བོད་དུ་རྙེད་པའི་དུས་རབས་བརྒྱད་པ་དང་དགུ་བའི་སྐབས་ཀྱི་རྡོའི་སེང་གེ་དང་གླང་ཆེན།

ནང་དོན་གནད་བསྡུས། བསྒྱུར་རྩོམ་འདིའི་ནང་དུ་སེང་གེ་དང་གླང་ཆེན་གཉིས་དཀྱུས་གཅིག་ཏུ་བཟུང་སྟེ་གནའ་དཔྱད་བསྔོག་འདོན་དང་ཡུལ་དངོས་རྟོག་དཔྱོད་བརྒྱུད་བོད་ལྗོངས་ཀྱི་འཕྱོངས་རྒྱས་དང་། ལྷ་རྩེའི་ཁྲོམ་ཆེན། ཆབ་མདོའི་རི་མདའི་རྣམ་པར་སྣང་མཛད་ཀྱི་བཞུགས་ཁྲི་ངོས་ཀྱི་སེང་གེ ཉིང་ཁྲི་ས་ཆའི་གླང་མཁར་རྡོ་རིང་། གཏེར་ལམ་རྫོང་གི་བཙན་པོ་བང་སོ་མདུན་གྱི་རྡོའི་སེང་གེ་དང་གླང་ཆེན་སོགས་ཕྱི་རྣམ་པའི་སྟེང་ནས་ཞིབ་བསྡུར་སྒོས་དེ་དག་བར་གྱི་འབྲེལ་བ་ཞིབ་ཚགས་པའི་སྒོ་ནས་བསྟན་ཡོད།

གནད་ཚིག བཙན་པོ། རྡོའི་སེང་གེ རྡོའི་གླང་ཆེན། རྡོ་རིང་། ཞིབ་བསྡུར། 

སེང་གེ་དང་གླང་ཆེན་གཉིས་ནི་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་སྲོག་ཆགས་ཤིག་མིན་ནའང་། དུས་རབས་བརྒྱད་པ་ནས་དགུ་བའི་སྐབས་སུ་བོད་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་རིག་གནས་འབྲེལ་འདྲིས་དང་དཔལ་འབྱོར་བརྗེ་རེས་ཀྱི་མཇུག་འབྲས་ལས་སྲོག་ཆགས་འདི་གཉིས་ནི་བོད་ཀྱི་སྒྱུ་རྩལ་གྱི་མཚོན་བྱ་ལྟ་བུར་གྱུར་ཡོད། སྲོག་ཆགས་འདི་གཉིས་ཀྱི་ཕ་ས་རྒྱ་གར་འཕགས་པའི་ཡུལ་ལ་ཆ་མཚོན་ན་སེང་གེ་ཡིས་དབང་ཐང་། སྟོབས་འབྱོར་དང་ནུས་ཤུགས་སོགས་མཚོན་ཐུབ་པ་དང་། སྟོབས་དང་ལྡན་པའི་གླང་ཆེན་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོའི་མཚོན་བྱེད་ཀྱང་ཡིན། ནང་བའི་བསྟན་པའི་ཁྲོད། སེང་གེ་ཡིས་སྟོན་པ་ཤཱཀྱ་ཐུབ་པའི་རྒྱལ་རྒྱུད་དང་སྙིང་སྟོབས་སོགས་མཚོན་ཡོད་པ་མ་ཟད། སྟོན་པའི་བཀའ་ཆོས་གསུངས་དུས་མི་འཇིགས་པའི་ང་རོ་མཚོན་བྱེད་དུ་སེང་གེའི་ངར་སྐད་དང་སེམས་རྒྱུད་དུལ་པ་མཚོན་བྱེད་དུ་གཡུང་ལ་ཕབ་པའི་གླང་ཆེན་དཔེ་འཇོག་གནང་ཡོད། དེའི་རྐྱེན་གྱིས་སྟོན་པའི་བཞུགས་ཁྲི་འོག་ཏུ་སེང་གེ་གཉིས་ཀྱིས་བརྒྱན་ཡོད་པ་དང་། དེ་མིན་དགོན་སྡེ་ཁག་གི་སྒོ་སྲུང་གིས་ཚུལ་དུའང་བསླངས་ཡོད། སེང་གེ་དེ་ཐོག་མར་རྒྱ་གར་འཕགས་པའི་ཡུལ་གྱི་འབུར་བརྐོས་སྒྱུ་རྩལ་ཁྲོད་འདྲ་བཟོ་བྱས་ཡོད་ནའང་མཚམས་མཚམས་སུ་དགོས་དབང་ཁྱད་པར་ཅན་ལ་བརྟེན་ནས་སེང་གེ་ལ་གཤོག་པས་བརྒྱན་པ་དང་།ནང་བསྟན་རྒྱ་གར་གྱི་ཡུལ་གྲུ་དང་གླིང་ཕྲན་གཞན་དུ་དར་བ་དང་བསྟུན་ནས་སེང་གེ་དང་གླང་ཆེན་གཉིས་ལ་རིམ་བཞིན་དད་མོས་བྱུང་སྟེ་སྲོག་ཆགས་འདི་གཉིས་ཀྱི་སྣང་བརྙན་ཡུལ་གྲུ་གཞན་དུ་ས་ཁྱབ་རྡོ་ཁྱབ་བྱུང་ཡོད་དེ། དེ་དག་གི་འཕེལ་རིམ་ཁྲོད་དངོས་བྲིས་ཀྱི་རྣམ་པ་ཇི་བཞིན་མཚོན་ཐུབ་མེད་པའམ་ཡང་ན་རྣམ་པའི་སྟེང་འགྱུར་ལྡོག་ཅུང་ཟད་ཐེབས་ཡོད་ནའང་རྩ་བའི་ཆ་ནས་སྔར་གྱི་ཁྱད་ཆོས་མངོན་གསལ་དོད་པོར་ཐོན་ཡོད། ཆེད་རྩོམ་འདིའི་ནང་དུ་ང་རང་གིས་དུས་རབས་བདུན་པའི་དུས་དཀྱིལ་ནས་དགུ་པའི་བར་གྱི་བཙན་པོའི་སྐབས་ཀྱི་སྒྱུ་རྩལ་ལས་སྲོག་ཆགས་འདི་གཉིས་ཀྱི་ཕྱིའི་རྣམ་པ་ཞིབ་འབྲི་དང་ལོ་ཚིགས་གཏན་ལ་ཕབ་པར། མིག་སྔར་བོད་ཀྱི་བང་སོའི་གནའ་དཔྱད་ཞིབ་འཇུག་ལས་རྡོ་རིང་གི་ཏོག་ངོས་སུ་སེང་གེ་བརྐོས་ཡོད་པ་དང་ཞབས་སྟེགས་སུ་གླང་ཆེན་བཀོད་ཡོད་པའི་རྡོ་རིང་ཞིག་རྙེད་ཡོད་པ་མ་ཟད། བོད་ཀྱི་ཡུལ་དབུས་འཕྱོངས་རྒྱས་དང་། མཚོ་སྔོན་པའི་འགྲམ་རྒྱུད་དུ་ཆགས་པའི་གཏེར་ལམ། ལྷ་རྩེའི་ཉེ་འགྲམ་གྱི་ཁྲོམ་ཆེན་ཁུལ་ནས་རྡོའི་སེང་གེ་ཆ་གསུམ་རྙེད་ཡོད་པ་ཁྱབ་བསྒྲགས་བྱས་ཡོད།

ཐོག་མར་བོད་ཀྱི་བཙན་པོའི་བང་སོ་མདུན་གྱི་སེང་གེའི་སྣང་བརྙན་གང་ཡིན་ཤེས་པར་བསམ་བློ་གཏོང་དགོས་ལ། དེ་ཡིས་བཙན་པོའི་སྐབས་ཀྱི་བོད་ཀྱི་བང་སོའི་གྲུབ་ཚུལ་དང་གནས་བབ་སོགས་ཀྱི་གོ་དོན་རྟོགས་པར་དགོས་པ་ངེས་ཅན་ལྡན། ང་ཚོས་སྤུ་རྒྱལ་བཙན་པོའི་ཁྱབ་རྒྱ་ཆེ་བའི་ས་ཁོངས་ཁྲོད་ཀྱི་བང་སོའི་མདུན་དུ་རྙེད་པའི་སེང་གེ་དང་གླང་ཆེན། བང་སོ་འདྲ་མིན་ལ་ཞིབ་བསྡུར་ལས་བྱུང་བའི་དཔྱད་འབྲས་འགའ་ཡོད་པ་གཤམ་གསལ།

