སློབ་དཔོན་དབང་ཕྱུག་སྡེའི་སྐོར་བོད་འགྱུར་ཚད་མའི་རྒྱ་གཞུང་དག་ཏུ་ཇི་ལྟར་འཁོད་པ།

སློབ་དཔོན་དབང་ཕྱུག་སྡེ་ཕྱོགས་གླང་གི་སློབ་མ་ཡིན་པ་དང་། ཆོས་གྲགས་ཀྱི་བླ་མ་ཡིན་པ། དབང་ཕྱུག་སྡེས་རྟགས་ཀྱི་ཚུལ་དྲུག་ཏུ་འདོད་པ། ལུང་འགལ་དྲུག་བསྟན་པའི་ཕྱོགས་སྔ་མ་དབང་ཕྱུག་སྡེ་ཡིན་པ་སོགས་བོད་ཀྱི་ཚད་མའི་སློབ་གཉེར་བ་དག་གི་སེམས་སུ་གཏན་འཇགས་ལྟ་བུར་གྱུར་ཡོད་ཅིང་། ད་དུང་ཕྱོགས་སྒྲ་རྩོད་པའི་ཕྱོགས་སྔ་མ་སུ་ཡིན་མིན་གྱི་ཐད་ལྟ་ཚུལ་མི་མཐུན་པ་འགའ་ཡང་བྱུང་ཡོད། འོན་ཀྱང་བོད་འགྱུར་རྒྱ་གཞུང་དག་བཀླགས་ཏེ་དེའི་སྐོར་གྱི་ཡིད་རྟོན་འཕེར་བའི་རྒྱུ་ཆ་འཚོལ་བསྡུ་བྱས་ནས་དཔྱད་པ་བྲིས་པ་དཀོན་པོར་སྣང་བས། འདིར་ཁོ་བོས་«བསྟན་འགྱུར»་ནང་གི་བོད་འགྱུར་རྒྱ་གཞུང་དག་ལ་དཔེ་ཀློག་བྱས་ནས་དེའི་སྐོར་དཔྱད་གཞིའི་རྒྱུ་ཆ་ཇི་ལྟར་རྙེད་པ་འབྲི་བར་བྱའོ། །

གཅིག ཕྱོགས་སྒྲའི་རྩོད་པ་དང་དབང་ཕྱུག་སྡེ།

སྤྱིར་ཕྱོགས་སྒྲའི་རྩོད་པ་དེ་ཚད་མའི་ནང་གི་བརྗོད་གཞི་གལ་ཆེན་ཞིག་མིན་ལ། ལྷག་ཏུ་དེའི་ཕྱོགས་སྔ་མ་སུ་ཡིན་མིན་དེའང་དོན་ཆེན་པོ་ཞིག་ཏུ་མི་སེམས་མོད། བོད་ཀྱི་ཚད་མ་བ་དག་གིས་ཕྱོགས་སྒྲའི་རྩོད་པའི་ཕྱོགས་སྔ་མ་སུ་ཡིན་མིན་ཐད་དཔྱད་བརྗོད་སྣ་ཚོགས་བྱས་པ་མཐོང་ཞིང་། དེ་དག་ཕལ་མོ་ཆེས་ཕྱིས་ཀྱི་བོད་ཀྱི་ཡིག་ཆ་དག་ལས་རྒྱ་གཞུང་རང་གི་རྒྱུ་ཆ་བཙལ་ནས་དཔྱད་པ་བྱས་པ་དཀོན་པོར་སྣང་། དེ་ཡང་ཕྱོགས་སྒྲའི་རྩོད་ལན་དེ《རྣམ་འགྲེལ》དང་《གཏན་ཚིགས་ཐིགས་པ》ཚང་མའི་ནང་དུ་བཀོད་ཡོད་ཅིང་དེ་དག་གི་འགྲེལ་པ་རྒྱ་གཞུང་བོད་དུ་འགྱུར་བ་དུ་མ་ཡོད་ཕྱིར་དེ་དག་ལ་བལྟས་ནས་སུ་ཡིན་མིན་ཐག་གཅོད་རྒྱུ་དེ་གནད་འདི་ཤེས་པའི་ཐབས་མཆོག་ཏུ་སྣང་།   དེ་ཡང་ཁོ་བོས་མཐོང་བ་ལྟར་ན་ཕྱོགས་སྒྲའི་རྩོད་པའི་མགོ་ཙམ་ཞིག་ནི་ཕྱོགས་གླང་རང་གི《ཀུན་བཏུས》རྩ་འགྲེལ་གྱི་ནང་དུ་བཀོད་ཡོད་པ་དང་། དེ་ནི་ཕྱོགས་སྔ་མ་ཞིག་གི་རྩོད་ལན་ཡིན་པའི་ངེས་པ་མེད་པར་རང་གིས་ཚུལ་དང་པོ་ལ་ཕྱོགས་ཆོས་ཀྱི་ཐ་སྙད་བཏགས་པ་ལ་ཡོང་སྲིད་པའི་དོགས་པ་སློང་ནས་གསལ་བཤད་མཛད་པ་ཙམ་ཡིན་སྲིད། དེ་ཡང《ཀུན་བཏུས་རང་འགྲེལ》གྱི་གཞན་དོན་ལེའུར། “རེ་ཞིག་ཅི་སྟེ་འདིར་ཕྱོགས་ཀྱི་ཆོས་སུ་འགྱུར་ཞེ་ན། ཇི་ལྟར་མི་འགྱུར། གང་གི་ཕྱིར་ཆོས་ཅན་ནི་གྲུབ་ཟིན་པའི་ཕྱིར་སྒྲུབ་པར་མི་འདོད་པས་ན། ཉེས་པ་མེད་དོ། ། གང་གི་ཕྱིར། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེའི་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱ་བཏགས་ནས་བརྗོད། ། ”[1]ཅེས་ཆོས་ཅན་ནི་རྒོལ་བས་བསྒྲུབ་བྱ་མ་གྲུབ་པའི་སྔོན་ནས་གྲུབ་ཟིན་པའི་ཕྱིར་ཕྱོགས་མ་ཡིན་པས་ཚུལ་དང་པོ་ལ་ཕྱོགས་ཀྱི་ཆོས་ཞེས་སྨོས་ན་མི་འཐད་པའི་དོགས་པ་བཀོད་ནས་དེའི་ལན་དུ་ཕྱོགས་ཆོས་ཞེས་པའི་ཕྱོགས་ནི་བསྒྲུབ་བྱའི་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་པ་ཡིན་པ་དང་། འདོགས་པའི་རྒྱུ་མཚན་བཅས་གསུངས་སོ། །《ཀུན་བཏུས》ཀྱི་འགྲེལ་པ་བོད་དུ་འགྱུར་བ་ལ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་ཞིང་རྒྱལ་དབང་བློས་བརྩམས་པ་ཞིག《སྡེ་བསྟན》ཚད་མ<ཡེ>ནང་དུ་བཞུགས་ཡོད་ཅིང་། དེའི་ནང་གི་འདིའི་ཐད་དུ་ཕྱོགས་སྒྲའི་རྩོད་པའི་ཕྱོགས་སྔ་མ་སུ་ཡིན་མིན་ཅི་ཡང་བཤད་མེད། ཕྱིས་ཀྱི་《རྣམ་འགྲེལ་རང་འགྲེལ》དང《གཏན་ཚིགས་ཐིགས་པ》སོགས་སུ་ཡང《ཀུན་བཏུས》་ནང་གི་རྩོད་པ་འདིའི་ལན་ཡོད་ཅིང་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའི་ཤཱཀྱ་བློའི《འགྲེལ་བཤད》དུ་རྩོད་པ་ཡང་བཀོད་མོད་དེ་ནི་གསར་དུ་གསུངས་པ་མིན་པར་རྩོད་པ་འདིའི་འཕྲོས་ཀྱི་དོགས་པ་དག་ལ་ལན་འདེབས་པ་བཞེད་ནས་ཕྱོགས་གླང་རང་གི་གཞུང་ན་ཡོད་པ་བསྐྱར་བ་ཙམ་ཡིན། འོན་ཀྱང་ཕྱོགས་གླང་རང་གི་གཞུང་དང་ཤཱཀྱ་བློས་བཀོད་པའི་རྩོད་པ་གཉིས་ཅུང་མི་འདྲ་སྟེ། སྔ་མས་ཕྱོགས་ཆོས་ཞེས་པའི་ཕྱོགས་དེ་ཆོས་ཅན་ལ་བྱེད་ན་དེ་ནི་རྒོལ་བས་གྲུབ་ཟིན་པའི་ཕྱིར་བསྒྲུབ་བྱ་མིན་པས་མི་འཐད་དོ་ཞེས་སྨྲས་ཤིང་། ཕྱི་མས་ཕྱོགས་ཆོས་ཞེས་པའི་ཕྱོགས་དེ་བསྒྲུབ་བྱ་ལ་བྱེད་ན་རྒོལ་བས་གཏན་ཚིགས་དེའི་ཆོས་སུ་མ་གྲུབ་པས་ཕྱོགས་ཆོས་སུ་མ་གྲུབ་པའི་སྐྱོན་དང་། གྲུབ་ན་ཕྱོགས་ཀྱང་གྲུབ་ཟིན་པས་རྗེས་དཔག་འཇུག་པ་དོན་མེད་དོ་ཞེས་སྨྲས་སོ།  །

