མི་དབང་རྟོགས་བརྗོད་དང་འབྲེལ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་ཕོ་ལྷ་བའི་བར་གྱི་འབྲེལ་བའི་བྱུང་རིམ་ཙམ་བརྗོད་པ།

ནང་དོན་གནད་བཤུས། དཔྱད་རྩོམ་འདིར་མདོ་མཁར་ཞངས་དྲུང་ཚེ་རིང་དབང་རྒྱལ་གྱི《མི་དབང་རྟོགས་བརྗོད》དང་འབྲེལ་ཏེ་རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཉིས་ཀྱི་འབྲེལ་བའི་ཐོག་མཐའ་བར་གསུམ་གྱི་བྱུང་རིམ་ལ་རགས་ཙམ་དཔྱད་ཡོད།།

གནད་ཚིག  མི་དབང་རྟོགས་བརྗོད། རྒྱལ་བ་སྐལ་བཟང་རྒྱ་མཚོ། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ། འབྲེལ་བ།

1720 ལོར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་པོ་ཏ་ལ་རུ་རྒྱལ་བ་གོང་མའི་གསེར་ཁྲིར་འཁོད་པ་དང་། 1721 ལོར་གོང་མའི་བཀའ་བཞིན་ཁང་ཆེན་པ་བསོད་ནམས་རྒྱལ་བོར་པའི་སིའི་ཆོ་ལོ་དང་སྦྲགས་བོད་ཀྱི་བཀའ་བློན་གཙོ་བོ་དང་། ང་ཕོད་པ་རྡོ་རྗེ་རྒྱལ་བོར་པའི་སིའི་ཆོ་ལོ་དང་བཀའ་བློན་གྱི་ལས་རོགས། ལུམ་པ་བཀྲ་ཤིས་རྒྱལ་བོར་གུང་གི་ཆོ་ལོ་དང་བཅས་བཀའ་བློན་དུ་བསྐོས།དེ་ནས་ཕོ་ལྷ་བ་དང་སྦྱར་ར་བ་གཉིས་ལའང་ཐའི་ཇུའི་ཆོ་ལོ་དང་སྦྲགས་བཀའ་བློན་དུ་བསྐོས། དེ་དག་ལས་ཁང་ཆེན་པ་ནི་མངའ་རིས་ཀྱི་སྒར་དཔོན་ཡིན་ལ། ཁོང་ལ་ཇུན་གར་བར་རྒོལ་ལན་སྤྲོད་པའི་འཐབ་འཁྲུག་ཏུ་བྱས་རྗེས་ཆེན་པོ་ཡོད།ང་ཕོད་པ་ནི་ཀོང་ཡུལ་གྱི་དཔོན་རིགས་ཡིན་པ་དང་།ལུམ་པ་ནི་དབུས་པའི་དཔོན་རིགས་ཡིན།སྦྱར་ར་བ་ཡང་སྲིད་ཀྱི་རྒྱབ་རྟེན་བཟང་བའི་དབུས་ཁུལ་དཔོན་རིགས་ཀྱི་གྲས་ཡིན།ཕོ་ལྷ་བ་ནི་གཙང་ཁུལ་གྱི་དཔོན་རིགས་ཇུན་གར་སྐྲོད་པར་བྱས་རྗེས་ཡོད་པ་ཡིན།དེ་དག་ལས་དབུས་ཀོང་གི་བཀའ་བློན་གསུམ་ནི་སྔར་ཡང་དབུས་ཁུལ་དུ་ཆབ་སྲིད་ཀྱི་གཞི་རྩ་བརྟན་ཅིང་དགའ་ལྡན་གྱི་སྦྱིན་བདག་ཡིན་པ་སོགས་ཀྱིས་བཀའ་བློན་གྱི་གོ་སར་སོང་བ་རེད།    

