པའི་རྒྱུ་རྐྱེན།

རྒྱལ་མཆོག་ལྔ་བ་(1617-1682)ནི་རྗེ་རྒྱལ་བ་བློ་བཟང་གྲགས་པའི་དཔལ་གྱིས་སྲོལ་འབྱེད་མཛད་པའི་དགེ་ལྡན་བསྟན་པའི་རིང་ལུགས་འཛིན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན། སྡེ་སྲིད་ཀྱིས་ཀྱང་ཁོང་གི་མདུན་དུ་སྒྲ་རིག་པ་གསན་སྦྱོང་གནང་པར་མ་ཟད། ཀུན་འགྲོལ་དབྱངས་ལྡན་ཞིབ་མཆན་ཞེས་པའང་བརྩམས། སྐབས་དེར། དུས་ཀྱི་འཕོ་འགྱུར་དང་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཏུ་སླེབས་པའི་སྐབས་ཀྱི་མི་སྣ་གལ་ཆེན་ཞིག་ལ་མཚོན་ན་ལྔ་བ་ཆེན་པོ་ཁོང་ཉིད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གཞུང་སྤྱི་དང་། ནང་སྒོས་མ་འོངས་པའི་སྤྱི་ཚོགས་འཕེལ་རིམ་ལ་ཕྱོགས་ཡོངས་ནས་ཐུགས་གནང་དང་ཉམས་ཞིབ་མཛད་དགོས་པ་ནི་ཁོང་གི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཡིན་པས། སྐུ་ཉིད་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སླད་དུའང་སྒྲ་རིག་པའི་རྩ་བར་གྱུར་པ། ལྷ་མོ་དབྱངས་ཅན་མས་གསུངས་ཤིང་སློབ་དཔོན་ཨ་ནུ་བྷཱུ་ཏིས་འགྲེལ་བ་མཛད་པའི་དབྱངས་ཅན་སྒྲ་མདོའི་འགྱུར་གཞུང་སྔ་མ་དག་འཐུས་ཚང་མིན་པ་བཅས་ཀྱི་རྒྱུ་རྐྱེན་ལ་བརྟེན་ཏེ་རྒྱལ་དབང་ལྔ་བས་རང་གི་ཐུགས་སྲས་འདར་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ལ་དབྱངས་ཅན་སྒྲ་ཊཱིཀ་བསྒྱུར་དགོས་པའི་བཀའ་ཕབ། འདར་ལོ་ཁོང་ཉིད་རྒྱ་གར་གྱི་སྒྲ་རིག་པའི་པཎྜི་ཏ་དུ་མར་སློབ་དཔོན་དུ་བསྟེན་ནས་སྒྲ་རིག་པའི་གཞུང་ལ་གསན་སྦྱོང་གནང་པའི་མཁས་པ་ཞིག་ཡིན་པར་བརྟེན། 1665ལོར་དབྱངས་ཅན་སྒྲ་ཊཱིཀ་གསལ་ལྡན་ཞེས་པ་དེ་ཡོངས་སུ་ལེགས་པར་བསྒྱུར་དུ་བཅུག་པ་འདི་ཙམ་ཡང་ལྔ་བ་ཆེན་པོའི་ཐུགས་དགོངས་ཧ་ཅང་ཡངས་པ་རྟོགས་ཐུབ་སྟེ། འགྲེལ་བ་གསལ་ལྡན་རང་དུའང་“རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོ་ཞེས་པ་ནས་འདི་བཞིན་སྒྱུར་ཅིག་ཅེས་བཀའི་གནང་བ་ཐོབ་པར་བརྟེན།”[5]ཞེས་པའི་བར་གསུངས་པ་ལྟར་དང་། ལྷ་མཐོང་ལོ་ཙཱ་བ་ནི་ཀརྨ་མི་བསྐྱོད་རྡོ་རྗེ་(1507-1554) སོགས་ལས་སྒྲ་རིག་པའི་རྒྱུན་ཐམས་ཅད་ཐོབ་པར་མ་ཟད། སྒོས་སུ་བལ་བོ་ཛ་གད་རཱ་ཛའི་གསུང་རྒྱུན་མང་པོ་ཡང་ཁོང་ལ་ཐོབ་ཡོད་པའི་སྒྲ་རིག་པའི་ལོ་ཙཱ་བ་ཆེན་མོ་ཞིག་ཡིན་མོད། འགྲེལ་བ་གསལ་ལྡན་ཕྱེད་འགྱུར་ཙམ་དེ་ལེགས་པར་མཐོང་ཡང་། དཔེ་རྒྱུན་དཀོན་པ་དང་། ཕྱིས་བསྒྱུར་གྱི་རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐའི་འགྲེལ་བ་མཆོག་གསལ་ལྟ་བུར་མཚོན་ན་གཞུང་དོན་གོ་དཀའ་བ་དང་། གཞན་སློབ་དཔོན་ཆེན་པོ་ཨ་ནུ་བྷཱུ་ཏིའི་དགོངས་དོན་དང་མི་མཐུན་པ་འགའ་རེ་མཆིས་པས་ལྔ་བ་ཆེན་པོས་ཕྱི་རབས་པར་དགོངས་ནས་འདར་ལོ་ནི་གཅིག་ན་རང་གི་ཐུགས་སྲས་ཡིན་པ་དང་། གཉིས་ན་ཁོང་ཉིད་སྒྲ་རིག་པར་ཧ་ཅང་མཁས་པའི་རྐྱེན་གྱིས་སྒྲ་གཞུང་བསྒྱུར་རྒྱུའི་དུས་སྐབས་ཤིག་ཀྱང་ངང་གིས་སླེབས་པས། འདར་ལོས་ཀྱང་བཀའ་བབ་ཕྲག་ཏུ་བླངས་པ་དང་། ལྔ་བ་ཆེན་པོའི་ཐུགས་བཀོད་བཞིན་རྒྱ་གར་གྱི་པཎྜི་ཏ་པཱ་ལ་བྷ་དྲ་དང་གོ་ཀུ་ལ་ན་ཐཱ་མི་ཤྲ་སྐུ་མཆེད་གཉིས་ཆེད་དུ་གདན་དྲངས་པ་དང་ཁོང་གཉིས་ཀྱི་དྲུང་དུ་ལེགས་སྦྱར་སྒྲ་རིག་པ་གསན་སྦྱངས་ལེགས་མཛད་དང་གསུང་རྒྱུན་བཞིན་ཕོ་བྲང་པོ་ཏ་ལ་རུ་ཟླ་ངོ་དྲུག་ཙམ་གྱི་རིང་ལ་འགྲེལ་བ་གསལ་ལྡན་ཁ་གསལ་དོན་རྒྱས་ཀྱི་སྒོ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བོ། །