 དཀྱུས་ལ་འཇུག་ན། ད་ལྟ《རྣམ་འགྲེལ་རང་འགྲེལ》སོགས་སུ་གསལ་བའི་“གལ་ཏེ་དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན།” [2]ཞེས་པའི་ཕྱོགས་སྔ་མ་བཀོད་ནས་དེའི་ལན་དང་དེ་ལས་འཕྲོས་པའི་རྩོད་ལན་གསུངས་པ་དག་ཕྱོགས་གླང་གི་གཞུང་དུ་མི་གསལ་བས་ཆོས་གྲགས་ཀྱི་གཞུང་དུ་གཞི་ནས་བྱུང་བར་སྣང་།       འོ་ན་ཕྱོགས་གླང་གི་གཞུང་དུ་བཀོད་པ་དེ་དང་དེའི་འཕྲོས་ཆོས་གྲགས་ཀྱིས་བསྐྱངས་པའི་བར་དེར་ཕྱོགས་སྔ་མ་གཞན་ཞིག་བྱུང་ཡོད་དམ་ཞེ་ན། ཤཱཀྱ་བློའི་《འགྲེལ་བཤད》དང་། བྲམ་ཟེའི《འགྲེལ་བཤད།》 《འཐད་ལྡན》་སོགས་སུ་གསལ་བར་བཤད་པ་མ་མཐོང་མོད། དུལ་བ་ལྷའི《གཏན་ཚིགས་ཐིགས་པའི》འགྲེལ་པ་རུ། “ཕྱོགས་ཀྱི་ཆོས་དཔྱད་པ་འདིར་དབང་ཕྱུག་སྡེ་ཞེས་བྱ་བ་ཕྱོགས་སྔ་མ་སྨྲ་བ་དེས་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་ཀླན་ཀ་བཙལ་བ་ལ་བསྟན་བཅོས་མཛད་པ་གཟུ་བོར་གྱུར་པ་འདིས་ལན་བཏབ་བོ་ཞེས་གྲག་གོ །”[3]ཞེས་ཕྱོགས་སྒྲའི་རྩོད་པ་གང་ལ་བྱ་ས་སློབ་དཔོན་ཕྱོགས་གླང་གི་གཞུང་དང་། གང་གིས་རྩོད་པ་པོ་དབང་ཕྱུག་སྡེ་ཡིན་པའི་ལུགས་བཀོད། འོན་ཀྱང་བོད་འགྱུར་ལ་གྲག་གོ་ཞེས་པའི་ཚིག་དེ་བྱུང་ཞིང་རྒྱ་དཔེ་རང་ལ་ཚིག་ཇི་ལྟ་བུ་ཡོད་མེད་མི་ཤེས་མོད་གལ་ཏེ་དེ་ལྟ་བུའི་དོན་ཅན་གྱི་ཚིག་ཡོད་ན་ཁོང་གིས་ཀྱང་གཞན་གྱི་བཤད་སྲོལ་ཇི་བཞིན་བཀོད་པ་ལས་མཐའ་ཆོད་པ་ཞིག་མིན་པའི་འགྲོས་ཐོན། དེ་བཞིན་བྲམ་ཟེས་མཛད་པའི《གཏན་ཚིགས་ཐིགས་པའི》འགྲེལ་པ་རུ། དགོས་མེད་ཀྱི་རྩོད་པའི་མགོའི་མཚམས་སྦྱོར་དུ།   “དེ་འདིར་སློབ་དཔོན་གྱིས་བཤད་པ་ལ། དབང་ཕྱུག་སྡེའི་སྤོང་བའི་ལན་བཏབ་པར་འདོད་པས་ཕྱོགས་སྔ་མ་ནི། གལ་ཏེ་དགོས་པ་མེད་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ”[4]ཞེས་གསུངས་སོ། །དེ་བཞིན་མངའ་བདག་རྩེ་ལྡེའི་སྐབས་བོད་དུ་བཞུགས་པའི་གནས་བརྟན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲས་བརྩམས་ཤིང་།  ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར་བའི《ཚད་མ་རྣམ་ངེས》ཀྱི་འགྲེལ་པ་ལས་ཀྱང་། “འདིར་སློབ་དཔོན་དབང་ཕྱུག་སྡེ་ན་རེ་དགོས་པ་མེད་པའི་ཕྱིར་གདགས་པར་མི་བྱའོ་ཞེ་ན།”[5]ཞེས་དགོས་མེད་ཀྱི་རྩོད་པའི་མགོར་ཕྱོགས་སྔ་མ་རུ་དབང་ཕྱུག་སྡེ་བཀོད་ཡོད། དེ་དག་ལས་ཤེས་ཐུབ་པ་ནི། དོགས་སློང་དང་སྦྲགས་ནས་ཆོས་ཅན་ལ་ཕྱོགས་ཀྱི་མིང་བཏགས་པའི་གསལ་བཤད་ཅིག་ཕྱོགས་གླང་རང་གིས་བྱས་རྗེས་ཕྱིས་སུ་དགོས་མེད་ཀྱི་རྩོད་པ་སོགས་རྩོད་པ་ལྷག་མ་དག་བྱུང་ཞིང་། རྩོད་པ་དེ་དག་གང་གིས་བྱེད་པ་པོ་ནི་དབང་ཕྱུག་སྡེ་ཡིན་པ་དང་དེའི་ལན་ཆོས་གྲགས་ཀྱིས་བཏབ་ཡོད་པ་དེ་རྒྱ་གར་གྱི་ཚད་མ་བ་དག་གི་བཞེད་པ་ཡིན་པར་གསལ། 