དེ་ཡང་གོང་མ་བདག་པོའི་ལུང་གིས་ཆེ་བའི་མངག་གཞུག་པ་ཨ་ས་ཁན་ཨམ་པ་འོངས་ནས་གོང་མ་བདག་པོའི་བཀའ་ལྟར།བོད་ཁྲི་སྐོར་བཅུ་གསུམ་གྱི་ལྗོངས་སུ་བཀའ་བློན་གཉིས་གསར་དུ་བསྐོ་དགོས་པས་ཕོ་ལྷ་འདི་འོས་ཚུལ་གླེང་པ་ན།[1]དེའི་ཚེ་བཀའི་དགུང་བློན་སོགས་གཞན་དག་ན་རེ། དགའ་ལྡན་ཕོ་བྲང་པའི་གནའ་བོའི་ལུགས་སྲོལ་ལ་ཡུལ་གཙང་ལྗོངས་ཀྱི་སྐྱེ་བོ་དག་སྣེ་མོ་ལས་འཛིན་ཆེན་པོའི་གོ་སར་འཁོད་པའི་རྒྱུན་མེད་ཅིང་། ཁྱད་པར་དུ་ཡང་ཕོ་ལྷ་ཐའི་ཇུ་ནི་ལྷ་བཟང་ཁང་གི་ཉེ་བའི་འཁོར་བསྙོན་དུ་མེད་ཕྱིར་དེ་ནི་སྐབས་སུ་བབ་པར་མི་མངོན་ནོ།།ཞེས་ཞུས།རྒྱལ་བའི་ཡབ་རྗེ་མཆོག་གིས། གཞན་དག་ཇི་ལྟར་གླེང་ནའང་། རང་ཉིད་གྱིས་བརྟགས་ན་དྲག་པོ་གཡུལ་གྱི་བྱ་བ་ལ་གངས་ཅན་གྱི་ལྗོངས་འདིར་ཕོ་ལྷ་ཐའི་ཇུ་དང་ཆ་ཙམ་མཚུངས་བ་འགའ་ཡང་མེད་པར་གྲགས་པ་དོན་དང་ལྡན་། དེང་གི་དུས་སུའང་ཐམས་ཅད་མཁྱེན་པ་འཇིག་རྟེན་རྣམ་པར་འདྲེན་པའི་ཞམ་རིང་གི་བྱ་བའི་རིམ་པ་ལ་ལྷག་བསམ་དགེ་བ། ཟོལ་མེད་ཅིང་དྲང་པོར་སྨྲ་བ་འདི་དང་མཚུངས་པ་མ་མཆིས་ན་བདག་པོ་ཆེན་པོས་རྒྱང་རིང་མོ་ནས་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པར་གདའ་འོ་ཞེས་གསོལ་བ་དེ་བཞིན་དུ་འཐད་པར་སེམས་ནས་བཀའི་དགུང་བློན་ཆེན་པོར་མངའ་གསོལ་བར་གྱུར་ཏོ།། ཞེས་འབྱུང་བས་དང་ཐོག་ཕོ་ལྷ་བ་བཀའ་བློན་གྱི་གོ་སར་བསྐོ་དུས་རྒྱལ་དབང་མཆོག་དང་རྒྱལ་ཡབ་གཉིས་ཕོ་ལྷ་དང་ཐུགས་ནང་གཤིན་པ་མཐོང་ཐུབ།  