གསུམ། དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་བ་གསལ་ལྡན་ལས་དདྡྷྱཱནཡ་དང་གཽརྻྻཏྲཿགཉིས་ཀྱི་སྒྲ་སྒྲུབ་མདོ་འགྲེལ

དབྱངས་ཅན་སྒྲ་མདོ་ལས་དབྱངས་ཀྱི་མཚམས་སྦྱོར་ལྟ་བུར་མཚོན་ནའང་སྒྲ་སྒྲུབ་ཀྱི་རི་མོ་མཐའ་ཡས་པ་ཡོད་ཀྱང་། དཔེར་བརྗོད་དུ་བཀོད་པ་ལ56དང་། དེ་བཞིན་རང་བཞིན་མཚམས་སྦྱོར་ལ21དང་།གསལ་བྱེད་ཀྱི་མཚམས་སྦྱོར་ལ110དང་། རྣམ་བཅད་ཀྱི་མཚམས་སྦྱོར་ལ66དང་རྣམ་དབྱེའི་སྐོར་ལ23བཅས་ཡོད་པ་དེ་དག་ལས་དབྱངས་ཀྱི་མཚམས་སྦྱོར་གྱི་ཐོག་མའི་དཔེར་བརྗོད་གཉིས་དྲངས་ན། སྤྱིར་སྒྲ་སྒྲུབ་ཚུལ་ལ་སོ་སོའི་མདོ་རྩ་དང་གོ་རིམ། འགྲེལ་བཤད་རྣམས་ཀློག་པ་པོའི་ཡིད་ལ་འཛིན་བདེ་ཞིང་དོན་རྟོགས་སླ་བ། གཙོ་གནད་འབུར་དུ་ཐོན་ཅིང་དོན་བསྡུས་ཚིག་ཉུང་སྒོས་རྩ་ཚིག་རེ་རེ་ནི་སྤྱི་འགྲོས་ལྟ་བུ་ཞིག་ཏུ་ཡིན་དགོས་པས། སྒྲ་བསྒྲུབ་པའི་ཚེ་ངེས་པར་དུ་མདོ་ཚིག་ལ་བརྟེན་པ་དང་གོ་རིམ་མ་ནོར་བར་བསྒྲུབ་ནས་གྲུབ་ཚེ། དཔེར་ན་དདྡྷྱཱ་ན་ཡ་སྟེ་བོད་སྐད་དུ་ཞོ་ལོངས་ཤིག་ཅེས་པའི་དོན་གསལ་བར་སྟོན་པ་ཞིག་ཡིན་པས། འགྲེལ་བ་གསལ་ལྡན་ལས“དབྱངས་ལ་ཨི་ཡ྄འོ། ཕ་རོལ་ཏུ་དབྱངས་ཀྱི་ཡི་གེ་གང་རུང་ཞིག་ཡོད་པ་ལ་ཚུ་རོལ་ཚིག་མཐའ་ལ་སོགས་པའི་ཨི་ཡིག་ནི་ཡ྄་རུ་འགྱུར་ཏེ། ད་དྷི་ཨཱ་ན་ཡ་ཞེས་པ་བཞག ཧ་ས་ལས་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ།  ། དབྱངས་ལས་ཕ་རོལ་གྱི་ར་ཡིག་དང་ཧ་ཡིག་མ་ཡིན་པའི་ཧ་ས་དེ་ནི་ཧ་སའི་ཡི་གེ་ཕ་རོལ་ལ་གཉིས་སུ་འགྱུར་ཏེ། དྷ྄་ཡིག་གཉིས་བརྗོད། ཛྷ་བྷ་ལ་ཛ་བ་རྣམས་སོ། ། ཚུ་རོལ་ཛྷ་སའི་ཡི་གེ་རྣམས་ཛྷ་བྷ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་ཛ་བ་སོ་སོར་བསྡུ་བའི་ཡི་གེར་འགྱུར་ཏེ། དྷ་ཡིག་གོང་མ་སྡེ་པ་གཅིག་པའི་གྲངས་མཚུངས་པའི་ད྄་ཡིག་ཏུ་བསྒྱུར། དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ།། ཚུ་རོལ་གྱི་ཧ་ས་དབྱངས་མེད་རྣམས་ཕ་རོལ་དབྱངས་སམ་ཧ་ས་དབྱངས་ལྡན་གང་ཡོད་པ་དེ་ལ་ཡང་དག་པར་སྦྱོར་ཏེ། རིམ་པར་དྲངས། དདྡྷྱ་ན་ཡ། ཞེས་པ་གྲུབ།  གཽ་རཱི་ཨ་ཏྲཿ ཞེས་པ་བཞག   ར྄་ཡིག་གཉིས་སུ་མི་འགྱུར། རྲ་ལས་ཡ྄་ཡང་གཉིས་སོ། ། དབྱངས་སྔོན་ན་ཡོད་པའི་ར྄་ཡིག་ལས་ཕ་རོལ་གྱི་ཡ྄་ཡང་གཉིས་སུ་འགྱུར་བས། ཡ྄་གཉིས་བརྗོད། ཆུ་ལ་ཀོ་བའི་རིག་པས་རེ་ཕ་སྟེང་དུ་འགྲོ་སྟེ། རིམ་པར་དྲངས་ར྄་ཡིག་སྟེང་དུ་བྲིས།”[6] ཞེས་གསུངས།

