སྤུ་རྒྱལ་བཙན་པོའི་དུས་སུ་བཀའ་གཙིགས་ཡི་གེ་བྱུང་བའི་རྒྱུ་རྐྱེན་དང་དེའི་རིགས་དབྱེའི་སྐོར་རགས་ཙམ་གླེང་བ།

[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་སྤུ་རྒྱལ་བཙན་པོའི་དུས་སུ་བཀའ་གཙིགས་ཇི་ལྟར་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས་དང་ཕྱི་ནང་གི་རྒྱུ་རྐྱེན་ལ་ཐོག་མའི་དབྱེ་ཞིབ་དང་། དེ་བཞིན་དུས་རབས་བདུན་པ་ནས་དགུ་པའི་བར་གྱི་བཀའ་གཙིགས་ཡི་གེ་ད་ཕན་མཇལ་རིགས་སུ་གྱུར་པ་རྣམས་ཀྱི་ནང་དོན་དང་།  རྣམ་པ། དགོས་པ་སོགས་ཀྱི་སྒོ་ནས་དཔེར་བརྗོད་དང་སྦྲགས་ཏེ་རིགས་དབྱེ་དང་ཞར་དུ་སྐད་གསར་བཅད་སྐོར་གྱི་ནང་དོན་ངོ་སྤྲོད་མདོ་ཙམ་བྱས་ཡོད།

[བརྡ་ཆད་གཙོ་བོ།] སྤུ་རྒྱལ་བཙན་པོའི་དུས། བཀའ་གཙིགས་ཡི་གེ། རིགས་དབྱེ།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281

[ཡིག་ཚང་མཚོན་བྱང་།] A

[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2020-01-0047-14

སྤུ་རྒྱལ་བཙན་པོའི་དུས་སུ་བྱུང་བའི་བཀའ་གཙིགས་ཡི་གེ་དེ་དག་ནི་ཕྱི་རབས་ལོ་རྒྱུས་མཁན་པོའི་སྨྱུག་རྩེས་བཅོས་བསླད་དུ་མ་སོང་བའི་ཡིག་ཚང་ཡིན་ཕྱིར། རིག་དངོས་ཀྱི་རིན་ཐང་ཆེས་ཆེར་ལྡན་པར་མ་ཟད། སྐབས་དེར་རྒྱལ་བློན་དབར་གྱི་འགལ་བ་སེལ་བ་དང་། སངས་རྒྱས་ཆོས་ལུགས་དར་སྤེལ། སྤུ་རྒྱལ་བཙན་པོའི་སྲིད་དབང་སྲ་བརྟན་དང་མངའ་ཁོངས་རྒྱ་སྐྱེད་སོགས་ལ་ཕན་ནུས་ཆེན་པོ་ཐོན་ཡོད་པས་སྐབས་དེ་ཤེད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་མེད་དུ་མི་རུང་བ་ཤ་སྟག་ཡིན་གཤིས། འདིར་སྤུ་རྒྱལ་བཙན་པོའི་དུས་སུ་བཀའ་གཙིགས་ཡི་གེ་དེ་དག་བྱུང་བའི་རྒྱུ་རྐྱེན་དང་རིགས་དབྱེའི་སྐོར་ཅུང་ཟད་གླེང་བར་བྱའོ། །

དང་པོ། སྤུ་རྒྱལ་བཙན་པོའི་དུས་སུ་བཀའ་གཙིགས་ཡི་གེ་བྱུང་བའི་རྒྱུ་རྐྱེན་སྐོར།

གཅིག བཀའ་གཙིགས་ཡི་གེ་བྱུང་བའི་སྤྱི་ཚོགས་ཀྱི་རྨང་གཞི། ད་ཕན་བཀའ་གཙིགས་ཡི་གེ་བྱུང་སྔ་ཤོས་ནི་བཙན་པོ་ཁྲི་སྲོང་བརྩན་གྱི་དུས་སུ་ཡིན་ཞིང་། སྐབས་དེར་མཐའ་བཞིའི་རྒྱལ་ཕྲན་དབང་དུ་འདུས་ནས་བོད་ཡོངས་གཅིག་གྱུར་གྱི་སྲིད་དབང་གསར་དུ་བཙུགས་པ་དང་། སྤྱི་ཚོགས་སྒྲིག་གཞི་དང་ཁྲིམས་སྲོལ་གཏན་ལ་ཕབ་པར་མ་ཟད། ད་ལྟ་ང་ཚོས་འཁོལ་བཞིན་པའི་བོད་ཡིག་འདི་ཉིད་འཐུས་སྒོ་ཚང་དུ་བཏང་སྟེ་སུམ་རྟགས་སོགས་བརྡ་སྤྲོད་གཞུང་ལུགས་གསར་དུ་བཏོད་པ་དེ་ནི་བཀའ་གཙིགས་ཡི་གེ་བྱུང་བའི་ཐོག་མའི་རྨང་གཞི་ཡིན་པ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བསླངས་པའི་འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་ཡི་གེ་ལས་“འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས།མཐའ་བཞིའི་རྒྱལ་པོ་གཞན་དང་མྱྀ་འདྲ་སྟེ། བྱིན་གྱི་སྒམ་དཀྱེལ་ཆེན་པོ་དང་། དབུ་རྨོག་བརྩན་པོས། ཡར་ནི་ཏ་ཞིག་གྱི་མཚམས་མན་ཆད། མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཆད། ཆབ་འོག་འདུ་སྟེ། ཆབ་སྲིད་ནི་ལྷོ་བྱང་ཤར་ནུབ། མཐའ་ཀླས་པར་ཆེའོ། །དེ་ལྟར་ཆབ་སྲིད་ཆེ་བའི་བྱིན་གྱིས། བོད་ཡོངས་ཡུལ་ཆེ། ཁོང་ཕྱུག་ཏུ་གྱུརད་པས།ནང་ནས་ཀྱང་། ནམ་ཞར་བདེ་ཞིང་སྐྱིད་པར་གནས་སོ། །”ཞེས་སྐབས་དེར་སྤུ་རྒྱལ་བཙན་པོའི་སྟོབས་འབྱོར་སྔར་བས་ཇེ་ཆེར་ཕྱིན་ཏེ་མངའ་ཁོངས་མཐའ་བཞིར་བསྐྱེད་པ་དང་བོད་ཁམས་བདེ་ལ་བཀོད་པའི་སྐོར་སོགས་འཁོད་ཡོད། དེ་ལྟར་བཙན་པོ་རིམ་བྱོན་གྱིས་ཡབ་མེས་ཀྱི་ལུགས་བཞིན་ཐང་མཚམས་སུ་ཕབ་པའི་①སྔར་སྲོལ་མ་ཉམས་གོང་འཕེལ་དང་། རྒྱལ་རྒྱུད་དང་། བློན་པོ་བྱས་པ་ཅན། རྒྱལ་ཕྲན་སོགས་ལ་དམིགས་བསལ་གྱི་ཞལ་བཞེས་ཡི་གེ་གནང་བའི་ཐབས་ལ་བརྟེན་ནས་སྤུ་རྒྱལ་བཙན་པོའི་སྲིད་དབང་མུ་མཐུད་སྲ་བརྟན་ཡོང་ཐབས་བྱས་ཡོད་པ་དཔེར་ན། བཙན་པོ་ཁྲི་སྲོང་བརྩན་གྱིས་དབའས་དབྱི་ཚབ་ལ་གནང་བའི་བཀའ་གཙིགས་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་ཆེན་པོ་སྟག་སྒྲ་ཀླུ་ཁོང་ལ་གནང་བའི་བཀའ་གཙིགས། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་རྐོང་ཀར་པོ་མང་པོ་རྗེར་གནང་བའི་བཀའ་གཙིགས་སོགས་ལྟ་བུའོ།།

སྤུ་རྒྱལ་བཙན་པོའི་དུས་སུ་བཀའ་གཙིགས་ཡི་གེ་སྤེལ་བའི་དགོས་པ་གཞན་ཞིག་ནི་བཙན་པོ་ཁྲི་སྲོང་བརྩན་དུས་ནས་བོད་དུ་སངས་རྒྱས་ཆོས་ལུགས་ཐོག་མར་སྤེལ་འགོ་ཚུགས་ཀྱང་། དེའི་ཚེ་བོན་ལུགས་ནི་བོད་དུ་དར་སྔ་ལ་དམངས་ཁྲོད་དུ་རྩ་བ་བརྟན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་ཡིན་པས། སྐབས་དེར་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་བའི་འགོག་རྐྱེན་གཙོ་བོར་གྱུར་ཡོད། དེ་བས་སྐབས་དེར་བཙན་པོ་རིམ་བྱོན་གྱིས་བཀའ་ཁྲིམས་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་དགོས་ལུགས་སྐོར་གྱི་བཀའ་མཆིད་ཀྱི་ཡི་གེ་གཏན་ལ་ཕབ་པ་དཔེར་ན།བསམ་ཡས་བཀའ་གཙིགས་དང་སྐར་ཆུང་གཙུག་ལག་ཁང་གི་བཀའ་གཙིགས་སོགས་ལྟ་བུ་ཡིན། གཤམ་ལ་བཀའ་གཙིགས་ཡི་གེ་བྱུང་བའི་རྒྱུ་རྐྱེན་གཞན་ཁག་གཅིག་ཕྱོགས་བསྡོམས་ཀྱི་ཚུལ་དུ་འགོད་པར་བྱ་སྟེ། 

གཉིས། བློན་པོ་བྱས་པ་ཅན་ལ་གཟིགས་བཟོས་བདག་རྐྱེན་སྩོལ་བའི་སྲོལ་བྱུང་ཚུལ། བཀའ་གཙིགས་ཞེས་པ་ཐོག་མར་མི་སྣ་བྱས་པ་ཅན་ལ་གཟེངས་སུ་བསྟོད་པའམ་བདག་རྐྱེན་སྩོལ་བའི་སྲོལ་ནས་རིམ་བཞིན་བྱུང་བ་ཞིག་ཡིན་ཞིང་། དེ་ཡང་བཟང་པོར་བྱ་དགའ་དང་། ངན་པ་ཚར་གཅོད་བྱེད་པའི་ལུགས་སྲོལ་དེ་ནི་ཆེས་སྔ་པོ་ཞིག་ནས་དར་བར་མངོན་ཡང་། ད་ཕན་བོད་ཀྱི་ལོ་རྒྱུས་ཡིག་རིགས་སུ་འཁོད་པ་སྔ་ཤོས་ནི་སྤུ་རྒྱལ་གྱི་གདུང་རབས་བདུན་པ་དྲི་གུམ་བཙན་པོའི་སྐབས་སུ་ཡིན་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུ་ར་ཝ་ཏ་ཅེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་། །གནམ་ལ་འཕུར་ཞིང་ཁ་ནས་མངོན་ཤེས་སྨྲ། །ཤིང་ལ་འབྲེང་འདྲ་རྡོ་ལ་ལྷུ་གཟུག་འདྲལ། །རྟག་ཏུ་ཤ་ཆང་གིས་ནི་འདྲེ་མཆོད་བྱེད། །དེ་ལ་རྒྱལ་པོས་བླ་མཆོད་བཀུར་སྟི་མཛད། །གཡུ་ཡི་གཡུང་དྲུང་དཔའ་བའི་སྟག་སློག་དང་། །འགིང་བའི་རལ་ཁས་བསྟོད་ཅིང་མངའ་ཐང་སྦར་” ②ཞེས་སྐབས་དེར་བདག་རྐྱེན་གསོལ་བའི་སྐོར་འཁོད་ཡོད་པ་དང་། དེ་ནས་བཙན་པོ་སྟག་རི་གཉན་གཟིགས་དུས་བདག་རྐྱེན་བྱ་དགའ་གནང་བའི་སྲོལ་ཆེས་ཆེར་དར་ཏེ།མཉན་འཛི་བཟུང་གིས་ཟིང་པོ་རྗེ་སྟག་སྐྱ་བོ་བསད་ནས་ཟིང་པོ་རྗེ་ཁྲི་པང་སུམ་ལ་མགོ་བཏགས་པས་ཁྲི་པང་སུམ་གྱིས་ཀྱང་མཉན་འཛི་ཟུང་ལ་བྱ་དགའ་གནང་བའི་སྐོར་《ཏུན་ཧོང་གཏེར་ཡིག་》ལས། “འུང་ནས་འཛྀ་ཟུང་མ་རངས་སྟེ། །ཟྀང་པོ་རྗེ་ཁྲི་པང་སུམ་ལ་ལྟས་ནས། །ནག་པོ་འཁུས་ཏེ། །སྐྱ་བོ་བསད། དྲེ་འུ་རྒལ་ཏེ་བསེའ་སྒ་བཆག་གོ །སྟག་སྐྱ་བོ་འི་ཡུལ། ཡུལ་ཡེལ་རབ་སྡེ་བཞི་དྔ་ཀླུམ་ཡ་གསུམ་། །ཟྀང་པོ་རྗེ་ཁྲི་པང་སུམ་གྱྀས། །འདུས་སོའ། །དེ་འི་དཀུའ་འགེལ་དུ་མཁར་སྡུར་བས་བཆད་དེ། ཀླུམ་ཡ་སུམ་གྱི་སྨད། མཉེན་འཛྀ་ཟུང་གི་བྲན་དུ་དངར་ཏོ། །བྲན་གྱི་ས་རྀས་ཀྱི་ནང་དུ། །མྱང་ནམ་ཏོ་རེ་ཁྲུ་གྲུ་དང་། སྨོན་ཏོ་རེ་ཙེང་སྐུ་སྤད་ཀྱང་། །འཛི་ཟུང་གི་བྲན་དུ་བཆད་དོ། །” ③ཞེས་འཁོད། དེ་ནས་གནམ་རི་སློན་མཚན་གྱི་དུས་སུ་མྱང་དབའས་མནོན་དང་ཚེས་སྤོང་བཅས་ཟིང་པོ་རྗེ་ཁྲི་པང་སུམ་ལ་བློ་ལོག་ནས་སྤུ་རྒྱལ་བཙན་པོར་མགོ་བཏགས་ཏེ། དེ་དག་གི་དྲིན་གསོར་བྱ་དགའ་བསྩལ་བར་མ་ཟད། བཙན་པོའི་བློན་པོར་བསྐོས་པའི་སྐོར་《ཏུན་ཧོང་ཡིག་རྙིང་》ལས།“མྱང་དབའས་མནོན་དང་གསུམ་གྱིས། །ཟྀང་པོ་རྗེ་འྀ་སྲིད། །བཙན་པོ་སྤུ་རྒྱལ་གྱི་པྱག་དུ་དངར་ཏོ། །དེ་ནས་གནམ་རི་སློན་མཚན་གྱྀས་པྱག་ལྕག་གིས། །དྲས་ཏེ། །མྱང་ཙེང་སྐུ་འྀ་བྱ་དགའར། །མཉན་འཛྀ་ཟུང་གི་མཁར་སྔུར་བ་དང་། བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལཏོ། །དབའས་དབྱི་ཚབ་ཀྱྀ་བྱ་དགའར། །ཟ་གད་གཤེན་ཀྱི་ཡུལ་ས་དང་། །མལ་ཏྲོ་པྱོགས་ནས་བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལ་ཏོ། །མནོན་འདྲོན་པོ་འི་བྱ་དགའར། ཁོ་ན་འྀ་པུ་ནུ་པོ་མནོན་ལ་སྩོགས་པ་བྲན་ཁྱིམ་སྟོང་ལྔ་བརྒྱའ་སྩལ་ཏོ། །ཚེས་པོང་ནག་སེང་གྀ་བྱ་དགཱར། འོན་ཀྱྀ་སྨོན་མཁར་ནས། །བྲན་ཁྱིམ་སུམ་བརྒྱའ་སྩལ་ཏོ། །……འུང་ལྟ་སྟེ། མྱང་དབའས་མཐོན་དང་གསུམ། ཚེས་པོང་སྲིན་དང་བཞིས། །གློ་བ་ཉེ་ནས།བྲན་ཁྱྀམ་མང་པོ་དང་། །ཡུལ་ཆེད་པོ་སྩལ་ཏོ། །བཙན་པོ་འི་བློན་པོར་བཅུག་གོ །” ④ཞེས་འཁོད་ཡོད། 