ཡིན་ནའང་ལུམ་པ་ནས་ནི་སྐྱེས་པོ་གྱ་གྱུ་ཅན་གཡོ་སྒྱུ་གཡེན་སྦྱོར་གྱི་ལས་ལ་དགའ་བ་ཞིག་ཡིན་ཁར། རྒྱལ་དབང་མཆོག་གི་ཡབ་བསོད་ནམས་དར་རྒྱས་དང་གཉེན་འབྲེལ་གྱི་འབྲེལ་བ་ཡོད་པར་བརྟེན་རྒྱལ་དབང་གི་ཡབ་ངན་བསླུ་བགྱིས་ཏེ་རང་ཕྱོགས་སུ་འཐེན་ནས་ཐོག་མར་དབུས་དང་གཙང་གི་འཐེན་འཁྱེར་དང་དབྱེན་སྦྱོར་གྱི་ལས་མང་དུ་སྤེལ།སྐབས་ཤིག་ཁང་ཆེན་པ་དང་ཕོ་ལྷ་བ་སོ་སོ་ཡུལ་སྐོར་དུ་ཕྱིན་ཤུལ་ནས་ཁོ་གཉིས་ཀྱི་ཕྱོགས་གཏོགས་རྣམས་གཞུང་ཞབས་ནས་ཕྱིར་འབུད་བྱས་པ་དང་།ཡང་ཁོ་གཉིས་ལ་དབང་བའི་ས་ཁུལ་དུའང་དཔྱ་ཁྲལ་བཙན་ལྕི་འབབ་པ་སོགས་གྱོད་གཞི་བཙལ་ཐབས་ཀྱིས་དེ་གཉིས་ལ་འགྲན་རྩོད་བྱས་པ་མ་ཟད། སྐྱོན་འཛུགས་སྙད་འདོགས་ཀྱི་ཡི་གེ་དོན་ཚན་བདུན་ཅུ་ལྷག་ཅན་གོང་མར་གསང་འབུལ་བྱས་པ་སོགས་ཆབ་སྲིད་འཕུང་དཀྲུག་གི་སྦྱོར་བ་སྣ་ཚོགས་བཤམས་པར་བཤད་ཅིང་།རྒྱལ་དབང་གི་ཡབ་བསོད་ནམས་དར་རྒྱས་དེའང་བྱ་བྱེད་མང་བ་ཞིག་ཡིན་ཏེ།[2]རྒྱལ་བ་དེ་ཉིད་སྐུ་འབུམ་དུ་བཞུགས་དུས་རང་གི་དགོངས་བཅད་ཀྱིས། ཀུན་མཁྱེན་འཇམ་དབྱངས་བཞད་པ་གདན་དྲངས་ཀྱང་། ཡབ་ཆེན་བསོད་ནམས་དར་རྒྱས་ཀྱིས་བར་ཆད་བརྩམས་ཏེ་བཀའ་ཆོས་གསན་བཞེད་ཐོག་ཏུ་མ་ཁེལ་བས།ཀུན་མཁྱེན་སྐུ་ཕྲེང་གཉིས་པ་ལ་རྒྱལ་བ་ཉིད་ཀྱི་ཞལ་ནས། ངེད་ཀྱི་ཕ་རྒན་དེ་བྱེད་རྒྱུ་ཅུང་ཟད་མང་བས་ཁྱེད་ཀྱི་སྐུ་གོང་མ་དང་མཇལ་མ་ཐུབ་པ་དེ་སེམས་ཤིན་ཏུ་ཕམ་པོ་འདུག་ཅེས་དང་། ཞེས་བྱུང་བ་སོགས་ལས་རྒྱལ་དབང་གི་ཡབ་ཆེན་གྱི་ཚུལ་ལུགས་ཀྱང་གསལ་བོར་གསུངས་ཡོད་པ་རེད། དེས་ན་རྒྱལ་དབང་སྐུ་དངོས་ལ་དབུས་གཙང་ཕྱོགས་ལྷུང་གི་བསམ་སྦྱོར་དེ་འདྲ་མེད་ཀྱང་རྒྱལ་ཡབ་དང་ལུམ་པ་ནས་སོགས་ཀྱིས་ཁ་བསྒྱུར་པས་བཀའ་བློན་བར་གྱི་འགལ་བ་འདུམ་པ་ལ་ནུས་པ་མ་ཐོན་པ་རེད།  