1.བང་སོ་གཙོ་བོའི་ཉེ་འཁོར་དུ་བང་སོ་ཆུང་བ་ཡོད་པ་དང་སྲོག་ཆགས་དུར་མཆོད་བྱས་པའི་ས་དོང་བརྐོས་ཡོད། གཏེར་ལམ་དང་ཁྲོམ་ཆེན་ཁུལ་དུ་མཆིས་པའི་བང་སོ་ཆེ་ཤོས་ཀྱི་མདུན་ངོས་སུ་སྲོག་ཆགས་དུར་མཆོད་བྱེད་སའི་ས་དོང་ཡོད་པ་མ་ཟད་བང་སོ་ཆུང་བ་མང་པོ་མཆིས།

2.བཅག་རྡོས་བརྩིགས་པའི་བར་མཚམས་སུ་ས་འདམ་བྱུགས་པའི་རྒྱུ་ཆས་བསྐྲུན་ཡོད་པ་དང་བརྩིགས་རྡོ་བར་མཚམས་སུ་ས་ཕག་སོགས་བེད་སྤྱོད་བཏང་ཡོད། བྱེད་ཐབས་འདིའི་དགེ་མཚན་ནི་བང་སོའི་སྟེང་གི་ལྕམ་དྲལ་གྱི་མཐུད་མཚམས་བརྟན་པོ་ཆགས་རྐྱེན་ཡིན།

3.ས་འབུར་འོག་གི་དུར་དོང་ནང་ལོགས་ཀྱི་སྟེང་ངོས་སུ་ཁང་མིག་བཟོས་ཡོད། ས་འབུར་མང་ཆེ་བའི་དབྱིབས་ནི་སོག་ཁའི་དབྱིབས་དང་མཚམས་མཚམས་སུ་ཟླུམ་གཟུགས་སུ་ངེས། བང་སོ་གཞན་པར་གནའི་ས་འོག་གི་འཛུགས་སྐྲུན་ཁྲོད་ཁང་མིག་འདི་དག་གི་དབྱིབས་མཐོང་མི་ཐུབ། 

4.རྡོ་རིང་དང་གལ་ཆེ་བའི་བང་སོའི་ཉེ་འགྲམ་ནས་རྡོའི་སེང་གེ་གཉིས་ཐོན་པའི་སྟེང་ནས་དཔྱད་ན་བང་སོ་འདི་དག་ཆབ་སྲིད་ཀྱི་དབང་ཐང་དང་འབྲེལ་བ་དམ་ཟབ་ཡོད་པ་མཚོན་ཐུབ། 

བཙན་པོའི་དུས་སྐབས་སུ་བང་སོ་མང་པོའི་མདུན་དུ་རྡོ་རིང་བསླངས་སྲོལ་ཡོད་ལ།  གྲོས་མཐུན་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་ལ་ཆིངས་ཡིག་དང་ལྷ་ཁང་བཞེངས་རྗེས་རྟེན་འབྲེལ་མཚོན་བྱེད་དུ་རྡོ་རིང་གི་ངོས་སུ་བོད་ཡིག་བརྐོས་ཏེ་སྤྱི་ཆིངས་དང་བཀའ་གཙིགས་གཏན་ལ་ཕབ་ཡོད། ང་རང་གིས་འདིར་གླེང་པའི་རྡོ་རིང་སྟེང་བརྐོས་པའི་སེང་གེ་དང་གླང་ཆེན་སྐོར་ལ་བོད་ལྗོངས་ལྷ་སའི་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་དོ་སྣང་བྱུང་པ་དང་། སྙན་གྲགས་ཆེ་བའི་འཕྱོངས་རྒྱས་བོད་བཙན་པོ་དུས་ཀྱི་བང་ཚོམས་མདུན་དུ་བརྗིད་ཉམས་ལྡན་ལ་རྒྱ་ཆེ་བའི་རྡོའི་སེང་གེ་གཅིག་མཆིས་ལ། དེ་ནི་གཏེར་ལམ་དང་ཁྲོམ་ཆེན་ནས་རྙེད་པའི་རྡོའི་སེང་གེའི་ཙོག་པུའི་འདུག་སྟངས་དང་། ལྟོ་འགྲམ་དང་རྐང་བ་གཞུག་མའི་གཡས་ལོགས་བར་དུ་རྔ་མ་འཁྱིལ་ཚུལ་སོགས་མི་འདྲ་ནའང་བང་སོ་མང་ཆེ་བའི་མདུན་གྱི་རྡོའི་སེང་གེའི་ཕྱི་རྣམ་སྤྱི་ཡོངས་ཀྱི་ཆ་ནས་མཐུན་ཆོས་སུ་གྲུབ་ཡོད། དེ་མིན་གསར་དུ་རྙེད་པའི་འཐག་གོས་ངོས་སུ་བཀོད་པའི་སྤུ་རྒྱལ་བཙན་པོའི་བང་སོའི་ཆོ་ག་དང་འབྲེལ་བ་ཡོད་པའི་བོད་ཡིག་གི་བརྡ་རྙིང་དང་སེང་གེ་ཆ་གཉིས་རྙེད་པས།  གཏེར་ལམ་དང་ཁྲོམ་ཆེན་ནས་རྙེད་པའི་སེང་གདོང་གི་རྣམ་པ་དང་ཁྱད་པར་ཅན་གྱི་གཡུ་རལ། འབུར་ཚུགས་སུ་དོད་པའི་མིག་འབྲས་དང་གྲལ་སྙོམས་པའི་གཡུ་རལ་སོགས་འཕྱོངས་རྒྱས་ཀྱི་རྡོའི་སེང་གེ་དང་ཁྱད་པར་ཆེན་པོ་ཡོད། 

དེའི་རྐྱེན་གྱིས་ང་རང་གིས་བང་སོའི་གནའ་ཤུལ་གཉིས་དང་དེ་དག་ལས་ཐོན་པའི་རྡོའི་སེང་གེ་སོགས་ལ་ཕྱོགས་སྡོམ་བྱས་ཏེ་རྡོ་རིང་དང་དེ་དག་གི་ངོས་སུ་བརྐོས་པའི་སྲོག་ཆགས་སྐོར་ལ་ཞིབ་འཇུག་སྒོས་འབྲེལ་ཡོད་དོ་སྣང་ཅན་ལ་གྲོས་མོལ་བྱ་རྒྱུ་ཡིན།

དང་པོ།  གཏེར་ལམ།

གཏེར་ལམ་ནི་དེང་རབས་ཀྱི་གྲོང་བརྡལ་ཞིག་གི་མིང་ཡིན་ལ། རྫོང་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཏེ་མཚོ་སྔོན་པོའི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད། དུས་རབས་བདུན་པའི་སྐབས་སུ་ས་ཁུལ་འདི་ནི་བོད་ཀྱི་སྐད་དུ་འ་ཞ་དང་རྒྱ་སྐད་དུ་ཐུ་ཡུ་ཧོན་(吐谷浑)ཞེས་འབོད་བའི་མི་རིགས་ཤིག་གི་ཕ་ས་ཡིན་ལ། ས་ཆ་འདི་ནི་དུས་རབས་བདུན་པའི་གོང་ནས་བཟུང་བོད་ཀྱི་ཆབ་ཁོངས་སུ་བསྡུས་ཡོད།  སྤྱི་ལོ༦༨༩ལོར་ཆབ་སྲིད་ཀྱི་མནའ་འབྲེལ་ལས་བོད་ཀྱི་བཙན་པོའི་སྲས་མོ་འ་ཞའི་རྒྱལ་པོ་དང་གཉེན་བསྡེབས་ས་སྟེ། གལ་ཆེན་རང་བཞིན་ལྡན་པའི་ས་ཁོངས་འདི་ནི་ཡུལ་དབུས་དང་མཚོ་སྔོན་པོ་བར་གྱི་ཚོང་འགྲུལ་གྱི་ལམ་སྣ་གཙོ་བོ་ཞིག་དང་། ཚ་འདམ་གཞོངས་སའི་ཁུལ་དུ་ཆགས་པའི་དར་གོས་འགྲུལ་ལམ་གྱི་བྱང་ངོས་དང་ལྷོ་རྒྱུད་ཀྱི་འབྲེལ་མཚམས་ཡིན་པ་མ་ཟད་མ་ཧཱ་ཙི་ནའི་ཡུལ་དབུས་དང་སི་ཁྲོན་ཕྱོགས་སུ་བགྲོད་སའི་ལམ་ཁ་ཉག་ཅིག་ཡིན། གཏེར་ལམ་ཞེས་པའི་ས་མིང་འདི་དུས་རབས་ཉི་ཤུའི་ནང་གི་ཡིག་ཆའི་ཁྲོད་བཀོད་ཡོད་པ་མ་ཟད། ས་ཁུལ་འདི་རུ་ཐོག་མར་གནའ་དཔྱད་ཞིབ་འཇུག་གནང་མཁན་ནི་མཚོ་སྔོན་ཞིང་ཆེན་རིག་དངོས་དང་གནའ་དཔྱད་ཞིབ་འཇུག་ཁང་གི་དབུ་ཁྲིད་ཤིས་ཤུན་ཀའོ་(许新国)ཡིན་ལ། སྤྱི་ལོ༡༩༨༢ལོ་ནས་བཟུང་གནས་འདི་རུ་གནའ་དཔྱད་སྔོག་འདོན་གྱི་ལས་གཞི་སྤེལ་བའི་འགོ་བརྩམས། སྤྱི་ལོ༡༩༩༧ལོར་ང་རང་གཏེར་ལམ་དུ་འབྱོར་སྐབས་གནའ་ཤུལ་ཉི་ཤུ་རྩ་གསུམ་བསྔོག་ཟིན་པ་དང་། གནའ་ཤུལ་རེ་རེ་ཁྲོད་དུ་བང་སོ་ཉི་ཤུ་ནས་སུམ་ཅུ་མཆིས། ས་ཁུལ་འདིའི་རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་རྨིད་གྲུ་བཞི་མ་༡༦༠ཡོད། ཞིབ་འཇུག་བྱེད་སའི་གཞུང་ཐིག་ནི་36˚5དང་འཕྲེད་ཐིག་ནི་98˚5 མཚམས་སུ་ཆགས་ཡོད། མཚོ་སྔོན་ཞིང་ཆེན་རིག་དངོས་དང་གནའ་དཔྱད་ཞིབ་འཇུག་ཁང་གིས་ང་རང་གདན་འདྲེན་དང་རང་གི་འདོད་མོས་ཀྱིས་བཙན་པོའི་དུས་དང་འབྲེལ་བ་ཡོད་པའི་བང་སོ་དྲུག་ལ་ལྟ་སྐོར་བྱེད་ཆོག་པའི་ཆོག་མཆན་ཐོབ། 