གཞན་ཡང་བཙན་པོ་གནམ་རི་སྲོང་བཙན་གྱིས་ཁྱུང་པོ་སྤུང་སད་དང་སེང་གོ་མི་ཆེན་གཉིས་ལ་ཡང་བདག་རྐྱེན་བྱ་དགའ་བསྩལ་བའི་སྐོར། 《ཏུན་ཧོང་གཏེར་ཡིག་》ལས།“རྒྱལ་པོ་འདི་འྀ་རིང་ལ། །ཁྱུང་པོ་སྤུང་སད་ཀྱིས། རྩང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་དེ། །རྩང་བོད་ཁྱིམ་ཉི་གྲི་། །བཙན་པོ་འི་པྱག་དུ་པུལ་ཏེ། །ཟུ་ཙེ་གློ་བ་ཉེ་འོ། །འུང་ནས། བཙན་པོ་སློན་བཙན་གྱྀས། །རྩང་བོད་ཁྱིམ་ཉིས་གྲྀ་། །ཟུ་ཙེ་གློ་བ་ཉེ་བ་འི་བྱ་དགའར་སྩལ་ཏོ།” ⑤ཞེས་དང་། ཡང་“འུང་ནས། །བཙན་པོས་ཀྱང་། མྱི་ཆེན་གསོལ་བ་བཞིན་གནང་ནས། །དགས་པོ་འབངསུ་དགུག་པའྀ་དམག་པོན་དུ་བཀའ་སྩལ་ཏོ། །འུང་ནས་མྱི་ཆེན་གྱིས། །དགས་པོ་ལྷ་དེ་ལ་བརྒལ་ཏེ་། །དགས་པོ་ཡོངས་སུ་བཀུག་སྟེ། །མྱི་ཆེན་གྱི་བྱ་དགའར། གསེར་ཁུང་རེ་འུ་རྒལ་གྱི་མྱི་དང་འབྲོག་དུ་བཆས་ཏེ་སྩལ་ཏོ། །” ⑥ཞེས་བཙན་པོས་བློན་པོ་སོགས་ཀྱི་བྱས་རྗེས་བཟང་པོ་ལ་གཟེངས་སུ་བསྟོད་པའམ་བདག་རྐྱེན་སྩོལ་བའི་སྲོལ་དེ་ནི་བཀའ་གཙིགས་ཡི་གེ་བྱུང་བའི་ཐད་ཀའི་རྒྱུ་རྐྱེན་ཞིག་ཡིན།

མདོར་ན་བཙན་པོ་ཁྲི་སྲོང་བརྩན་གྱི་སྔོན་དུ་བཙན་པོར་བློ་དཀར་བའམ་སྤུ་རྒྱལ་བཙན་པོའི་མངའ་ཁོངས་རྒྱ་སྐྱེད་ཐད་བྱས་པ་ཆེ་བའི་བློན་པོར་ས་ཁོངས་དང་མི་སེར་སོགས་བྱ་དགའ་སྩོལ་བའི་ལུགས་སྲོལ་ཆེས་ཆེར་དར་བ་དང་། དེ་ནས་བཙན་པོ་ཁྲི་སྲོང་བརྩན་གྱི་སྐུ་དུས་སུ་བོད་ཡོངས་གཅིག་གྱུར་བྱས་ཏེ། སྤྱི་ཚོགས་སྒྲིག་གཞི་དང་ཁྲིམས་སྲོལ་སོགས་གསར་དུ་གཏན་ལ་ཕབ་པས། སྔར་གྱི་བྱ་དགའ་ཙམ་སྤྲོད་པའི་ལུགས་སྲོལ་དེ་ཡང་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཏེ། བཙན་པོའི་བཀའ་ཁྲིམས་ཀྱི་ཐོག་ནས་བློན་པོ་སོགས་ལ་ཚེ་ཚེ་རབས་རབས་སུ་བདག་དབང་གཏན་འཇགས་སྐོར་གྱི་གཙིགས་ཀྱི་ཡི་གེ་སྩོལ་བའི་སྲོལ་དར་བར་མངོན།

གསུམ། རྒྱལ་བློན་དབར་གྱི་འགལ་བ་ཞི་བའི་ཕྱིར་བཀའ་གཙིགས་ཡི་གེ་གནང་བ། བཙན་པོ་སྟག་རི་གཉན་གཟིགས་ཡར་སྔོན་དུ་གཉའ་ཁྲི་བཙན་པོ་དང་དྲི་གུམ་བཙན་པོའི་ལོ་རྒྱུས་ཕུད་པའི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་དཔྱད་གཞིར་འཁོད་པ་ཅུང་ཟད་ཉུང་བས་སྐབས་དེ་ཤེད་ཀྱི་རྒྱལ་པོ་དང་བློན་པོ། བློན་པོ་དང་བློན་པོའི་དབར་གྱི་འབྲེལ་བ་ཇི་འདྲ་ཡིན་ཚུལ་འདིར་ཞིབ་པར་བརྗོད་དཀའ་མོད། བཙན་པོ་སྟག་རི་གཉན་གཟིགས་ནས་བཟུང་རྒྱལ་བློན་དབར་གྱི་འགལ་བ་རིམ་བཞིན་རྣོ་ངར་ཅན་དུ་གྱུར་པའི་སྐོར་《ཏུན་ཧོང་གཏེར་ཡིག་》སོགས་སུ་གསལ་པོར་འཁོད་ཡོད་པས་འགལ་བ་དེ་རིགས་ཞི་བའི་ཕྱིར་བཙན་པོ་ཁྲི་སྲོང་བརྩན་ནས་བཟུང་བཙན་པོའི་བཀའ་ཡིས་བློན་པོ་སོགས་ལ་བདག་དབང་གཏན་འཇགས་ཀྱི་བཀའ་གཙིགས་ཡི་གེ་གཏན་ལ་ཕབ་པ་དེ་ནི་བཀའ་གཙིགས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

དེ་ཡང་སྐབས་དེར་སྤུ་རྒྱལ་བཙན་པོའི་མངའ་ཁོངས་སུ་མཐའ་བཞིའི་རྒྱལ་ཕྲན་ཁག་དབང་དུ་བསྡུས་ནས་བོད་ཡོངས་གཅིག་གྱུར་བྱེད་པའི་དབུ་ཚུགས་ཏེ། རྒྱལ་བློན་དང་བློན་གསར་རྙིང་དབར་གྱི་འཐབ་རྩོད་དེ་ཡང་རིམ་བཞིན་མངོན་གསལ་དུ་གྱུར་པའི་སྐོར་《ཏུན་ཧོང་གཏེར་ཡིག་》ནང་དུ།“མཉན་འཇྀ་ཟུང་ནག་པོས། །རྗོ་བོ་ལ་གསོལ་པཱ། །རྗོ་བོ་ཇི་ལ་ཡང་ལོག་པ་གཤྀན་པྱོགས་མཛད་པས། །སྐོལ་ཀྱི་སྲིད་ནྀ་སྲིད་དུ་མ་རུང་། ཆོས་ནྀ་ཆོས་སུ་མ་རུང་སྟེ། ཡུལ་གྱྀ་མྱི་དབུལ། ཉམས་ཀྱྀ་སྲིད་དམའ་སྟེ། ན་མོ་བརླག་ཟིན་ན་ཇྀ་ནོངས་ཤེས་གསོལ་ནས། འུང་ནས། ཟྀང་པོ་རྗེ་སྟག་སྐྱ་བོ་ཉན་དུ་མ་རུང་སྟེ། །འདྀ་སྐད་ཟེར་བ་ཉེས་སོ་ཞེས། །འཛྀ་ཟུང་བློན་པོ་ལས་པྱུང་ངོ་། །འུང་ནས་འཛྀ་ཟུང་མ་རངས་སྟེ། །ཟྀང་པོ་རྗེ་ཁྲི་པང་སུམ་ལ་ལྟས་ནས། །ནག་པོ་འཁུས་ཏེ། སྐྱ་བོ་བསད། དྲེ་འུ་རྒལ་ཏེ་བསེའ་སྒ་བཆག་གོ། །སྟག་སྐྱ་བོ་འི་ཡུལ། ཡུལ་ཡེལ་རབ་སྡེ་བཞི་དྔ། །ཀླུམ་ཡ་གསུམ། །ཟྀང་པོ་རྗེ་ཁྲི་པང་སུམ་གྱྀས། །འདུས་སོའ།” ⑦ ཞེས་རྒྱལ་ཕྲན་ནང་ཁུལ་གྱི་རྗེ་བློན་དབར་འགལ་བ་བྱུང་བས་མཐར་བློན་པོ་གཉན་འཛི་ཟུང་ནག་པོས་ཟིང་པོ་རྗེ་སྟག་སྐྱ་བོ་བཀུམ་སྟེ།ཟིང་པོ་རྗེ་ཁྲི་པང་སུམ་ལ་མགོ་བཏགས་པའི་སྐོར་འཁོད་པ་དང་། ཟིང་པོ་རྗེ་ཁྲི་པང་སུམ་གྱི་མངའ་ཁོངས་སུ་ཟིང་པོ་རྗེ་སྟག་སྐྱ་བོ་འདུས་རྗེས་ཀྱང་བློན་ཕན་ཚུན་དབར་འཐབ་རྩོད་བྱས་པའི་སྐོར་《ཏུན་ཧོང་གཏེར་ཡིག་》ལས། “འུང་གྀ་རྗེ་ལ། །ཟྀང་པོ་རྗེ་འི་མངན་དབའས་བཤོས་ཏོ་རེ་ཁྲུ་གུ་དང་། །གཤེན་ཁྲི་བཞེར་འདྲོན་ཀོང་གཉིས། །འཕྲེན་བ་འི་རྫིང་ཀར་འཐབས་ནས། གཤེན་ཀྱིས་དབས་བསད་དོ། །དབའས་ཀྱྀ་ཕོ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས། ཟྀང་པོ་རྗེ་ལ། ནུ་བོ་གཤེན་ཀྱིས་བསད་པ་འྀ་སྟོང་ཇི་གནང་ཞེས་གསོལ་ནས། །ཟྀང་པོ་རྗེས། །གཤེན་ཁྲི་བཞེར། ཁོལ་ཚབ་ནང་བློན་བྱེད་པ་འྀ་ངོ་མ་ཆོད་དེ། དགེ་བས་མྱི་དགེ་བ་བསད་ན། །བསད་དུ་ཟད་དོ་ཞེས་བསྒོའོ་” ⑧ཞེས་འཁོད་ཡོད། 