གཉིས། ལུང་འགལ་དྲུག་དང་དབང་ཕྱུག་སྡེ།

མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པའི་ལུགས་ལ་ཕྱོགས་གླང་གི་ལུང་དང་འགལ་བར་བསྟན་པ་དེ《རྣམ་འགྲེལ》རྩ་འགྲེལ་དང《རྣམ་ངེས》ཚང་མའི་ནང་དུ་ཡོད། བོད་འགྱུར《རྣམ་འགྲེལ་རང་འགྲེལ》གྱི་འགྲེལ་བཤད་གཉིས་ལས་ཤཱཀྱ་བློའི《འགྲེལ་བཤད》དུ། དེའི་ཕྱོགས་སྔ་མ་སུ་ཡིན་མིན་གྱི་གསལ་བཤད་ཅི་ཡང་མེད། ཅིག་ཤོས་བྲམ་ཟེ་བདེ་བྱེད་དགའ་བའི་འགྲེལ་པར། “མ་མཐོང་བ་ཙམ་གྱིས་གྲུབ་པ་ཉིད་བསལ་བ་འདི་ནི་འདི་ལས་ཕྱི་རོལ་པ་དག་བཞིན་དུ་འདི་པ་དེ་ལྟར་སྨྲ་བ་དག་ལ་ཡང་མཚུངས་པ་ཡིན་ནོ། །འདི་པ་ཉིད་ཀྱི་དབང་དུ་བྱས་ནས་བཤད་པ་ནི་དེ་ཡིས་ཏེ་རྒྱུ་དེས་ན།”[6]ཞེས་ངེས་བརྗོད་མཛད་པའི་དགོས་པ་བཤད་པའི《རང་འགྲེལ》གྱི་གཞུང་གི་མཚམས་སྦྱར་དུ་གསུངས་ཡོད་ཅིང་། དེ་རུ་ཆོས་འདི་པ་ཞིག་ཡིན་པ་ཙམ་ལས་སུ་ཡིན་བཤད་མེད། འདིའི་ཕྱོགས་སྔ་མ་ཕྱོགས་གླང་གི་རྗེས་འབྲངས་ཤིག་ཡིན་པ་ལ་དོགས་པ་ཅི་ཡང་མི་དགོས་པས་དེ་ཙམ་གྱིས་ཕན་ཅི་ཡང་མི་ཐོགས། 《རྣམ་འགྲེལ་རང་འགྲེལ》གྱི་ལུང་འགལ་གཉིས་པའི་ཐད་ཀྱི། “ཁ་ཅིག་ན་རེ་མངོན་སུམ་གྱིས་གནོད་པར་དོགས་པའི་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །”[7]ཞེས་པའི་ཐད་ཀྱི་བྲམ་ཟེའི་འགྲེལ་པར། “སློབ་དཔོན་གྱི་གཞུང་འཆད་པར་བྱེད་པ་ཁ་ཅིག་ན་རེ་(ནི)་འདི་ལྟ་སྟེ་མངོན་སུམ་གྱིས་གནོད་པ་དོགས་པའི་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །”[8]ཞེས་ཁ་ཅིག་དེ་སློབ་དཔོན་ཕྱོགས་གླང་གི་གཞུང་འཆད་མཁན་ཞིག་ཡིན་པར་བཤད་ཀྱང་སྔར་བཞིན་མཚན་སྨོས་མེད། འོན་ཀྱང་《རང་འགྲེལ》་དང་མཐུན་པར་《རྣམ་ངེས》་སུ་ཡང་བྱུང་བའི་ཐད་ཀྱི་ཆོས་མཆོག་གི་《འཐད་ལྡན》་དུ།“དབང་ཕྱུག་སྡེ་ལ་སོགས་པ་ཁ་ཅིག་ན་རེ་མངོན་སུམ་གྱིས་བསྒྲུབ་པར་བྱ་བ་ལ་གནོད་པ་དེར་དོགས་པ་དེ་ཉིད་འཁྲུལ་བ་ཡིན་ཏེ། ཕྱོགས་སུ་བྱས་པའི་ཡུལ་ལ་མངོན་སུམ་གྱིས་གནོད་པ་དོགས་པས་གཏན་ཚིགས་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །དེའི་དོན་ནི་འདི་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་འབའ་ཞིག་གིས་ནི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ཏེ། འོན་ཀྱང་གནོད་པ་མེད་པའི་ཡུལ་ཅན་ཞེས་བྱ་བའི་མཚན་ཉིད་གཞན་ཡོད་པ་ཡིན་ནོ། །མངོན་སུམ་གྱིས་གནོད་པར་དོགས་པ་ལ་ནི་དེ་ངེས་པ་མེད་པའི་ཕྱིར་མཚན་ཉིད་གཞན་མ་ངེས་པའི་ཕྱིར་འཁྲུལ་པ་ཡིན་ནོ། །”[9]ཞེས་གསུངས་ཡོད་ཅིང་། དེས་ན་ལུང་འགལ་དྲུག་གི་ཕྱོགས་སྔ་མ་ཡང་དབང་ཕྱུག་སྡེ་དང་འབྲེལ་པ་ཡོད་པར་སྣང་། ལུང་འདི་ལས་དབང་ཕྱུག་སྡེས་རྟགས་ཀྱི་ཚུལ་དྲུག་ཏུ་འདོད་པ་དག་གིས་བཤད་པའི་དམ་བཅའ་ལ་གནོད་པ་མེད་པའི་ཡུལ་ཅན་ཞེས་པའི་ཚུལ་འདོད་པ་དང་ཚུལ་གསུམ་ཙམ་རྟགས་ཡང་དག་གི་མཚན་ཉིད་དུ་མི་འདོད་པ་ཡང་ཤེས་ཐུབ། གོང་གི《རང་འགྲེལ》གྱི་གཞུང་དུམ་བུ་དེའི་ཕྱོགས་སྔ་མ་དབང་ཕྱུག་སྡེ་ཡིན་པ་དེ་ཡེ་ཤེས་དཔལ་བཟང་གི《རྣམ་ངེས་ཀྱི་འགྲེལ་པ》རུ་ཡང་བཤད་དེ། །དེ་ཉིད་ལས། “ཁ་ཅིག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་དབང་ཕྱུག་སྡེའིའོ། །ཕྱོགས་སུ་བྱེད་པའི་ཡུལ་ལ་མེད། །ཅེས་བྱ་བ་ནི་མངོན་སུམ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ད་ལྟར་མངོན་སུམ་བ་ཡང་ཕྱོགས་མངོན་སུམ་དུ་ཞུགས་པས་གནོད་པར་དོགས་སོ་ཞེ་ན།”ཞེས་སོ། །[10]འོན་ཀྱང་ངེས་བརྗོད་མཛད་པའི་གཞུང་རང་གི་མགོ་རུ་ཕྱོགས་སྔ་མ་དབང་ཕྱུག་སྡེ་ཡིན་པ་བཤད་པའི་གཞུང་མ་མཐོང་། 

