ཚད་མ་དང་ཚད་མིན་གྱི་སྐོར་ལ་ཅུང་ཙམ་དཔྱད་པ།

ནང་དོན་གནད་བསྡུས། ཡུལ་ཅན་གྱི་ནང་གསེས་ཤེས་པ་ལ་དབྱེ་ན་ཚད་མ་དང་ཚད་མིན། རྟོག་པ་རྟོག་མེད། འཁྲུལ་མ་འཁྲུལ། རང་རིག གཞན་རིག སེམས་སེམས་བྱུང་། ཚད་མིན་ལ་དབྱེ་ན་བཅད་ཤེས། ལོག་ཤེས། ཐེ་ཚོམ། ཡིད་དཔྱོད། སྣང་ལ་མ་ངེས་པའི་བློ་དང་ལྔ་ཡོད་། དཔྱད་རྩོམ་འདིར་རྒྱ་བོད་ལོ་པན་དག་གིས་ཚད་མ་དང་ཚད་མིན་གྱི་མཚན་ཉིད་འཇོག་ཚུལ་དང་ཇི་ལྟར་དབྱེ་བ་འབྱེད་ཚུལ་གྱི་སྐོར་རགས་ཙམ་བརྗོད་དེ། འཇིག་རྟེན་ལུགས་ལ་ཚུལ་བཞིན་འཇུག་པའི་བསླུ་མེད་ཀྱི་ཤེས་པ་ཡོད་དགོས་པའི་གནས་ལུགས་མདོར་ཙམ་བསྟན་ཡོད།

བརྡ་ཁྱབ་གཙོ་བོ། ཡུལ་ཅན། ཚད་མ། ཚད་མིན།

གླེང་གཞི།

སྤྱིར་མིའི་རིགས་ཀྱིས་འཇིག་རྟེན་ཤེས་རྟོགས་དང་ཤེས་བྱ་གསར་སྐྲུན་བྱ་དགོས་ན་ཕྱི་རོལ་ཡུལ་དང་ནང་ཡུལ་ཅན་ལ་ཞིབ་འཇུག་གཏིང་ཟབ་བྱ་དགོས་སྙམ། མི་སུ་ཞིག་ཡིན་རུང་ཤེས་བྱ་གསར་རྟོགས་ཀྱི་བརྒྱུད་རིམ་ཁྲོད་གཟུར་མེད། སྐྱོན་བྲལ། ཡང་དག་གི་ལམ་ལ་འཇུག་པར་འབད་བརྩོན་བྱ་རྒྱུ་ཡང་འཇིག་རྟེན་འགྲོ་ལུགས་དང་མི་ཚེའི་ཁ་ཕྱོགས་ཡིན་པར་སྙམ།ད་ལྟའི་སྤྱི་ཚོགས་སྟེང་དུ་མི་ལ་ལས་ཡིན་མིན་དབྱེ་འབྱེད་ཀྱི་ནུས་པ་ཞན་ཞིང་འཆམ་མཐུན་སྤྱི་ཚོགས་དང་མིའི་རིགས་ཀྱི་བྱ་གཞག་ལ་གནོད་པའི་བྱ་སྤྱོད་སྤེལ་བ་སོགས་གང་མང་མཆིས།དེ་བས་དུས་རྒྱུན་འཚོ་བའི་ཁྲོད་རང་གཅུན་གྱི་ནུས་པ་ལྡན་དགོས་ལ་ཡུལ་དང་ཡུལ་ཅན་ལ་འཇུག་པའི་བསླུ་མེད་ཀྱི་ཤེས་པ་ཞིག་དེ་བས་ཀྱང་མཁོ་བར་སྙམ། འདིར་ཚད་མ་དང་ཚད་མིན་གྱི་མཚན་ཉིད་དང་དབྱེ་བ་རགས་ཙམ་བརྗོད་ནས་བསླུ་མེད་ཀྱི་ཤེས་པ་བསྐྱེད་ཅིང་བདེན་པའི་ལམ་ལ་འཇུག་པར་བརྩོན་ནོ། །

དང་པོ། འབྱུང་ཁུངས་ལ་བརྟག་པ།

ཚད་མ་ཞེས་པའི་ཐ་སྙད་འདི་དུས་ནམ་ཚོད་ལ་བྱུང་བ་དཔྱོད་ལྡན་དག་གིས་དགོངས་པ་གཅིག་ཏུ་མི་སྣང་མོད། ཐ་སྙད་འདི་གནའ་བོའི་རྒྱ་གར་ནས་བྱུང་བ་ཀུན་གྱིས་ཁས་ལེན་བཞིན་ཡོད། དེ་ཡང་གནའ་བོའི་རྒྱ་གར་དུ་ཕྱི་ནང་གཉིས་ཀའི་གྲུབ་མཐའ་འདབ་བརྒྱ་གྲོལ་བ་བཞིན་གནས་པས་གྲུབ་མཐའ་སོ་སོའི་ལྟ་བ་གཅིག་ཏུ་མི་སྣང་། ཚད་མའི་ཐ་སྙད་འདི་ཕྱི་ནང་གྲུབ་མཐའ་སོ་སོའི་ལྟ་བ་རུ་ཐར་ཐོར་དུ་ཡོད། བཀའ་བདམས་དགེ་བཤེས་ལྷ་འབྲི་སྒང་པས་བརྩམས་པའི《བེའུ་བུམ་སྔོན་པོའི་འགྲེལ་བ》ལས་ཕུ་ཆུང་པའི་ཞལ་ནས་སྒྲ་དང་ཚད་མ་ཀུན་ཕྱི་རོལ་པ་ལ་ཡང་མཉན་དུ་རུང་བས། ཇོ་བོ་ཉིད་ཀྱིས་ཀྱང་ཡོལ་བས་བར་དུ་བཅད་ཅིང་ཉན་པ་ཡིན་ཞེས་གསུངས་པ་ལས་ཀྱང་ཚད་མའི་འབྱུང་ཁུངས་རགས་ཙམ་ཤེས་ཐུབ་བོ། །