དེ་བཞིན་“འུང་གྀ་རྗེས་ལ་། ཟྀང་པོ་རྗེ་ལ་དྲ་མ་མ་དྲངས་པྼ། རྒྱལ་སྟག་བུ་དགུང་དུ་གཤེགསོ།” ⑨ ཞེས་སྐབས་དེར་བཙན་པོ་སྟག་རི་གཉན་གཟིགས་ཀྱིས་བཙན་ཐབས་ཀྱི་སྒོ་ནས་བན་པ་རྗེ་སོགས་རྒྱལ་ཕྲན་ཁག་གཅིག་ཆབ་འབངས་སུ་བསྡུས་པར་བརྟེན་མཐར་བཙན་པོ་རང་ཉིད་ཀྱང་ཕྱི་ནང་དུས་ཟིང་ཁྲོད་སྐུ་སྲོག་ཤོར་བ་མིན་ནམ་སྙམ། གནམ་རི་སྲོང་བཙན་གྱི་དུས་སུ་རྒྱལ་བློན་དབར་གྱི་འགལ་བ་དེ་བས་ཛ་དྲག་ཏུ་ཕྱིན་ཏེ་གནམ་རི་སྲོང་བཙན་ལ་དུག་དྲངས་ནས་བཀྲོངས་པའི་སྐོར་《ཏུན་ཧོང་ཡིག་རྙིང་》ལས། “བཙན་པོ་སྲོང་བཙན་སྒམ་པོ་འི་རིང་ལ། །ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག་། །གཉེན་ཞང་ཞུང་། མཛོ་སུམ་པ། །ཉག་ཉྀ་དགས་པོ། །རྐོང་པོ། མྱང་པོ་ཀུན་ཀྱང་ལོག། །ཡབ་གནམ་རྀ་སློན་བཙན་དུག་བོན་ཏེ་བཀྲོངས་སོ། །” ⑩ ཞེས་འཁོད་པ་སོགས་སྐབས་དེར་རྒྱལ་བློན་དང་། བློན་གསར་རྙིང་དབར་གྱི་འགལ་བ་རྣོ་ངར་ཅན་དུ་གྱུར་པར་བརྟེན་བཙན་པོ་སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན་གྱི་དུས་སུ་རྒྱལ་བློན་ཕན་ཚུན་དབུ་སྙུང་བཞེས་པའི་བྱ་ཐབས་སྤྱད་དེ་རྒྱལ་སྲིད་སྐྱོང་ཐབས་བྱེད་པ་དཔེར་ན། “བཙན་པོ་སློན་མཚན་དང་། སློན་ཀོལ་མཆེད་གཉྀས་ཀྱིས། མྱང་ཙེ་སྐུ་དང་། དབའས་དབྱྀ་ཚབ་དང་། དབའས་མྱེས། སྣང་དང་། དབའས་པུ་ཚབ་དང་། མནོན་འདྲོན་པོ་དང་། ཚེས་པོང་ནག་སེང་དྲུག། །བྲོ་སྩལ་པ་འི་ཚིག་ནྀ། །དེང་ཕན་ཆད། ཟིང་པོ་རྗེ་རྒྱབ་དུ་མྱྀ་དོར་རེ། སྤུ་རྒྱལ་པང་དུ་མྱྀ་ལེན་རེ། བཙན་པོ་སྤུ་རྒྱལ་ལ་གློ་བ་འདྲྀང་རེ། །མཐང་གྲང་རེ། མན་ངག་ཐུབ་པར་མྱི་འཚལ་རེ། པྱི་མ་ནང་འཚལ་རེ། སོམ་ཉི་བགྱིད་རེ། །བརྟུལ་ཕོད་པར་མྱྀ་འཚལ་རེ། །སྲོག་སྤོངས་(མྱི)འཚལ་རེ། །བཙན་པོ་སློན་བཙན་གྱིས། །བཀའ་ཇྀ་སྩལད་པ་བཞྀན་མྱི་ཉན་རེ། གཞན་སུས་བསླུས་ཀྱང་ཉན་རེ་བར་བྲོ་སྩོལ་ཏོ། །མྱང་ཙེང་ཅུང་དང་།མྱང་མུ་གསེང་དང་། ཚེས་པོང་ན་གུ་དང་། དབའས་མྱེས་སྣང་། དབའས་པུ་ཚབ་རྣམས་བྲོ་ལ་གཐོགསོ། །” ⑪ཞེས་འཁོད། འོན་ཀྱང་རྒྱལ་བློན་ཕན་ཚུན་བར་དུ་བྲོ་མནའ་བོར་བའི་ལུགས་སྲོལ་དེས་ཀྱང་རྒྱལ་བློན་བར་གྱི་འགལ་བ་ཇི་བཞིན་ཐག་གཅོད་མ་ཐུབ་པས་བཙན་པོ་ཁྲི་སྲོང་བརྩན་གྱི་དུས་སུའང་རྒྱལ་བློན་དང་། བློན་པོ་ཕན་ཚུན་བར་གྱི་འགལ་བ་སྔར་བཞིན་གནས་ཡོད་པ་དཔེར་ན། 《ཏུན་ཧོང་གི་གཏེར་ཡིག་》ལས། “འུང་གྀ་འོག་དུ་བཙན་པོ་སྲོང་བརྩན་དང་། མང་པོ་རྗེ་ཞང་སྣང་རྗེས་འབངས་ཀྱི་བར་དུ། །ཁྱུང་པོ་སྤུང་སད་ཀྱིས་འཕྲའ་མ་བཅུག་སྟེ། བཙན་པོ་ཞ་སྔར། ཞང་སྣང་གློ་བ་མྱི་འདྲྀང་དུ་ནི་འདྲིང་ཞེས་གསོལ་ཏོ། །ཞང་སྣང་ལ་བཙན་པོ་མྱི་བཀྱོན་དུ་བཀྱོན་ཞེས་བྱས་སོ། །འུང་ནས། ཞང་སྣང་གྀ་གློ་བ་ལ། །ཁྱུང་པོ་སྤུང་སད་བདག་དང་ཤག་རག་པོ་སྟེ། སྤུང་སད་ཟེར་བ་བདེན་སྙམ་ནས། བཙན་པོ་འི་བཀའ་བྱུང་ན་ཡང་། མ་ཞེས་བྱསྟེ། མཁར་སྔུན་བར་ཐེན་ཏེ་མཆིར་མ་རུང་ངོ་། །འུང་ནས། །བཙན་པོའི་ཞ་སྔ་ནས། །ཞང་སྣང་གློ་བ་འདྲྀང་ཡང་དག་ཆེས་བཀའ་སྩལ་ནས། །ཞང་སྣང་གྀ་མཁར་སྔུར་བ་ཡང་བསྡིགས་སོ། འུང་ནས་ཞང་སྣང་གི་བྲན། པ་ཚབ་གྱིམ་ཕོ་འཁུསྟེ། ཞང་སྣང་བརླག་གོ། །མཁར་སྡུར་བ་ཡང་བཤིག་གོ །” ⑫ཞེས་བཙན་པོ་ཁྲི་སྲོང་བརྩན་དང་མྱང་མང་པོ་རྗེ་ཞང་སྣང་གི་བར་དུ། ཁྱུང་པོ་སྤུང་སད་ཟུ་ཙེས་ཕྲ་མ་བཅུག་སྟེ། མཐར་ཞང་སྣང་རང་གི་འཁོར་གཡོག་པ་ཚབ་གྱིམ་ཕོ་ཟེར་བས་བསླུ་ཐབས་ཀྱིས་ཞང་སྣང་བཀུམ་པ་དང་། དེ་བཞིན་ཁྱུང་པོ་སྤུང་སད་ཟུ་ཙེས་ཕྱི་ཚུལ་དུ་བཙན་པོ་ཁྲི་སྲོང་བརྩན་ལ་དགའ་མགུ་ཡི་རངས་ཀྱི་རྣམ་པ་བཟུང་སྟེ་བཙན་པོ་རྩང་ཡུལ་དུ་གདན་འདྲེན་ཞུ་བར་བཅར་བའི་སྐོར་《ཏུན་ཧོང་གཏེར་ཡིག་》ལས། “བཙན་པོ་ཞ་སྔར་ཁྱུང་པོ་སྤུང་སད་ཀྱིས་གསོལ་པའ། སྔོན་བཙན་པོ་འི་ཡབ་གནམ་རྀ་འི་རིང་ལ། །བདགྀས་རྩང་བོད་འབངས་སུ་བཀུག་པ་ལྟ་ཞིག །ཡབ་ཀྱྀས་སྤྱན་གྱྀས་མ་གཟིགས། །ཞབས་ཀྱིས་མ་བཆགས་ན། །བཙན་པོ་སྲས་ཀྱྀས་སྤྱན་གྱྀས་གཟིགས། །ཞབས་ཀྱྀས་བཆགསྟེ། བདགྀ་སྡུམ་པ་ཁྲི་བོམསུ། དགྱེས་སྐྱེམས་སྟོན་མོ་གསོལ་དུ་ཇྀ་གནང་ཞེས་གསོལ་ནས་” ⑬ཞེས་འཁོད་ཡོད་ཀྱང་། དོན་ངོ་མར་བཙན་པོ་རྩང་ཡུལ་དུ་བྱོན་པའི་གོ་སྐབས་དང་བསྟུན་ནས་བཙན་པོ་ཁྲི་སྲོང་བརྩན་དགྲོང་རྒྱུའི་གཡོ་སྒྱུ་བཤམས། འོན་ཀྱང་བློ་རིག་གཉིས་ལྡན་གྱི་བློན་ཆེན་མགར་སྟོང་བཙན་གྱིས་ངན་ཇུས་ཀྱི་མཐིལ་བརྟོལ་ཏེ། མཐར་ཁྱུང་པོ་སྤུང་སད་ཀྱིས་རང་སྲོག་བཅད་པའི་སྐོར་《ཏུན་ཧོང་གཏེར་ཡིག་》ལས། “བཙན་པོས་སྤུང་སད་གསོལ་བ་བཞིན་གནང་སྟེ། །མགར་ཡུལ་ཟུང་ཕོ་བྲངས་འདྲིར་བཀའ་སྩལ་ནས། །ཡུལ་ཟུང་ཁྲི་བོམས་སུ་མཆིས་ཏེ། བརྟགས་ན། །དཀུ་གང་པུབ་པར་ཡུལ་ཟུང་གྀས་ཚོར་ནས། །ཡུལ་ཟུང་སླར་བྲོསྟེ་བཙན་པོ་འི་སྙན་དུ་གསོལ་ཏོ། །ཡུལ་ཟུང་སླར་བྲོས་པ་འི་རྗེས་ལ། །ཁྱུང་པོ་སྤུང་སད་རང་ལྕེབསྟེ་གུམ་ནས། མགོ་བཆད་དེ། །བུ་ངག་རེ་ཁྱུང་བསྐུར་ནས། །སྐུར་མཁར་པྱིང་བར་མཆྀས་སོ། །བཙན་པོ་འི་སྙན་དུ་ངག་རེ་ཁྱུང་གྀས་གསོལ་པའ། །བདགྀ་ཕ་རྒས་ཀྱི་ལ་གར། །བཙན་པོ་འི་ཞ་སྔར་གློ་བ་རིངས་ནས། ཚམས་བསྡལ་བར་ཆད་པའ། །མགར་ཡུལ་ཟུང་ལ་འཐོལ་བར་བགྱིས་པ་ལས། ཡུལ་ཟུང་གྀས་ཀྱང་ཚོར་ཏེ།ཡུལ་ཟུང་ནྀ་སླར་མཆིས་། །བདགིས་ཕ་བཀུམ་ནས། །མགོ་བཆད་དེ་མཆིས་ན། སྲིད་མྱི་བརླག་པར་ཇྀ་གནང་ཞེས་གསོལཏོ། །བཙན་པོ་ཁྲི་སྲོང་བརྩན་གྱིས་ཀྱང་། །ངག་རེ་ཁྱུང་གིས་གསོལ་པ་བཞིན་གནང་སྟེ། །སྲིད་མ་བརླགོ། །” ⑭ཞེས་འཁོད་ཡོད། 