གསུམ། ཚུལ་དྲུག་དང་དབང་ཕྱུག་སྡེ།

《གཏན་ཚིགས་ཐིགས་པ》ལས། “གཞན་དག་ནི་གཏན་ཚིགས་མཚན་ཉིད་དྲུག་པའོ་ཞེས་ཟེར་སྟེ། གསུམ་པོ་དེ་དག་དང་། གནོད་པ་མ་བྱས་པའི་ཡུལ་ཅན་ཉིད་དང་། གྲངས་གཅིག་པ་བརྗོད་པ་འདོད་པ་ཅན་དང་། ཤེས་པ་ཉིད་ཅེས་བྱ་བ་ཡིན་ནོ། །”[11] ཞེས་ཚུལ་དྲུག་ངོས་བཟུང་བར་མཛད་ཅིང་། 《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ》ཞེས་པ་ལས་ཀྱང་། “གཞན་དག་ནི་ཕྱོགས་ཀྱི་ཆོས་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དང་། གནོད་པ་མེད་པའི་ཡུལ་ཅན་ཉིད་དང་། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་དང་། ཤེས་པ་ཉིད་ཅེས་བྱ་བ་མཚན་ཉིད་དྲུག་པ་ཁོ་ནའོ་ཞེས་ཟེར་རོ། །”[12] ཞེས་གསུངས། འོན་ཀྱང་གཞུང་དེ་གཉིས་ཀར་དེ་ལྟར་བཞེད་མཁན་སུ་ཡིན་མི་གསལ་བ་ལ།  བྲམ་ཟེའི《གཏན་ཚིགས་ཐིགས་པའི》འགྲེལ་པར།  “གཞན་དག་ནི་གཏན་ཚིགས་མཚན་ཉིད་དྲུག་པའོ་ཞེས་ཟེར་ཏེ་ཞེས་བྱ་བ་སྨོས་ཏེ། རིག་པ་ཅན་དང་སྤྱོད་པ་པ་ལ་སོགས་པས་བསམས་པ་གཏན་ཚིགས་གཅིག་པུ་ཡོད་ཀྱང་ཚུལ་དྲུག་ཏུ་འདོད་པས་གསུམ་པོ་དེ་དག་དང་ཞེས་བྱ་བ་སྨོས་ཏེ། ”[13] ཞེས་གསུངས་པ་ལས་དེ་རུ་དབང་ཕྱུག་སྡེ་ཕྱོགས་སྔ་མ་ཡིན་པའི་སྒྲོས་ཅི་ཡང་མེད། འོན་ཀྱང་གྲངས་གཅིག་པ་ཅན་ཞེས་པའི་ཚུལ་འགོག་པའི་སྐབས་ཀྱི《གཏན་ཚིགས་ཐིགས་པ》རུ། “འོན་ཏེ་ཟླ་བོའི་གཏན་ཚིགས་རབ་ཏུ་མ་བསྟན་པ་ཞིག་ཡིན་ཏེ། ཇི་སྐད་དུ་འོ་ན་ནི་གང་གི་ཚེ་སྒྲ་ཉིད་རྟག་པར་ཁས་ལེན་པ་དེའི་ཚེ་འདིའི་གཏན་ཚིགས་ཁོ་ནར་འགྱུར་རོ། །གལ་ཏེ་འདི་ལ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་བྱས་པ་ཉིད་ལ་སོགས་པ་འགའ་ཞིག་ཀྱང་བསྟན་པར་མ་གྱུར་ནའོ་ཞེས་བཤད་པ་ལྟ་བུའོ་ཞེ་ན།”[14] ཞེས་གསུངས་ཤིང་། “འདིར་ཞེས་བཤད་པ་ལྟ་བུའོ། །”ཞེས་པའི་འཆད་མཁན་སློབ་དཔོན་ཕྱོགས་གླང་ཡིན་པ་དང་དེ་ལ་ཁ་འཕངས་པ་དུལ་བ་ལྷའི་འགྲེལ་པར་གསལ་བས་རྟགས་ཀྱི་ཚུལ་དྲུག་འདོད་མཁན་ལ་ཕྱོགས་གླང་གི་རྗེས་འབྲངས་ཤིག་ཀྱང་ཡོད་པར་སྣང་། དེ་བཞིན་གོང་གི《འཐད་ལྡན》དུ་དབང་ཕྱུག་སྡེས་དམ་བཅའ་ལ་གནོད་པ་མེད་པའི་ཡུལ་ཅན་གྱི་ཚུལ་ཁས་ལེན་པ་གསལ་བས་དེས་ན་དབང་ཕྱུག་སྡེས་ཚུལ་དྲུག་ཀ་འདོད་མིན་དང་ཚུལ་ཇི་ལྟར་འདོད་པ་སོགས་གསལ་པོར་བཤད་མི་ཐུབ་ཀྱང་གནོད་པ་མེད་པའི་ཡུལ་ཅན་གྱི་ཚུལ་ཁས་ལེན་པ་དང་ཚུལ་གསུམ་ཉིད་རྟགས་ཡང་དག་གི་མཚན་ཉིད་དུ་མི་འདོད་པ་ཐག་གཅོད་ཐུབ། 