གོང་གི་སྒྲ་སྒྲུབ་ཀྱི་ཆོ་ག་ནི་དཔེ་ངོས་ལྟར་ངག་ནས་བརྗོད་པའམ་གསལ་བཤད་བྱས་པ་ཙམ་གྱིས་ཀློག་པ་པོའི་ཡིད་ལ་ཅུང་འཆར་དཀའ་བས། ངེས་པར་དུ་མདོ་ཚིག་རེ་རེ་བཞིན་ངག་ནས་སྐད་ཅུང་མཐོན་པོས་གསལ་བར་བརྗོད་ཅིང་། ལག་པས་སྒྲ་གཞོང་[7]ངོས་སུ་ཡང་དང་བསྐྱར་དུ་བྲི་ན་ད་གཟོད་རང་གི་སེམས་ལ་ངེས་པའམ་འཆར་བ་ཞིག་ཡིན།  

དེ་བས་འདར་ལོ་ཙཱ་བས་དདྡྷྱ་ན་ཡ་ཞེས་པ་དེར་སྒྲ་སྒྲུབ་བྱེད་པའི་ཆོ་ག་ནི།

མདོ་རྩ་ལྟར་ན།  དདྡྷྱཱ་ན་ཡ་ཞེས་པ་གྲུབ་པའི་སྒྲ་སྒྲུབ་ཀྱི་མདོ་ཚིག་ལ་བཞི་སྟེ། ①དབྱངས་ལ་ཨི་ཡྲའོ། ②ཧ་ས་ལས་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ།  ། ③ཛྷ་བྷ་ལ་ཛ་བ་རྣམས་སོ། །   ④དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ། །རྣམས་དང་།  དེ་བཞིན་དུ། གཽརྻྻཏྲཿ་ལ་གོང་གི་མདོ་ཚིག་བཞིའི་རྨང་གཞིའི་སྟེང་། ར྄་ལས་ཡ྄་ཡང་གཉིས་སོ།  ། ཞེས་པའི་མདོ་ཚིག་གཅིག་ཁ་སྣོན་བྱས་ཡོད་པ་དེ་རེད།  གོང་གི་དཔེར་བརྗོད་གཉིས་ཀྱི་སྒྲ་སྒྲུབ་ལས་བང་ཚོས་རྟོགས་ཐུབ་པ་ནི། འགྱུར་གཞུང་ལས་སྒྲ་སྒྲུབ་ཀྱི་ཆོ་ག་དང་མཆན་འགྲེལ་སོགས་ཅུང་བསྡུས་དྲག་པས་སྒྲ་གཞོང་དུ་རི་མོ་ཕབ་ཏེ་སྒྲ་བསྒྲུབ་བྱེད་ཚེ་མདོ་ཚིག་གི་འགྲེལ་གྱི་དོན་ཅུང་གོ་དཀའ་ཞིང་མི་གསལ་བ་དང་། སྒྲ་སྒྲུབ་པའི་ཞིབ་ཕྲའི་གོ་རིམ་ཡང་ཅུང་མི་གསལ་བ། ལས་དང་པོ་བ་ཞིག་ལ་མཚོན་ན་བློ་ངོར་ཅུང་འཆུན་དཀའ་བར་སེམས་མོད། འོན་ཀྱང་སྔ་འགྱུར་གྱི་གཞུང་དང་བསྡུར་ན་འདར་ལོ་ཙཱ་བ་རང་ཉིད་ཀྱིས་བརྩམས་པ་དང་གཉིས་སུ་མེད་པའི་བླ་ལྷག་གི་རིན་ཐང་ལྡན་པ་ཞིག་ཡིན་པར་འདོད་དོ། །

བཞི། མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱིས་དབྱངས་ཅན་སྒྲ་མདོའི་འགྲེལ་བ་རྩོམ་པའི་རྒྱུ་རྐྱེན།

པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་(1938-1989)མཆོག་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་ཀྱི་བླ་སྤྲུལ་ཆེན་པོ་ཞིག་ཡིན་ལ། བོད་ཞི་བས་བཅིང་འགྲོལ་ཐོབ་རྗེས། ཀྲུང་གོ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ཨུད་དང་། སྐབས་གཉིས་པ་དང་ལྔ་བ། དྲུག་པ། བདུན་པ་བཅས་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ།  སྐབས་གསུམ་པ་དང་བཞི་པའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཨུ་ཡོན་བཅས་ཀྱི་འགན་འཁྲི་གནངས། ཁོང་གི་སྐུ་དྲིན་ལས། པེ་ཅིན་དུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་དུ་བཙུགས་པ་དང་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་བསྡུས་ནས་བོད་ཀྱི་རིག་གནས་སྤྱི་དང་ནང་སྒོས་བོད་བརྒྱུད་ནང་བསྟན་འཆད་ཉན་ཐད་ལ་ཉམས་པ་སོར་ཆུད་ཀྱི་མཛད་པ་རྒྱ་ཆེར་བསྐྱངས།   ཁོང་གིས་མཁས་དབང་ཁྲོ་རུ་ཚེ་རྣམ་(1926-2004)[8]ལ་བཀས་བསྐུལ་ཞིང་། བོད་ལྗོངས་སྨན་རྩིས་ཁང་གི་ ཡོན་ཀྲང་བྱམས་པ་ལ་འགན་སྐྱོན་པ་བཀའ་བཞིན་དང་དུ་བླངས་ནས། ཁོང་ཉིད་ཀྱིས་མཛད་པའི་དབྱངས་ཅན་སྒྲ་ཊཱིཀ་ཉུང་ངུ་རྣམ་གསལ་ཁྲིད་གཞིར་མཛད་ཅིང་། 1989ལོའི་སྟོད་དུ་འགོ་བརྩམས་ཏེ་ལོ་ངོ་གཉིས་ལྷག་གི་རིང་ལ་བོད་ལྗོངས་སྨན་རྩིས་ཁང་དུ་བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་གི་དགེ་བཤེས་དང་གྲྭ་བཙུན། སྤྱི་ཚོགས་ལས་རིགས་སྟེང་གི་དགེ་རྒན་དང་སློབ་མ་བཞི་ཅུ[9]ལྷག་བསྡུས་ནས་སྒྲ་ཀཱ་ཙན་དབྱངས་གསུམ་གྱི་ཁྲིད་རྒྱུན་སྤེལ། མཁས་དབང་ཁྲོ་རུ་ཚེ་རྣམ་ནི་1983ལོ་ནས་བཟུང་། བོད་ལྗོངས་སློབ་ཆེན་དུ་དགེ་རྒན་རྣམས་ལ་ཀཱ་ཙན་དབྱངས་གསུམ་སོགས་འཆད་ཁྲིད་གནང་ནས་ཕྱིས་སུ་དབྱངས་ཅན་སྒྲ་མདོའི་འགྲེལ་བ་དང་ཙནྡྲ་པའི་འགྲེལ་བ་གཉིས་ཀྱང་ལྗགས་རྩོམ་མཛད་ནས་སྒྲ་རིག་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ལ་ཕྱག་རྗེས་དང་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སྤྱི་ལ་ནང་བྱན་ཆུད་པའི་ངེས་དོན་གྱི་མཁས་པའི་དབང་པོ་ཞིག་ཡིན་པས། པཎ་ཆེན་བཅུ་བས་ཀྱང་ཁོང་གི་ཐུགས་རྒྱུད་ཀྱི་ཡོན་ཏན་ལ་བསྔགས་བརྗོད་ཆེན་པོ་གནངས་མྱོང་། དེང་སང་མཁན་པོ་ཁོང་གི་སྒྲ་རིག་པའི་ལྗགས་རྩོམ་རྣམས་ས་དགེ་བཀའ་རྙིང་གི་དགོན་སྡེ་ཁག་ཏུ་སྐུ་ཉིད་ཀྱི་སློབ་བུ་དག་གིས་འཆད་ཁྲིད་ཀྱི་རྒྱུན་བསྐྱངས་དང་སྐྱོང་བཞིན་མཆིས་སོ། །

ལྔ། དབྱངས་ཅན་སྒྲ་མདོའི་འགྲེལ་བ་ལས་དདྡྷྱཱནཡ་དང་གཽརྻྻཏྲཿགཉིས་ཀྱི་སྒྲ་སྒྲུབ་མདོ་འགྲེལ