ཕོ་ལྷ་བས་རྒྱལ་དབང་མཆོག་ལ་ཞུ་འཕྲིན་དང་ངག་གི་ལམ་ནས་རང་ཉིད་ཀྱིས་ད་ལྟ་དགའ་ལྡན་ཕོ་བྲང་གི་ཞི་དྲག་གི་ལས་གང་ཡིན་ཡང་འདུན་པ་རྩེ་གཅིག་གིས་བསྒྲུབས་ཤིང་། ཕྱིས་སུའང་དེ་ལྟར་ལགས་པ་མཆོག་གསུམ་དཔང་དུ་བཞག་ཆོག་མོད། ལ་ལ་དག་གིས་ཁོ་བོས་བྱ་བ་གང་བགྱིས་པ་ནི་ལོག་སྒྲུབ་དང་། གཏམ་དུ་སྨྲས་པ་ནི་རྫུན་དུ་བཟུང་ནས་བརྙས་པར་བྱེད་ལ། ནམ་ཞིག་དུག་དང་མངོན་སྤྱོད་དང་རྐུ་ཐབས་གང་རུང་གིས་སྲོག་འཕྲོག་པར་འགྱུར་བ་གདོན་མི་ཟ་བ་དང་། དེ་ལྟ་ན་རྒྱལ་དབང་ཉིད་ཀྱི་མཛད་འཕྲིན་གྱི་གེགས་སུ་འགྱུར་བའི་གནས་ཡོད་པས། ཁོ་བོར་བཀའི་དགུང་བློན་གྱི་ཁུར་འཛིན་མི་དགོས་པར་ཇི་བདེར་འདུག་ཆོག་པའི་ཐུགས་རྗེ་ཞུས་ཀྱང་ཐམས་ཅད་མཁྱེན་པ་ཆེན་པོ་ཅུང་ཟད་འཛུམ་པ་དང་བཅས་ཏེ།དེ་ལྟར་བདག་པོ་ཆེན་པོས་ཀྱང་བཀས་གནང་བར་དཀའ་ཞིང་། རྒྱལ་ཐབས་ཀྱི་བྱ་བ་ཀུན་ལ་སྔ་མཁོ་བཞིན་དུ་སྙིང་སྟོབས་བསྐྱེད་རིགས་སོ་ཞེས་བཀས་གནང་བ་སྩོལ་བར་མ་མཛད་ལ། འགལ་འཐབ་ཀྱི་གནས་ཚུལ་ཞིབ་གསལ་གྱིས་སྙན་ལམ་དུ་ཞུས་ཀྱང་ཐུགས་རྒྱུད་བདུད་བློན་སོགས་ཀྱིས་བསྒྱུར་ཏེ་བདེན་དུ་མ་བཟུང་བའམ་འགལ་འདུམ་གྱི་བྱ་བ་ཅི་ཡང་མ་བསྒྲུབས་པ་རེད། དེ་ནས་དབུས་གཙང་གི་དཔོན་རིགས་བར་གྱི་འགལ་བ་ཇེ་དྲག་ཏུ་གྱུར་ཅིང་།  1727 ལོའི་ཟླ 6 པའི་ཚེས 18 ཉིན་ལྷ་ས་གཙུག་ལག་ཁང་གི་གཟིམ་ཆུང་ཁམས་གསུམ་དུ་ང་ལུམ་སྦྱར་གསུམ་འཁོར་བཅས་ཀྱིས་དའི་ཆིང་པཱ་ཐུར་བཀྲོངས་པ་དང་། དབུས་ཀོང་དང་གཙང་དང་མངའ་རིས་གཉིས་འཁྲུག་པའི་སྡེ་གཟར་དེ་ལངས་པ་རེད།འཐབ་འཁྲུག་གི་དུས་སུ་ལུམ་པ་ནས་ཀྱིས་རྒྱལ་དབང་དང་པཎ་ཆེན་གྱི་བཀའ་ཡིན་ཚུལ་གྱིས་ཡིག་འཁྱར་མང་པོ་གཙང་ལྗོངས་སུ་སྤེལ་ཞིང་ཕོ་ལྷ་ལ་ཡང་བསྐུར་བར་བྱས།གནས་སྐབས་འདི་དག་ཏུའང་རྒྱལ་བའི་དབང་པོས་དབུས་གཙང་གི་བདེ་འཇགས་ལ་རྔོ་མ་ཐོགས་པ་དེ་ནི་རྟོགས་བརྗོད་དུ་རྒྱལ་བའི་དབང་བོའི་རྣམ་འཁྱེན་རྙོག་མར་གྱུར་པས་ཅུང་ཟད་གཟིགས་པ་ལྷོད་དོ་ཞེས་པ་ལྟར་གྱུར་བ་ཡིན་སྲིད། དེའི་ཕྱིར་ཕོ་ལྷས་ཀྱང 1727 ལོར་གོང་མ་ཆན་ལུང་ལ[3]ཏྰ་ལའི་བླ་མས་བཏང་བའི་དབུས་ཀོང་སོག་པོ་དང་བཅས་ནས་གཙང་པའི་ཕོ་རྣམས་མཐོང་ཚད་བསད། མོ་རྣམས་བཀོལ་སྤྱོད་ཁང་པ་མེར་བསྲེག འདི་ལོའི་ལོ་ཏོག་ཐམས་ཅད་གཏོར་བརླག་ཏུ་གཏོང་བ་སོགས་མདོར་ན་བསམ་སྤྱོད་ཀྱི་ཡུལ་དང་བྲལ་བ་བྱེད་འདུག……ཅེས་ཝང་ཤུ་ཕུལ་འདུག ཕྱིས་སུ་དབུས་དམག་ཕམ་སྟེ་འོན་རྒྱལ་སྲས་སྤྲུལ་སྐུ་དང་ནོ་མོན་ཁང་སོགས་ཀྱིས་ཕོ་ལྷ་བར་ཞུ་ངོ་བྱེད་དུས་རྒྱལ་དབང་མཆོག་དང་ཡབ་རྗེ་གཉིས་ཀྱིས་ཁང་ཆེན་པའི་སྲོག་འཕྲོག་པ་སོགས་ཀྱི་སྐོར་ལ་ཐེ་ཇུས་གནང་རིགས་རྩ་བ་ནས་མེད་ཚུལ་མནའ་སྐྱེལ་འགན་ལེན་ཞུས་པ་དང་། ཕོ་ལྷས་ཀྱང་ཁྱེད་ཚོས་གསུངས་པ་དེ་ལྟར་ཡིན་ན་ཡབ་སྲས་སྐུ་འཁོར་དུག་སྦྲུལ་ལྟ་བུའི་མི་ངན་དེ་དག་དང་ལྷན་དུ་བཞུགས་མི་རུང་ཚུལ་གསུངས་ཤིང་།དེའི་ལན་དུ་ནོ་མིན་ཁང་ལ་རྒྱལ་དབང་གིས [4]ཡབ་དང་ཁོ་བོ་ནི་ཁང་ཆེན་པ་དེ་ཉིད་ལ་ལས་དབང་གིས་ཧ་ཅང་མཉེས་གཤིན་པའི་བསམ་པ་དང་ལྡན་པ་ནི་མེད་ལ། འོན་ཀྱང་ཆོས་མིན་གྱི་བྱ་བས་སྲོག་འཕྲོག་པའི་གྲོས་ངན་དེ་འདྲ་བ་ནི་ཚིག་གཅིག་སྨྲས་པའི་ནོངས་པར་གྱུར་བའང་མ་མཆིས་སོ།། ཞེས་བཀའ་བསྩལ་འདུག