གནའ་ནས་བཟུང་བསྔོགས་ཏེ་གཏོར་བརླག་ཐེབས་པའི་ཡུལ་དབུས་ཀྱི་བང་སོ་དང་བསྡུར་ན། གནས་འདི་ནས་རྡོའི་སེང་གེ་གཉིས་དང་རྡོ་རིང་། དེ་མིན་གཏེར་ལམ་བང་སོ་ནས་སྲིད་ཕྱོགས་ཀྱི་ཅ་དངོས་འབོར་ཆེན་རྙེད་པ་དང་། གལ་ཆེ་བའི་རིག་དངོས་མང་ཆེ་བ་ནི་འཐག་གོས་ཡིན་ལ། དེ་དག་གི་རིགས་མང་ལ་རྣམ་པ་སྣ་ཚོགས་ཏེ། རི་མོའི་ཇུས་འགོད་མཛེས་ཕྱིར་འཐག་ཐགས་པའི་དུས་ཚོད་དང་བཟོ་རྣམ་གྱི་སྟེང་ནས་དཔྱད་ན་ཡ་གླིང་དཀྱིལ་མ་དང་ནང་ས། སི་ཁྲོན་ས་ཁུལ་དང་འབྲེལ་བ་དམ་ཟབ་ཡོད། དེ་མིན་གཏེར་ལམ་གྱི་བང་སོ་ནས་མ་ནོ་ཧོ་དང་ཤེལ་ཕྲེང་། དངུལ་གྱི་སྣོད་ཆས་དང་གསེར་དངུལ་གྱི་དོང་ཙེ་སོགས་རྙེད་པས་བཙན་པོའི་སྐབས་སུ་ཚད་མཐོ་བའི་རྒྱལ་སྤྱིའི་ཚོང་ལས་དང་རིག་གནས་ཀྱི་འབྲེལ་འདྲིས་ཡོད་པ་མཚོན་ཐུབ། རྡོའི་སེང་གེ་གཉིས་ནི་གཏེར་ལམ་རྫོང་གི་བོད་སྐད་ལ་སྒོ་ཤར་ལྟར་འབོད་པའི་གནའ་ཤུལ་ནང་ཁུལ་དུ་རྙེད་པ་དང་། གནའ་ཤུལ་འདི་ནི་དེང་གཏེར་ལམ་རྫོང་གི་ཤར་ངོས་སུ་ཆགས་ལ། སྤྱི་ལོ༡༩༩༥ལོ་ནས་བཟུང་ཐེངས་གཉིས་ལ་གནའ་དཔྱད་བསྔོག་དཔྱད་བྱས་ཟིན།

640 (23).png

སྒོ་ཤར་གནའ་ཤུལ་ཁྲོད་མཐོ་ཚད་ལ་རྨིད༨དང་མཐའི་རིང་ཚད་ལ་རྨིད་༤༠ཡོད་པའི་སྒོ་ང་ཕྱེད་ཀའི་དབྱིབས་ཅན་གྱི་ས་ཕུང་ཞིག་ཡོད་དེ། ས་ཕུང་གི་བྱང་ངོས་དང་ཤར་ངོས་སུ་རྩྭ་ལྡུམ་གྱིས་ཁེངས་ཡོད་པ་དང་། དེའི་ནུབ་ངོས་འགྲམ་དུ་མཐའི་ཆེ་ཆུང་ལ་རྨིད་༢༠ཙམ་ཡོད་པའི་བང་སོ་ཆུང་བ་དག་གིས་བང་སོ་གཙོ་བོར་བསྐོར་ཡོད།  གནའ་ཤུལ་ཕྱི་རོལ་དུ་མཐོ་ཚད་ལ་རྨིད་༡༦ཡོད་པའི་ས་ཕག་གིས་བརྩིགས་པའི་གྱང་ཞིག་དང་། དེའི་འགྲམ་རྒྱུད་དུ་ཡུར་ཆུ་བརྒྱུད་མྱོང་བའི་ཆུ་རྐ་ཞིག་འདུག རྡོའི་སེང་གེ་དང་རྡོ་རིང་ནི་ས་ཕག་གིས་ར་བ་བསྐོར་བའི་ནང་ངོས་སུ་མཆིས་ཏེ། ས་ཕུང་གཙོ་བོ་དང་བར་ཐག་ངེས་ཅན་ཞིག་ཡོད། གནའ་དཔྱད་པས་བང་སོ་བྲུས་ཏེ་ས་ཕུང་ནང་ཁུལ་གྱི་སྒྲིག་གཞི་ལ་དཔྱད་དུས། བང་སོའི་གཏིང་ཚད་ལ་རྨིད༨དང་བརྩེགས་རིམ་གསུམ་ཡོད་དེ། འོག་རིམ་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ༢༠ལྷག་གི་ཚད་ཡོད་པའི་ཁང་མིག་གཅིག་དང་། ཁང་བ་འདི་ནི་ས་ཕག་དང་ལྕམ་གདུང་། རྡོ་སོགས་ཀྱིས་བསྐྲུན་ཡོད། ཁང་བ་གཉིས་ནི་ས་ངོས་སུ་ཡོད་དེ། ཅིག་ཤོས་ནི་བང་སོའི་གཤམ་འོག་ཏུ་མཆིས། དེའི་ནང་དུ་བོད་ཡིག་བཀོད་པའི་རྟའི་རུས་ལེབ་གཉིས་དང་བོད་ཡིག་གི་བྱང་བུ་འགའ་ཤས་རྙེད་ཡོད་དེ། ཤིང་ཁྲམ་རེ་རེའི་ཞེང་ལ་ལི་རྨིད་༡༠ནས་༡༥བར་ཡོད་པ་དང་།སྲིད་ལ་ལི་རྨིད༣ཡོད་དེ། དེ་དག་རེ་རེའི་སྟེང་བོད་ཡིག་དབུ་མེད་ཐིག་ཕྲེང་གསུམ་ནས་བཞི་བསྟར་མར་བྲིས་ཡོད། དེ་དང་དུས་མཚུངས་སུ་བང་སོ་ཁྲོད་ནས་རྙེད་པའི་དོང་ཙེ་ལ་དཔྱད་ན་རིག་དངོས་དེ་དག་ནི་དུས་རབས་བརྒྱད་པ་ནས་དགུ་བའི་དུས་དཀྱིལ་དུ་ཡིན་པ་རྟོགས་ཐུབ།  གཏེར་ལམ་བང་སོ་ནས་ཐོན་པའི་རིགས་དང་ངོ་བོ་འདྲ་བའི་ཤིང་ལེབ་ངོས་སུ་བོད་ཡིག་བྲིས་པའི་ཁྲམ་ཤིང་ཐོན་ནའང་། ང་རང་གིས་སྒོ་ཤར་ནས་བསྔོགས་པའི་ཤིང་ཁྲམ་ངོས་ཀྱི་བརྡ་རྙིང་ལ་གོ་བ་ཡང་དག་ལེན་ཐུབ་མེད། དེ་མིན་ས་དེ་གའི་གནའ་དཔྱད་པས་ད་དུང་ས་འོག་ཏུ་རིག་གནས་ཀྱི་ས་རིམ་མང་པོ་ཡོད་པས་མུ་མཐུད་དུ་བརྟག་དགོས་པ་བསྟན།ས་ཕག་གིས་ར་སྐོར་བའི་གནའ་ཤུལ་གྱི་ཁྱབ་ཁོངས་སུ་ས་དེ་གས་གནའ་དཔྱད་པས་གདམ་གསེས་ཡོད་པའི་སྒོ་ནས་བརྟག་དཔྱད་བྱས་ཡོད་དེ། ས་འོག་གི་གཏིང་ཚད་ལ་རྨིད༤ཡོད་པའི་སར། ནང་བསྟན་གྱི་ཆོས་ཕྱོགས་ལ་མཁོ་བའི་ཚ་ཚ་གཉིས་རྙེད་ཡོད། གཅིག་གི་ཚངས་ཐིག་གི་ཞེང་ཚད་ལ་ལིའི་རྨིད༢དང་ཚེག༥ཡོད། ཚ་ཚ་ངོས་སུ་མཆོད་རྟེན་བཀོད་ཡོད་དེ།  དེ་ནི་ཆུ་བོ་གཱང་གའི་བཞུར་རྒྱུན་གྱི་རྡོ་བརྐོས་སྟེང་གི་རི་མོ་དང་ཤིན་ཏུ་མཐུན་ལ། དུས་རབས་ལྔ་བ་ནས་དྲུག་པའི་དུས་སུ་ལ་དྭགས་རྒྱུད་ཀྱི་དགོན་སྡེའི་ལྡེབས་བྲིས་ཁྲོད་ནས་མཐོང་ཐུབ་པ་དང་།  དུས་རབས་བརྒྱད་པ་ནས་བཟུང་། མཆོད་རྟེན་གྱི་རི་མོ་བཀོད་པའི་རྣམ་པ་དེ་བོད་ཀྱི་སྒྱུ་རྩལ་ཁྲོད་འབོར་ཆེན་ཐོན་ཡོད། ཚ་ཚར་ཚད་འཇལ་རྗེས་ཚངས་ཐིག་ལ་ལི་རྨིད༢དང་ཚེགས༥དང་། ཚ་ཚའི་ངོས་སུ་Yedharmahetuprabhava ཞེས་པའི་ལེགས་སྦྱར་གྱི་ཡི་གེ་བཀོད་ཡོད་པ་དང་།  དེའི་དོན་ནི་ནང་བསྟན་གྱི་རྩ་སྔགས་ཡིན།བློ་མཐུན་ཤིས་ཞིན་ཀོས་(许新国)ཞིབ་འཇུག་བརྒྱུད་སྒོ་ཤར་གྱི་གནའ་ཤུལ་དང་བང་སོ་གཉིས་ནི་དུས་རབས་གཅིག་གི་གནའ་ཤུལ་ཡིན་ལ། བསྔོག་འདོན་གནང་ཟིན་བའི་དོང་ཙེ་སྟེང་ནས་དཔྱད་ན་ལོ་ཚིགས་ནི་སྤྱི་ལོ༧༥༠ནས་༨༥༠བར་ལ་གཏན་འཁེལ་གནང་ཡོད།