བཞི། དབང་ཕྱུག་སྡེའི་འདོད་ཚུལ་གཞན་དག་འགའ།

བྲམ་ཟེའི《གཏན་ཚིགས་ཐིགས་པའི》འགྲེལ་པར།  “དཔེར་ན་དབང་ཕྱུག་སྡེས་བསམས་པའི་དམིགས་པ་མེད་པ་ཙམ་གྱིས་མི་དམིགས་པ་བཞིན་དུ་མ་ཡིན་ཏེ། འཆད་པར་འགྱུར་བའི་སྐྱོན་དང་ལྡན་པའི་ཕྱིར་རོ། །”[15] ཞེས་དང་། ཡང་དེ་ཉིད་ལས།   “ཇི་ལྟར་ན་གཞན་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཕྱུག་སྡེའི་འདོད་པ་ནི་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དག་ཡོད་པའི་ངོ་བོ་ལས་མི་དམིགས་པས་ཐ་དད་པར་བྱེད་པས་གདོན་མི་ཟ་བར་འདི་མེད་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐ་དད་པར་བྱས་པ་དོན་མེད་པ་ཉིད་དུ་འགྱུར་རོ། །ཁྱོད་ཀྱིས་ཀྱང་གཞན་བཀག་པས་དབེན་པའི་ས་ཕྱོགས་སམ་དེའི་ཤེས་པ་མེད་པའི་ངོ་བོ་ཉིད་དུ་ནི་དམིགས་པར་བསྟན་ཏེ། འདི་ཡོད་པ་ལ་དེ་མེད་པ་དེ་ནི་ཉུང་གང་གིས་དེ་ལྟར་བརྗོད་པར་བྱ་བ་འདི་དག་མི་རིགས་སོ། །”[16] ཞེས་གསུངས། དེས་ན་སློབ་དཔོན་ཆོས་གྲགས་ཀྱིས་རང་བཞིན་མི་དམིགས་པའི་རྟགས་སུ་དམིགས་རུང་མི་དམིགས་པ་གསུངས་པ་དེ་དམིགས་པ་བཀག་ཙམ་གྱི་མེད་དགག་ལ་མི་བྱེད་པར་མ་ཡིན་པ་འཇུག་པའི་སྒོ་ནས་གཞན་ས་ཕྱོགས་དམིགས་པ་ལྟ་བུ་ལ་གོ་དགོས་པར《གཏན་ཚིགས་ཐིགས་པ》རུ་རྒྱས་པར་གསུངས་ཤིང་། དེའི་ཕྱོགས་སྔ་མ་ནི་དབང་ཕྱུག་སྡེ་དང་གཞོན་ནུ་མ་ལེན་ཡིན་པ་དང་། དབང་ཕྱུག་སྡེས་རང་བཞིན་མི་དམིགས་པའི་རྟགས་སུ་བཀོད་པ་དེ་དམིགས་པ་བཀག་ཙམ་གྱི་མེད་དགག་ཅིག་ཏུ་འདོད་པའི་སྐོར་བཀོད་ཡོད།    ཡང《རྣམ་ངེས》རང་དོན་ལེའུར།  “དེ་དང་མཐུན་པ་ཉིད་ལ་ཡོད་པ་ཞེས་བྱ་བས་ལྡོག་པ་འགྲུབ་མོད་ཀྱི། མེད་པ་ལ་མེད་པ་ཉིད་བརྗོད་པ་ནི་མེད་པ་ཁོ་ན་ལ་མེད་པ་ཉིད་ཡིན་གྱི། གཞན་པ་ལ་ཡང་མ་ཡིན་ལ། འགལ་བ་ལ་ཡང་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་ཟེར་རོ། །”[17] ཞེས་རྗེས་ཁྱབ་ལས་ལོགས་སུ་ལྡོག་ཁྱབ་སྨོས་པའི་དགོས་པ་བཤད་པའི་ཕྱོགས་སྔ་མའི་འདོད་ཚུལ་ཞིག་བཀོད་ཡོད་ཅིང་། ཕྱོགས་སྔ་མ་དེ་དབང་ཕྱུག་སྡེ་ཡིན་པ་དེའི་ཐད་ཀྱི་སློབ་དཔོན་ཡེ་ཤེས་དཔལ་བཟང་གིས་མཛད་པའི་འགྲེལ་པ་རུ་གསུངས་ཏེ། དེ་ཉིད་ལས།  “གལ་ཏེ་མཐུན་པ་ཉིད་ལ་ཡོད་པ་ཞེས་སྨོས་པ་ཉིད་ཀྱིས་ལྡོག་པ་རྟོགས་པའི་ཕྱིར་མེད་པ་ཉིད་ལ་མེད་པ་ཉིད་ཅེས་སྨོས་པ་དགོས་པ་མེད་དོ་ཞེ་ན། མེད་པ་ལ་མེད་པ་ཉིད་གཏན་ཚིགས་ཡིན་གྱི། གཞན་པ་ལ་ཡང་མ་ཡིན་ཏེ། འདི་ལྟར་གཞན་པ་ནི་བསྒྲུབ་པར་བྱ་བའི་ཆོས་ལས་གཞན་དང་ལྡན་པ་ཡིན་ལ། དེ་ལྟར་ན་ནི་ཕྱོགས་དང་མཐུན་པའི་ཕྱོགས་དག་ཀྱང་མི་མཐུན་པའི་ཕྱོགས་སུ་འགྱུར་ཏེ། དེ་དག་ཀྱང་བསྒྲུབ་པར་བྱ་བའི་ཆོས་ལས་གཞན་རྡོ་དང་རྩྭ་དག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །དེས་ན་དེ་དག་ལ་མེད་པ་རྟགས་ཀྱི་མཚན་ཉིད་དུ་འགྱུར་རོ། །འགལ་བ་ལ་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་འགལ་བ་ལ་མེད་པས་ཞེས་བྱ་བས་ནི་བསལ་བར་འགྱུར་ཏེ། འགལ་བ་ཁོ་ན་ལ་མེད་པ་ཞེས་བྱ་བར་རོ། །དེ་ལྟ་ན་མེ་ཡིན་པའི་ཕྱིར་དྲོ་བའོ་ཞེས་བྱ་བ་གཏན་ཚིགས་མ་ཡིན་པར་འགྱུར་ཏེ། མེ་དྲོ་བ་དང་འགལ་བ་གྲང་བའི་རེག་པ་ཁོ་ན་ལས་ལྡོག་པར་འགྱུར་བ་དེ་ལྟ་ན་མེ་དྲོ་བ་དང་འདྲ་བར་རེག་པ་བཏང་སྙོམས་པ་ལས་ཀྱང་མ་ལོག་པའི་ཕྱིར་དེ་དང་ཡང་འབྲེལ་པ་སྲིད་དོ། །དེ་ལྟ་ན་མེ་ཡིན་པའི་ཕྱིར་དྲོ་བའམ་རེག་པ་བཏང་སྙོམས་པ་གང་འགྲུབ་མ་ངེས་པའི་ཕྱིར་རོ། །དེ་ལྟ་བས་ན་མེད་པ་ཉིད་མི་མཐུན་པའི་ཕྱོགས་ཡིན་ལ་དེ་ཁོ་ན་ལ་མེད་པ་ཁོ་ནའོ་ཞེས་ངེས་པར་བྱ་བའི་ཕྱིར་རོ་ཞེས་དབང་ཕྱུག་སྡེ་ཟེར་རོ། །”[18] ཞེས་ཁོང་གི་བཞེད་ཚུལ་ཞིབ་པར་བཀོད་ཡོད་དོ། །