གཉིས་པ། མཚན་ཉིད་ལ་བརྟག་ཁ།

རྗེ་ཙོང་ཁ་པས《ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ》དུ་ཡུལ་ཅན་ལ་དབྱེ་ན་རྗོད་བྱེད་དང་། ཤེས་པ་གཉིས་ཡོད་ལ། བློ་དང་རིག་པ་ཤེས་པ་རྣམས་དོན་གཅིག་ཡིན། དེར་དབྱེ་ན་ཚད་མ་དང་ཚད་མིན། རྟོག་པ་རྟོག་མེད། འཁྲུལ་མ་འཁྲུལ། རང་རིག་གཞན་རིག སེམས་སེམས་བྱུང་། ཚད་མིན་ལ་དབྱེ་ན་བཅད་ཤེས། ལོག་ཤེས། ཐེ་ཚོམ། ཡིད་དཔྱོད། སྣང་ལ་མ་ངེས་ཀྱི་བློ་དང་ལྔ་ཡོད་པ་ལས་བཅད་ཤེས་དང་ཡིད་དཔྱོད་གཉིས་ཚད་མིན་དུ་དབྱེ་དགོས་དོན་གཙོ་བོ་ཚད་མའི་མཚན་ཉིད་ལ་རག་ལས་ཡོད་ཅིང་། ཚད་མའི་མཚན་ཉིད་འཇོག་ཚུལ་ལ་རྒྱ་བོད་མཁས་པ་མང་པོས་བཞེད་ཚུལ་མི་འདྲ་བ་མཆིས་ཏེ། སྤྱིར་ཚད་མའི་མཚན་ཉིད་ཀྱི་ལུང་ཁུངས་གཏུགས་ས་དཔལ་ལྡན་ཆོས་ཀྱི་གྲགས་པའི《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》ཡིན། དེ་ལས་ཚད་མའི་མཚན་ཉིད་ལ་ཚད་མ་བསླུ་མེད་ཅན་ཤེས་པ་ཞེས་པའི་ལུང་ཚིག་བསྟན་བཅོས་འདིའི་ལེའུ་གཉིས་པ་ཚད་གྲུབ་ཀྱི་ལེའུ་ཡི་ཤོ་ལོ་ཀ་དང་པོའི་རྐང་པ་དང་པོ་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་ལུང་ཚིག་འདི་བསྟན་བཅོས་དེའི་ལེའུ་གཉིས་པ་ཚད་གྲུབ་ཀྱི་ལེའུ་ཡི་ཤོ་ལོ་ཀ་ལྔ་པའི་རྐང་པ་གསུམ་པ་ཡིན། གོང་གི་ལུང་ཚིག་དེ་གཉིས་ལས་རྒྱ་བོད་མཁས་པ་མང་པོས་ཚད་མའི་མཚན་ཉིད་འཇོག་ཚུལ་མི་མཐུན་པ་བྱུང་སྟེ། རྒྱ་གར་གྱི་སློབ་དཔོན་ལྷ་དབང་བློ་དང་ཤཱཀྱ་བློ་གཉིས་ཀྱི་ལུགས་ལ། ཚད་མ་བསླུ་མེད་ཅན་ཤེས་པ་ཞེས་པས་ཚད་མའི་མཚན་ཉིད་ཡོངས་རྫོགས་ཤིག་བསྟན། མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པས་ཚད་མའི་མཚན་ཉིད་ཡོངས་རྫོགས་ཤིག་བསྟན་པ་ཡིན་ཞིང་། དེ་ཡང་སྔ་མ་ནི་འཇིག་རྟེན་ལ་གྲགས་པ་དང་། ཕྱི་མ་ནི་བསྟན་བཅོས་ལ་གྲགས་པའི་མཚན་ཉིད་དུ་འདོད་[1]པ་དང་། ཡང་རྒྱ་གར་གྱི་སློབ་དཔོན་རྒྱན་མཁན་པོས་ཀྱང་དེ་དང་འདྲ་བར་སྔ་མ་ནི་ཐ་སྙད་པའི་ཚད་མའི་མཚན་ཉིད། ཕྱི་མ་ནི་དོན་དམ་པའི་ཚད་མའི་མཚན་ཉིད་དུ་འདོད་[2]པར་གསུངས། ལྟ་བ་འདི་ལ་རྗེས་སོར་མཁས་པས་དགག་གཞག་མཛད་དེ། 《སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》ལས། ཚུལ་འདི་ནི་འཐད་པར་མི་སེམས་ཏེ། གཞུང་སྔ་མས་གསར་དུ་མི་བསླུ་བའི་ཤེས་པ་མཚན་ཉིད་དུ་བསྟན་པ་ཡིན་ན་སྔ་ཕྱི་གཉིས་ཀ་ལ་བསྟན་བཅོས་ལ་གྲགས་པ་དང་། འཇིག་རྟེན་ལ་གྲགས་པ། ལོག་རྟོག་སེལ་མི་སེལ་སོགས་གང་གི་ཡང་ཁྱད་པར་དབྱེ་མི་ནུས་ཤིང་མི་བསླུ་བའི་ཤེས་པ་ཙམ་མཚན་ཉིད་དུ་བསྟན་པ་ཡིན་ན་བཅད་ཤེས་ཀྱང་ཚད་མར་ཐལ་བས་མཚན་ཉིད་སྐྱོན་ཅན་དུ་འགྱུར་བའི་ཕྱིར་རོ་[3]ཞེས་དགག་པར་མཛད་ལ། 《ཚད་མ་རིགས་རྒྱན》ལས། རྒྱན་གྱི་དགོངས་པ་དེ་ལྟར་བྱས་ནས་རང་ལུགས་སུ་བྱེད་པའང་མི་འཐད་དེ་དོན་དམ་པའི་ཚད་མ་ཆོས་ཅན། ཐ་སྙད་པའི་ཚད་མ་ཡིན་པར་ཐལ། རང་གི་གཞལ་བྱ་ལ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཚད་མ་མ་ཡིན་པར་ཐལ་ལོ། ། ཐ་སྙད་པའི་ཚད་མའང་ཆོས་ཅན། དོན་དམ་པའི་ཚད་མ་ཡིན་པར་ཐལ། མ་ཤེས་དོན་གྱི་གསལ་བྱེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཚད་མ་མ་ཡིན་པར་ཐལ་ལོ། །[4]ཞེས་དགག་པ་མཛད།ས་པཎ་གྱིས་ཀྱང་མཚན་ཉིད་གཉིས་ཀྱིས་འཇོག་ན་ནི། མཚོན་བྱ་དེ་ཡང་གཉིས་སུ་འགྱུར་[5]ཞེས་གསུངས་ཏེ་དགག་པ་གནང་འདུག་གོ ། ཡིན་ཡང་། 《ཌྭཱིཀ་ཆེན་རིགས་པའི་རྒྱ་མཚོ》ལས་སློབ་དཔོན་རྒྱན་མཁན་པོ་འདི་ལྟར་འཆད་དེ།  ཚད་མ་བསླུ་མེད་ཅན་ཤེས་པ་ཞེས་པས་ཐ་སྙད་པའི་ཚད་མའི་མཚན་ཉིད་བསྟན་པར་མ་ཟད། ཐོག་མ་མེད་པ་ནས་འཁོར་བར་འདྲིས་པའི་ཆོས་ཅན་གྱི་ཚད་མ་གང་གིས་ཀྱང་མ་ཤེས་པའི་དོན་དམ་པ་མྱོང་བ་གཉིས་མེད་ཀྱི་དེ་ཁོ་ན་གསལ་བར་བྱེད་པའི་ཤེས་པ་ཉིད་ཀྱང་དོན་དམ་པའི་ཚད་མའི་མཚན་ཉིད་ཡིན་ནོ། ། དེས་ན་སྔར་ཚད་མ་བསླུ་མེད་ཅན་ཤེས་པ་ཞེས་པས་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཙམ་ཐ་སྙད་པའི་ཚད་མའི་མཚན་ཉིད་དུ་བཤད་པར་སློབ་དཔོན་འདི་མི་བཞེད་ཀྱི། ཐ་སྙད་ཙམ་གྱི་ཆོས་ལ་རང་གིས་ཡོངས་སུ་བཅད་པ་ལྟར་བསླུ་བ་མེད་པ་ཅན་གྱི་ཤེས་པ་ཐ་སྙད་པའི་ཚད་མའི་མཚན་ཉིད་དུ་བསྟན་པར་བཞེད་པ་ཡིན་ལ། དེས་ན་མི་བསླུ་བའི་དོན་ཡང་། ཐ་སྙད་པའི་ཚད་མ་དེས་མེ་རྒྱུ་དང་བཙོ་སྲེག་འབྲས་བུ་ཡིན་པ་སོགས་སུ་གཏན་ལ་ཕབ་ནས་གཉིས་ཆོས་སོ་སོར་ཕྱེ་བའི་རྗེས་སུ་འབྲངས་ནས་ཞུགས་པ་ན་མེས་བཙོ་སྲེག་སོགས་ཀྱི་དོན་བྱེད་པ་ལ་མི་བསླུ་བ་ལྟ་བུ་ལ་བཞེད་པ་ཡིན་ནོ། ། དེའི་ཕྱིར། སློབ་དཔོན་འདིས། རང་གིས་ཡོངས་སུ་བཅད་པའི་གཞལ་བྱ་ལ་མི་བསླུ་བའི་ཤེས་པ་ཙམ་ཐ་སྙད་པའི་ཚད་མའི་མཚན་ཉིད་དུ་གཞུང་སྔ་མས་བསྟན་པར་ཁས་བླངས་སྙམ་དུ་ཡིད་ལ་བཞག་ནས་དོན་དམ་པའི་ཚད་མ་ཡང་ཐ་སྙད་པའི་ཚད་མར་ཐལ་བ་འཕེན་པ་སོགས་ནི་གནས་མེད་ཅིང་གོ་སྐབས་མེད་དོ། ། དེ་ཡང་། རྒྱན་མཁན་པོས། དེ་ལྟར་གཉིས་སུ་ཕྱེ་བའི་དགོས་པ་ཡང་བཅོམ་ལྡན་འདས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་ལྡན་པའི་སྒོ་ནས་ཚད་མར་སྒྲུབ་པ་དང་། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དོན་དམ་པའི་ཚད་མར་སྒྲུབ་པའི་ཕྱིར་ཡིན་ནོ། ། ཁ་ཅིག་འདི་མི་འཐད་དེ། ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པར་གྱུར་པའི་ཕྱིར་རོ་ཞེས་ཟེར་བའང་སྐྱོན་མེད་དེ། ཐ་སྙད་ཙམ་ལ་མི་བསླུ་བ་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་། 《ཚད་མ་རྣམ་འགྲེལ》ལས་རང་གིས་ཡོངས་སུ་བཅད་པའི་དོན་དམ་པ་ལ་མི་བསླུ་བའི་ཤེས་པ་དོན་དམ་པའི་ཚད་མའི་མཚན་ཉིད་དུ་ངེས་པ་ན། རང་གིས་ཡོངས་སུ་བཅད་པའི་གཞལ་བྱ་ལ་མི་བསླུ་བའི་ཤེས་པ་ཙམ་ཚད་མ་སྤྱིའི་མཚན་ཉིད་དུ་དོན་གྱིས་གོ་བར་འགྱུར་བའི་ཕྱིར། ཁོ་བོས་ནི་ཕྱོགས་འདི་ལ་གཟུ་བོའི་བློས་རྣམ་པར་དཔྱད་པ་ན་གནོད་པ་གང་ཡང་མ་མཐོང་ངོ་[6]ཞེས་དང་། 《རྣམ་བཤད་ཐར་ལམ་གསལ་བྱེད》ལས། རྒྱན་མཁན་པོས་དེ་ལྟར་བཤད་པ་ནི་དོན་དམ་པའི་ཚད་མའི་མཚན་གཞི་ལ་མཚན་ཉིད་ཀྱི་སྒྲས་བསྟན་པ་ཡིན་གྱི། དོན་གྱི་ལྡོག་པ་སོ་སོར་བསྟན་འདོད་པ་མ་ཡིན་ཏེ། ཚད་མ་སྤྱིའི་མཚན་ཉིད་བསྟན་པ་ཙམ་གྱིས་ནུས་པའི་ཕྱིར་[7]ཞེས་ཕྱོགས་གཞན་ཞིག་ནས་ལྷ་ཤཱཀྱ་རྒྱན་གསུམ་གྱི་དགོངས་པ་རང་ལུགས་དང་མཐུན་པར་འགྲེལ།