གཉིས་པ། གཏེར་ལམ་གྱི་རྡོའི་སེང་གེ

མཚོ་སྔོན་ཞིང་ཆེན་རིག་དངོས་དང་གནའ་དཔྱད་ཞིབ་འཇུག་སོའོ་ནང་དུ་ཉར་ཚགས་གནང་བའི་གཏེར་ལམ་གྱི་རྡོའི་སེང་གེའི་ཙོག་པུའི་འདུག་སྟངས། རྐང་གཡས་དང་ལྟོ་བའི་ཟུར་ནས་ཡར་འགྲེང་བའི་རྔ་མའི་རྣམ་པ་ནི་འཕྱོངས་རྒྱས་ཀྱི་བཙན་པོའི་བང་སོ་དང་ཁྲོམ་ཆེན་ནས་ཐོན་པའི་སེང་གེ་གཉིས་དབྱིབས་རིས་ཀྱི་ལམ་ནས་གསལ་ཁ་འདོན་ཐུབ་ལ། གཏེར་ལམ་ནས་ཐོན་པའི་རྡོའི་སེང་གེའི་རྔ་སྤུའི་རྣམ་པ་ནི་སེང་གེའི་དངོས་ཀྱི་ཕྱི་རྣམ་རིག་པའི་ཁྱད་ཆོས་དང་མཐུན་མོད།གཡུ་རལ་རང་བཞིན་གྱིས་དཔྲལ་སྟེང་ནས་གཉའ་ལྟག་བར་སྤུའི་རིགས་ཀྱིས་གྲུབ་པ་ལས་གདོང་ངོས་སུ་ཁེབས་མེད་ལ།འབུར་བཟོ་མཁན་གྱིས་སྤུ་དང་གཡུ་རལ་འཇམ་ཞིང་མཉེན་པའི་ངང་ཚུལ་ཅན་དུ་བཟོས་ཏེ་དཔུང་མགོ་སྟེང་ཡོངས་སུ་གཡོགས་ཡོད།རྡོའི་སེང་གེའི་ཁ་ཟུམ་ཡོད་ལ་ཁ་སྤུའི་རི་མོ་ཤིན་དུ་གསལ་ཕྱིར།ཁའི་གཡས་གཡོན་གཉིས་སུ་སྨྲ་རའི་འཁྱིལ་རིས་འབུར་ཚུགས་སུ་དོད་ཡོད། གཏེར་ལམ་ནས་ཐོན་པའི་རྡོའི་སེང་གེའི་མིག་ལ་དང་དོད་གནང་མེད་ནའང་སེང་གེའི་ཨོག་མའི་རི་མོ་འཇམ་ཤ་དོད་ལ་རྒྱགས་པ་དང་།རྡོའི་སེང་གེའི་བྲང་མདུན་ལ་གཡུ་རལ་བརྐོས་མེད་ཕྱིར་བྲང་ཁོག་གི་གཉེར་རིས་སྒྲིབ་པ་དང་། གཟུགས་པོ་ཡོངས་རྫོགས་རྒྱགས་ལ་མདུན་ལག་ཐུར་དུ་ལངས་ཏེ་དེའི་སྟེང་ཟུར་དང་མདུན་གྱི་དྲང་ཐད་ཀྱི་རི་མོ་འོག་ནས་རྣམ་པ་གསལ་བོར་མངོན་ཐུབ། འདི་ཡིས་བཙན་པོ་དུས་སྐབས་སུ་ཐོན་པའི་རའི་ཆང་ཕོར་དངུལ་ཤན་མ་(rhyton)དང་དངུལ་ཕོར་སྟེང་དུ་ཚགས་དཀྲོལ་བའི་སེང་གེའི་རྣམ་པ་དང་མཚུངས་ཆོས་སུ་གྲུབ་ཡོད། ཡིན་ནའང་གཏེར་ལམ་ནས་ཐོན་པའི་སེང་གེའི་གཡུ་རལ་སིལ་ལི་དང་འཁྱིལ་རིས་ལྟར་སྣང་ལ་རྣམ་པ་འབུར་ཚུགས་སུ་བརྐོས་ཡོད། དངུལ་ཕོར་སྟེང་ཀྱོང་རིས་ལྟར་བཀོད་པའི་བོད་ཡིག་དང་ཚེག་སོགས་འབྲི་ཚུལ་སྟེང་ནས་དཔྱད་ན་དངུལ་ཕོར་ནི་བཙན་པོའི་རྒྱལ་རབས་སུ་བཟོས་བ་ཤེས་ཐུབ།