ལྔ། 《རྣམ་ངེས》ཀྱི་མཇུག་བྱང་དུ་འཁོད་པ།

«བུ་སྟོན་ཆོས་འབྱུང»ལས། “དེའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་བྱུང་སྟེ། ཀུན་ལས་བཏུས་ཀྱི་འགྲེལ་བཤད་ཀྱང་མཛད་དོ། །དེའི་སློབ་མ་ཆོས་ཀྱི་གྲགས་པ་ནི་རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བར། མུ་སྟེགས་ཀྱི་བྲམ་ཟེའི་རིགས་སུ་སྐྱེས་ཏེ། ཆུང་ངུ་ལ་སྒྲ་ལེགས་པར་འབྱོངས་ནས། ཞང་པོ་མུ་སྟེགས་ཀྱི་སྟོན་པ་གཞོན་ནུ་མ་ལེན་ལ། མུ་སྟེགས་ཀྱི་བྲམ་ཟེ་རབ་ཏུ་བྱུང་བའི་ཆས་བླངས་པས། ཞང་པོས་ངན་དུ་སྨྲས་ཏེ་བསྐྲད་དོ། །སློབ་དཔོན་གྱི་དགོངས་པས། མུ་སྟེགས་ཐམས་ཅད་ཕམ་པར་བྱེད་པ་ཞིག་བྱའོ་སྙམ་སྟེ། ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྦྱངས་པ་མཛད་ཅིང་། ཁྱད་པར་སློབ་དཔོན་དབང་ཕྱུག་སྡེ་ལ་ཚད་མ་ཀུན་ལས་བཏུས་ཚར་གསུམ་དུ་ཉན་པར་དམ་བཅས་ནས་མཉན་པས་དང་པོ་ལ་སློབ་དཔོན་དབང་ཕྱུག་སྡེས་ཇི་ལྟར་དགོངས་པ་ལྟར་གོ། གཉིས་པ་ལ་ཕྱོགས་གླང་གིས་དགོངས་པ་བཞིན་གོ་སྟེ། དབང་ཕྱུག་སྡེའི་འདོད་པ་ནོར་བར་རྟོགས་ནས། གསུམ་པ་གསུང་བར་ཞུས་པས། ཕྱོགས་གླང་ལ་སློབ་མ་ང་ལྟ་བུ་ལས་མེད། ང་ལའང་ཁྱེད་ལྟ་བུ་ལས་མ་བྱུང་། ཚར་རེ་ལས་འཆད་པའི་སྲོལ་མེད་པ་ལ། གཉིས་སུའང་བཤད་པ་ཡིན། ང་འདི་གཅིག་པུ་འཆད་པས་མི་ཕན། པཎྜི་ཏའི་བྱ་བ་གཞན་ཡང་བྱ་དགོས་པས། རས་སྣུམ་སྟ་གོན་གྱིས་ཤིག་ནུབ་མོ་འཆད་དོ། །གསུངས་ནས་དེ་ལྟར་བྱས་པས། འབྲས་བུ་རྒྱུའི་ཁྱད་པར་གྱི་རྗེས་སུ་བྱེད་པ་ལྷག་པར་རྟོགས་ཏེ་སློབ་དཔོན་ལ་སྔར་གྱི་ཚུལ་བརྗོད་པས་ཤིན་ཏུ་མཉེས་ནས། ད་ཁྱོད་ཀྱིས་ངའི་གྲུབ་མཐའ་ནོར་པ་རྣམས། ཕྱོགས་སྔར་གྱིས་ལ། ཀུན་ལས་བཏུས་ལ། འགྲེལ་པ་རྩོམས་ཤིག །ཅེས་རྗེས་སུ་གནང་ངོ་།  །”[19] ཞེས་དང་། 《རྒྱ་གར་ཆོས་འབྱུང》དུ།   “རྟོག་གེའི་བསྟན་བཅོས་གཞན་མང་པོ་ཉན་ཡང་བློ་གྲོས་མ་ཁེངས་ཏེ། དཔལ་ཕྱོགས་ཀྱི་གླང་པོའི་སློབ་མ་དབང་ཕྱུག་སྡེ་ལས་ཚད་མ་ཀུན་ལས་བཏུས་པ་ཚར་གཅིག་ཉན་པས་དབང་ཕྱུག་སྡེ་ཉིད་དང་མཉམ་པར་གྱུར། ལན་གཉིས་པ་ཉན་པས་ཕྱོགས་ཀྱི་གླང་པོ་དང་མཉམ་པར་གྱུར། གསུམ་པ་ཉན་པ་ན། སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་ཀྱི་གླང་པོའི་དགོངས་པ་མ་ལོངས་པ་འགའ་ཞིག་ནོར་བ་མཁྱེན་ནས་སློབ་དཔོན་ཉིད་ལ་བཟླས་པས་ཤིན་ཏུ་དགྱེས་ཏེ། ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་སྟེ། གྲུབ་མཐའ་ནོར་བ་ཐམས་ཅད་སུན་ཕྱུང་ལ་ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་པ་ཡང་གྱིས་ཤིག་ཅེས་སློབ་དཔོན་ལས་གནང་བ་ཐོབ་བོ། །” [20] ཞེས་དབང་ཕྱུག་སྡེ་ཕྱོགས་གླང་གི་སློབ་མ་དང་ཆོས་གྲགས་ཀྱི་སློབ་དཔོན་ཡིན་པར་བཤད་ཀྱང་། བོད་འགྱུར་ཆོས་གྲགས་རང་གི་གཞུང་དུ་དབང་ཕྱུག་སྡེའི་མཚན་དངོས་སུ་སྨོས་པ་མ་བྱུང་ལ། རྒྱ་གཞུང་གི་རྒྱུ་ཆ་གཞན་དག་ཀྱང་མ་མཇལ། 《རྣམ་ངེས》ཀྱི་མཇུག་ཏུ།  “དོན་ཡོད་ལུགས་གཟིགས་མདོ་དོན་འདི་རིགས་ཤེས། །ལུང་ཡང་དོར་ནས་ངས་བཤད་ངེས་པར་ནི། །རྣམ་དག་ཐུགས་དེའི་དགོངས་པའང་འདི་ཉིད་དེ། །མི་གསལ་བློ་ཅན་སྐྱེ་བོས་རྟོགས་མ་ཡིན། །”[21] ཞེས་པའི་ཚིག་རྐང་བཞི་གསུངས་ཡོད་པ་དང་། དེའི་དོན་ཆོས་མཆོག་གི《འཐད་ལྡན》དུ་འགྲེལ་པ་འདི་ལྟར།  “ཅི་སྟེ་གལ་ཏེ་ཀུན་ལས་བཏུས་པ་བསྟན་པར་འདོད་ན། ཅི་ལྟར་དེ་ཉིད་ལ་ལ་སྤོང་སྟེ། དཔེར་ན་འདི་ནི་ངེས་པར་བྱ་བའི་དོན་ཡིན་ཏེ། མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་པ་ལ་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་ཚུལ་གསུམ་པ་ངེས་པའི་དོན་ཡིན་པར་བཤད་པ། ཁྱོད་ཀྱི་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་སྦྱོར་བ་ཤེས་པར་བྱ་བའི་དོན་དུ་བརྗོད་པ་ལྟ་བུ་སྟེ། དེ་བཞིན་དུ་ཡང་སྦྱར་རོ་ཞེ་ན། བཤད་པ། མདོ་དག་གིས་བསྟན་གྱི། འགྲེལ་པས་ནི་མ་ཡིན་གྱི་འགྲེལ་པ་ནི་འདི་ཉིད་མ་ཡིན་ནོ། །དབང་ཕྱུག་སྡེ་དང་དེའི་ཕྱོགས་པ་གཞན་སྔ་མ་དག་གིས་ནི་འགྲེལ་པ་ཕྱིན་ཅི་ལོག་ཏུ་བྱས་སོ། །མདོ་ནི་འགྲེལ་པའི་དབང་གིས་གཞུང་གཞན་དུ་བྱ་བར་མི་ནུས་པ་དེའི་ཕྱིར་དེ་ཉིད་བཤད་དོ། །ཅི་ལྟར་ན་དེ་སློབ་དཔོན་གྱི་གཞུང་ཡང་མ་ཡིན་ཞེ་ན། གང་གི་ཕྱིར་དོན་ཡོད་དེ་འབྲས་བུ་དང་བཅས་པའི་ལུགས་རྟོག་གེའི་ཚུལ་གང་ཡིན་པ་གཟིགས་པ་དེའི་ཕྱིར་འགྲེལ་པ་འགལ་བ་ནི་དེའི་མ་ཡིན་ནོ། །གལ་ཏེ་འགྲེལ་པ་ལ་ཡང་ཡིད་མི་རྟོན་ན། གང་ལས་ལུང་ཐོབ་ནས་འཆད་ཅེ་ན། འགའ་ལས་ཀྱང་མ་ཡིན་ཏེ། ལུང་ཡང་ཡལ་བར་དོར་ནས་ཏེ། འཆད་པ་པོ་རྣམས་ལས་འོངས་པའི་དོན་ཡལ་བར་དོར་ནས་བཤད་དེ། དེ་དག་ཀྱང་མངོན་པར་མི་བརྩོན་པས་བློ་བསླད་པའི་ཕྱིར་ཡང་དག་པར་མཐོང་བ་མ་ཡིན་ནོ། །གལ་ཏེ་ལུང་བཏང་ན་ཅི་ལྟར་འཆད་ཅེ་ན། དེ་ན་འདི་རིགས་སོ་ཞེས་ཏེ། དེ་ལ་དེ་ལྟ་བུར་རོ། །ལུང་ཡོད་དམ་མེད་ཀྱང་བླ་སྟེ། འདིའི་དོན་ནི་འདི་ཡིན་པར་ཚད་མས་འཐད་དོ་ཞེས་འཆད་དོ། །འོ་ན་ནི་བསམ་པ་འདི་ཁྱོད་ཉིད་ཀྱི་ཡིན་གྱི། སློབ་དཔོན་གྱི་ནི་མ་ཡིན་ཏེ། སློབ་མ་བརྒྱུད་པ་མ་ཆད་པ་མེད་པའི་ཕྱིར་རོ་ཞེ་ན། རྣམ་དག་ཐུགས་ཞེས་སྨོས་ཏེ། རྣམ་པར་དག་པའི་ཐུགས་མངའ་བས་ན། སློབ་དཔོན་དེའི་དགོངས་པ་ངེས་པར་ཡིན་ཏེ། གདོན་མི་ཟ་བར་འདི་ཉིད་ཡིན་ནོ། །རྣམ་པར་དག་པའི་བློ་མངའ་བ་ནི། ཚད་མ་དང་མི་ལྡན་པའི་དོན་རྟོགས་པ་མ་ཡིན་ནོ། །གལ་ཏེ་དེའི་ཡང་དགོངས་པ་འདི་ཉིད་ཡིན་ན། ཅི་ལྟར་ཊཱི་ཀ་བྱེད་པ་དེ་ཉིད་ཀྱིས་མ་རྟོགས་ཤེ་ན། མི་གསལ་བ་དོན་གསལ་བ་མེད་པའི་བློ་གང་ལ་ཡོད་པའི་སྐྱེ་བོ་གང་ཡིན་པ་དེས་དགོངས་པ་འདི་རྟོགས་པ་མ་ཡིན་ཏེ། ཤེས་རབ་གསལ་བས་ནི་སློབ་དཔོན་གྱི་དགོངས་པ་འདི་ཉིད་ཡིན་པར་ངེས་སོ། །”[22] ཞེས་སོ། །དེ་ཡང་རྗེས་ཁྱབ་ལས་ལྡོག་ཁྱབ་ལོགས་སུ་སྨོས་པའི་དགོས་པ་ནི་“མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་པ་ལ་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ། །”ཞེས་པ་དེ་དབང་ཕྱུག་སྡེའི་འདོད་པ་ཡིན་པ་གོང་དུ་བྲིས་ཟིན་ལ། དེ《རྣམ་ངེས》སུ་བཀག་ནས་རང་ལུགས་ལ་རྗེས་སུ་འགྲོ་ལྡོག་གི་ཚུལ་དངོས་སུ་སྟོན་པའི་སྦྱོར་བ་མི་འདྲ་བ་གཉིས་ཡོད་པ་གོ་བའི་ཕྱིར་ཡིན་པར་གསུངས། ཡ་མཚར་བ་ཞིག་ལ་གོང་གི་ཕྱོགས་སྔ་མའི་གཞུང་དེ《ཀུན་བཏུས་རང་འགྲེལ》དུ་ཡང་ཇི་བཞིན་དུ་བྱུང་བ་མ་ཟད། འདིར་ཡང་ཆོས་གྲགས་ཀྱིས་《ཀུན་བཏུས》་ཀྱི་གཞུང་འཆད་ནས་ཡང་གོང་གི་གཞུང་དེ་དོར་ཏེ་རང་གིས་གཞན་དུ་བཤད་པ་ལ་སྐྱོན་བརྗོད་བྱས་འདུག །རྩོད་པའི་གཞུང་འདི་ལས་བོད་འགྱུར《ཀུན་བཏུས་རང་འགྲེལ》འདི་ཉིད་ཕྱོགས་སྔ་མས་ཀྱང《རང་འགྲེལ》དུ་བཞེད་དམ་སྙམ་ལ། བོད་དུ་ནི་ཕལ་མོ་ཆེ་ལ«རང་འགྲེལ»དུ་གྲགས་ཀྱང་ནཱ་ལེནྡྲའི་མཁན་རབས་གསུམ་པ་དགེ་བ་རྒྱལ་མཚན་གྱིས་མཛད་པའི《ཀུན་བཏུས་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན》ཞེས་པ་རུ་ད་ལྟ་བོད་དུ《ཀུན་བཏུས་རང་འགྲེལ》དུ་གྲགས་པ་འདི་ཉིད«རང་འགྲེལ»མིན་པའི་རྒྱུ་མཚན་ཁག་གཅིག་གསུངས་ཤིང་། དེ་ཉིད《རང་འགྲེལ》མིན་པ་དེ་སློབ་དཔོན་ཆོས་མཆོག་གི་དགོངས་པ་ཡིན་པ་དང་། དེའི་ཁུངས་སུ་གོང་གི《འཐད་ལྡན》གྱི་ལུང་དེ་དྲངས་པར་མཛད་དོ། །འོན་ཀྱང་རྒྱལ་ཚབ་ཆོས་རྗེའི《ཀུན་བཏུས་ཀྱི་འགྲེལ་པ》རུ། “འདིའི་རང་འགྲེལ་དུ་མེད་ལ་ཞེས་པ་ནི། སླར་ཡང་དེའི་ཕྱིར་ངེས་པར་བྱ་བའི་དོན་དུ་སྟེ། མེད་པ་ཉིད་ལ་མེད་པ་ཡིན་གྱི། གཞན་ལ་ཡང་མ་ཡིན་ལ། འགལ་བ་ལ་ཡང་མ་ཡིན་ནོ། ཞེས་པའི་དོན་ནོ། །ཞེས་འབྱུང་བ་ལ་བདག་གི་འདྲེན་པ་དམ་པ་རྗེ་བཙུན་ཆེན་པོའི་གསུང་གིས། ཚིག་འདི་ལྟར་འབྱུང་བ་ནི། སློབ་དཔོན་དབང་ཕྱུག་སྡེའི་འདོད་པ་ཚད་མ་རྣམ་ངེས་སུ་རྒྱས་པར་བཀག་པའི་ཕྱོགས་སྔ་མ་དང་མཐུན་པར་གནང་བས་དབང་ཕྱུག་སྡེས་རང་འགྲེལ་ལ་སྣོན་པ་བཏབ་པ་ཡིན་གྱི། རང་འགྲེལ་དངོས་མ་ཡིན་ཞེས་གསུངས་སོ། །རྗེ་ཐམས་ཅད་མཁྱེན་པ་ནི། དེ་རང་ལུགས་སུ་ཁས་བླངས་ཀྱང་སྐྱོན་མེད་དེ། མཐུན་ཕྱོགས་ཁོ་ན་ལ་ཡོད་པར་བསྟན་པས་མི་མཐུན་ཕྱོགས་ལ་ལྡོག་པ་གྲུབ་ཀྱང༌། མེད་པ་ལ་མེད་པ་ཞེས་ལོགས་སུ་སྨོས་པའི་དགོས་པ་ནི། མི་མཐུན་ཕྱོགས་ཙམ་ལས་ལྡོག་པ་ཡིན་གྱི། གཞན་ པ་དང་འགལ་བ་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པ་མ་ཡིན་ནོ། །ཞེས་ཚུལ་གསུམ་པ་ངེས་པའི་དོན་ཅན་དུ་བསྟན་པ་ཁོ་ན་དེའི་དགོས་པར་འདོད་པ་བཀག་པ་ཡིན་གྱི། སྤྱིར་ཚུལ་གསུམ་ངེས་པའི་དོན་ཅན་དུ་འདོད་པ་བཀག་པ་མིན་ནོ་ཞེས་གསུང་ངོ༌། །”[23] ཞེས་རྗེ་རེད་མདའ་བ་དང་རྗེ་ཙོང་ཁ་པའི་བཞེད་པ་རིམ་པ་བཞིན་བཀོད་དེ་དེ་དག་ཟུར་དུ་དཔྱད་པ་འོས་སོ། །