1728 ལོའི་ཟླ 6 པའི་ནང་མི་དབང་ཕོ་ལྷ་བ་རང་ཉིད་དང་སླེ་ལུང་བཞད་པའིརྡོ་རྗེ། འོན་རྒྱལ་སྲས་སོགས་འཁོར་གྱིས་བསྐོར་ནས་རྩེ་ཕོ་བྲང་ཆེན་མོར་ཏྰ་ལའི་བླ་མ་མཆོག་གི་མཇལ་ཁར་བཅར་དུས།ཕན་ཚུན་སྔ་ཕྱིའི་ཡོངས་ལུགས་ལ་གླེང་མོལ་མཛད་ཅིང་། བབ་འཕྲོས་ཤིག་ཏུ་ཕོ་ལྷ་བ་གཅིག་པུ་བོས་དུས་རྒྱལ་དབང་མཆོག་གི་སྐུ་མདུན་དུ་ཡབ་རྗེ་དང་རིག་འཛིན་བཞད་པའི་རྡོ་རྗེ། སྐུ་མདུན་མཁན་པོ་རྣམ་པ་གསུམ་མ་གཏོགས་མེད་ལ། དེའི་ཚེ་རིག་འཛིན་ཆེན་པོས་རྒྱལ་དབང་དང་ཕོ་ལྷ་བར་དུ་ཐུགས་ནང་གཤིན་པོ་ཡོང་དགོས་ཚུལ་བསླབ་བྱ་མང་དུ་གནང་བ་དང་། རྒྱལ་བ་ཉིད་ནས་ཀྱང་ད་ལྟའི་བར་དུ་ཁྱོད་ལ་མི་དགའ་བའི་བསམ་པ་ཕྲ་མོ་ཙམ་ཡང་མེད་ཚུལ་དང་། ད་ཕྱིན་ཆད་ཀྱང་གཞན་རྐྱེན་གྱི་དབང་དུ་མི་འགྱུར་བར་སྐྱེ་རབས་འདི་ཁོ་ནར་མ་ཟད་བྱང་ཆུབ་མ་ཐོབ་བར་དུ་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་བྱའོ་ཞེས། རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་བཀྲ་ཤིས་དོ་ཁ་མ་སོགས་རྟེན་གསུམ་དབུ་གཙུག་ཏུ་བཞེས་ནས་གཡར་དམ་མཛད་ཅིང་། མི་དབང་གིས་ཀྱང་དེ་ལྟར་མཛད་ནས་རྒྱལ་བ་ཉིད་ལ་ཞབས་འདེགས་སྒྲུབ་པའི་གཡར་དམ་བཅས་ཤིང་། མཆོད་ཡོན་དམ་ཚིག་སེལ་མེད་དུ་གྱུར་ཞེས་མི་དབང་རྟོགས་བརྗོད་ལས་བྱུང་འདུག ཡིན་ནའང 1728 ལོའི་སྨོན་ལམ་གྱི་སྐབས་གོང་མའི་བཀའ་ལྟར་རྒྱལ་དབང་མཆོག་སྐུ་འཁོར་དང་བཅས་ལི་ཐང་དུ་ཕེབས་དགོས་བྱུང་བ་ནི་མི་དབང་ཕོ་ལྷ་བས་རྒྱལ་དབང་མཆོག་ལ་ཕྱི་ཚུལ་དུ་གུས་ཞབས་ཙམ་ལས། དོན་ལའཁོན་འཛིན་མི་ལྷོད་པ་ཡིན་ཕྱིར་ཆིན་གོང་མ་ལ་སྔོན་གྱི་ཝང་ཤུའི་ནང་དོན་དང་མཚུངས་པའི་ཡི་གེ་ཇི་ལྟར་གསོལ་ཡོད་པའང་ཕལ་ཆེར་རྟོགས་ཐུབ་སྙམ།

ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་ནང་དུ། བོད་ཀྱི་སྲིད་སྐྱོང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་སྤྱིར་བསྟན་པ་དང་།བསྟན་འཛིན་དང་བཅས་པར་གུས་མཆོད་ལྷུར་ལེན་པ་དང་། དཔའ་འཛངས་བརྟུལ་ཕོད་པ་སོགས་ལུགས་གཉིས་ཆ་ནས་བསྔགས་འོས་པ་ཞིག་ཡིན་འདུག་ཀྱང་། ལེགས་པའི་སྐར་མས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྐྱོན་གྱི་གོང་བུར་མཐོང་བ་བཞིན་དུ།རྒྱལ་དབང་ཐམས་ཅད་མཁྱེན་པར་གཏིང་ནས་མི་དད་ཅིང་། ལོག་སྒྲུབ་མང་དུ་བགྱིས་ཤིང་། རྗེ་བླ་མ་ཉིད་ལ་དངོས་སུ་ཇི་ཡང་མ་ནུས་ཀྱང་། ལྐོག་ནས་ཀ་ཐོག་པ་སོགས་ངན་སྔགས་མཁན་པོར་མཐུ་གཏད་ཀྱི་རིགས་མང་དུ་བྱེད་བཅུག་པར་གནང་ཞེས་བྱུང་བ་དང་། རྒྱལ་དབང་བདུན་པ་ཆེན་པོའི་རྣམ་ཐར་དུ་འང་ཕོ་ལྷ་བས་རང་ཉིད་མ་གཏོགས་པའི་མཐོ་བཙན་སུ་ཡང་མེད་པ་ཞིག་བྱུང་ན་བསམས་ཏེ། རྗེ་བླ་མ་ཉིད་ལ་གླགས་འཚོལ་བས་ཡང་ནས་ཡང་དུ་མཐོ་འཚམས་པ་དང་།  རྗེ་ཉིད་ལ་གུས་པའི་སྐྱེ་བོ་ཚུལ་དང་མཐུན་པ་རྣམས་ལ་སྐྱོན་འདོགས་དང་དམའ་འབེབས་བྱེད་ཅིང་།  ཞེས་གསུངས་པ་སོགས་ཕོ་ལྷ་བས་ཕྱི་ཚུལ་ནས་རྒྱལ་དབང་ལ་གུས་ཚུལ་སྟོན་ཡང་དོན་ལ་དེ་ལྟར་མ་ཡིན་པའི་གནས་ཚུལ་མང་དུ་བཀོད་འདུག་པས་གང་ལྟར་ཡང་ཁོང་མཆོད་ཡོན་གཉིས་ཀྱི་བར་དུ་འབྲེལ་བ་ལེགས་པོ་ཞིག་ཐོན་མེད་པ་ལྟར་སྣང་ངོ་།།