མདོར་ན་བཙན་པོའི་གདུང་རབས་ཁྲོད་གནམ་རི་སྲོང་བཙན་ལ་མོན་དུག་ཕུལ་ནས་བཀྲོངས་པ་དང་། བཙན་པོ་ཁྲི་སྲོང་བརྩན་གྱིས་བོན་པོའི་ཆོས་ལུགས་ལ་སྡང་བའི་རྐྱེན་གྱིས་ལོ་སུམ་ཅུ་སོ་བཞི་ལས་མ་ཐུབ་ཟེར་བ། གུང་སྲོང་གུང་བཙན་དང་མང་སྲོང་མང་བཙན་སྐུ་ཆུང་དུས་ནས་གཤེགས་པ། ལང་འབལ་གཉིས་ཀྱིས་བཙན་པོ་ཁྲི་ལྡེ་གཙུག་བརྟན་ལྐོག་ཏུ་བཀྲོངས་པར་མ་ཟད། སྲས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ལ་ཡང་གནོད་འཚེ་དང་སྲིད་འགྱུར་སློང་རྩིས་བྱས་པ། ཡུམ་ཚེ་སྤོང་བཟས་མུ་ནེ་བཙན་པོར་དུག་ཟས་དྲངས་ནས་བཀྲོངས་པ། བཙན་པོ་ཁྲི་གཙུག་ལྡེ་བཙན་ཡང་དབའས་སྟག་རྣ་ཅན་སོགས་ཀྱིས་བཀྲོངས་པ། དེ་བཞིན་སྤྱི་ལོའི་དུས་རབས་བདུན་པ་ནས་བཅུ་པའི་བར་དུ་བློན་ཆེན་པོ་མྱང་མང་པོ་རྗེ་ཞང་སྣང་དང་། ཁྱུང་པོ་སྤུང་སད་ཟུ་ཙེ། མགར་བཙན་སྙ་ལྡོམ་བུ། མགར་ཁྲི་འབྲིང་བཙན་བྲོད། བྲན་ཀ་དཔལ་གྱི་ཡོན་ཏན་སོགས་ཀྱང་རྐྱེན་ངན་སྣ་ཚོགས་ཀྱི་དབང་གིས་སྲོག་ཤོར་བ་སོགས་རྗེ་བློན་བར་གྱི་འགལ་བ་གཙོ་བོར་བྱས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ལོ་རྒྱུས་ཀྱི་དོན་རྐྱེན་མི་ཉུང་བ་ཐོན་ཡོད། དེས་ན་སྔར་བཞིན་བྲོ་མནའ་བོར་བའི་ཐབས་ཁོ་ནར་བརྟེན་ནས་རྗེ་བློན་དབར་གྱི་འགལ་བ་སོགས་སེལ་ཐབས་བྱས་ན་མི་འགྲིག་པའི་གནས་ལུགས་གསལ་པོར་མཁྱེན་ཏེ། བཙན་པོས་དབང་གྲགས་ལ་བརྟེན་ནས་བློན་པོ་དང་རྒྱལ་ཕྲན་གྱི་རྗེ་བོ་སོགས་ལ་གོ་གནས་དང་ས་ཁོངས་མི་སེར་སོགས་དམིགས་བསལ་གྱི་ཐོབ་ཐང་གཏན་འཇགས་སུ་བསྩལ་བའི་ལམ་སྲོལ་འདི་ཉིད་ཆེས་ཆེར་དར་རོ། །

བཞི། རྒྱལ་ཕྲན་གྱི་རྗེ་བོར་དམིགས་བསལ་བདག་དབང་གནང་བའི་སྲོལ། དེ་ཡང་《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་》ལས། “ལྡེ་བརྒྱད་ལས་བསེ་རྣོལ་ནམ་ཐང་མཚམས་སུ་ཐོད་བྱ་བའི་བུ་ཡིན་ཏེ་ཨི་ཤོ་ལེགས་དང་འདི་གཉིས་གཅེན་པོ་ཐང་མཚམས་སུ་ཕབ་པས་འདི་གཉིས་ཀྱི་རྒྱུད་ལ་ཞང་ལྔ་གཅེན་པོ་ཞེས་གྲགས་སོ། འདིའི་དུས་ན་བློན་པོ་རིག་པ་ཅན་གྱིས་རྒྱལ་པོ་མང་ན་འགྲན་ཟླར་གྱུར་པས་གཅིག་རྒྱལ་སར་བཞག་ནས་གཞན་ཐང་མཚམས་སུ་འབེབས་ཏེ་འདི་གཉིས་ཐང་མཚམས་སུ་ཕབ་པ་རིགས་ནི་ཡར་གར་གནང་ཞེས་བྱ་ཏེ་ཞང་ལྔ་ཅེན་པ་ཞེས་བྱའོ། །” ⑮ཞེས་བཙན་པོ་ཡབ་མེས་ཀྱི་སྐུ་དུས་སུ་ལྷ་བཙན་པོར་རྒྱལ་རྒྱུད་སྲས་མང་པོ་ཡོད་པའི་ནང་ནས་གཅིག་རྒྱལ་པོར་བསྐོས་ནས་གཞན་རྣམས་ཐང་མཚམས་སུ་ཕབ་སྟེ། དེའི་འཚོ་རྟེན་དུ་ཡུལ་གྱི་དབང་རིས་གནང་བའི་སྲོལ་ཞིག་ཡོད། 

དེའི་སྐོར་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས། “ཐང་མཚམས་ཞེས་པ་ནི་བཙན་པོ་ལས་ཞན་ཙམ་དང་། བློན་པོ་འབངས་ལས་དྲག་ཙམ་གྱི་དོན་ཡིན་ཞེས་ཡིག་ཚང་གཞན་ལས་འབྱུང་ངོ་།” ⑯ ཞེས་གསུངས། སྤུ་རྒྱལ་བཙན་པོའི་དུས་སུ་ཐང་མཚམས་སུ་ཕབ་སྟེ་རྒྱལ་སྲས་ཁག་གཅིག་བཙན་པོའི་མངའ་ཁོངས་རྒྱལ་ཕྲན་གྱི་རྗེ་བོར་བསྐོས་ནས་འཚོ་རྟེན་དབང་རིས་གནང་བའི་སྲོལ་དེ་ནས་རིམ་བཞིན་རྒྱལ་ཕྲན་རྗེ་བོར་དམིགས་བསལ་གྱི་བཀའ་གཙིགས་གནང་བའི་ལམ་སྲོལ་འདི་ཉིད་དར་བར་མངོན། དེ་ཡང་སྤུ་རྒྱལ་བཙན་པོའི་རྒྱལ་རྒྱུད་རྐོང་ཀར་པོ་མང་པོ་རྗེ་ལ་གནང་བའི་བཀའ་གཙིགས་ཡི་གེའི་ནང་། ༄།། ལྷ་བཙན་པོ་ཁྲྀ་སྲོང་ལྡེ་བརྩན་དང་། ལྡེ་སྲོང་ཡབ་སྲས་ཀྱྀ་རིང་ལཱ།། །།རྐོང་དཀར་པོ་ལ་གཙྀགས་གནང་བའ། །ཞེས་དང་། ༄།། བཙན་པོ་ལྷ་སྲས་ཁྲྀ་སྲོང་ལྡེ་བཙན་གྱྀ་རིང་ལ། །ཀར་པོའི་གཙིགས་གནང་བ་ལས། ལྷ་སྲས་ལྡེ་སྲོང་གྀ་སྐུ་རིང་ལ། །གཙིགས་སྔ་མ་བས་བསྐྱེད་པར། བཀའས། གནང་བཱ། ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་རྐོང་ཀར་པོ་རྗེ་ལ་གཙིགས་གནང་བའི་སྐོར་འཁོད་པར་གཞིགས་ན་མ་མཐར་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྔོན་ཙམ་ནས་རྒྱལ་ཕྲན་གྱི་རྗེ་བོར་བཀའ་གཙིགས་གནང་བའི་སྲོལ་ཡོད་པ་རྟོགས་ཐུབ།

ལྔ། བཙན་པོ་རིམ་བྱོན་གྱིས་ཆོས་མི་བསྣུབ་པའི་ཕྱིར་བཀའ་གཙིགས་གནང་བ། སངས་རྒྱས་ཆོས་ལུགས་བོད་དུ་མ་དར་སྔོན་ལ། བོན་ལུགས་ནི་བོད་རང་དུ་གདོད་མའི་དུས་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་ཡིན་ཞིང་། དམངས་ཁྲོད་དུ་དད་མོས་ཀྱི་རྨང་གཞི་བརྟན་པས་སངས་རྒྱས་ཆོས་ལུགས་སྤེལ་བར་འགོག་རྐྱེན་ཆེན་པོ་བཟོས་ཡོད་པ་དེ་ནི་བཙན་པོ་རིམ་བྱོན་གྱིས་ཆོས་གཙིགས་གནང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཆོས་གཙིགས་སོ་སོའི་ལོ་རྒྱུས་རྒྱབ་ལྗོངས་སོགས་ཁོ་བོའི་རྩོམ་ཡིག་གཞན་དུ་ཅུང་ཟད་རྒྱས་པར་བཀོད་ཡོད་པས་འདིར་རྒྱས་གླེང་མི་བྱ།

ཞར་བྱུང་དུ་བཙན་པོས་སངས་རྒྱས་ཆོས་ལུགས་སྤེལ་བར་གནང་བའི་བཀའ་གཙིགས་དེ་དག་་སྔར་རྒྱ་གར་ཡུལ་དུ་བྱུང་བའི་ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་གཙིགས་ཀྱི་ཤུགས་རྐྱེན་འོག་རིམ་བཞིན་བྱུང་བ་ཞིག་རེད་ཅེས་བརྗོད་པར་དཀའ་ཡང་། དེ་གཉིས་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ནང་དོན་མཚོན་སྟངས་སོགས་འདྲ་ས་ཤིན་ཏུ་མང་ཡང་། འདིར་ཡིག་ཚོགས་ལ་འཇིགས་ཏེ་མ་བྲིས་སོ། །

གཉིས་པ། བཀའ་གཙིགས་ཀྱི་རིགས་དབྱེའི་སྐོར།

བཀའ་གཙིགས་ཡི་གེ་ཁག་གི་ནང་དོན་དང་། རྣམ་པ། དགོས་པ་སོགས་ཀྱི་སྟེང་ནས་དཔེར་བརྗོད་དང་སྦྲགས་ཏེ་དབྱེ་འབྱེད་བྱ་བ་ལ།

གཅིག བཀའ་གཙིགས་ལ་བརྗོད་བྱ་དོན་གྱི་སྒོ་ནས་དབྱེ་བ། བརྗོད་བྱ་དོན་གྱི་སྒོ་ནས་དབྱེ་ན་གཙོ་བོ་སྲིད་དོན་གཙོ་བོར་བརྗོད་པའི་བཀའ་གཙིགས་དང་། ཆོས་དོན་གཙོ་བོར་བརྗོད་པའི་བཀའ་གཙིགས། སྐད་གསར་བཅད་སྐོར་གྱི་བཀའ་གཙིགས་བཅས་གསུམ་ཡོད།

1.སྲིད་དོན་གཙོ་བོར་བརྗོད་པའི་བཀའ་གཙིགས། སྲིད་དོན་གཙོ་བོར་བརྗོད་པའི་བཀའ་གཙིགས་ལ་ཡང་རྒྱལ་ཕྲན་གྱི་རྗེ་བོར་གནང་བའི་བཀའ་གཙིགས་དང་། རྒྱལ་བློན་དབར་གྱི་འགལ་བ་ཞི་བའི་ཕྱིར་བློན་པོར་གནང་བའི་བཀའ་གཙིགས། བློན་པོ་བྱས་པ་ཅན་ལ་གནང་བའི་བཀའ་གཙིགས་བཅས་ནང་གསེས་ཀྱི་དབྱེ་བ་ཡོད་པ་ལས།

(1)རྒྱལ་ཕྲན་གྱི་རྗེ་བོར་གནང་བའི་བཀའ་གཙིགས།ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་དེ་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཀོང་དཀར་པོ་མང་པོ་རྗེ་ལ་གནང་བའི་བཀའ་གཙིགས་ཀྱི་ཡི་གེ་ཞིག་ཡིན་ཞིང་། ཀོང་དཀར་པོ་རྗེ་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་ནས་ཡིག་ལམ་དུ་གསལ་བ་གང་ཞིག སྤུ་རྒྱལ་བཙན་པོའི་གདུང་རྒྱུད་རྩོད་མེད་ལས་མཆེད་པ་ཕྱིས་སུ་རྐོང་ཀར་པོའི་རྒྱལ་ཕྲན་གྱི་རྗེ་བོར་བསྐོས་པའི་སྐོར། ཀོང་པོ་གཡུང་དྲུང་འཛིན་གྱི་བྲག་བརྐོས་ཡི་གེའི་ནང་། “དྲྀ་གུམ་བཙན་པོའི་སྲས། གཅེན་ཉ་ཁྱྀ་དང་། གཅུང་ཤ་ཁྱྀ་གཉིས་ལ་། གཅུང་ཤ་ཁྱྀ་ནི། ལྷ་བཙན་པོ། གཅེན་ཉ་ཁྱྀ་ནྀ་རྐོང་ཀར་པོའི་རྗེ།” ཞེས་འཁོད་ཡོད་པ་དང་། དེ་བཞིན་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་》ནང་དུ། “ཡུལ་རྐོང་ལ་བྲེ་སྣར་ན། རྗེ་རྐོང་རྗེ་འྀ་དཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས་”ཞེས་དང་། ཡང་། “གཅུང་ཉ་ཁྱྀ་ནྀ་ཡབ་ཀྱི་མདང་གཏོང་ངོ་། །གཅེན་ཤ་ཁྱྀ་ནི་ཡབ་ཀྱི་སྐུ་མཚལ་གཉེར་དུ་གཤེགསོ། །ཉ་ཁྱི་ནི་རྐོང་དཀར་པོ་ལགསོ།” ⑰ ཞེས་དྲི་གུམ་བཙན་པོའི་སྲས་ཤ་ཁྲི་དང་ཉ་ཁྲི་གཉིས་གཅེན་གཅུང་ཕན་ཚུན་འཁྲུལ་བ་ཙམ་ལས་དོན་དུ་ཤ་ཁྲི་ནི་བཙན་པོ་སྤུ་ལྡེ་གུང་རྒྱལ་དང་ཉ་ཁྲི་ནི་ཀོང་དཀར་པོ་རྗེ་ཡིན་པ་བསྙོན་མེད་ཡིན། དེ་ཡང་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེར་གཅེན་ཉ་ཁྲི་དང་། གཅུང་ཤ་ཁྲི་ཞེས་འཁོད་པ་ལས། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་》དང་། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》 《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་སུ་གཅེན་ཤ་ཁྱི་དང་གཅུང་ཉ་ཁྲི་ཞེས་འཁོད་ཡོད།