ང་ཚོས་སྔར་བཞིན་ད་དྷི་ཨཱ་ན་ཡ་དང་གཽརཱི་ཨ་ཏྲཿ་གཉིས་དཔེར་དྲངས་ན། ཁོང་གི་དབྱངས་ཅན་སྒྲ་མདོའི་འགྲེལ་བ་ལས་“དབྱངས་ལ་ཨི་ཡ྄འོ །ཚུ་རོལ་གྱི་མཐའ་ལ་ཨི་ཡིག་རིང་ཐུང་གང་བྱུང་ཡང་ཕ་རོལ་ཏུ་དེ་དང་འདྲ་བ་མ་ཡིན་པའི་དབྱངས་ཀྱི་ཡི་གེ་གང་རུང་ཞིག་བྱུང་བའི་ཚེ་ཚུ་རོལ་གྱི་མཐའི་ཨི་ཡིག་དེ་ནི་ཡ྄་རུ་འགྱུར་ཏེ།  དཔེར་ན། ཚུ་རོལ་ཏུ། ད་དྷི། བཞག   ཕ་རོལ་ཏུ། ཨཱ་ན་ཡ། བཞག  རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ།  །ཞེས་པས་དྷ་ལས་ཨི་ཕྲལ། དྷ྄་དབྱངས་མེད་དུ་སོང་།  མདོ་འདིས་ཨི་ཡ྄་རུ་བསྒྱུར་བས། ད་དྷྲ་ཡ྄།  ཧ་ས་ལ་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ།  །ཕ་རོལ་ཏུ་ཧ་སའི་ཡི་གེ་བྱུང་བ་ལ། ཚུ་རོལ་དབྱངས་ཀྱི་མཐའ་ལས་ར་ཧ་གཉིས་མ་ཡིན་པའི་ཧ་སའི་ཡི་གེ་རྣམས་གང་བྱུང་བ་དེ་གཉིས་སུ་འགྱུར་ཏེ། དྷ྄་གཉིས་བརྗོད་པས། དྷ྄་དྷ྄། ཞེས་གནས་པ་ལ། ཛྷ་བྷ་ལ་ཛ་བ་རྣམས་སོ། ། སྡེ་པ་བཞི་པ་ཛྷ་བྷ་སོ་སོར་བསྡུ་བའི་ཡི་གེ་གང་རུང་ཕ་རོལ་ལ་བྱུང་བའི་ཚེ། ཚུ་རོལ་མཐའི་ཛྷ་བྷའི་ཡི་གེ་དེ་རང་དང་སྡེ་པ་གཅིག་པའི་གྲངས་མཚུངས་ཀྱི་གསུམ་པ་ཛ་བ་རྣམས་སུ་འགྱུར་ཏེ། དྷ྄་གོང་མ་ད྄་ཡིག་ཏུ་བསྒྱུར། ད྄་དྷ྄། དབྱངས་མེད་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ། །ཚུ་རོལ་གྱི་ཧ་ས་དབྱངས་མེད་རྣམས་ཕ་རོལ་ཏུ་དབྱངས་སམ་ཧ་ས་དབྱངས་ལྡན་གང་ཡོད་པ་དེ་ལ་ཡང་དག་པར་སྦྱོར་ཏེ། རིམ་པར་ཡ྄་སྲོག་མེད་ཨ་དང་སྦྱར།  དྷ྄་སྲོག་མེད་ཡཱའི་མགོ་བོར་དྲངས། ད྄་སྲོག་མེད་དྷ྄འི་མགོ་བོར་དྲངས་པས། དདྡྷྱཱནཡ། བོད་སྐད་དུ། ཞོ་ལོངས་ཤིག་ཅེས་པ་གྲུབ། དེས་ཨི་ཐུང་རིང་གི་མཐའ་ཅན་ཀུན་ལ་རིགས་འགྲེའོ།  ། ཞེས་དང་།   ཡང་། ་་་་་་་་་་། ཚུ་རོལ་ཏུ།  གཽ་རཱི།  བཞག   ཕ་རོལ་ཏུ།  ཨ་ཏྲཿ བཞག  ར྄་ལས་ཨི་ཕྲལ། གོང་གི་མདོས། ཨི་ཡ྄་རུ་འགྱུར།  ར་ཧ་མ་ཡིན་པ་ཞེས་པའི་ཁྱད་པར་ལས་ར་ཡིག་གཉིས་སུ་མི་འགྱུར།  ར྄་ལས་ཡ྄་བ་གཉིས་སོ།  །འོན་ཀྱང་དབྱངས་སྔོན་ན་ཡོད་པའི་ར྄་ཡིག་ལས་ཕ་རོལ་གྱི་ཡ྄་དང་བ྄་དག་གཉིས་སུ་འགྱུར་བས། མདོ་འདིས་ཡ྄་གཉིས་བརྗོད།  རིམ་པར་དྲངས་པས། དབྱངས་ཀྱི་དམན་པས་སྲོག་མེད་པ་ཡང་བའི་ཕྱིར་མཚུངས་ཆོས་སུ་ཆུ་ལ་ཀུ་བའི་རིག་པས་ར་ཡིག་སྟེང་དུ་འགྲོའོ། །  གཽརྻྻཏྲཿ  དཀར་མོ་འདིར། ཞེས་གྲུབ་བོ། །” [10] ཞེས་གསུངས། 

ང་ཚོས་དཔེར་བརྗོད་འདི་གཉིས་ཀྱི་སྒྲ་སྒྲུབ་ཀྱི་ཆོ་ག་ལ་ཞིབ་ཏུ་བརྟག་ན། ཁྱད་ཆོས་འདི་དག་ཡོད་དེ།  རྩ་བའི་མདོ་ཚིག་ཆ་ཚང་པ། གསལ་བཤད་ཀྱི་ཚིག་ཉུང་ཞིང་དོན་བསྡུས་པ། ཁ་གསལ་ཞིང་གོ་སླ་བ། སྒྲུབ་ཚུལ་གྱི་གོ་རིམ་ལྡན་ཞིང་གསལ་བ། མཛུབ་མོས་རི་སྟོན་བཞིན་སྒྲ་གཞོང་ངོས་སུ་རང་བྱུང་དུ་ཤར་བ་བཞིན་ཡིད་ངོར་གཟུགས་བརྙན་ལྟར་མངོན་པ། དགེ་རྒན་ཞིག་ལ་མཚོན་ན་སྒྲ་ཊཱིཀ་འདིའི་སྟེང་ནས་སློབ་མར་ཁྲིད་བདེ་བ་དང་། ལས་དང་པོ་བ་ཞིག་ལ་མཚོན་ན་ཧ་ཅང་སློབ་བདེ་བ་དང་ཉན་བདེ་བ་ཞིག་ཀྱང་ཡིན་པར་འདོད་དོ། །