 ཁོང་རྣམ་པ་གཉིས་ལ་འགལ་བ་དེ་ལྟ་བུ་བྱུང་བ་ནི་གཅིག་ནས་དབུས་གཙང་སྡེ་གཟར་གྱི་དབང་གིས་བྱུང་བ་ཡིན་ལ། ཕྱིས་སུ་ཕོ་ལྷ་བ་བཀའ་བློན་གཙོ་བོའི་གོ་སར་ཕེབས་པ་ནས་རང་གི་ཆབ་སྲིད་ཀྱི་ཧམ་སེམས་ཆེ་བས་རྒྱལ་དབང་ལ་འོས་མིན་གྱི་བསམ་སྦྱོར་ངན་པ་སྤེལ་བའང་དོན་དངོས་ཡིན་ཞིང་། གཉིས་སུ་ན་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་གྱི་ཆ་ནས་ཕོ་ལྷ་བས་ནི་ཕྱི་དགེ་ལུགས་པར་དད་པའི་ཚུལ་མཛད་ནའང་ནང་གསང་སྔགས་ཀྱི་ཆོས་ལ་དད་འདུན་ཆེན་པོ་ཡོད་པ་ཞིག་རེད། དེ་ཡང་ཁོང་གི་བླ་མ་གཙོ་བོ་སྨིན་གྲོལ་གླིང་གི་གཏེར་ཆེན་ཆོས་ཀྱི་རྒྱལ་བོ་ཡིན་ཞིང་། བླ་མ་དེ་ཉིད་ཀྱིས་ཁོང་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་ཆེད་སྙིང་སྟོབས་སྐྱེད་དགོས་པ་སོགས་བསླབ་བྱ་མང་དུ་གནང་སྟེ་རྟེན་འབྲེལ་གྱི་སྒོ་ནས་བསོད་ནམས་སྟོབས་རྒྱས་ཞེས་སྨོན་མཚན་བསྩལ་བ་ཡིན། དེ་ཡང་ཇུན་གར་བས་གསང་སྔགས་ཀྱི་ཆོས་གཞི་མང་པོ་བསྣུབས་དུས་དང་གོང་མའི་ལུང་གིས་སྙིང་བོའི་ཆོས་ལ་བཀག་རྒྱ་མཛད་པའི་སྐབས་གང་ཡིན་ཡང་རྙིང་ཆོས་ཀྱི་ཁ་འཛིན་མཛད་དེ་ཆོས་གཞི་སླར་གསོ་དང་གྲྭ་རྒྱུན་གསར་འཛུགས་ཕྱོགས་སུ་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད། གཞན[5]དོན་ཡོད་མཁས་གྲུབ་པས་རྒྱལ་བོ་མི་དབང་ལ་དམ་བསྒྲགས་ཤིང་ཟིལ་བསྟན་པས་རྒྱལ་བོ་སྐྲག་ནས། ཕྱིན་ཆད་རྙིང་མ་མི་བྱེད་པའི་དམ་བཅའ་ཕུལ། ཞེས་གསུངས་པ་དང་།གོང་གསལ་རྒྱལ་དབང་དང་མཉམ་དུ་རྟེན་གསུམ་དབུ་ལ་བཞེས་ནས་གཡར་དམ་བཅའ་དུས་རིག་འཛིན་བཞད་པའི་རྡོ་རྗེ་ཕེབས་ཡོད་པ་སོགས་ལས་ཀྱང་ཁོང་གི་གྲུབ་མཐའི་ཞེན་ཕྱོགས་གསལ་བར་རྟོགས་ཡོང་བ་ཡིན།

ལུང་ཁུངས།

[1][4]མི་དབང་རྟོགས་བརྗོད། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  p 329  p 461

[2][5]རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པ་འཇུག་པའི་འབབ་སྟེགས།   དབལ་མང་བ།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། p 214  p184

[3] བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང་།  བཀྲ་ཤིས་དབང་འདུས་ཀྱིས་བསྒྲིགས་པ།  མི་རིགས་དཔེ་སྐྲུན་ཁང་། p 75

(རྩོམ་པ་པོ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་ཡིན།)  

论文标题:以《颇罗鼐传》为文献资料浅谈格桑嘉措和颇罗鼐之间的关系

内容摘要: 《颇罗鼐传》由东喀夏仲·才仁旺杰所著,成书于1733年。此作品以颇罗鼐(1689-1747)一生事迹为中心,经顺治和康熙两朝,在西藏地区发生的重大历史事件,包括格桑嘉措和颇罗鼐之间的关系。以记叙历史事实为主,辅以脍炙人口的口传故事,使作品显得更加生动活泼。 

作者:青海省海南藏族自治州第一民族高级中学  扎西尖措 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།