འཕྲོས་དོན་བསྐྱུར་ནས་གོང་གི་འཕྲོར་མཐུད་ན། “དབང་ཕྱུག་སྡེ་དང་དེའི་ཕྱོགས་པ་གཞན་སྔ་མ་དག་གིས་ནི་འགྲེལ་པ་ཕྱིན་ཅི་ལོག་ཏུ་བྱས་སོ། །”ཞེས་དང་།  “ཅི་ལྟར་ཊཱི་ཀ་བྱེད་པ་དེ་ཉིད་ཀྱིས་མ་རྟོགས་ཤེ་ན།”ཞེས་པ་ལ་བལྟས་ན་དབང་ཕྱུག་སྡེས་མཛད་པའི《ཀུན་བཏུས》ཀྱི་འགྲེལ་པ་ཡོད་པ་ཤེས་ཐུབ། དེ་བཞིན་ཆོས་གྲགས་ཀྱིས་འཆད་པ་པོ་དག་གི་ལུང་ཡལ་བར་དོར་ནས་རིགས་པ་ཁོ་ནས་ཕྱོགས་གླང་གི་དགོངས་པ་འགྲེལ་པར་བཤད་པ་ལས་ཁོང་གི་སློབ་དཔོན་དག་གིས《ཀུན་བཏུས》ཀྱི་དགོངས་པ་འགྲེལ་ཚུལ་ཡང་རང་ལུགས་སུ་ཞལ་གྱིས་བཞེས་ཀྱིན་མེད་པར་བསྟན།  ཡང་“འོ་ན་ནི་བསམ་པ་འདི་ཁྱོད་ཉིད་ཀྱི་ཡིན་གྱི། སློབ་དཔོན་གྱི་ནི་མ་ཡིན་ཏེ། སློབ་མ་བརྒྱུད་པ་མ་ཆད་པ་མེད་པའི་ཕྱིར་རོ་ཞེ་ན།”ཞེས་པ་ལས་ཆོས་གྲགས་ལ་ཕྱོགས་གླང་གི་སློབ་མ་བརྒྱུད་པ་བར་མ་ཆད་པ་མེད་པས་སློབ་དཔོན་ཕྱོགས་གླང་གི་དགོངས་པ་འཆད་མི་ནུས་པར་བཤད་པ་ལས། ཤུགས་ལ་དབང་ཕྱུག་སྡེ་ལ་སློབ་མ་བརྒྱུད་པ་བར་མ་ཆད་པ་ཡོད་པ་ཞིག་ཀྱང་བསྟན་ནམ་སྙམ་པ་བཅས་ལ་བརྟགས་ན། གོང་དུ་དྲངས་པའི《བུ་སྟོན་ཆོས་འབྱུང》སོགས་ལས་གསུངས་པ་དེའང་ཡིན་ཤས་ཆེ་བ་ཞིག་གོ །གཞན་མཁས་དབང་ཁང་དཀར་ལགས་ཀྱིས་དབང་ཕྱུག་སྡེའི་གཞུང་ད་ལྟ་མི་བཞུགས་པ་བྲིས་པ་ལས་[24] ་ཁོང་གི་གསུང་ད་ལྟ་བོད་ཡིག་ཙམ་དུ་མ་ཟད་སྐད་གཞན་གྱི་སྟེང་དུའང་མེད་པར་འདུག་མོད། འོན་ཀྱང་སྔ་མོར་ཁོང་གི་གཞུང་ཡོད་པ་ཐེ་ཚོམ་མི་དགོས་པས་ཕྱིས་སུ་ནུབ་པར་ངེས་སོ། ། 