གོང་དུ་གཤིབ་སྡུར་གྱི་མདོ་ཚིག་གི་འགྱུར་གྱི་ཐད་ལ་མི་འདྲ་བ་གཉིས་བྱུང་ཡོད་དེ།  ཧ་ས་ལ་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ།། ཞེས་པའི་ཧ་ས་ལ་ཞེས་པའི་ལ་ནི་གཞི་འཛིན་པར་གོ་ལ། ལས་ནི་དགར་བ་ལ་གོ། རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐའི་གཞུང་དུ་ལ་ཞེས་པ་བཞིན་སྔ་འགྱུར་ལ་བསྟུན་པ་ཡིན་མོད། གང་ལྟར་ལ་དང་ལས་གཉིས་གང་རུང་གིས་དོན་ལ་འགྲེལ་ཆགས་པ་ཡིན། འདར་ལོ་ཙཱ་བ་ནས་བཟུང་། ཧ་ས་ལས་ཞེས་པའི་ལས་སུ་བསྒྱུར་ཡོད་པས་ཡིན། ཡང་། ར྄་ལས་ཡ྄་བ་གཉིས་སོ། ། ཞེས་པ་དེ་ཇོ་ནང་ཏཱ་ར་ནཱ་ཐ་དང་འདར་ལོའི་བསྒྱུར་གཞུང་དུ་ར྄་ལས་ཡ྄་ཡང་ཞེས་འབྱུང་།   ཡ྄་བ་ཞེས་པའང་འགྱུར་གསར་ཡིན་ལ།  མཁན་པོ་ཁྲོ་རུ་ཚེ་རྣམ་གྱི་སློབ་བུ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་སྤེན་པ་ཚེ་རིང་གིས། “ར་ལས་ཡ྄་ཝ྄་གཉིས་སོ།།”[11] ཞེས་པ་དང་བྱཱཀརཎ་ཞེས་པ་དེ་ལ་ལྦྱཱཀརཎ་ཞེས་དང་། གཞུང་གཞན་དུ་དེ་བ་ལ་དེ་ལྦ་ཞེས་པ་སོགས་མང་ངོ་། ། 

དྲུག འདར་ལོ་དང་མཁན་ཁྲོ་རུ་ཚེ་རྣམ་གཉིས་ཀྱི་དབྱངས་ཅན་སྒྲ་འགྲེལ་ལས་དདྡྷྱཱནཡ་དང་གཽརྻྻཏྲཿ་སྒྲ་བསྒྲུབ་ཚུལ་རིམ་ཅན་དུ་བཀོད་པ།

གོང་དུ་དྲངས་པའི་སྒྲ་མདོའི་བསྟན་བཅོས་དག་ལས་སྒྲ་སྒྲུབ་ཀྱི་ཆོ་ག་སྤྱི་སྡོམ་གྱི་ཚུལ་དུ་བཀོད་ན།   ⒈ཚུ་རོལ་[12]ཏུ་ཞོའི་སྐད་དོན་ད་དྷི་ཞེས་པའི་རྟགས་བཞག   ⒉ཕ་རོལ་ཏུ་ལོངས་ཤིག་གི་སྐད་དོད་ཨཱ་ན་ཡ་ཞེས་པའི་ཚིག་གྲོགས་བཞག ⒊ཀཱ་ལ་པར་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པས་དྷིའི་སྲོག་གི་དབྱངས་ཨི་ཕྲལ། ⒋དྷ྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན།  ⒌དབྱངས་ལ་ཨི་ཡ྄འོ་ཞེས་པས་ཨི་ཡིག་ཡ྄་ཡིག་ཏུ་བསྒྱུར། ⒍ཧ་ས་ལས་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ་ཞེས་པའི་དྷ་ཡིག་གཉིས་བརྗོད། ⒎དྷ྄་སྲོག་མེད་དུ་གྱུར་པས་ཧལཱཎྟས་མཚན། 8. ཛྷ་བྷ་ལ་ཛ་བ་རྣམས་སོ་ཞེས་པས་དྷ྄་ཡིག་གོང་མ་ད྄་ཡིག་ཏུ་བསྒྱུར། ⒐ ད྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན། ⒑དབྱངས་ཀྱི་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ་ཞེས་པས་ཡ྄་སྲོག་མེད་ཨཱ་ལ་དྲངས། ⒒དབྱངས་ཀྱི་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ་ཞེས་པས་དྷ྄་སྲོག་མེད་ཡཱ་ཐོག་ཏུ་དྲངས། ⒓དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ད྄་སྲོག་མེད་དྷྱཱ་ཐོག་ཏུ་དྲངས། ཞེས་སོགས་གོ་རིམ་བཅུ་གཉིས་ཀྱིས་དདྡྷྱཱནཡ་ཞེས་གྲུབ་པ་དང་དེའི་དོན་ནི་ཞོ་ལོངས་ཤིག་ཅེས་པའོ། །