640 (24).png

དེ་དང་དུས་མཚུངས་སུ་གཏེར་ལམ་རྡོའི་སེང་གེ་ལ་ཞིབ་ཏུ་བརྟག་ན། གཟུགས་པོའི་ཟུར་ལོགས་སུ་རི་མོ་རེ་རེའི་བརྐོས་རིས་མངོན་ཐུབ་པ་འདིས་ཆུ་བོ་ཧིན་རྡུའི་སྟོད་རྒྱུད་ཆི་ལ་སིའི(Chilas)སེང་གེའི་ཐུན་མོང་གི་ཁྱད་ཆོས་མངོན་ཐུབ། རྡོའི་སེང་གེ་འདི་གཉིས་ནི་སྤྱི་ལོ༡༩༥༠ལོར་སྒོ་ཤར་ཉེ་འགྲམ་གྱི་གནའ་ཤུལ་ཁྲོད་རྙེད་དེ། དེའི་ཁྲོད་ཀྱི་གཅིག་ནི་ས་གནས་ཡུལ་མིས་རྡོ་རིང་གི་ཉེ་འགྲམ་དུ་རྙེད་པ་དང་། རྡོ་རིང་དང་རྡོའི་སེང་གེ་གཉིས་ཀྱི་རྒྱུ་ནི་འཛེང་རྡོ་སྐྱ་བོས་བཟོས་ཡོད་དེ། རྡོ་རིང་གི་རིང་ཚད་ལ་ལི་རྨིད་༣༤༠དང་ཞེང་ཚད་ལ་ལི་རྨིད༤༠། མཐུག་ཚད་ལ་ལི་རྨིད༣༠ཡོད་པའི་རྡོ་རིང་འདི་དག་ནི་བོད་ཀྱི་ཡུལ་དབུས་དང་མངའ་རིས་རྒྱུད་དུ་བཀའ་གཙིགས་ཀྱི་རྡོ་རིང་ལྟར་བཞེངས་ཡོད། རྡོའི་སེང་གེ་འདི་གཉིས་ནི་པཎ་ཆེན་ཞིང་སྡེ་གྲོང་བརྡལ་སྲིད་གཞུང་ཏང་ཨུ་གཞུང་ལས་ཁང་གི་སྒོ་མདུན་དུ་བསླངས་ཡོད་པ་དང་། རྡོ་རིང་ཆག་གྲུམ་ཤོར་ཏེ་དུམ་བུ་བཞི་ཆགས་པ་དང་ཞིང་བས་ཁང་བའི་རྨང་རྡོ་ལ་བེད་སྤྱོད་བཏང་ཡོད། རིག་གནས་གསར་བརྗེ་སྐབས་སུ་རྡོའི་སེང་གེ་འདི་གཉིས་གཏོར་སྐྱོན་མི་འགྲོ་བའི་ཆེད་དུ་ཞིང་བས་ས་འོག་ཏུ་སྦས་ཏེ། སྤྱིལོ༡༩༩༧ལོར་གཞུང་ལམ་གསར་སྐྲུན་བྱེད་སྐབས་མི་རྣམས་ཀྱིས་སེང་གེ་གཅིག་བསྐྱར་དུ་རྙེད་སོན་བྱུང་།ཅུང་མ་འགོར་བར། རྣམ་པ་དང་བཟོ་དབྱིབས་མཚུངས་བའི་རྡོའི་སེང་གེ་གཞན་ཤོས་ཤིག་གསར་དུ་རྙེད་ཡོད་པ་དང་། ང་ཡིས་རྡོ་རིང་དེ་གནས་གང་དུ་ཡོད་པ་ཤེས་རྟོགས་དང་། རང་ནུས་ཅི་ལྕོགས་སྒོས་རྡོ་རིང་སྟེང་གི་ཡིག་རྙིང་དང་རི་མོར་བལྟ་སྐབས་བགྲེས་སོང་རུལ་ཟད་དུ་སོང་ཕྱིན་གསལ་བོར་མཐོང་མ་ཐུབ། གས་ཆག་ཤོར་བའི་རྡོ་རིང་གི་ཆག་དུམ་ཁ་ཤས་གྱང་རྟིང་གི་རྨང་རྡོ་རུ་བརྩིགས་ཕྱིར་བརྟག་དཔྱད་བྱེད་ཐུབ་མ་སོང་།

640 (25).png

སྤྱི་ལོ༡༩༩༨ལོར། ཨ་མེ་རི་ཁའི་གནའ་དཔྱད་ཆེད་མཁས་པ་མ་ཁོ་ཨོ་རྡུ་རྡ་ཧྥུ་(Mark Aldenderfer)ཡིས་གཏེར་ལམ་རྫོང་སྒོ་ཤར་ནས་རྙེད་པའི་རྡོའི་སེང་གེ་དང་ཤིན་ཏུ་མཚུངས་བའི་རྡོའི་སེང་གེ་གཉིས་ལ་རྟོག་དཔྱོད་གནང་སྟེ།ཅིག་ཤོས་ནི་པཎ་ཆེན་ཞིང་སྡེ་དང་ཐག་ཉེ་བའི་དགོན་པ་ཞིག་ཏུ་ཉར་ཡོད། གང་ལྟར་ཀྱང་རྡོའི་སེང་གེ་ཤིན་ཏུ་ཆུང་ནའང་།སེང་གེའི་རྣམ་པ་དང་གཡུ་རལ་སྟེང་ནས་དཔྱད་ན་སེང་ཕྲུག་མིན་པ་རྟོགས་ཐུབ།ཙོག་པའི་འདུག་སྟངས་ནི་གོང་དུ་བརྗོད་ཟིན་པའི་གཏེར་ལམ་ཁུལ་དུ་རྙེད་པའི་རྡོའི་སེང་གེ་གཉིས་དང་འདྲ་བ་མ་ཟད། སིལ་ལིའི་རྣམ་པ་རིང་ལ་སྟུག་པ་དང་མ་མགལ་འོག་གི་དབྱིབས་རྣམ་ཟླུམ་ལ་བརྗིད་ཆགས་དང་ལྡན་པས། གཏེར་ལམ་རྫོང་ནས་རྙེད་པའི་སེང་གེ་དང་མི་འདྲ་ས་ནི་མདུན་ལག་ཐུང་ལ་བྲང་མགོ་འབུར་ཚུགས་སུ་དོད་མེད། འཇར་མན་གྱི་མྱུལ་ཞིབ་པWilhelm Filchner ཡིས་སྤྱི་ལོ༡༩༣༣ལོའི་གཏེར་ལམ་ཁུལ་གྱི་བརྟག་དཔྱད་སྙན་ཞུ་ནང་འཁོད་དོན། སྐབས་དེ་དུས་ཁོང་གིས་བྲག་ཕུག་ནང་རྡོའི་སེང་གེ་སྦས་ཡོད་པ་གསར་རྙེད་བྱུང་པ་དང་། རྡོའི་སེང་གེ་འདིའི་ལྗིད་ཚད་ལ་སྤྱི་རྒྱ༢༥ལྷག་ཡོད་པ་གོང་དུ་གླེང་ཟིན་པའི་སེང་གེ་གཉིས་ལས་ཅུང་ཆུང་བའི་རྡོའི་སེང་གེའི་ལྗིད་ཚད་དང་ཅུང་འདྲ། རྙེད་ཟིན་པའི་བཙན་པོའི་དུས་ཀྱི་བང་སོ་ཁྲོད་གཏེར་ལམ་ནི་ཡ་གླིང་དཀྱིལ་མ་དང་ནང་སའི་ཉེ་འགྲམ་དུ་མཆིས་ལ། ལྷག་པར་དུ་དར་གོས་འགྲུལ་ལམ་གྱི་ལམ་ཐིག་དང་ཐང་གི་རྒྱལ་ས་ཁྲང་ཨན་སོགས་ཀྱི་བང་སོའི་མདུན་དུ་དུར་ཁང་སྲུང་ཆེད་ལ་སྲོག་ཆགས་ཀྱི་འབུར་བརྙན་བསླངས་བའི་ལུགས་སྲོལ་ཡོད་ནའང་། གཏེར་ལམ་ཁུལ་དུ་རྙེད་པའི་རྡོའི་སེང་གེའི་རྣམ་པ་ནི་ཐང་གི་བང་སོའི་མདུན་གྱི་འགྱིང་ཉམས་དང་ལྡན་པའི་རྡོའི་སེང་གེ་དང་མི་འདྲ། ཐང་གི་བང་སོའི་མདུན་གྱི་སེང་གེའི་མིག་ཟུང་སྡང་ཉམས་ཅན་དང་ངར་སྐད་ཀྱི་རྣམ་པའི་གཟུགས་སུ་སྣང་བའི་མཆུ་ཏོ། རྣོ་ལ་གཟེངས་སུ་ཐོན་པའི་མཆེ་བ་དང་སྡེར་མོ། རྡོའི་སེང་གེའི་གདོང་ལ་སྟུག་ལ་སིལ་ལིའི་རྣམ་པ་ལྟར་འཁྱིལ་བའི་གཡུ་རལ་སོགས་ཀྱི་ཁྱད་ཆོས་ལྡན་པས། གཏེར་ལམ་ཁུལ་དུ་ཐོན་པའི་སེང་གེ་དེ་དང་བསྡུར་ན་ཞི་དུལ་གྱི་རྣམ་པ་ཅན་དུ་སྣང་གཤིས་འཇིགས་སུ་རུང་བའི་དུར་སྲུང་སྲོག་ཆགས་དང་མི་འདྲའོ།།