སྤྱིར་ཚད་མ་ནི་རིག་གཞུང་གང་གི་ཡང་བཀོལ་སྤྱོད་བྱས་ལ་སྤྱི་མཐུན་དུ་མི་བསླུ་བའམ་བདེན་པ་ནི་ཚད་མ་ཡིན་པར་ཁས་ལེན་བྱེད་གྱིན་ཡོད་པས་ལྷ་ཤཱཀྱ་རྒྱན་གསུམ་གྱིས་མི་བསླུ་བ་ཚད་མ་སྤྱིའི་མཚན་ཉིད་དུ་གསུངས་པ་ནི་ཤིན་ཏུ་ནས་མཐུན་པར་འདོད། སྟོན་པ་ཚད་མར་འདོད་པ་དང་། སྒྲ་མི་རྟག་པ་ཡིན་པ། གངས་རི་དཀར་པོ་ཡིན་པ་སོགས་བསླུ་མེད་བདེན་གྲུབ་ཏུ་ཡོད་པའི་རིགས་ལ་ཀུན་ནས་ཚད་མར་འདོད་ལ། འཚོ་བའི་ཁྲོད་བརྗོད་སྟངས་ཀྱི་ཆ་དང་གནས་སྟངས་ཀྱི་ཆ། གྲུབ་ཚུལ་གྱི་ཆ། ཡུལ་སྲོལ་གོམས་གཤིས་སོགས་ཀུན་གྱིས་སྤྱི་མཐུན་དུ་འདོད་པ་ནི་འཇིག་རྟེན་ཡོངས་སུ་གྲགས་པའི་ཚད་མ་སྤྱིའི་མཚན་ཉིད་དུ་འདོད།