དེ་བཞིན་དུ་གཽ་རཱི་ཨ་ཏྲཿ་ལྟ་བུར་མཚོན་ན། དདྡྷྱཱནཡ་སྒྲ་སྒྲུབ་པའི་མདོ་ཚིག་རྣམས་བཀོལ་བའི་རྨང་གཞིའི་སྟེང་ནས། ར྄་ལས་ཡ྄་ཡང་གཉིས་སོ།། ཞེས་པའི་མདོ་རྩ་གཅིག་གིས་གསར་དུ་བསྣན་ནས་བསྒྲུབ་ཏེ་གྲུབ་པ་ཞིག་ཡིན། ཆོ་ག་དེ་སྤྱི་སྡོམ་གྱི་ཚུལ་དུ་བརྗོད་ན། ⒈ཚུ་རོལ་ཏུ་དཀར་མོའི་སྐད་དོན་གོོ་རཱི་ཞེས་པའི་རྟགས་བཞག   ⒉ཕ་རོལ་ཏུ་འདིར་གྱི་སྐད་དོད་ཨ་ཏྲཿཞེས་པའི་ཚིག་གྲོགས་བཞག ⒊ཀཱ་ལ་པར་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པས་རིའི་སྲོག་གི་དབྱངས་ཨི་ཕྲལ། ⒋ར྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན།  ⒌དབྱངས་ལ་ཨི་ཡ྄འོ་ཞེས་པས་ཨི་ཡིག་ཡ྄་ཡིག་ཏུ་བསྒྱུར། ⒍ར྄་ལས་ཡ྄་ཡང་གཉིས་སོ། །ཞེས་ཡ྄་ཡིག་གཉིས་བརྗོད། ⒎ཡ྄་སྲོག་མེད་དུ་གྱུར་པས་ཧལཱཎྟས་མཚན། ⒏དབྱངས་ཀྱི་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ་ཞེས་པས་ཡ྄་སྲོག་མེད་ཨཱ་ལ་དྲངས། ⒐དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ར྄་སྲོག་མེད་ཡཱ་ཐོག་ཏུ་དྲངས། ⒑ཆུ་ལ་ཀོ་བའི་རིག་པས་རེ་ཕ་སྟེང་དུ་འགྲོའོ་[13]ཞེས་པས་རྲ་སྲོག་མེད་ཡྻ་ཐོག་ཏུ་ཐོག་ཏུ་དྲངས། ཞེས་སོགས་ཀྱི་གོ་རིམ་བཅུ་ཡིས་གཽརྻྻཏྲཿགྲུབ་པ་དང་། དོན་ནི་དཀར་མོ་འདིར་ཞེས་པའོ། །

མཇུག་བསྡུ་བ།

དེ་ལྟར་གནའ་ནས་ད་བར་དུ་བོད་ཀྱི་ལོ་པཎ་རྣམས་ཀྱིས་ལེགས་སྦྱར་སྒྲ་རིག་པ་རྒྱུན་འཛིན་དང་དར་སྤེལ་གྱི་ལས་དོན་རྒྱ་ཆེར་སྤེལ་ཅིང་ཁྱད་པར་དུ་རྒྱལ་དབང་ལྔ་བ་ཆེན་པོ་དང་པཎ་ཆེན་སྐུ་ཕྲེང་བཅུ་བ་རྣམ་གཉིས་ནི་གངས་ཅན་ལྗོངས་ཀྱི་རིག་གནས་ཕུན་སུམ་འཚོགས་པ་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ལ་དུས་རབས་མི་འདྲ་བའི་ནང་དུ་བྱས་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་ཅིང་། དབྱངས་ཅན་སྒྲ་མདོའི་བསྟན་བཅོས་འདི་གཉིས་སྤྱིའི་ཆ་ནས་ནང་དོན་རྒྱས་ཤིང་ཞིབ་ཆ་ལྡན་པ་དང་།  ཚིག་གི་ཆ་ནས་བརྗོད་བདེ་བ། དོན་གྱི་ཆ་ནས་གོ་སླ་ཞིང་རྒྱ་ཆེ་བ། མདོ་རྩ་ལྟར་འགྲེལ་བཤད་ཀྱི་ཚིག་ཚོགས་སྐྱོང་ཞིང་སྒྲ་སྒྲུབ་ཀྱི་ཆོ་ག་ཚང་ལ་མ་ནོར་བ། དོན་གཉེར་ཅན་རྣམས་ཀྱིས་མཆན་འགྲེལ་གཞན་དཔེ་འཚོལ་བསྡུ་བྱེད་མི་དགོས་པར་སློབ་དཔོན་གྱིས་འཁྲིད་བདེ་བ་དང་དོན་གཉེར་ཅན་རྣམས་འཇུག་བདེ་བས། དབྱངས་ཅན་སྒྲ་འགྲེལ་གྱི་བསྟན་བཅོས་ཚད་ལྡན་ཞིག་ཏུ་སྣང་། གཞན་ཡང་། དདྡྷྱཱནཡ་ལྟ་བུར་མཚོན་ན་སྒྲ་སྒྲུབ་ཀྱི་ཆོ་ག་བཅུ་གཉིས་དང་གཽརྻྻཏྲཿལྟ་བུར་མཚོན་ན་སྒྲ་སྒྲུབ་ཀྱི་ཆོ་ག་བཅུ་ཡིས་བསྒྲུབ་ནས་གྲུབ་པ་དང་། བསྒྲུབ་པའི་ཚེ་ན་སྒྲ་གཞུང་གི་མདོ་ཚིག་ཁ་མ་བྲལ་ཞིང་ཚིག་ཉུང་ལ་དོན་བསྡུས་པ། གོ་རིམ་གསལ་བ། རྗོད་བྱེད་ཀྱི་ཚིག་རྣམས་བོད་ཀྱི་སྐད་དོད་བཞིན་ལྷོད་ཆ་ལྡན་པ། ངག་ཏུ་བརྗོད་བདེ་ཞིང་དོན་གནད་དུ་འཁེལ་བའི་སྒོ་ནས་སྒྲ་བསྒྲུབ་ཀྱི་གོ་རིམ་ལ་སྡོམ་ཚིག་གནད་དུ་ཐིངས་པ་བཀོད་ཡོད་པས། བློ་གསལ་དོན་གཉེར་ཅན་རྣམས་ཀྱིས་སྒྲ་སྒྲུབ་མདོ་འགྲེལ་གཞན་དག་ལ་རིགས་འགྲེ་ནས་ལེགས་སྦྱར་སྒྲ་རིག་པར་འཇུག་པར་ཕན་རླབས་ཆེའོ། །