གསུམ་པ། ཁྲོམ་ཆེན།

 ཁྲོམ་ཆེན་ནི་བོད་ལྗོངས་ཤར་ལྷོ་ཁུལ་གྱི་ལྷ་རྩེ་གྲོང་བརྡལ་གྱི་ལྷོ་ནུབ་ཁུལ་དུ་མཆིས་པ་དང་། སྤྱི་ལོ༡༩༩༠ལོར་བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁྲོམ་ཆེན་ལ་ཞིབ་འཇུག་བརྟག་དཔྱད་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། དེའི་ཁོངས་སུ་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཧོ་ཝེ་(霍魏)དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཆེ་མོ་པ་སངས་དབང་འདུས་སོགས་ལས་གཞི་འདིར་ཞུགས་ཡོད། ཁོང་ཚོས་ལྷ་རྩེ་ཁུལ་གྱི་བང་སོ་སྟོང་ཕྲག་ལྷག་ལ་བརྟག་དཔྱད་དང་། དེ་དག་ལས་ཁྲོམ་ཆེན་གནའ་ཤུལ་ནི་ཞིབ་འཇུག་གི་རིན་ཐང་ཆེ་ཤོས་ཡིན། ཁྲོམ་དུས་མཚུངས་སུ་རྡོའི་སེང་གེ་གཉིས་དང་རྡོ་རིང་གཅིག་ས་འོག་ནས་རྙེད་སོན་བྱུང་། ཧྥ་རན་སིའི་ཕཱ་རའི་སིའི་གཞུང་གི་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་གི་ཡིག་ཆ་ཨང་PT1083ཁྲོད།ཤོག་དྲིལ་གྱི་ངོས་སུ་ཁྲོམ་ཆེན་པོ་ཞེས་པའི་དམ་ཕྲུག་ཟུར་བཞི་མ་བཀོད་ཡོད་པས། ཁྲོམ་ནི་བཙན་པོ་དུས་སུ་ས་ཁུལ་སྲིད་འཛིན་ལམ་ལུགས་ཀྱི་སྡེ་ཚན་ཞིག་ཏུ་ངོས་འཛིན་གནང་ཐུབ། གནའ་དཔྱད་བརྟག་དཔྱད་བརྒྱུད་ཁྲོམ་ཆེན་ནས་གནའ་རབས་ཀྱི་བང་སོ་སོ་བརྒྱད་དང་། དེ་དག་ཁྲོད་བང་སོ་བཅུ་ནི་ཆེ་གྲས་སུ་གཏོགས། བང་སོའི་མདུན་དུ་སྲོག་ཆགས་དུར་མཆོད་བྱེད་སའི་ས་དོང་བདུན་གསར་རྙེད་བྱུང་། ཞིབ་འཇུག་བརྒྱུད་ཤེས་གསལ་ལ། བང་སོ་གཙོ་བོའི་རིང་ཚད་ལ་རྨིད༧༠དང་མཐོ་ཚད་ལ་རྨིད༡༥། བང་སོའི་མདུན་དུ་རྡོའི་སེང་གེ་གཉིས་འགྱིང་ཉམས་སྒོས་བསླངས་ཡོད་པ་དང་། ཅིག་ཤོས་ས་འོག་ཏུ་ཐིམ་ཡོད། རྡོ་རིང་ནི་རྡོའི་སེང་གེ་ལས་བར་ཐག་རྨིད༢༥བར་གྱི་མཚམས་སུ་ཡོད། བང་སོ་འདིའི་རྒྱ་ཁྱོན་དང་ཆགས་ས། དེ་དང་འབྲེལ་བ་ཡོད་པའི་རྡོའི་སེང་གེ་དང་རྡོ་རིང་སོགས་རྙེད་པའི་ཆ་ནས་དཔྱད་ན་བང་སོ་འདི་དག་བཙན་པོ་དུས་ཀྱི་སྐུ་དྲག་གམ་སྲིད་བློན་གཙོ་གྲས་ཀྱི་བང་སོ་ཡིན་པ་ཤེས་ཐུབ་ནའང་། རྡོ་རིང་ངོས་ཀྱི་བརྡ་རྙིང་མང་ཤོས་བགྲེས་སྐྱོན་ཐེབས་རྐྱེན་གསལ་ལ་མི་གསལ་བའི་ཡིག་རྙིང་ཁྲོད་བརྡ་རྙིང་ཁ་ཤས་ཀློག་ཐུབ་པས་རྡོ་རིང་འདི་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་དུས་སུ་ཤེས་རབ་རྣལ་འབྱོར་གཙུག་ལག་ཁང་གི་ཆེད་དུ་བཞེངས་ཡོད་པ་ཟུར་ནས་ཤེས་ཐུབ།

640 (26).png

བཞི་བ། ཁྲོམ་ཆེན་སེང་གེ

ཁྲོམ་ཆེན་ནས་བསྔོག་འདོན་བྱུང་བའི་རྡོའི་སེང་གེའི་བོངས་ཚད་ཆེ་ལ། རྡོ་གདན་ནས་སེང་མགོའི་བར་གྱི་མཐོ་ཚད་ལ་ལིའི་རྨིད༩༨དང་བྲང་ཞེང་ནས་རྔ་མའི་བར་ལ་ལིའི་རྨིད་༡༡༤ལྷག་ཡོད། རྡོ་གདན་སྟེང་ཙོག་པུའི་འདུག་སྟངས་དང་རྔ་མ་རྐང་ལག་བར་དུ་འཁྱིལ་སྟངས་གོང་དུ་གླེང་ཟིན་པའི་རྡོའི་སེང་གེ་གཞན་དག་དང་མཚུངས་ཆོས་སུ་སྣང་ནའང་སེང་གེའི་མགོ་བོ་དང་མིག་ཟུང་འཕྱོངས་རྒྱས་སུ་མཆིས་པའི་སེང་གེ་དང་མི་འདྲ་ལ། ཁོག་ཏུ་འཛུལ་བའི་མིག་ཟུང་ནི་གཏེར་ལམ་རྒྱུད་དུ་ཐོན་པའི་རྡོའི་སེང་གེ་དང་མཐུན་ཆོས་སུ་སྣང་མོད། ཁྲོམ་ཆེན་གྱི་རྡོའི་སེང་གེའི་མཆུ་སྒྲོས་ཁ་ཟུམ་ཡོད་པ་དང་གཡུ་རལ་གྱི་རྣམ་པ་ཁྱད་པར་ཅན་དུ་སྣང་། སེང་གེ་འདིའི་གཡུ་རལ་ནི་མགོ་ནས་སོག་མའི་བར་འབུར་དུ་བརྐོས་པ་མིན་པར་འཁྱོག་ཐིག་གཉིས་ཀྱིས་སྟུག་ལ་འཛིང་བའི་གཡུ་རལ་མིག་ཟུར་ནས་སྐེད་ལྟག་བར་འཁྱིལ་ཡོད། རྡོའི་སེང་གེ་གཞན་ཤོས་ཀྱི་མགོ་ས་ཁར་ཐོན་ཡོད་ནའང་མཇིང་བ་མན་ས་འོག་ཏུ་ཐིམ་ཕྱིར་རྣམ་པའི་སྟེང་ནས་དཔྱད་ན་སྔོན་གྱི་སེང་གེ་དང་ཤིན་ཏུ་མཐུན། ཡིན་ནའང་སེང་གེ་འདིའི་མགོ་དང་རྒྱབ་ངོས་ལ་རྒྱན་རིས་དང་ཞིབ་ལས་མ་བྱས་ནའང་བརྗིད་ཉམས་ཆེན་པོ་ལྡན། དེ་སྔ་བསྔོག་ཟིན་པའི་སེང་གེའི་རྔ་མ་འཁྱིལ་དབྱིབས་ཅན་བགྲེས་སྐྱོན་གྱི་དབང་གིས་གསལ་བོ་མི་མཐོང་ཕྱིར་ངོས་འཛིན་ཤིན་ཏུ་དཀའ། དེར་བརྟེན། ས་འོག་ཏུ་ཐིམ་པའི་རྡོའི་སེང་གེ་འདི་བསྔོག་འདོན་བྱ་ཐུབ་ན་ཁྲོམ་ཆེན་གྱི་སྔོན་གྱི་རྡོའི་སེང་གེའི་རྣམ་པ་གང་འདྲ་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ། 

640 (27).png

ལྔ་བ། སེང་གེ་དང་གླང་ཆེན་བརྐོས་ཡོད་པའི་རྡོ་རིང་།

དུས་རབས་བརྒྱད་པའི་དུས་དཀྱིལ་ཏེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས་སུ་བསྐྲུན་པའི་རྡོ་རིང་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གཏམ་སྙན་ས་ཆའི་གླང་མཁར་གྲོང་ཚོའི་ཉེ་འགྲམ་དུ་ཡོད་པ་དང་། རྡོ་རིང་འདིའི་མཐོ་ཚད་ལ་ལིའི་རྨིད༣༧༠ཡོད་ལ་དུམ་བུ་གཉིས་སུ་ཆག་འདུག གྱེན་དུ་འགྲེང་བའི་རྡོ་རིང་གི་ངོས་སུ་ཡིག་ཕྲེང་སོ་གཅིག་ཡོད་ནའང་དེང་གི་དུས་སུ་གསལ་བོར་མཐོང་དཀའ་ཕྱིར་ཀློག་ཏུ་མི་ཐུབ། རྡོ་རིང་སྟེགས་ངོས་ཀྱི་ཟུར་ལོགས་སུ་མུ་ཏིག་བསྟར་བརྒྱུས་གྲུ་བཞི་ནར་མོའི་དབྱིབས་སུ་བཀོད་པའི་རི་མོའི་ནང་བཞི་ཆའི་གསུམ་ཆར་རྒྱན་རིས་ཀྱི་བརྒྱན་པའི་གླང་ཆེན་ཅིག་བརྐོས་ཡོད་དེ། མུ་ཏིག་བསྟར་བརྒྱུས་ཀྱིས་གཟབ་འཆོར་སྤྲོས་པའི་གླང་ཆེན་གྱི་འགྲོས་ཉམས་མིག་དབང་འཕྲོག་པ་ཞིག་ཡིན་པ་མ་ཟད། དུས་རབས་བདུན་པའི་དུས་དཀྱིལ་གྱི་བལ་པོའི་ཊམ་གའི་ངོས་སུ་བཀོད་པའི་གླང་ཆེན་དང་གཉིས་སུ་མ་མཆིས། བལ་པོའི་ཊམ་ཀའི་ངོས་སུ་འགྲོས་ཉམས་ལྡན་པ་དང་གྱེན་དུ་ལངས་བའི་གླང་ཆེན་ལ་མུ་ཏིག་བསྟར་བརྒྱུས་བཀོད་ཡོད་པ་མ་ཟད་གཟབ་འཆོར་སྤྲས་ཡོད། དེའི་ངོས་ནས་དུས་རབས་བདུན་པའི་དུས་དཀྱིལ་དུ་བལ་པོའི་ལྷ་བཟོ་བ་དང་ཆོས་པ་ཚོས་དངུལ་ཊམ་བེད་སྤྱད་དེ་རིག་གནས་དང་ཚོང་ཟོག་བརྗེ་རེས་ཀྱི་བྱ་འགུལ་མང་པོ་སྤེལ་ཡོད་པ་དང་། གླང་ཆེན་གྱི་འབུར་བརྙན་དེ་དག་རིམ་བཞིན་བོད་ཀྱི་སྒྱུ་རྩལ་གྱི་མཚོན་བྱ་ལྟ་བུར་གྱུར་ཡོད་པར་འདོད། རྡོ་རིང་གི་སྟེགས་ངོས་སུ་བརྐོས་སུ་བཏབ་པའི་གླང་ཆེན་གྱི་མཚོན་དོན་ནི་རི་རྒྱལ་ལྷུན་པོ་ནང་བཞིན་བརྟན་ལ་འགུལ་སྐྱོད་དཀའ་ལ། རྒྱལ་ཁབ་བརྟན་བརླིང་དང་དར་རྒྱས་ཡོང་བའི་མཚོན་དོན་ཡིན་པར་སྙམ། དེའི་རྐྱེན་གྱིས་གླང་ཆེན་ནི་ནང་བསྟན་གྱི་མཚོན་རྟགས་ཙམ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆིབས་པ་ཡིན། 

640 (28).png

རྡོ་རིང་ཏོག་སྟེང་གི་མུ་ཏིག་བསྟར་བརྒྱུས་ཁྲོད་ཉི་ཟླ་དང་སེང་གེ་ཞིག་བརྐོས་ཡོད་པ་རྒྱ་གར་རིག་གནས་ཀྱི་རྒྱུན་སྲོལ་ཞིག་ཏུ་ཆགས་ཡོད། གོང་དུ་བསྟན་པ་བཞིན་འདི་ནི་ཕལ་ཆེར་ཉམས་ལེན་ཁྲོད་བདེན་པ་ར་འཕྲོད་བྱུང་བའི་རྒྱ་གར་གྱི་རྡོ་རིང་ཡི་གེ་ཞིག་གི་ངོས་སུ་ཉི་ཟླ་སྐར་གསུམ་ནི་ཡོངས་སུ་གྲགས་པའི་རྒྱ་གར་གྱི་བསྔོ་ཡིག་ཞིག་ལས་དྲངས་བ་སྟེ། ཇི་སྲིད་ཉི་ཟླ་སྐར་གསུམ་གནས་པ་དང་། དེ་སྲིད་ཡི་གེ་དེའང་གནས་བར་ཤོག་ཅིག་ཞེས་པ་ལས་མཚོན་ཐུབ། སེང་གེ་འདིའི་རྣམ་པ་ནི་གོང་དུ་བསྟན་ཟིན་པའི་བང་སོ་མདུན་གྱི་རྡོའི་སེང་གེ་དང་བསྡུར་ན་རྙོག་འཛིང་མིན་ལ། པདྨའི་འདབ་མ་ཡོངས་སུ་བསྐོར་བའི་ཟླ་བའི་གདན་སྟེང་དུ་སེང་གེ་ཟུར་འདུག་དང་མགོ་བོ་རྒྱབ་ཏུ་བསྟན་ཏེ་བཞི་ཆའི་གསུམ་ཟུར་ལོགས་ནས་འབུར་དུ་ཐོན་ཡོད། མ་མགལ་རྣོ་ལ་མགོ་བོའི་སྟེང་གི་གཡུ་རལ་སིལ་ལི་རྣམ་པ་ལྟར་འཛིང་ཞིང་མགོ་བོའི་རྒྱབ་ངོས་སུ་དཔྱངས་ཡོད། དེ་མིན་མ་མགལ་འོག་ནས་མཇིང་ངོས་སུ་གཡུ་རལ་མངོན་མེད། འཇམ་ལ་གཉེན་པའི་སེང་གེའི་རྔ་མ་བང་སོའི་རྒྱུད་དུ་ཡོད་པའི་རྡོའི་སེང་གེ་གཞན་དང་མི་འདྲ་བར་ལྟོ་བའི་ངོས་སུ་འཁྱིལ་མེད་པར་གྱེན་དུ་བསྒྲེངས་ཏེ་མུ་ཏིག་བསྟར་བརྒྱུས་ཀྱི་རི་མོའི་ཕྱི་ལོགས་སུ་བརྒལ་ཡོད། དུས་རབས་བརྒྱད་པ་ནས་དགུ་བའི་སྐབས་སུ་ཐག་བཅད་ཟིན་པའི་གསེར་ཟངས་ཀྱི་ཆབ་མགོ་ངོས་སུ་སེང་གེའི་རྣམ་པ་བཀོད་ཡོད་དེ། སེང་གེ་གཉིས་ཀྱི་རྔ་མ་གྱེན་དུ་བསྒྲེངས་ཡོད་པ་དང་བཞི་ཆའི་གསུམ་ལྷག་མཐོང་ཐུབ་པའི་པདྨ་མའི་གདན་གྱི་སྟེང་ནས་གྱེན་དུ་ཕྱོགས་ཡོད། ཅ་དངོས་འདི་ནི་ཕལ་ཆེར་ཀོ་ཐག་གིས་དཔེ་ཆ་བསྡམ་སྤྱད་ཀྱི་ཆབ་ལུང་དང་ཅུང་འདྲ་བོ་ཡོད་པ་དང་། ཆབ་མ་དང་རྡོ་རིང་གི་པད་གདན་ངོས་བཀོད་པའི་སེང་གེའི་རི་མོ་འདི་དག་ནི་ནང་བསྟན་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པས་རྡོ་རིང་འདི་ནི་དགོན་པའི་འཛུགས་སྐྲུན་གྱི་གྲུབ་ཆ་ཡིན་པ་རྟོགས་ཐུབ།