ཡང་རྗེ་ཙོང་ཁ་པས་ཚད་མའི་མཚན་ཉིད་ལ་རང་ཡུལ་གསར་དུ་རྟོགས་པའི་བློ། དེས་ན། ཚད་མ་བསླུ་མེད་ཅན་ཤེས་པ་ཞེས་པའི་དོན་མི་བསླུ་བ་ཙམ་མིན་གྱི། གསར་དུ་རྟོགས་པ་འདི་ལྟ་བུ་ཡིན་ཞེས་ཤེས་པའི་ཕྱིར་དུ། མ་ཤེས་དོན་གྱིས་གསལ་བྱེད་ཀྱང་ཞེས་པས་གཞུང་སྔ་མའི་དོན་གསལ་དུ་བཏང་བ་ཡིན་ནོ། ། ཞེས་ཚད་མ་ཡིན་ན་མི་བསླུ་བ་ཡིན་དགོས་པ་མ་ཟད། གསར་རྟོགས་ཀྱི་ཤེས་པའང་ཡིན་དགོས་པར་བསྟན། མཁས་གྲུབ་རྗེས་མཛད་པའི《ཚད་མ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》ལས། རང་དབང་དུ་རང་གིས་ཡོངས་སུ་བཅད་པའི་གཞལ་བྱ་ལ་བསླུ་བ་མེད་པའི་ཤེས་པ་ཚད་མའི་མཚན་ཉིད་དུ་བཞག་འདུག་པ་དང་། ད་དུང་མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པའི་གཞུང་དེ་ཚད་མའི་མཚན་ཉིད་སྟོན་བྱེད་མ་ཡིན་ནོ་ཞེས་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་གསར་དུ་ཞེས་པ་མ་གསུངས་པ་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པའི་གཞུང་དེ་ཚད་མའི་མཚན་ཉིད་སྟོན་བྱེད་མ་ཡིན་པ་གསུངས་པ་ལ་མཁས་པའི་དབང་པོ་བློ་བཟང་ཕྱོགས་གླང་མཆོག་གིས《སྡེ་བདུན་རྒྱ་མཚོར་འཇུག་པའི་གྲུ་གཟིངས》ལས། མཚན་ཉིད་དེ་དང་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བསྟན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། རང་དབང་དུ་རང་གི་གཞལ་བྱ་ཡོངས་སུ་བཅད་པ་ནི་རང་གི་གཞལ་བྱ་གསར་དུ་རྟོགས་པ་ལས་མི་འདྲ་བ་གཞན་མེད་པའི་ཕྱིར་ཏེ། རང་དབང་དུ་རང་གི་གཞལ་བྱ་ཡོངས་སུ་བཅད་པ་དེ་ཚད་མས་གཞལ་བྱ་གསར་དུ་རྟོགས་པའི་དོན་ལ་འཇོག་དགོས་པའི་ཕྱིར། མ་གྲུབ་ན་རང་དབང་དུ་ཡོངས་སུ་གཅོད་པའི་དོན་གང་ཡིན། ཚད་མ་སྔ་མས་གཞལ་བྱ་དེ་རྟོགས་པ་ལ་མ་ལྟོས་པར་གཞལ་བྱ་དེ་རྟོགས་པ་ལ་ཟེར་རམ་མི་ཟེར། ཟེར་ན་གང་ཟག་གི་བདག་མེད་རྟོགས་པའི་མཐོང་ལམ་སྐད་ཅིག་དང་པོས་གང་ཟག་གི་བདག་མེད་རང་དབང་དུ་ཡོངས་སུ་བཅད་པ་ཡིན་ནམ་མིན། མིན་ན་དེ་ཚད་མ་མིན་པར་འགྱུར་ལ། ཡིན་ན་དེས་གཞལ་བྱ་རྟོགས་པ་རང་གི་ཉེར་ལེན་ཚད་མ་སྔ་མས་གཞལ་བྱ་དེ་རྟོགས་པ་ལ་མ་ལྟོས་པར་དེ་རྟོགས་པར་ཐལ་ལོ། ། འདོད་ན་དེས་གང་ཟག་གི་བདག་མེད་རྟོགས་པ་རང་གི་ཉེར་ལེན་དུ་གྱུར་པའི་སྦྱོར་ལམ་གྱིས་བདག་མེད་རྟོགས་པ་ལ་མི་ལྟོས་པར་ཐལ་ལོ། ། འདོད་མི་ནུས་ཏེ། དེས་དེ་གསལ་བ་མཐོང་བ་རང་གི་ཉེར་ལེན་དུ་གྱུར་པའི་གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་ལྟོས་དགོས་པའི་ཕྱིར་ཏེ། གང་ཟག་གི་བདག་མེད་རྟོགས་པའི་མཐོང་ལམ་སྐྱེ་བ་ལ་དེའི་རྒྱུ་བདག་མེད་དོན་སྤྱིའི་ཚུལ་གྱིས་བསྒོམ་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། བདག་མེད་དོན་སྤྱིའི་ཚུལ་གྱིས་བསྒོམ་པ་སྔོན་དུ་མ་སོང་བར་དེ་རྟོགས་པའི་མཐོང་ལམ་ཐོབ་ཚུལ་མེད་པའི་ཕྱིར། རང་དབང་དུ་ཡོངས་སུ་གཅོད་པའི་དོན་དེ་ལྟར་མིན་ན་གསར་དུ་གཅོད་པ་ལ་ནི་དེ་ལྟར་མི་འདོད། དེ་ལས་གཞན་ཞིག་ཡོད་ན་སྨྲ་དགོས་སོ་[8]ཞེས་མཁས་གྲུབ་རྗེ་ཚད་མའི་མཚན་ཉིད་དེའང་གསར་དུ་མི་བསླུ་བའི་རིག་པ་ཞེས་དང་དོན་གཅིག་པའི་མཚན་ཉིད་རྣམ་གྲངས་ཡིན་པ་ལས་དོན་གཞན་ཞིག་གསུངས་པ་མ་ཡིན་པར་འདོད། དེས་ན་ལུང་ཁུངས《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》ལ་གཏུགས་པའི་ཚད་མའི་མཚན་ཉིད་ལ་རྗེས་སོར་རྒྱ་བོད་མཁས་པའི་འཇོག་སྟངས་མང་དུ་མཆིས་ཀྱང་མདོར་བསྟན་ན་རྗེ་ཙོང་ཁ་པས་རང་ཡུལ་གསར་དུ་རྟོགས་པའི་བློ་ཞེས་རང་ཡུལ་ལ་ཇི་ལྟར་འཇུག་པའི་དོན་ལ་གསར་དུ་མི་བསླུ་བའི་རྟོགས་པ་སྟེང་དུ་འབབ་ལ་དེ་བས་བཅད་ཤེས་དང་ཡིད་དཔྱོད་ཚད་མ་ཡིན་པ་གཅོད།

སྤྱིར་ཚད་མ་དང་ཚད་མིན་གྱི་དབྱེ་བ་དང་ངོ་བོ་གསལ་པོ་ཞིག་ངེས་དགོས་ན་ཚད་མའི་ཐ་སྙད་ཙམ་གོ་འོང་བས་མི་ཆོག་པར་ཚད་མ་དང་ཚད་མིན་གྱི་ཐ་སྙད་གཞི་གང་ལ་འཇུག་པ་ཚུལ་བཞིན་ངེས་རྒྱུ་གལ་ཆེ་བས། དཔེར་ན། སྒྲ་འཛིན་མངོན་སུམ་སྐད་ཅིག་དང་པོས་རྟོགས་ཟིན་པའི་དོན་སླར་ཡང་དེ་སྐད་ཅིག་གཉིས་པས་རྟོགས་པ་ལ་ཚད་མ་དང་སྒྲ་འཛིན་མངོན་སུམ་སྐད་ཅིག་དང་པོས་རྟོགས་ཟིན་པའི་ཡུལ་སླར་ཡང་དྲན་པ་ལ་བཅད་ཤེས་ལྟ་བུའོ། །