དྲུག  གྲུབ་དོན།

གོང་གི་དེ་དག་ལས་དབང་ཕྱུག་སྡེ་ཕྱོགས་གླང་གི་རྗེས་སུ་བྱུང་ཞིང་། དེའི་གཞུང་འཆད་མཁན་གྱི་མཁས་པ་ཞིག་ཡིན་པ་དང་།     ཁོང་གིས་མཛད་པའི《ཀུན་བཏུས》ཀྱི་འགྲེལ་པ་ཡོད་པ་དང་།  སློབ་དཔོན་ཆོས་གྲགས་ཀྱི་གཞུང་གི་ཕྱོགས་སྔ་མ་འགའ་ཞིག་ཁོང་གི་བཞེད་པ་ཡིན་པ་དང་། དེ་དག་ཚུལ་ཇི་ལྟར་བཞེད་པ་རགས་རིམ་ཞིག་རྟོགས་ཐུབ་པ་ཡིན། དེ་བཞིན་ཕྱོགས་སྒྲའི་རྩོད་པའི་ཕྱོགས་སྔ་མ་སུ་ཡིན་མིན་བོད་ཀྱི་མཁས་པའི་ནང་གླེང་སློང་བྱུང་བ་དག་ཀྱང་གང་ཞིག་འཐད་མིན་གོང་གི་རྒྱུ་ཆ་ལས་ཐག་གཅོད་ཐུབ་བོ། ། 

མཆན་དང་ལུང་ཁུངས། 

[1] ཕྱོགས་ཀྱི་གླང་པོ། 《ཚད་མ་མདོ་ཀུན་ལས་བཏུས་པའི་རང་འགྲེལ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར་》ཚད་མ། <ཅེ> ཤ 84

[2] ཆོས་ཀྱི་གྲགས་པ། 《རྣམ་འགྲེལ་རང་འགྲེལ།》  སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར》་ཚད་མ། <ཅེ> ཤ 522 

[3] དུལ་བ་ལྷ། 《གཏན་ཚིགས་ཀྱི་ཐིགས་པ་རྒྱ་ཆེར་འགྲེལ་པ།》  སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར》་ཚད་མ། <ཝེ> ཤ 208

[4] [13] [15] [16]བྲམ་ཟེ་ཨ་ཙ་ཊ། 《གཏན་ཚིགས་ཀྱི་ཐིགས་པའི་འགྲེལ་པ་བྲམ་ཟེ་ཨ་ཙ་ཊས་སྦྱར་བ།》  སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར》་ཚད་མ།  <ཝེ> ཤ 375 ཤ 623 ཤ 579 ཤ 580

[5][10][18]ཡེ་ཤེས་དཔལ་བཟང་། 《ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད》། སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར》་ཚད་མ། <ཚེ> ཤ 500 ཤ 448 ཤ 411

[6 ] [8]བྲམ་ཟེ་བདེ་བྱེད་དགའ་བ།  《ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད།》  སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར》་ཚད་མ། <པེ> ཤ 149  ཤ 161

[7] ཆོས་ཀྱི་གྲགས་པ། 《རྣམ་འགྲེལ་རང་འགྲེལ།》   སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར》་ཚད་མ། <ཅེ> ཤ 534 

[9] [22]ཆོས་མཆོག །《ཚད་མ་རྣམ་པར་ངེས་པའི་ཊཱིཀ་འཐད་ལྡན་ཞེས་བྱ་བ།》  སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར》་ཚད་མ།  <ཚེ>། <ཛེ> ཤ 544 ཤ 353

[11] [14] ཆོས་ཀྱི་གྲགས་པ། 《གཏན་ཚིགས་ཀྱི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར》་ཚད་མ།  <ཅེ>ཤ 502 ཤ 506

[12] ཀ་མ་ལ་ཤཱི་ལ། 《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ།》  《སྡེ་བསྟན》་ཚད་མ།། ། <ཝེ> ཤ187

[17] [21]ཆོས་གྲགས། 《ཚད་མ་རྣམ་པར་ངེས་པ་ཞེས་བྱ་བ།》  སྡེ་དགེའི་པར་ཁང་གི་ཤིང་པར། 《བསྟན་འགྱུར》་ཚད་མ།  <ཅེ> ཤ 338 ཤ 459

[19] བུ་སྟོན་རིན་ཆེན་གྲུབ། «བུ་སྟོན་ཆོས་འབྱུང་།» [M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1988ལོའི་པར་ཐེངས་དང་པོ། ཤ160-161

[20] ཇོ་ནང་ཏཱ་ར་ནཱ་ཐ། 《རྒྱ་གར་ཆོས་འབྱུང་།》 [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986་ལོའི་པར་ཐེངས་གཉིས་པ། ཤ 215  

[23] རྒྱལ་ཚབ་དར་མ་རིན་ཆེན། 《ཚད་མ་ཀུན་ལས་བཏུས་པའི་རྣམ་བཤད་མཐར་འཛིན་གྱི་གདུང་བ་འཇོམས་བྱེད་རིགས་པའི་རྒྱ་མཚོ།》 མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་དང་པོ། ཤ 378

[24] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་བསྒྲིགས།》 [C] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1999ལོའི་པར་ཐེངས་དང་པོ། ཤ 637

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།