(2)རྒྱལ་བློན་དབར་གྱི་འགལ་བ་ཞི་བའི་ཕྱིར་བློན་པོར་གནང་བའི་བཀའ་གཙིགས། སྤུ་རྒྱལ་བཙན་པོའི་དུས་སུ་བཙན་པོ་དང་བློན་པོ། དེ་བཞིན་བློན་པོ་ཕན་ཚུན་དབར་འགལ་བ་རྣོ་ངར་ཆེ་བའི་རྐྱེན་གྱིས་བཙན་པོ་ཁྲི་ལྡེ་གཙུག་བརྟན་དང་མྱང་མང་པོ་རྗེ་ཞང་སྣང་སོགས་སྐུ་སྲོག་ཀྱང་ཤོར་བའི་སྐོར་གོང་དུ་གླེངས་ཟིན། དེ་ལྟ་བུའི་འགལ་བ་ཞི་བའི་ཕྱིར་བློན་པོ་ཁག་ཅིག་ལ་བཀའ་གཙིགས་གནང་བའི་སྲོལ་དར་བ་དཔེར་ན། བཙན་པོ་ཁྲི་སྲོང་བཙན་གྱིས་དབའས་དབྱི་ཚབ་ལ་གནང་བའི་བཀའ་གཙིགས་ལྟ་བུའོ། །

(3)བློན་པོ་བྱས་པ་ཅན་ལ་གནང་བའི་བཀའ་གཙིགས།སྤུ་རྒྱལ་བཙན་པོར་བློ་དཀར་ཞིང་། ཆབ་སྲིད་དང་།དམག་དོན། ཆོས་ལུགས་སོགས་ལ་བྱས་རྗེས་ཤིན་ཏུ་ཆེ་བའི་བློན་པོར་བཙན་པོས་བཀའ་གཙིགས་གནང་བ་དཔེར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ནང་བློན་ཆེན་པོ་སྟག་སྒྲ་ཀླུ་ཁོང་གི་བྱས་རྗེས་ལ་གཟིགས་བཟོས་བདག་རྐྱེན་བསྩལ་བའི་ལྷ་སའི་ཞོལ་རྡོ་རིང་ཕྱི་མ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཆོས་བློན་མྱང་ཏིང་འཛིན་བཟང་པོ་ལ་གནང་བའི་བཀའ་གཙིགས་སྔ་ཕྱི་གཉིས། དེ་མིན་ལྷོ་བྲག་བྲག་བརྐོས་ཡི་གེ །སྟོད་ལུང་མཚུར་ཕུ་དགོན་གྱི་རྡོ་རིང་ཡི་གེ་ལྟ་བུ་སོགས་ཡོད།

2.ཆོས་དོན་གཙོ་བོར་བརྗོད་པའི་བཀའ་གཙིགས།

(1)བཙན་པོའི་ཞལ་ཆེམས་ཟངས་ཀྱི་བྱང་བུར་བྲིས་ནས་བསམ་ཡས་མཆིམས་ཕུའི་བང་མཛོད་དུ་སྦས་པའི་བཀའ་གཙིགས་དང་བཙན་པོའི་དུས་ཀྱི་ལོ་རྒྱུས་དཔེ་རྙིང་《དབའ་བཞེད་》 སོགས་ཡོད། དེ་ཡང་《དབའ་བཞེད་》ཅེས་པ་ནི་དབའ་གསལ་སྣང་གིས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཀས་བཅད་པའི་གཙིགས་ཀྱི་ཡི་གེ་གསུམ་གྱི་རྨང་གཞིའི་ཐོག་དབའ་གསལ་སྣང་སོགས་རྒྱ་དཀར་ནག་གཉིས་སུ་ཆོས་ཞུ་བར་མངགས་ཚུལ་དང་། མཁན་ཆེན་བོ་དྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པ། སད་མི་མི་བདུན་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་སོགས་ཀྱི་ལོ་རྒྱུས་རྒྱས་བཤད་བྱས་པ་ཞིག་ཡིན་ཞིང་།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཀས་བཅད་པའི་གཙིགས་ཀྱི་ཡི་གེ་གསུམ་ནི་སངས་རྒྱས་ཆོས་ལུགས་ལས་བོན་ལུགས་བགྱིད་དུ་མི་གནང་བའི་གཙིགས་ཀྱི་ཡི་གེ་དང་། རྩེན་མེན་གྱི་ལུགས་ལས་སྟོན་མེན་གྱི་ལུགས་སྤེལ་མི་ཆོག་པའི་གཙིགས་ཀྱི་ཡི་གེ །གཙུག་ལག་ཁང་དང་བན་དྷེར་ལྷ་རིས་དུད་ཁྱིམ་གནང་བའི་གཙིགས་ཀྱི་ཡི་གེ་བཅས་གསུམ་ཡིན། དེའི་མིང་གཞན་ལ་བཀའ་མཆིད་ཡི་གེའམ་བཀའ་གཙིགས་ཡི་གེ་ཞེས་བྱ་ལ། དཔེ་རྙིང་དེ་ཉིད་མ་ཕྱིར་བྱས་པའི་《སྦ་བཞེད་》དང་།《སྦ་བཞེད་ཞབས་བཏགས་མ》 《རྦ་བཞེད》 《བསམ་ཡས་བཀའ་གཙིགས་》དེ་བཞིན་《རྦ་བཞེད་》ལའང་རྒྱས་བསྡུས་སྣ་ཚོགས་ཡོད་པར་གྲགས།

(2)དམ་པའི་ཆོས་དང་རྟེན་གསུམ་མི་བསྣུབ་ཕྱིར་གནང་བའི་བཀའ་གཙིགས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གནང་བའི་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་དང་། དེའི་ནང་དོན་རྒྱས་པ་རྒྱལ་རབས་ཆོས་འབྱུང་ནང་དྲངས་པའི་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་གྱིས་མནས་བསྒགས་པའི་བཀའ་གཙིགས་ཡི་གེ་གཉིས། ཁྲི་ལྡེ་སྲོང་བཙན་གྱིས་གནང་བའི་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་དང་། དེའི་ནང་དོན་རྒྱས་པ་རྒྱལ་རབས་ཆོས་འབྱུང་ནང་དྲངས་པའི་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་གྱིས་མནས་བསྒགས་པའི་བཀའ་གཙིགས་ཡི་གེ །དེ་མིན་བྲག་གཡབ་རི་མདའ་ལྡན་མའི་བྲག་བརྐོས་ཡི་གེ་དང་བཙན་པོ་ཁྲི་གཙུག་ལྡེ་བཙན་སྐབས་ཀྱི་ཁྲོམ་ཆེན་གྱི་རྡོ་རིང་ཡི་གེ་སོགས་ཡོད།

3.སྐད་གསར་བཅད་སྐོར་གྱི་བཀའ་གཙིགས། དེ་ཡང་སྐད་གསར་བཅད་ཅེས་པ་ནི་བཀས་བཅད་ཀྱི་ནང་གསེས་ཤིག་ཏུ་འཇོག་ཀྱང་། 《བསྟན་རྩིས་གསལ་བའི་ཉིན་བྱེད་》⑱དང་། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་》⑲སོགས་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་མང་པོ་ཞིག་ནང་བཀས་བཅད་དང་སྐད་གསར་བཅད་གཉིས་དོན་གཅིག་མིང་གི་རྣམ་གྲངས་སམ་རེ་མོས་སུ་སྤྱད་པ་ལྟ་བུར་སྣང་། དོན་དུ་བཀས་བཅད་ཅེས་པ་ནི་ཆོས་ལུགས་དང་། རིག་གནས། ཁྲིམས་ལུགས་སྐོར་སོགས་རྒྱལ་བློན་གདན་འཛོམས་སར་གྲོལ་མོལ་བགྱིས་ཏེ་མཐར་རྒྱལ་པོའི་བཀའ་ཁྲིམས་ཀྱིས་ཐག་བཅད་དེ་གཏན་ལ་ཕབ་པ་ཞིག་ཡིན་པས་བཀའ་གཙིགས་ཀྱི་ཁོངས་སུ་བསྡུ་འོས། འདིར་གླེང་བར་བྱ་བའི་སྐད་གསར་བཅད་ཅེས་པ་ལ་ཞང་སྟོན་བསྟན་པ་རྒྱ་མཚོས་“དུས་རབས་སོ་སོའི་ལོ་ཙཱ་བ་རྣམས་ནས་སྐད་ཡིག་གཅིག་མཐུན་ཡོང་ཆེད་བརྡ་རྙིང་རྣམས་སྐད་གསར་པ་དང་བསྟུན་ནས་བཟོ་བཅོས་བྱས་རྗེས་རྒྱལ་པོས་དེ་ལྟར་བཀས་བཅད་པ་དེ་ཁྱབ་བསྒྲགས་བྱས་པའི་དོན་ཡིན་” ⑳ཞེས་དང་། ཡང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་“དེ་སྔོན་བཙན་པོ་གོང་མ་རིམ་བྱུང་གི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་ཟིན་པའི་བརྡ་རྙིང་པ་འགའ་ཞིག་གོ་བདེ་རུ་བཏང་བ་དང་ཡི་གེ་འགའ་ཞིག་ཟོར་ཡང་དུ་བཏང་བའི་བཀས་བཅད་གསར་པ་མཛད་པའི་དོན་ཡིན།” (21) ཞེས་གསུངས།

གཞན་ཡང་སྔར་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱིས་མངའ་མཛད་སྐབས་“རྒྱལ་པོས་བཀའས་རྣམ་པ་གསུམ་མཛད། གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་པའི་སྡེ་པ་མི་གཟུགས་ཅིང་[ཤིང]དེ་དག་གི་སྡེ་སྣོད་མི་བསྒྱུར། སྔགས་མ་རྒྱུད་རྣམས་མ་སྒྱུར་ཞིག་ཞེས་[ཅེས]བཀའ་བསྩལ། བྲེ་སྲང་དང་ཞོ་ཆ་ཚུན་རྒྱ་གར་གྱི་དབུས་འགྱུར་ཚལ་དང་མཐུན་པར་བཅོས་” (22)ཞེས་བཀས་བཅད་རྣམ་གསུམ་གནང་བ་དེ་དང་བོད་ཀྱི་ལོ་རྒྱུས་དུས་རིམ་མི་འདྲ་བའི་ནང་སྐད་གསར་བཅད་རིམ་གསུམ་མཛད་པ་གཉིས་ཉ་ཉུང་མཉམ་བསྲེས་བྱས་ན་འགྲིག་ཐབས་མེད་པ་སོགས་དེ་དོན་ཡིད་གཟབ་གནང་རྒྱུ་གལ་ཆེའོ། །

དེས་ན་སྐད་གསར་བཅད་རིམ་གསུམ་གནང་བ་དེ་ཡང་རྒྱལ་པོས་བཀའ་གཙིགས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་གཞུང་ཡིག་གལ་ཆེན་ཞིག་ཡིན་པས་ཅུང་ཟད་རྒྱས་པར་གླེང་འདོད་པ་ལ།