གསུམ་པ། དབྱེ་བ་འབྱེད་ཚུལ་ལ་བརྟག་པ།

ཚད་མ་ལ་གྲངས་ངེས་ཀྱི་སྒོ་ནས་དབྱེ་ན་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས། མངོན་སུམ་ཚད་མ་ལ་བཞི་སྟེ། དབང་བོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་དང་བཞིའོ། ། དབང་བོའི་མངོན་སུམ་གྱི་མཚན་ཉིད་ཡོད་དེ། རང་གི་བདག་རྐྱེན་དབང་བོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། དབྱེ་ན་གཟུགས་འཛིན་དབང་བོའི་མངོན་སུམ་ནས་རེག་འཛིན་དབང་བོའི་བར་གྱི་མངོན་སུམ་དང་ལྔའོ། ། ཡིད་མངོན་གྱི་མཚན་ཉིད་ཡོད་དེ། རང་གི་བདག་རྐྱེན་ཡིད་ཀྱི་དབང་བོ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་ལ་མ་འཁྲུལ་བ། དབྱེ་ན་གཟུགས་འཛིན་ཡིད་དབང་ནས་རེག་འཛིན་ཡིད་ཀྱི་དབང་བོའི་མངོན་སུམ་བར་གྱི་ལྔའོ། ། ཀུན་མཁྱེན་འཇམ་དབྱངས་བཞད་པའི《བློ་རིག་གི་རྣམ་གཞག》ལས། ཡིད་མངོན་སྐྱེ་ཚུལ་བཤད་ཚུལ་མི་འདྲ་བ་གསུམ་སྟེ། དང་པོ། རིགས་གཏེར་རྗེས་འབྲང་དང་བཅས་པས་དང་པོར་དབང་མངོན་སྐད་ཅིག་མ་སྐྱེ། དེའི་རྗེས་སུ་ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ། དེའི་རྗེས་སུ་དབང་མངོན་སྐད་ཅིག་མ་གཅིག་སྐྱེ་བ་སོགས་དབང་ཡིད་སྤེལ་མར་སྐྱེ་བ་རྒྱན་མཁན་པོའི་ལུགས་དང་། གཉིས་པ་དབང་མངོན་སྐད་ཅིག་མ་གཅིག་སྐྱེ། དེའི་རྗེས་དེས་མ་ཐག་རྐྱེན་དབང་བོས་བདག་རྐྱེན་བྱས་ནས་དབང་མངོན་སྐད་ཅིག་གཉིས་པ་ནས་མཐར་འགག་པའི་བར་དུས་མཉམ་ཡིན་ལ། འདི་ལ་ཕྱིར་ལྟའི་མངོན་སུམ་གཉིས་དང་། ནང་ལྟའི་རང་རིག་གི་འགྲོས་གཅིག་དང་གསུམ་སྟེ། མངོན་སུམ་འགྲོས་གསུམ་པ་འདི་བྲམ་ཟེ་བདེ་བྱེད་དགའ་བའམ་ཤང་ཀ་ར་ནནྡའི་ལུགས་སུ་བྱས་པ་གཉིས་པ། ཡང་དབང་མངོན་གྱི་རྒྱུན་མཐའ་ཁོ་ནར་སྐྱེ་བ་སློབ་དཔོན་ཆོས་མཆོག་གི་ལུགས་དང་གསུམ་མོ། ། དབང་ཡིད་སྤེལ་ནས་སྐྱེ་བར་རྒྱན་མཁན་པོས་བཞེད་དོ་ཞེས་མཁས་པ་རྣམས་ལ་གྲགས་པ་ཙམ་དུ་ཟད་ཀྱི། བོད་དུ་འགྱུར་བའི་རྒྱན་རྗེས་འབྲངས་དང་བཅས་པའི་གཞུང་ལུགས་གང་ནའང་མི་གསལ་བ་དང་། བྲམ་ཟེ་ཆེན་པོའི་བཞེད་པ་ཡིན་ཞེས་སྔ་མ་དག་ལ་གྲགས་པ་ཙམ་མ་གཏོགས་བྲམ་ཟེའི་བོད་དུ་འགྱུར་བའི་གཞུང་ལུགས་གང་ནའང་ཁུངས་མེད་ཅེས་གསུངས། 《རིགས་གཏེར་དར་ཌྭཱིཀྐ》ལས། ཡུལ་གྱི་འགྲོས་སྦྱར་ན་ལྔར་འགྱུར་ལ། དབང་བོ་དང་ཡིད་བྱེད་ཀྱི་འགྲོས་བསྣན་ན་བདུན་དུ་འགྱུར་རོ་ཞེས་བ་ལ་སྐྱེ་ཚུལ་འདི་ལ་འགྲོས་དུ་ཡོད་པ་རྩིས་པ་ལ་དགོས་པ་ཆེན་པོ་ཡོད་པར་མ་གོ་བས། འགྲོས་དུ་ཡོད་རྩི་དགོས་པའི་ངེས་པ་མེད་ལ་ཞེས་གསུངས་པས་རྗེ་ཙོང་ཁ་པས་པཎ་ཆེན་ཆོས་མཆོག་གི་བཞེད་པ་ལྟར་དུ་སྣང་སྟེ། དབང་མངོན་སྐད་ཅིག་ཕྱི་མ་རྣམས་ཡིད་མངོན་ཡིན་ཏེ། རང་གི་གཟུང་དོན་གྲོགས་སུ་ཡོད་པའི་དབང་མངོན་གཅིག་གིས་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཡིན་པའི་ཕྱིར། 《རྣམ་འགྲེལ》ལས་ཀྱང་། ཅིག་ཅར་རིགས་མི་མཐུན་སྐྱེ་ཡང་། ཤིན་ཏུ་གསལ་བའི་སེམས་གཅིག་གིས་ཞེས་གསུངས་པའོ། ། 《མདོ》ལས་ཀྱང་། གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ་མིག་དང་ཡིད་ལ་བརྟེན་པའོ། ། 《རྒྱན》ལས་ཀྱང་། དབང་པོ་ཡིད་ཀྱི་ཤེས་པ་ལས། །ཡིད་ཀྱི་ཤེས་པའང་དེ་ལས་ཡིན། །དེ་ལས་ཀྱང་ཡང་དེར་འགྱུར་ཕྱིར། །སྲིད་པ་ཐོག་མཐའ་མེད་པར་གནས། །ཞེས་སྲིད་པ་ཡ་མཐའ་དང་མ་མཐའ་ཐུག་མེད་དུ་སྒྲུབ་པའི་རིགས་པས་གྲུབ་པའི་ཕྱིར་རོ། ། ཡང་རྒྱུན་ལྡན་དུ་འཚོ་བའི་ཁྲོད་དུ་སེམས་ཀྱིས་མ་མཐོང་ན་མིག་གིས་མི་མཐོང་ཟེར་བ་ལྟར་མདུན་གྱི་དངོས་པོ་དེ་ལ་བློ་མ་གཏད་ན་མིག་གིས་མི་མཐོང་བ་དང་ཡང་དཔེར་ན་བློ་གཞན་ལ་གཏད་པའི་སྐབས་སུ་མདུན་གྱི་དངོས་པོ་མི་མཐོང་བ་སོགས་ལ་དཔེར་བཞག་ན་དངོས་པོ་ཞིག་མིག་གིས་མཐོང་བའི་གནས་སྐབས་སུ་སེམས་དེ་ལ་གཏད་ན་ད་གཟོད་མཐོང་ཐུབ་པ་ར་སྤྲོད་བྱུང་ཐུབ་པ་དང་། དེ་བས་དབང་མངོན་སྐད་ཅིག་ཕྱི་མ་རྣམས་ཡིད་མངོན་ཡིན་པས་དབང་མངོན་རྒྱུན་མཐར་སྐྱེ་བ་ཡིན་པར་འདོད།