མཐའ་སྡོམ།

བཙན་པོའི་མངའ་ཁོངས་རྒྱ་བསྐྱེད་པ་དང་བསྟུན་ནས་ནང་བསྟན་བཙན་པོའི་དུས་སྐབས་ཀྱི་ཆོས་ལུགས་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་དང་། གཤིན་པོའི་གུས་སྲོལ་དང་བང་སོའི་ལམ་ལུགས་ཀྱང་རིམ་བཞིན་བཙན་པོའི་ཕོ་བྲང་གི་ལུགས་སྲོལ་ལས་ངོ་བོ་བསྒྱུར་བའི་རྣམ་པའི་འོག བཙན་པོའི་བང་སོའི་ལམ་ལུགས་ལ་ནུབ་རྒྱུད་དང་ནང་སའི་ས་ཁུལ་གྱི་སེང་གེ་སོགས་ཀྱིས་དུར་སྲུང་བའི་ལམ་ལུགས་མི་སྤྱོད་པར། ནང་བསྟན་གྱི་རྣམ་པ་དང་བཟོ་ལུགས་མི་འདྲ་བའི་སེང་གེ་དང་དེ་ཡིས་མཚོན་པའི་ནང་དོན་དང་དཔེ་ཆོས་སོགས་དང་ལེན་བྱས་ཡོད། དུས་རབས་བརྒྱད་པའི་དུས་མཇུག་ཏུ། སེང་གེའི་རྣམ་པ་ནི་བཙན་པོ་དུས་ཀྱི་རིག་གནས་ཁྲོད་རྒྱལ་པོའི་དབང་ཆ་དང་སངས་རྒྱས་ཀྱི་མཚོན་དོན་ཙམ་དུ་གྲུབ་ཡོད་པ་དང་། རྩོམ་འདིའི་ནང་གླེང་བའི་སེང་མགོ་ལྡན་པའི་རྡོ་རིང་བརྐོས་མ་འདི་ནི་བཙན་པོས་སྤྱི་ལོ༧༩༩ལོར་བཀའ་བཏང་ནས་བསྐྲུན་པ་ཞིག་ཡིན་ལ། བཀའ་གཙིགས་འདིར་ནང་བསྟན་ལ་རྒྱབ་སྐྱོར་གནང་དགོས་པའི་སྐོར་ཁྱབ་བསྒྲགས་བྱས་ཡོད། རྡོ་རིང་ངོས་ཀྱི་སེང་གེའི་རྣམ་པ་ནི་ཐུ་བྷོད་སྒྱུ་རྩལ་ཁྲོད་རྒྱུན་དུ་མཐོང་ཐུབ་པའི་སེང་གེ་ཟུར་དུ་ཕྱོགས་པའི་བཟོ་རྩལ་སྤྱད་ཡོད་དེ། པདྨའི་གདན་སྟེང་གི་སེང་གེ་ཙོག་པུའི་འདུག་སྟངས་དེ་ཡིས་རྒྱ་གར་གྱི་ནང་བསྟན་སྒྱུ་རྩལ་བོད་དུ་ཤན་ཞུགས་པ་མཚོན་ཡོད། འདི་ནས་དགེ་རྒན་ཆེ་མོ་Whitfieldཡིས་བཙན་པོ་དང་ནང་སའི་སྒྱུ་རྩལ་པས་ཏུན་ཧོང་ནས་བྱ་བ་སྒྲུབ་ཚུལ་ལ། “འདི་ནི་འབུར་བརྐོས་ཀྱི་རྣམ་པ་མི་འདྲ་བ་གཉིས་མིན་ཏེ། ཞིབ་འབྲི་བྱེད་སྟངས་མི་འདྲ་བ་གཉིས་རེད་ཟེར།” སྤྱི་ལོ༨༠༤ལོར་ཁམས་ཕྱོགས་སུ་བརྐོས་སུ་བཏབ་པའི་རྣམ་པར་སྣང་མཛད་ཀྱི་བྲག་བརྐོས་ངོས་ནས་ང་ཚོས་བཟོ་རྒྱུན་དང་ཐབས་ཤེས་གཉིས་ཟུང་འབྲེལ་བྱས་ཡོད་པ་ཤེས་ཐུབ་ལ། སེང་གེ་ཕྱོགས་ཟུར་ནས་འགྲེང་ཏེ་བཞུགས་ཁྲི་གྱེན་དུ་བཏེགས་ཡོད་པ་དང་སེང་གེའི་རྔ་མ་ལྟོ་ངོས་སུ་འཁྱིལ་བའི་བརྐོ་སྟངས་ནི་བཙན་པོ་དུས་ཀྱི་བང་སོ་མདུན་ནས་རྙེད་པའི་རྡོའི་སེང་གེ་དང་གཅིག་མཚུངས་སུ་སྣང་། ཡིན་ནའང་། སེང་གེའི་མགོ་བོ་གྱེན་དུ་བཏེགས་ནས་མི་ཚོགས་ལ་ལྟ་བའི་རྣམ་པ་ནི་ནང་བསྟན་སྒྱུ་རྩལ་གྱི་པད་གདན་ངོས་ཀྱི་སེང་གེ་དང་འདྲ། རྩོམ་འདིའི་ནང་དུ་བཀོད་པའི་བཙན་པོ་དུས་ཀྱི་སེང་གེ་ཡིས་གནས་ལུགས་འདི་སྒྲུབ་བྱེད་གཏོང་ཐུབ་པ་དང་། བོད་ཀྱི་སྒྱུ་རྩལ་གྱི་ཉིང་བཅུད་ནི་རིག་གནས་བརྗེ་རེས་དང་ནང་འདྲེན། ཟླ་སྒྲིལ་འདྲ་མིན་བྱས་པའི་སྟེང་ནས་དར་རྒྱས་ཆེན་པོ་བྱུང་ཡོད་དེ། ཁ་ཐོར་བྱུང་བའི་སྒྱུ་རྩལ་གྱི་སྣང་བརྙན་འདི་དག་སྒྲིག་ཏེ་ངོ་བོ་ཆ་ཚང་བ་ཞིག་བྱུང་བའི་ངོས་ནས་རྣམ་པ་གསར་བ་ཞིག་གྲུབ་ཏེ་མཉམ་འདྲེས་དང་གསར་གཏོད་ཀྱི་ནུས་པ་ཡུན་ནས་ཡུན་དུ་བོད་ཀྱི་སྒྱུ་རྩལ་གྱི་ཞིང་ས་རུ་ཐིམས་སོ།།

640 (29).png

མཇུག་གི་གཏམ།

ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ལྟེ་གནས་ཀྱིས་སྤྱི་ལོ༡༩༩༧ལོའི་གཏེར་ལམ་བརྟག་དཔྱད་ཀྱི་བོད་ཀྱི་ཞིབ་འཇུག་རྣམ་གྲངས་ལ་མ་དངུལ་གྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་དང་སིད་ཝེ་སིའི་བློ་བཟང་གཙུག་ལག་སློབ་ཆེན་གྱིས་རྒྱབ་སྐྱོར་གནང་བར་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཞུས་པ་ཡིན།  Krishna Riboudཡིས་གདན་འདྲེན་ཞུས་པར་བཀའ་དྲིན་དང་ ། ཡ་གླིང་འཐག་གོས་ཡིག་ཚགས་ལྟེ་བས  The Centre de Documentation des Texiles Asiatiques གནའ་དཔྱད་ཡིག་ཆ་ལ་རྟོག་ཞིབ་བྱས་ཏེ་གྲངས་གཞིའི་རྒྱུ་ཆ་ཐོབ་ཡོད།  གནས་འདི་རུ་  Roderick Whitfield དང་ང་ཚོའི་གཏེར་ལམ་རྫོང་གི་བཙན་པོ་དུས་ཀྱི་བང་སོ་དང་། ཟ་འོག གསེར་ཆས་སོགས་གནའ་དཔྱད་རིག་པའི་རྒྱུ་ཆར་བློ་སྒོ་འབྱེད་པ་དང་། ཁོང་གི་ཆེད་ལས་ཤེས་བྱ་དང་རིག་པའི་གཞུང་ལུགས་ཀྱིས་ང་ལ་རོགས་རམ་དང་། ཁོང་གི་མཁྱེན་རྒྱ་དང་ཕངས་མེད་ཀྱི་གཤིས་ཀས་ང་དང་རོགས་པ་གཞན་དག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས་རྩོམ་འདི་དགའ་སྣང་དང་བཅས་ཁོང་ལ་ཕུལ་བ་ཡིན།

སྙིང་ལྕགས་རྒྱལ་གྱིས་སྒྱུར།

*Amy Heller  Tibet Program 8155, CNRS, Paris

*སྙིང་ལྕགས་རྒྱལ།  ཕོ།  མཚོ་སྔོན་རྡོ་སྦིས།   ཞིབ་འཇུག་པ་གཞོན་པ། བོད་ལྗོངས་རྟེན་རྗས་བཤམས་མཛོད་ཁང་དུ་བོད་ཀྱི་གནའ་དཔྱད་རིག་པ་དང་སྒྱུ་རྩལ་སྐོར་ལ་ཞིབ་འཇུག་གནང་མུས་ཡོད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།