(1)བོད་ཀྱི་ལོ་རྒྱུས་ཐོག་སྐད་གསར་བཅད་ཐེངས་གསུམ་གནང་དགོས་པའི་རྒྱུ་རྐྱེན། སྤྱི་ལོའི་དུས་རབས་བདུན་པར་བཙན་པོ་ཁྲི་སྲོང་བརྩན་གྱིས་མཐའ་བཞིའི་རྒྱལ་ཕྲན་དབང་དུ་འདུས་ནས་བོད་ཡོངས་གཅིག་གྱུར་གནང་བ་དང་བསྟུན་ནས་སློབ་དཔོན་ཐོན་མིས་བོད་ཀྱི་སྔར་ཡོད་ཡི་གེར་བཅོས་བསྒྱུར་དང་། རང་ཅག་བོད་མིའི་སྐད་འགྲོས་དང་མཐུན་པའི་བརྡ་དག་གསལ་བར་བྱེད་པའི་སུམ་རྟགས་སོགས་བརྩམས་པར་གྲགས། དེ་རྗེས་འཇིག་རྟེན་ཁམས་ཀྱི་བྱ་དངོས་གཞན་དང་འདྲ་བར་སྐད་དང་ཡི་གེ་དེ་ཡང་དུས་རབས་ཀྱི་གོམ་བགྲོད་དང་བསྟུན་ནས་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བ་ནི་བསྙོན་དུ་མེད་པའི་ཆོས་ཉིད་ཅིག་ཡིན་པས་སྐབས་དེར་སངས་རྒྱས་ཆོས་ལུགས་བོད་དུ་དར་ཞིང་། རྒྱ་དཀར་ནག་དང་། ལི་ཡུལ། ཟ་ཧོར། ཁ་ཆེ་སོགས་ནས་ལོ་པཎ་མང་པོ་གདན་དྲངས་པར་མ་ཟད། བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ཆོས་དང་རིག་གནས་ཀྱི་ཐ་སྙད་དུ་མ་བོད་ཡིག་ཐོག་ཕབ་བསྒྱུར་མཛད། ལྷག་པར་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་རིང་ལ་སངས་རྒྱས་ཆོས་ལུགས་འདི་བཞིན་བོན་ལུགས་ལས་རྣམ་པར་རྒྱལ་བར་བརྟེན་སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར། འོན་ཀྱང་སྐབས་དེར་བོད་ལ་གཅིག་གྱུར་གྱི་ཐ་སྙད་སྤྱོད་སྲོལ་དང་ཡིག་སྒྱུར་སྐོར་གྱི་རིགས་པའི་གཞུང་ལུགས་ཤིག་མེད་པས་ཡུལ་ལུང་སོ་སོའི་སྐད་བརྡ་མི་འདྲ་བ་མང་པོ་འདྲེས་ཏེ་བསྒྱུར་ཡིག་གོ་དཀའ་ཞིང་བསྒྱུར་མི་བདེ་བ་སོགས་ཀྱི་སྐྱོན་དུ་མ་བྱུང་། དེས་རིག་གནས་སྤྱི་དང་ཡང་སྒོས་སུ་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་བར་འགོག་རྐྱེན་ཚད་མེད་བཟོས་པས་སླད་ཕྱིན་དེ་ལྟར་མི་འབྱུང་བའི་ཆེད་དུ་རྒྱལ་བློན་དང་ལོ་པཎ་གདན་འཛོམས་སར་ཐ་སྙད་གཅིག་གྱུར་དང་ལོ་ཙཱའི་གཞུང་ལུགས་སྐོར་སོགས་གྲོལ་མོལ་བགྱིས་ཏེ་མཐར་རྒྱལ་པོའི་བཀའ་ཁྲིམས་ཀྱིས་ཁྱབ་བསྒྲགས་གནང་བའི་སྲོལ་ཞིག་རིམ་བཞིན་ཆགས།

(2)སྐད་གསར་བཅད་གསུམ་གྱི་ནང་དོན་མདོར་བསྡུས། བོད་ཀྱི་ལོ་རྒྱུས་ཐོག་གི་སྐད་གསར་བཅད་ཐེངས་གསུམ་གནང་བ་དེ་དག་དུས་གང་ལ་བྱུང་ཚུལ་ཐད་དུ་དགོངས་བཞེད་མི་འདྲ་བ་འགའ་ཡོད་ཀྱང་ཡོངས་གྲགས་ལྟར་ན་སྐད་གསར་བཅད་དང་པོ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཡིན་ངེས་ཤིང་། དེ་ཡང་བཙན་པོ་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་བར་དུ་རྒྱ་དཀར་ནག་སོགས་ནས་ལོ་པཎ་དུ་མ་གདན་དྲངས་པར་མ་ཟད། སློབ་དཔོན་ཐོན་མི་སོགས་ཀྱིས་ལོ་ཙཱ་བགྱིས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་རྒྱ་ནག་གི་སྨན་རྩིས་སོགས་བོད་ཀྱི་སྐད་དུ་བསྒྱུར། འོན་ཀྱང་སྐབས་དེར་ཀུན་གྱིས་བརྩི་སྲུང་བྱེད་པའི་བསྒྱུར་གྱི་ཚད་གཞི་ཞིག་མེད་པས་ལོ་ཙཱ་བ་ཚོས་བརྡ་གསར་རྙིང་གང་བྱུང་སྤྱད་པའི་ཐོག་རང་སོ་སོའི་ཡུལ་སྐད་ཐལ་ཆེ་བ་སོགས་ལ་བརྟེན་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་ལོ་རྒྱུས་ཐོག་སྐད་གསར་བཅད་དང་པོ་དེ་མཛད། དེ་ཡང་《སྒྲ་སྦྱོར་བམ་གཉིས་》ལས། “སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར། མཁན་པོ་དང་ལོ་ཙཱ་བ་མཁས་པ་འཚོགས་པས། དར་མ་འཕགས་པ་དཀོན་མཆོག་སྤྲིན་དང་། འཕགས་པ་ལང་ཀར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག་” (23)ཅེས་ལྷ་སྲས་བཙན་པོ་ཁྲི་ལྡེ་སྲོང་བཙན་དང་ཁོང་གི་ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་མཁན་པོ་དང་ལོ་ཙཱ་བ་ལྷན་འཛོམས་སར་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་གཅིག་གྱུར་བཟོས་ཤིང་མཐར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཀས་གཏན་ལ་ཕབ་པའི་སྐོར་གསལ་པོར་འཁོད་ཡོད། སྐད་གསར་བཅད་ཐེངས་དང་པོར་དེ་སྔོན་རྒྱ་གར་དང་། རྒྱ་ནག ཟ་ཧོར། ཁ་ཆེ་སོགས་ནས་སངས་རྒྱས་ཆོས་ལུགས་བོད་སྐད་དུ་བསྒྱུར་བའི་ཐ་སྙད་མི་འདྲ་བ་རྣམས་གཅིག་གྱུར་བཟོས་ཏེ། མདོ་ཕྱོགས་ཀྱི་ནང་དོན་གཙོ་བོར་བྱས་པའི་སཾ་བོད་ཤན་སྦྱར་གྱི་མིང་མཛོད་《བྱེ་བྲག་རྟོགས་བྱེད་ཆེན་མོ་》གཏན་ལ་ཕབ་ཅིང་དཀར་ཆག་ཏུ་བཀོད་པ་ནས་བཟུང་། དུས་རབས་རིམ་བྱུང་གི་ལོ་ཙཱ་བ་རྣམས་ཀྱིས་དེར་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྟར་བརྩི་སྲུང་བྱས་ཡོད། 《བྱེ་བྲག་རྟོགས་བྱེད་ཆེན་མོ་》ཞེས་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་མིང་མཛོད་ཐོག་མ་དེ་ཡིན་ཞིང་། དེར་ཐ་སྙད་དགུ་སྟོང་ལྷག་ཙམ་འཁོད་ཡོད། མིང་འཛོད་འདིའི་འབྲེལ་ཡོད་ལོ་དུས་སྐོར་འཁོད་པའི་དཔྱད་གཞི་དཀོན་པས་རེ་ཞིག་སྤྱི་ལོའི་དུས་རབས་དགུ་པ་ཙམ་ལ་ངོས་འཛིན་རྒྱུ་ལས་ཞིབ་ཕྲའི་ལོ་ཚིགས་གཏན་ཁེལ་བྱ་ཐབས་བྲལ། 《བྱེ་བྲག་རྟོགས་བྱེད་ཆེན་མོའི་》ནང་འཁོད་པའི་སཾ་བོད་ཤན་སྦྱར་གྱི་མ་ཡིག་སོགས་《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་》(24)སོགས་སུ་འཁོད་པ་དེར་གཟིགས་པར་འཚལ། འདིར་ཡིག་ཚོགས་ཆེ་བར་དོགས་ནས་བཀོད་མེད།

སྐད་གསར་བཅད་ཐེངས་གཉིས་པ་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་ཡིན་ཞིང་། སྔར་ཡབ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བཀས་བཅད་དང་པོ་བྱས་ཀྱང་བསྒྱུར་བའི་ཆོས་རྣམས་གཞུང་དང་སྒྲའི་ལུགས་སོགས་དང་མི་མཐུན་པར་མ་ཟད། མིང་དང་ཐ་སྙད་གསར་པ་མང་དུ་བྱུང་བའི་སྟབས་ཀྱིས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྐད་གསར་བཅད་ཐེངས་གཉིས་པ་གནང་སྟེ་《སྒྲ་སྦྱོར་བམ་གཉིས་》གཏན་ལ་ཕབ། དེ་ཡང་《སྒྲ་སྦྱོར་བམ་གཉིས་》ཀྱི་མཇུག་བྱང་དུ། “བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ། བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ། བྱེ་བྲག་ཏུ་རྟོགས་བྱེད་ཆུང་ངུ་། སྐད་བྱེ་བྲག་ཏུ་བཤད་པ་འདི་ནི་འབྲིང་པོའོ། །” (25)ཞེས་མཚན་གཞན་ལ་བྱེ་བྲག་རྟོགས་བྱེད་འབྲིང་པོ་ཞེས་ཀྱང་འབོད། དེའི་མཚན་ཆ་ཚང་ལ་སྒྲ་སྦྱོར་བམ་པོ་གཉིས་པ་ཞེས་འཁོད་པ་ལྟར་བམ་པོ་གཉིས་ཀྱིས་གྲུབ་ཅིང་། བམ་པོ་དང་པོར་རྒྱ་གར་གྱི་ཨཱ་ཙརྱ་ཛི་ན་མི་ཏྲ་དང་། སུ་རེནྡ་བོ་དྷི་། ཤཱི་ལེནྡ་བོ་དྷི། དཱ་ན་ཤཱི་ལ་སོགས་དང་༌། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང༌། དྷརྨ་ཏཱ་ཤི་ལ། ལོ་ཙཱ་བ་ཛྙ་ན་སེ་ན་དང་། ཛ་ཡ་རཀྵི་ཏ། དབས་མཉྫུ་ཤྲི་ཝརྨ། རནྡེ་ཤཱི་ལ་སོགས་གདན་འཛོམས་སར་ཡིག་སྒྱུར་གྱི་རྩ་དོན་ཆེན་པོ་གསུམ་དང༌། ཡིག་སྒྱུར་གྱི་ཐབས་གཙོ་བོ་བཞི། ཡིག་སྒྱུར་སྐབས་ཡིད་འཇོག་བྱེད་དགོས་པའི་དོན་ཚན་སོགས་ཞིབ་ཏུ་བཀོད་པ་བཅས་རང་རེའི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་བཀའ་གྲོས་གནང་རྗེས་མཐར་བཙན་པོས་བཀས་བཅད་མཛད་པ་ཞིག་ཡིན། བམ་པོ་གཉིས་པར་སཾ་བོད་ཤན་སྦྱར་གྱི་མིང་མཛོད་《བྱེ་བྲག་རྟོགས་བྱེད་འབྲིང་པོ་》གཏན་ལ་ཕབ་ཡོད་ཅིང་། དེ་ནི་བྱེ་བྲག་རྟོགས་བྱེད་ཆེན་མོའི་དཀའ་གནད་རྣམས་ཀྱི་འགྲེལ་པ་ཡིན་པའི་སྐོར་《སྒྲ་སྦྱོར་བམ་གཉིས་》ཀྱི་མཇུག་བྱང་དུ། “སྐད་བྱེ་བྲག་ཏུ་བཤད་པ་འདི་ནི་འབྲིང་པོའོ། །ཆེན་པོའི་དཀའ་བའི་གནས་དང་སྒྲའི་གཞུང་དང་སྦྱར་ཏེ་བཤད་པའི་ཡིན་ནོ་” (26)ཞེས་འཁོད་ཡོད། སྐད་གསར་བཅད་ཐེངས་གཉིས་པ་གཏན་ལ་ཕབ་པའི་ཡུལ་དང་། དུས་ནི་ཁྲི་ལྡེ་སྲོང་བཙན་གྱིས་ཕོ་བྲང་འོན་ཅང་རྡོར་བོད་ཤིང་རྟ་སྟེ་སྤྱི་ལོ་814ལ་ཡིན་པ་ཉེ་དུས་ལོ་རྒྱུས་སྨྲ་བའི་མཁས་དབང་དུ་མས་ཞིབ་འཇུག་གཏན་འཁེལ་གནང་ཟིན་ཕྱིར་འདིར་རྒྱས་སྤྲོས་མི་ཞུ།