རང་རིག་མངོན་སུམ་གྱི་མཚན་ཉིད་ཡོད་དེ། ཁ་ནང་ཁོ་ནར་ཕྱོགས་པའི་འཛིན་རྣམ། ཤེས་པ་ཀུན་གྱི་སྟེང་ན་ཡོད། འཇམ་དབྱངས་བཞད་པའི《བློ་རིག་གི་རྣམ་གཞག》ལས། རང་རིག་མངོན་སུམ་གྱི་མཚན་ཉིད་ལ། རྟོག་བྲལ་མ་འཁྲུལ་བའི་འཛིན་རྣམ་ཞེས་རྟོག་བྲལ་མ་འཁྲུལ་བ་མངོན་སུམ་དང་འཛིན་རྣམ་རང་རིག་སྟེ་ཅུང་གོ་བདེ། རང་རིག་དང་གཞན་རིག་གི་མཚན་ཉིད་མདོར་ཙམ་གོང་དུ་བརྗོད་ཟིན་ལ་ཕྱི་ནང་གྲུབ་མཐའ་སྨྲ་བ་དག་གིས་རང་རིག་འདོད་མིན་ཡང་མདོར་ཙམ་བཀོད་ཡོད། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཡོད་དེ། ཡང་དག་པའི་དོན་བསྒོམས་པའི་སྟོབས་ལས་བྱུང་བའི་འཕགས་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། དབྱེ་ན་ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་རྣལ་འབྱོར་མངོན་སུམ་དང་གསུམ། དེ་ལ་སྣང་ལ་མ་ངེས་པ་མེད། 《རྣམ་འགྲེལ》ལས། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཞེས་རང་ཡུལ་ལ་སྣང་བ་ཐམས་ཅད་ངེས་པའི་ཁྱབ་པའི་ཕྱིར་ན་རྣལ་འབྱོར་མངོན་སུམ་ལ་སྣང་ལ་མ་ངེས་པ་མེད་དོ། ། ཡང་སེམས་ཙམ་པའི་ལུགས་ཀྱང་མདོ་སྡེ་བ་དང་ཕལ་ཆེར་འདྲ་ཡང་ཅུང་ཟད་བཤད་ན། མངོན་སུམ་གྱི་དབྱེ་བ་དབང་མངོན་དང་ཡིད་མངོན་རང་རིག རྣལ་འབྱོར་མངོན་སུམ་ཏེ་སོ་སོའི་དོན་མདོ་སྡེ་བ་དང་འདྲ་ལ། དེ་ལས་རྐྱེན་གསུམ་གྱི་ཁྱད་པར་ནི་སེམས་ཙམ་པའི་དམིགས་རྐྱེན་གྱི་ཚུལ་འདི་རྒྱུ་འབྲས་དུས་མཉམ་སྲིད་པ་སོགས་འདོད་མོད། འཇམ་དབྱངས་བཞད་པའི《བློ་རིག་གི་རྣམ་གཞག》ལས། སློབ་དཔོན་རང་ལུགས་ཀྱི་དམིགས་རྐྱེན་གྱི་མཚན་ཉིད་བཤད་པ་ལ་དུས་མཉམ་པ་མི་རུང་ཞིང་། དམིགས་རྐྱེན་ནི་ཤེས་པ་དེའི་སྔ་ལོགས་སུ་བྱུང་བའི་ཤེས་པ་དང་དེ་གཉིས་རིམ་ཅན་དུ་གྲུབ་པ་དགོས་ཀྱི་ཅིག་ཅར་མི་རུང་བའི་ཕྱིར་རོ་ཞེས་དབང་ཡིད་ཇི་ལྟར་སྤེལ་བ་མདོ་སེམས་ཐུན་མོང་མ་ཡིན་པའི་དགོངས་དོན་བརྗོད་ཡོད་། གཟུགས་འཛིན་དབང་མངོན་གྱི་བདག་རྐྱེན་ལ་ཡང་འཇམ་དབྱངས་བཞད་པའི《བློ་རིག་གི་རྣམ་གཞག》ལས། བདག་རྐྱེན་དབང་བོ་གཟུགས་ཅན་པར་མདོ་སེམས་གཉིས་ཀར་འདོད་ཀྱང་། མདོ་སྡེ་བས་དབང་བོ་དེ་བེམ་པོ་དང་། སེམས་ཙམ་པས་དབང་མངོན་སྔ་མའི་ནུས་པར་འདོད་པའི་ཕྱིར་ཞེས་བཀོད་པར་བརྟག་ན་མདོ་སེམས་གཉིས་ཀྱི་རྐྱེན་གསུམ་ལ་ཁྱད་པར་ཡོད་དེ་དེ་དང་མཐུད་ནས་ང་ཚོའི་ཤེས་ཐུབ་པ་ནི་དབང་ཡིད་ཇི་ལྟར་སྤེལ་བར་སོ་སོའི་ལྟ་བ་མི་མཐུན་ནོ། ། རྗེས་དཔག་ཚད་མའི་མཚན་ཉིད་ཡོད་དེ། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རང་ཡུལ་ལྐོག་གྱུར་གསར་དུ་རྟོགས་པའི་བློ། དེ་ལ་དབྱེ་ན་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག གྲགས་པའི་རྗེས་དཔག ཡིད་ཆེས་རྗེས་དཔག་དང་གསུམ་ཡོད། སྤྱིར་ནས་རྗེ་ཙོང་ཁ་པས་རྗེས་དཔག་ལ་རྣམ་གཉིས་ཏེ་རང་དོན་རྗེས་དཔག་དང་གཞན་དོན་རྗེས་དཔག་བརྗོད་ཡོད་པ་དང་དེ་དག་རེ་རེ་གཏན་ལ་དབབ་པར་རྟགས་ཡང་དག་དང་རྟགས་ལྟར་སྣང་། དངོས་དང་བསྒྲུབ་བྱ་སུན་འབྱིན་སོགས་བཀོད་ཡོད།