[1] སངས་རྒྱས་རྒྱལ།    2021ལོར་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ནས་རབ་འབྱམས་པ་སློབ་མཐར་ཕྱིན།

[2]བཀའ་འགྱུར།   མདོ།   ཅ་སྡེ།   ལིངྐར་གཤེགས་པའི་མདོ།     ཡང་ན།  འཇམ་དཔལ་རྩ་རྒྱུད་དུའང་གསུངས་པར་བཤད།

[3] ས་པཎ་ཀུན་དགའ་རྒྱལ་མཚན། གངས་ཅན་རིག་མཛོད། 23 ། 《 ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། སྟོད་ཆ།》【M】ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  2020 ལོ།    ཤོག་ངོས 600

[4] སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། 《སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་གསུང་འབུམ་པོད་གཉིས་པ་བཞུགས་སོ།།》【M】ལྷ་ས།  སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  2018 ལོ།    ཤོག་ངོས 8

[5] འདར་བ་ངག་དབང་ཕུན་ཚོགས།《བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་བ་རབ་ཏུ་བྱ་བ་གསལ་ལྡན་ཞེས་བྱ་བ་བཞུགས་སོ།།》 སྐུ་འབུམ་དཔར་ཁང་། ཤོག་ངོས 152 ས།

[6] འདར་བ་ངག་དབང་ཕུན་ཚོགས།  《བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་བ་གསལ་ལྡན་ཞེས་བྱ་བ།》སྐུ་འབུམ་དཔར་ཁང་།    ཤོག  5ཉ།

[7] སྒྲ་གཞོང་དང་རྩིས་གཞོང་། སཾ་ཏྲ་སོགས་ནི་རིམ་བཞིན་སྒྲ་འམ་རྩི་གྲངས། རི་མོ་སོགས་འབྲི་སྤྱད་ཀྱི་ནག་པང་ལེབ་མོ་ཞིག་སྟེ་དེང་གི་ཤོག་གུ་ལྟ་བུའི་འབྲི་སྤྱད་ཅིག་ཡིན། གནའ་མིས་སྒྲ་གཞུང་སློབ་གཉེར་བྱེད་སྐབས་སྒྲ་གཞོང་སྟེང་ནས་བསྒྲུབ་བྱའི་ཐ་སྙད་དེ་མདོ་ཚིག་རེ་རེ་ངག་འདོན་བཞིན་སྒྲ་བསྒྲུབ་བྱེད་པ་ཡིན།  

[8] ཁོང་ལ་གསུང་འབུམ་པོད་བཅོ་བརྒྱད་བཞུགས་ཤིང་། པོད་བཅུ་བ་དང་བཅུ་གཅིག་གཉིས་ནི་དབྱངས་ཅན་སྒྲ་མདོའི་འགྲེལ་བ་དང་། པོད་བཅུ་བཞི་པ་ནི་ཙནྡྲ་པའི་འགྲེལ་བ་ཡིན།

[9] རོང་བོ་དགོན་ཆེན་གྱི་དགེ་བཤེས་སྒོ་དམར་དགེ་འདུན་དོན་གྲུབ་ནི་རེབ་དེའི་སློབ་མ་ཡིན་པས། མཁན་པོ་ཁོང་གི་ཁྲིད་རྒྱུན་བཞིན་སྒྲ་རིག་པར་འཆད་ཁྲིད་གནང་མུས་མཆིས།  

[10] མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་གསུང་འབུམ། པོད་བཅུ་པ།  《དབྱངས་ཅན་སྒྲ་མདོའི་འགྲེལ་པ་བཞུགས་སོ། ། སྟོད་ཆ།》  【M】ལྷ་ས།   བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   2020ལོ།    ཤོག་ངོས 51-52

[11] སྤེན་པ་ཚེ་རིང་།  《སཾསྐྲྀཏའི་སྐད་ཀྱི་བརྡ་གཞུང་དབྱངས་ཅན་ལྦྱཱེཀརནའི་ལྷན་ཐབས་ཨུ་དུམ་ལྦ་ར་ཞེས་བྱ་བ་བཞུགས་སོ།།》 【M】ལྷ་ས།  བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   2019ལོ།    ཤོག་ངོས 43

[12] འབྲི་མཁན་གྱི་མདུན་གྱི་སྒྲ་གཞོང་ངམ་ཤོག་གུའི་ངོས་ལ་མཚོན་ན་རང་གི་ལག་པ་གཡོན་ཕྱོགས་ལ་ཚུ་རོལ་དང་། གཡས་ཕྱོགས་ལ་ཕ་རོལ་ཞེས་བཏགས།  

[13] ཡོངས་གྲགས་སུ་ཀོ་བ་ཞེས་པ་དང་། མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱི་འགྲེལ་བ་ལས་ཀུ་བ་ཞེས་འབྱུང་།  དོན་ནི་ཀོ་གྲུ་དང་། ཆུ་ཁར་ཡེངས་པ་དཔེར་བྱས། རེ་ཕ་ནི་ར་ཡིག་གི་མིང་ངོ་། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།