སྐད་གསར་བཅད་གསུམ་པ་ནི་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་དངོས་སློབ་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་《དག་ཡིག་ལི་ཤིའི་གུར་ཁང་》ལས།“སྐད་གསར་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་དཔང་ལོ་ཙཱ་བ་ཆེན་མོ་དང་སྙིགས་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་པ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཡིན་ལ་” (27)ཞེས་གསུངས་པ་ལྟར་སྤྱི་ལོའི་དུས་རབས་བཅུ་པའི་དུས་དཀྱིལ་ཙམ་ལ་བསྟན་པའི་མེ་རོ་སྟོད་སྨད་གཉིས་ནས་སླར་གསོ་བྱུང་བ་དང་བསྟུན་ནས། ལོ་ཆེན་རིན་ཆེན་བཟང་པོས་གཙོས་པའི་མཁས་གྲུབ་རྣམས་ཀྱིས་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་གཞིར་བྱས་བརྡ་རྙིང་པ་རྣམས་སྐད་གསར་བ་དང་བསྟུན་ནས་དག་བཅོས་བྱས་པ་དང་ཡི་གེ་འགའ་ཞིག་ཟོར་ཡང་དུ་བཏང་བ་སོགས་ལ་སྐད་གསར་བཅད་གསུམ་པ་ཟེར། དེ་ཡང་སྐད་གསར་བཅད་དང་པོ་དང་གཉིས་པར་གཙོ་ཆེར་བོད་སྐད་དུ་བསྒྱུར་བའི་སངས་རྒྱས་ཆོས་ལུགས་ཀྱི་ཐ་སྙད་གཅིག་གྱུར་གནང་བ་སྟེ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་“དོན་དུ་སྐད་གསར་བཅད་ཅེས་པའི་གོ་རྒྱུའི་ལྟེ་བ་ནི་ལེགས་སྦྱར་གྱི་ཚིག་གཅིག་ལ་ལོ་ཙཱ་བའི་དབང་གིས་སྐད་དོད་མི་འདྲ་བ་སྣ་ཚོགས་བེད་སྤྱོད་བྱས་རྐྱེན་གྱིས་མགོ་རྙོག་བྱུང་བས་ན་ཕྱིས་སུ་ཆོས་ཚིག་གཅིག་གྱུར་ཡོང་ཕྱིར་བོད་ཚིག་དང་ལེགས་སྦྱར་ཚིག་གཏན་འབེབས་བྱས་པ་དེ་ལ་ཟེར་” (28)ཞེས་གསུངས་པ་ལྟར་གཙོ་བོར་ཆོས་ཚིག་གཅིག་གྱུར་ལ་དམིགས་ནས་སྐད་གསར་བཅད་གནང་བ་དང་། ཐེངས་འདིར་གཙོ་བོ་དག་ཆ་དང་ཡིག་གཟུགས་ཐད་ལེགས་བཅོས་གནང་ཡོད། དཔེར་ན། འོད་གཟེར་ལ་འོད་ཟེར་དང་། སྐྱིལ་འཁོར་ལ་དཀྱིལ་འཁོར། འཁོར་ཡུག་ལ་ཁོར་ཡུག  གཉི་ཟླ་ལ་ཉི་ཟླ། མྱི་ལ་མི། གཉིས་བཅུ་ལ་ཉི་ཤུ་སོགས་སུ་བཅོས་པ་མ་ཟད། བཀའས་སོགས་ཀྱི་མིང་མཐའ་འ་བསྡུས་པ་དང་། ད་དྲག་དོར་བ། གི་གུ་ཕྱིར་ལོག་ཅན་རྣམས་ལེགས་བཅོས་མཛད་པ་བཅས་ཡིན། དེ་ནས་བཟུང་རང་རེའི་བོད་ཀྱི་སྐད་ཡིག་འདི་ཉིད་རིམ་བཞིན་འཐུས་ཚང་དང་ཚད་ལྡན་དུ་ཕྱིན་པའི་སྐོར་“དེའི་རྗེས་སུ་བླ་མ་ལོ་ཆེན་པཎྜི་ཏ་འདིའི་གསུང་ལས་སྐྱེས་པའི་སློབ་མ་ལོ་ཙཱ་བ་མཆོག་ཏུ་གྱུར་པ་ལོ་ཆུང་ལེགས་པའི་ཤེས་རབ་དང་། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་སོགས་མང་དུ་བྱུང་བ་རྣམས་ཀྱིས་རྒྱུན་མཐུད་པ་ནས་བོད་རབ་བྱུང་བདུན་པའི་ནང་ཐོན་པའི་སྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲ་སྟེ་ཞ་ལུ་ཆོས་སྐྱོང་བཟང་པོའི་བར་དུ་སྔ་རྗེས་ཀྱི་ལོ་ཙཱ་བ་མཁས་པ་བརྒྱ་དང་བདུན་ཅུ་ལ་ཉེ་བས་སྐད་གསར་བཅད་ཀྱི་འཕྲིན་ལས་བསྐྱངས་ཤིང་། བརྡ་དག་གཏན་ལ་ཕབ་ཅིང་སྡེ་ཚན་སོ་སོར་ཕྱེ་ནས་བསྒྲིགས་པའི་མིང་གི་རྣམ་གྲངས་གསལ་བ་《དག་ཡིག་གང་གཱའི་ཆུ་རྒྱུན་》དང་། 《སྒྲ་དོན་རྒྱ་མཚོའི་མེ་ལོང》 《དག་ཡིག་ཟ་མ་ཏོག་》སོགས་བཅུ་ཕྲག་དུ་མ་དང་།བརྡ་སྤྲོད་གཞུང་ལུགས་ཀྱི་འགྲེལ་པ་གསར་རྙིང་ཤིན་ཏུ་མང་པོ་སྤེལ་ནས་སྐད་ལུགས་ཡིག་སྲོལ་ཚད་ལྡན་ངེས་སྲོལ་ཅན་དུ་གྱུར་བར་བྱས་ཡོད་” (29)ཅེས་གསུངས། 

མདོར་ན་སྐད་གསར་བཅད་ཅེས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་ཐ་སྙད་གཅིག་གྱུར་ཡོང་ཕྱིར་སྐད་ཡིག་འཕེལ་འགྱུར་གྱི་འགྲོས་དང་བསྟུན་ནས་བརྡ་རྙིང་དང་དག་ཆ་འབྲི་ཀློག་མི་བདེ་བ་དང་། ཡུལ་སྐད་ཀྱི་བསླད་པ་སོགས་བཅོས་བྱས་ཏེ་མཐར་རྒྱལ་པོས་བཀས་བཅད་དེ་ཁྱབ་བསྒྲགས་བྱས་པར་ཟེར་ཞིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་ཐམས་ཅད་ཀྱིས་རྟོགས་ཤིང་གོ་ཐུབ་པ་ཡིན་” (30)ཞེས་གསུངས་པ་ལྟར་སྐད་ཡིག་གཅིག་མཐུན་བྱུང་བ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྐད་གསར་བཅད་རིམ་གསུམ་གནང་བ་དང་ཕྱིས་སུ་དཔར་འདེབས་ལག་རྩལ་དར་བ་ལ་བརྟེན་ནས་བྱུང་བ་ཡིན་པ་ཚང་མས་མཁྱེན་གསལ་ཡིན།

གཉིས། བཀའ་གཙིགས་གནང་བའི་དགོས་པའི་སྒོ་ནས་དབྱེ་བ།

1.བློན་པོ་སོགས་ཀྱིས་སྙན་སེང་ཞུས་སྐོར་ལ་གནང་བའི་བཀའ་གཙིགས། 《ཏུན་ཧོང་གཏེར་ཡིག་》ལས་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ནང་དབའས་ཕངས་ཏོ་རེ་དབྱི་ཚབ་ཀྱིས་བཙན་པོའི་ཞབས་འབྲིང་སྙ་དོ་རེ་གཙུག་བློན་ཞེས་པ་བརྒྱུད་ནས་བཙན་པོ་སྲོང་བཙན་སྒམ་པོར་སྙན་ཞུ་གསོལ་ནས་བཀའ་གཙིགས་བསྩལ་བའི་སྐོར། “……བཙན་པོ་ཞ་སྔ་ནས། །བཀའ་སྩལད་པའ། །མྱི་དྲིན་མྱྀ་ནི་སྙིང་མྱྀ་གཆད། །རྟ་ལྷེ་འུ་རྟ་ནི་སྒལ་མྱི་དབྱུང་། །སྔ་ན་ང་འྀ་ཡབ་ཀྱི་རྀང་ལ། །འབྲིང་ཐོ་རེ་སྦུང་བརྩན། དང་། ཕངས་ཏོ་རེ་དབྱི་ཚབ་དང་ཁྱེད་གཉྀས། །ཆབ་ཕ་རོལ་ཚུ་རོལ་གྱི། །གུང་བློན་འཚོལ་ཆིག་པར་དགོད། དགོད་(དགོང་དགོང)པ་ལས།འབྲིང་ཏོ་རེ་སྦུང་བསྩན་ནྀ་ཤི། །ཁྱོད་ནྀ་རྒས་སྟེ་ཉི་མ་འདེར་གནང་སྟེ་བཞག། །མྱང་ཞང་སྣང་བློན་ཆེར་བསྐོས་ཏེ་བཞག་ན། །ཡབ་ནོངས་ནས། མྱང་གིས་ཀྱང་གློ་བ་རིང་སྟེ། བཀྱོན་ཕབ་པའ། ཡྀན་ནོ་། །ད་ཁྱེད་དབའས་ཕ་ཆྀག་ནི། །གདོའ་ཐག་གཉྀས་སུ། །གློ་བ་མ་རིངས་བས། །ལ་མོ་ཆག་པ་པྲུམ་དུ་པྱག་ཐབ་ཀྱང་གསོལ་ཆིག། །དབུ་སྙུང་ཡང་གནང་ངོ་ཞེས་བཀའ་སྩལཏོ། ། ” (31)ཞེས་པ་ལྟར་དང་། དེ་བཞིན་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་དེ་ཡང་ཀོང་དཀར་པོ་མང་པོ་རྗེས་བཙན་པོར་སྙན་ཞུ་ཕུལ་ནས་གནང་བའི་དཔེ་མཚོན་ཞིག་སྟེ་དེའི་མ་ཡིག་ནང་དུ། “ཐོག་མ་མཆེད་གྱེས་ནས། ཕ་མྱེས་དང་པོ་ལྷ་མྱྀ་མ་ཕྱེ་བ་ཚུན་ཆད། བདེ་སྐྱྀད་ཅྀང་། ཆུ་སྲྀད་གཡུང་དྲུང་དང་འདྲ་བར་གནང་གྀས་ཀྱང་།དེང་སང་དུ་ཁབ་སོ་དཔོན་སྣ་དགྀས། །ཁྲལ་གྱྀ་སྣ་བཙལ་ཏེ།གཙེས་ཤྀང་མཆིས་ན་། ནམ་དུའང་བདེ་བར་ཐུགས་པགས་མཛད་པའྀ་། གཙྀགས་ཙཾ་ཞྀག་ཅྀ་གནང་ཞེས་གསོལད་ནས།དེ་བཞྀན་དུ་གནང་སྟེ། །གཙྀགས་འཕྲ་མེན་སྒྲོམ་བུ་སྩལད་བའྀ་དཔེར་བྲྀས་པའ།” ཞེས་འཁོད་ཡོད།

གཞན་ཡང་ཁྲི་ལྡེ་སྲོང་བཙན་གྱིས་བན་དེ་མྱང་ཏིང་འཛིན་བཟང་པོའི་བྱས་རྗེས་ལ་དྲིན་གསོ་ཕྱིར་བཀའ་གཙིགས་སྔ་ཕྱི་གཉིས་གནང་བ་ལས་བཀའ་གཙིགས་ཡི་གེ་ཕྱི་མ་དེ་ནི་བན་དེ་མྱང་ཏིང་ངེ་འཛིན་གྱིས་རང་ཉིད་ཀྱི་བྱས་རྗེས་ལ་གཞིགས་ཏེ་གཙིགས་ཕྱི་མ་ཡང་སྣོན་དུ་རེ་ཞུས་ལྟར་ཞལ་བཞེས་གནང་བ་ཞིག་ཡིན། དེ་ཡང་བཀའ་གཙིགས་སྔ་མར། སྔོན་མྱང་དབཱས་སྙྀང་ཉེ་ཞྔ་ཞོ་ཤ་ཕུལ་བར་འདྲ་བ་ལས། དབཱས་ཀྱྀ་ཟླ་དྔ་སྦྱར་ན། མྱང་བཀཱ་དྲྀན་ཆུངས་བ་འདྲ་ནས།ངའྀ། བཀས། །མྱང་གྀ་གཙྀཊ་ཀྱང་ཟུར་ཕྱུང་བརྣན་བསྐྱེད་དེ་གནང་ངོ༌་། །ཞེས་དང་། ཡང་བཀའ་གཙིགས་ཕྱི་མར།གཙྀགས་སྔ་མ་གནང་བའྀ་ཚེའང་ཟླ་དཔེ་དང༌། ཞོ་ཤའྀ་རྐྱེན་བཞྀན:བཀཱ་དྲྀན་འོས་པ་ཙམ་དུ་གནང་བ་ལས། བན་དེ་ཉིད་ཀྱིས། བཀཱ་དྲྀན་མྱྀ་ནོད་པར་གསོལ་ནས། །གཙྀགས་རན་པར་དཔགས་པ་ལས:ཀྱང་ཕྲྀ་ཞིང་སྨད་པ་ཞོ་ཤའྀ་རྐྱེན་དུ་མ་བབ་སྟེ། བཀཱ་དྲིན་ཆུངས་ཤྀང་ཕམ་པར་གྱུརད། །ཅེས་བཙན་པོས་སྔོན་མྱང་དབའས་གཉིས་ཀྱི་བྱས་རྗེས་མཚུངས་པར་སྣང་ཡང་། དབའས་དང་བསྡུར་ན་མྱང་ཏིང་ངེ་འཛིན་ལ་གཟིགས་བཟོས་ཅུང་ཟད་ཆུང་བས་ཟུར་དུ་གནང་རྒྱུའི་ཞལ་བཞེས་གནང་བ་དང་། མྱང་གིས་ཀྱང་དེ་ལྟར་བཀའ་གཙིགས་འཕར་མ་གནང་བའི་རེ་ཞུ་ཕུལ་བའི་ངོར་བཀའ་གཙིགས་ཕྱི་མ་འདི་ཉིད་གནང་བར་མངོན།