ཡང་ཚད་མ་ལ་ཡུལ་ཅན་ངེས་པ་འདྲེན་ནུས་ཀྱི་སྒོ་ནས་དབྱེ་ན་རང་ལས་ངེས་ཀྱི་ཚད་མ་དང་། གཞན་ལས་ངེས་ཀྱི་ཚད་མ། དེ་གཉིས་ཀྱི་མཚན་ཉིད་གསུམ་བཞག་ཡོད་དེ། གང་ལྟར་ཡང་ཚད་མ་གང་ཞིག་རང་གཞན་གཉིས་ཀྱིས་སྒོ་ནས་ཡུལ་ཅན་ལ་ངེས་བ་འདྲེན་ནུས་པ་དེ་ཡིན། དེ་ལས་གཞན་ལས་ངེས་ནི་འཁྲུལ་རྒྱུ་ཅན་གྱི་མངོན་སུམ་ཚད་མ་ཞེས་པ་དེ་ཐོག་མར་ཆོས་གང་ཞིག་ཚད་མ་ཡིན་མིན་ཐེ་ཚོམ་སྐྱེས་ལ་རྗེས་སུ་ཚད་མ་གཞན་ལ་བརྟེན་ནས་ཐོག་མའི་ཆོས་མི་བསླུ་བར་འཛིན་པའི་དབང་མངོན་ལྟ་བུ་ཡིན་ནོ། །

དཔྱད་གཞིའི་ཡིག་ཆ།

[1]གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོའི་ཤོག་ངོས་༡༨༤རུ་གསལ།ཁོ་ཚེ་ཚུལ་ཁྲིམས་ཀྱིས་བསྒྲིགས།༢༠༠༣ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།

[2]ཚད་མ་རིག་པའི་སྐོར་རྒྱ་གཞུང་ཕྱོགས་བསྒྲིགས་ཀྱི་ཤོག་ངོས་༢༤༣དུ་གསལ།༡༩༨༩ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར།

[3]ཚད་མ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་གྱི་ཤོག་ངོས་༡༠༨དུ་གསལ།མཁས་གྲུབ་རྗེ།མི་རིགས་དཔེ་སྐྲུན་ཁང།༡༩༨༠ལོར་དཔར།

[4]ཚད་མའི་བསྟན་བཅོས་རིགས་པའི་རྒྱན་གྱི་ཤོག་ངོས་༢༤རུ་གསལ།རྗེ་དགེ་འདུན་གྲུབ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོར་དཔར།

[4]ཚད་མ་རིགས་གཏེར་གྱི་རང་འགྲེལ་ལས་དྲངས།ཤོག་ངོས་༢༣་ན་གསལ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོར་དཔར།

[5]ཚད་མ་རྣམ་འགྲེལ་ཌྭཱིཀ་ཆེན་རིགས་པའི་རྒྱ་མཚོའི་ཤོག་ངོས་༡༦༨་ན་གསལ། མི་རིགས་དཔེ་སྐྲུན་ཁང། ༡༩༩༠ལོར་དཔར།

[6]རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱི་ཤོག་ངོས་༡༦༨་ན་གསལ།ཞང་ཀང་ཐེན་མྰ་དཔེ་སྐྲུན་ཁང་། ༢༠༠༠ལོར་དཔར།

[7]ཚད་མ་སྡེ་བདུན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཀྱི་ཤོག་ངོས་༤༣༥་རུ་གསལ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༡༩༨༨ལོར་དཔར།

[8]ཀུན་མཁྱེན་འཇམ་དབྱངས་བཞད་པའི་བློ་རིག་གི་རྣམ་གཞག་ཤོག་ངོས་༡༡༤༡་ན་གསལ། ཁོ་ཚེ་ཚུལ་ཁྲིམས་ཀྱིསབསྒྲིགས།༢༠༠༣ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།

རྩོམ་པ་པོ། མཚོ་བྱང་ཁུལ་མདོ་ལ་རི་བོའི་སློབ་འབྲིང་གི་དགེ་རྒན།)

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།