མེ་ཏོག་མཆོད་པའི་བྱུང་རིམ་དང་བཞེངས་ཚུལ།

རྒྱ་ལོའི་བཅོ་ལྔར་བསླེབ་ལ་ཉེ་སྐབས།   སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་གླིང་གི་ལྷ་བཟོ་རྣམས་ལས་ལ་བྲེལ་མགོ་ཚུགས།  ཁ་བ་ཆེན་པོ་བབས་པས་གནམ་གཤིས་ཧ་ཅང་འཁྱགས་པ་དང་།  ལྷ་བཟོ་ཚོས་དྲོད་ཚད་གོར་ཐིག་ལ་ཉེ་བའི་འོག་བཟོ་ཁང་ནས་བྲེལ་འཚུབ་ངང་མེ་ཏོག་མཆོད་པ་བཞེངས་ཤིང་།  སྒྲིག་བཟོ་བྱས་པའི་མེ་ཏོག་མཆོད་པ་རེ་རེར་གསོན་ཉམས་རབ་ཏུ་རྒྱས་ཤིང་སྒྱུ་རྩལ་གྱི་མཛེས་པས་ཕྱུག་ཡོད།  

མེ་ཏོག་མཆོད་པའི་བཞེངས་སྟངས་ལ་གོ་རིམ་བཞི་ཡོད་དེ།  གོ་རིམ་དང་པོ་ནི་རྨང་གཞིའི་ལས་ཀ་ཏེ་མི་སྣའི་རུས་སྒྲོམ་དང་སྒྲོམ་གཞི་བཟོ་བ་སོགས་ཡིན།   གོ་རིམ་གཉིས་པ་ནི་སྒྲོམ་ཚུགས་བཟོ་རྒྱུ་དེ་ཡིན་ཞིང་།   ལྷ་བཟོ་རྣམས་ཀྱིས་བཟོས་ཟིན་པའི་མི་དང་སྲོག་ཆགས།  ཁང་པ།  ཡུལ་ལྗོངས་སོགས་ཀྱི་རྣམ་པ་དེ་དག་སྒྲོམ་ཚུགས་སྟེང་དུ་བཤམ་དགོས།  དེའི་རྗེས་ནས་ཚོན་མདོག་གཏོང་རྒྱུ་དང་།   ཚོན་བཏང་ཚར་རྗེས་བཞེངས་ཟིན་པའི་མི་སྣ་དང་ཁང་པ།   མེ་ཏོག་སོགས་མཉམ་དུ་བསྒྲིགས་ནས་གཏམ་རྒྱུད་ཧྲིལ་བོ་ཅིག་གྲུབ་པར་བྱས་ཡོད།  མེ་ཏོག་མཆོད་པ་བཞེངས་པའི་དུས་ཡུན་ནི་ཕལ་ཆེར་ཟླ་གཉིས་ལྷག་ཡིན།

སྐུ་འབུམ་བྱམས་པ་གླིང་གི་སྒྱུ་རྩལ་རྣམ་གསུམ་གྱི་ཡ་གྱལ་ཏེ་མེ་ཏོག་མཆོད་པ་ནི་མར་རྒྱུ་ཆ་གཙོར་བྱས་ཏེ་མི་སྣ་དང་སྲོག་ཆགས།   རྩི་ཤིང་། བཟོ་སྐྲུན་སོགས་བརྗོད་དོན་དུ་བཟུང་བའི་ལག་ཤེས་བཟོ་ལས་ཀྱི་སྣུམ་བཟོའི་སྒྱུ་རྩལ་ཞིག་ཡིན་ལ།  བཟོ་རྩལ་རྙོག་འཛིང་ཆེ་ལ་དཀའ་ཚེགས་ལྡན་པས་དེའི་མཛེས་ཉམས་ཀྱིས་མི་རྣམས་ཀྱི་ཡིད་ཀྱི་དངས་བ་ཅིག་ཅར་ཏུ་འཕྲོག་ཡོད།    

ངག་རྒྱུན་ལྟར་ན་མེ་ཏོག་མཆོད་པའི་བྱུང་ཚུལ་ལ་ཡང་ངོ་མཚར་ཆེ་བའི་གཏམ་རྒྱུད་ཅིག་ཡོད་དེ།   སྤྱི་ལོ1409ལོར་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པ་ཆེན་པོས་ལྷ་སའི་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོ་བཙུགས་ནས་ནང་བའི་བསྟན་པ་རྒྱ་ཆེར་དར་སྤེལ་དུ་བཏང་།   སྨོན་ལམ་འགོ་མ་ཚུགས་གོང་ཁོང་གིས་རྨི་ལམ་ངོ་མཚར་བ་ཞིག་རྨིས་ནས་སངས་རྒྱས་ལ་མེ་ཏོག་གི་མཆོད་པ་འབུལ་བའི་འདུན་པ་ངང་གིས་སྐྱེས།  ཡིན་ཡང་སྐབས་དེར་ཟླ་དང་པོ་ཡིན་པས་མཐོ་སྒང་དུ་མེ་ཏོག་གི་མཆོད་པ་མ་རྙེད་པས།  ཁོང་གིས་དགེ་འདུན་པ་ཚོར་མར་གྱིས་མེ་ཏོག་བཟོས་ཏེ་སངས་རྒྱས་ལ་འབུལ་རྒྱུར་མངག་བཅོལ་བྱས།  དེའི་རྗེས་ནས་རྒྱ་ལོའི་བཅོ་ལྔ་ཉིན་མེ་ཏོག་མཆོད་པ་འབུལ་བའི་སྲོལ་རྒྱུན་དེ་ད་བར་དུ་རྒྱུན་སྲིང་ཡོད་པ་རེད།  རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ཡིན་པའི་ངོས་ནས། སྐུ་འབུམ་དགོན་པའི་དགེ་འདུན་པ་ཚོས་འབད་པ་ལྷོད་མེད་ཀྱིས་ཞིབ་འཇུག་དང་བཟོ་རྩལ་ཇེ་ལེགས་ཇེ་རྒྱས་སུ་བཏང་བ་བརྒྱུད།   བླ་མེད་ཀྱི་ལག་རྩལ་འདི་ད་ལྟ་སྐུ་འབུམ་དགོན་པའི་མཆོག་གྱུར་གྱི་སྒྱུ་རྩལ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།