2.བཙན་པོས་སངས་རྒྱས་ཆོས་ལུགས་སྤེལ་ཕྱིར་གནང་བའི་བཀའ་གཙིགས། སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་བར་དགོངས་ནས་བཙན་པོ་རིམ་བྱོན་གྱིས་གནང་བའི་བཀའ་གཙིགས་སྐོར་གོང་དུ་ཞུས་ཟིན་པ་བཞིན་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་དང་། རྒྱལ་སྡེ་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་ཡི་གེ །བྲག་གཡབ་རི་མདའ་ལྡན་མའི་བྲག་བརྐོས་ཡི་གེ །སྟོད་ལུང་མཚུར་ཕུ་དགོན་གྱི་རྡོ་རིང་ཡི་གེ །ཁྲོམ་ཆེན་གྱི་རྡོ་རིང་ཡི་གེ །དེ་བཞིན་རྒྱལ་རབས་ཆོས་འབྱུང་ནང་དྲངས་པའི་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་བཀའ་གཙིགས་ཡི་གེ་གཉིས་དང་ཁྲི་ལྡེ་སྲོང་བཙན་སྐུ་དུས་ཀྱི་བཀའ་གཙིགས་ཡི་གེ་སོགས་ཡོད།

གསུམ། བཀའ་གཙིགས་གནང་བའི་དུས་རིམ་གྱི་སྒོ་ནས་དབྱེ་བ།

1.བཙན་པོ་ཁྲི་སྲོང་བརྩན་གྱི་སྐབས་སུ་གནང་བའི་བཀའ་གཙིགས། ད་བར་རྙེད་སོན་བྱུང་བའི་ཡིག་ཆར་གཞིགས་ན་བཙན་པོ་ཁྲི་སྲོང་བརྩན་སྐབས་སུ་བཀའ་གཙིགས་གནང་བའི་སྲོལ་ཐོག་མར་དར་ཞིང་། སྐབས་དེར་རྒྱལ་བློན་དབར་གྱི་འགལ་བ་རྣོ་ངར་ཅན་དུ་གྱུར་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་བཙན་པོས་དབའས་དབྱི་ཚབ་ལ་དམིགས་བསལ་གྱི་ཞལ་བཞེས་ཡི་གེ་ཞིག་གནང་ངོ་། །

2.བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་གནང་བའི་བཀའ་གཙིགས། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བཀའ་གཙིགས་གནང་བའི་ལམ་སྲོལ་རིམ་བཞིན་འཐུས་ཚང་དུ་ཕྱིན་ཏེ་རྒྱལ་བློན་དབར་གྱི་འགལ་བ་ཞི་བའི་ཕྱིར་བློན་སྟག་སྒྲ་ཀླུ་ཁོང་ལ་ད་ལྟའི་ཞོལ་རྡོ་རིང་གི་བཀའ་གཙིགས་འདི་ཉིད་གནང་བ་མ་ཟད། སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་ཕྱིར་ཆོས་གཙིགས་ཀྱི་ཐོག་མ་བསམ་ཡས་གཙུག་ལག་ཁང་གི་བཀའ་གཙིགས་འདི་ཉིད་གནང་ངོ་། །གཞན་ཡང་ལྕགས་ཕག་སྟེ་སྤྱི་ལོ་771ལ་ཕོ་བྲང་ཟུར་ཕུད་རྐྱང་བུ་ཚལ་གྱི་ཕོ་བྲང་དུ་བན་བོན་རྩོད་གླེང་བྱས་ཏེ་མཐར་སངས་རྒྱས་ཆོས་ལུགས་ལས་བོན་ལུགས་བགྱིད་དུ་མི་གནང་བ་དང་། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མཇུག་ཙམ་ལ་བསམ་ཡས་སུ་སྟོན་རྩེན་རྩོད་གླེང་བྱས་ཏེ་མཐར་རྩེན་མེན་གྱི་ལུགས་ལས་སྟོན་མེན་གྱི་ལུགས་སྤེལ་མི་ཆོག་པ་སོགས་ཀྱི་བཀའ་གཙིགས་གནང་བར་མངོན་ཡང་ད་ཕན་དེ་དག་གི་མ་ཡིག་མ་རྙེད།

3.བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་གནང་བའི་བཀའ་གཙིགས། བཙན་པོ་ཁྲི་ལྡེ་སྲོང་བཙན་ནི་སྤུ་རྒྱལ་བཙན་པོའི་ཁྲོད་བཀའ་གཙིགས་གནང་བ་མང་ཤོས་ཡིན་ཞིང་སྐབས་དེར་རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་བཀའ་གཙིགས་དང་། མྱང་ཏིང་ངེ་འཛིན་ལ་གནང་བའི་བཀའ་གཙིགས་སྔ་ཕྱི་གཉིས། རྐོང་ཀར་པོ་མང་པོ་རྗེ་ལ་གནང་བའི་བཀའ་གཙིགས། བློན་ལྡེ་སྨན་ལྡེའུ་ཆུང་ལ་གནང་བའི་བཀའ་གཙིགས་བཅས་ཡོད།

4.བཙན་པོ་ཁྲི་རལ་པ་ཅན་གྱི་སྐབས་སུ་གནང་བའི་བཀའ་གཙིགས། བཙན་པོ་ཁྲི་རལ་པ་ཅན་གྱིས་ཞང་ཚེས་པོང་ཉ་སྟོ་ལ་ད་ལྟའི་མཚུར་ཕུ་དགོན་གྱི་བཀའ་གཙིགས་དེ་ཉིད་གནང་བ་མ་ཟད། གཞན་ཡང་གཙུག་ལག་ཁང་དང་བན་དྷེར་དམིགས་བསལ་གྱི་ལྷ་རིས་དུད་ཁྱིམ་གནང་བའི་སྐོར་རྒྱལ་རབས་ཆོས་འབྱུང་རྣམས་སུ་འཁོད་ཀྱང་ད་ཕན་དེའི་སྐོར་གྱི་མ་ཡིག་ལག་སོན་མ་བྱུང་།

བཞི། བཀའ་གཙིགས་ཡི་གེར་རྣམ་པའི་སྒོ་ནས་དབྱེ་བ། བཀའ་གཙིགས་ཡི་གེའི་དཔྱད་གཞིའི་ཡོང་ཁུངས་སམ་རྣམ་པའི་སྒོ་ནས་དབྱེ་ན། 1.རྡོ་ངོས་སུ་བརྐོས་པའི་བཀའ་གཙིགས་ཡི་གེ་སྟེ་བསམ་ཡས་རྡོ་རིང་དང་ཞོལ་རྡོ་རིང་སོགས་ལྟ་བུ། 2.ཏུན་ཧོང་གཏེར་ཡིག་ནས་ཐོན་པའི་བཀའ་གཙིགས་ཡི་གེ་སྟེ་བཙན་པོ་ཁྲི་སྲོང་བརྩན་གྱིས་དབའས་ཕངས་ཏོ་རེ་དབྱི་ཚབ་ལ་གནང་བའིབཀའ་གཙིགས་ལྟ་བུ།3.བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཐོག་ཏུ་འཁོད་པའི་བཀའ་གཙིགས་ཡི་གེ་དཔེར་ན། བཙན་པོའི་དུས་ཀྱི་ལོ་རྒྱུས་དཔེ་རྙིང་《དབའ་བཞེད་》ཀྱི་ནང་དུ་འཁོད་པའི་བཀའ་གཙིགས་ཀྱི་ཡི་གེ་གསུམ་(32)བཅས་པ་ལྟ་བུའོ། །

དཔྱད་གཞིའི་ཡིག་ཆ།

①《དུང་དཀར་ཚིག་མཛོད་ཆེན་མོ་》ལྟར་ན། “རྒྱལ་རྒྱུད་སྲས་མང་པོ་ཡོད་པའི་ནང་ནས་གཅིག་རྒྱལ་པོར་བསྐོས་ནས་གཞན་རྣམས་འབངས་ཀྱི་གྲས་སུ་ཕབ་པ་སྟེ། ལྡེ་བརྒྱད་ནང་གི་བསེ་སྣོལ་ནམ་ལྡེའི་གཅེན་པོ་དང༌། ལེགས་དྲུག་ནང་གི་ཨི་ཤོ་ལེགས་ཀྱི་གཅེན་པོ་བཙན་ལྔའི་ནང་གི་རྒྱལ་ཏོ་རེ་ལོང་བཙན་གྱི་གཅུང་པོ་ལྷབ་ནག ཁྲི་ཐོག་རྗེ་ཐོག་བཙན་གྱི་གཅུང་པོ། རྒུང་མཐའ། སྣུབས་མཐའ་འབྲིང་སྙ། སྙ་འབྲིང་བཅས་བཞི། ལྷ་ཐོ་ཐོ་རིའི་གཅུང་པོ་ལྷ་བཟང་༌། འབྲོ་གཉན་ལྡེའུའི་གཅུང་པོ་རྨུ་བཙན་དང་༌། མོན་བུ་རྒྱལ་མཚན་གཉིས། གནམ་རི་སྲོང་བཙན་གྱི་གཅུང་པོ་འོལ་གོད་ཚ་བློན་གེར་ལེགས། སྲོང་བཙན་སྒམ་པོའི་གཅུང་པོ་ཚེས་སྤོང་ཚ་གཉལ་དུ་སྤྱུགས་ནས་བཀྲོངས། མང་སྲོང་མང་བཙན་གྱི་གཅུང་པོ་འ་ཞ་ཚ་མེར་ཀེ་ཐང་མཚམས་སུ་ཕབ་པས་འགག་ཁྲིར་གྲོངས། འདུས་སྲོང་མང་པོ་རྗེའི་གཅུང་པོ་རུ་ཡོང་ཚ་དུར་བུའི་བདག་དང་ཁུ་ཆུའི་བདག་གཉིས། ཁྲི་ལྡེ་གཙུག་བརྟན་གྱི་གཅེན་པོ་པ་ཚབ་ཚ་ལྷ་བལ་པོ་དང༌། གཅུང་པོ་ལོད་པོ། ལོད་ཆུང་བཅས་གསུམ།” ཞེས་འཁོད། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་1034

②དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་132

③④⑤དབང་རྒྱལ་དང་བསོད་ནམས་སྐྱིད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980ལོ། ཤོག་ངོས་41; 45; 45

⑥⑦⑧དབང་རྒྱལ་དང་བསོད་ནམས་སྐྱིད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980ལོ། ཤོག་ངོས་46; 41; 42

⑨⑩⑪⑫དབང་རྒྱལ་དང་བསོད་ནམས་སྐྱིད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980ལོ། ཤོག་ངོས་43; 51; 44; 52

⑬⑭དབང་རྒྱལ་དང་བསོད་ནམས་སྐྱིད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980ལོ། ཤོག་ངོས་52; 52-53

⑮ལྡེའུ་ཇོ་སྲས། 《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་104

⑯ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་61

⑰དབང་རྒྱལ་དང་བསོད་ནམས་སྐྱིད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980ལོ། ཤོག་ངོས་67; 37

⑱ མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། 《བསྟན་རྩིས་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ།

⑲སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ།

⑳《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》 (པོད་གསུམ་པ)[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་295

(21) དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》 [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་215

(22)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་314

(23) བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། 《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003 ལོ། ཤོག་ངོས་73 

(24) འཕྲིན་ལས་ཆོས་གྲགས། 《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》 [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་85-86

(25) (26)བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། 《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་204; 204

(27)སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་6

(28)《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་བསྒྲིགས》 [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1999ལོ། ཤོག་ངོས་840

(29)འཕྲིན་ལས་ཆོས་གྲགས། 《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》 [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་269-270

(30)《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》(པོད་གསུམ་པ) [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་268

(31)བསོད་ནམས་སྐྱིད་དང་དབང་རྒྱལ། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས་120-121

(32)བན་བོན་རྩོད་གླེང་བྱས་ཏེ་མཐར་སངས་རྒྱས་ཆོས་ལུགས་ལས་བོན་ལུགས་བགྱིད་དུ་མི་གནང་བའི་སྐོར་གྱི་བཀའ་གཙིགས་དང་། བསམ་ཡས་སུ་སྟོན་རྩེན་རྩོད་གླེང་བྱས་ཏེ་མཐར་རྩེན་མེན་གྱི་ལུགས་ལས་སྟོན་མེན་གྱི་ལུགས་སྤེལ་མི་ཆོག་པའི་བཀའ་གཙིགས། དེ་བཞིན་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་གཙུག་ལྡེ་བཙན་སོགས་ཀྱིས་གཙུག་ལག་ཁང་དང་བན་དྷེར་ལྷ་རིས་དུད་ཁྱིམ་གནང་བའི་བཀའ་གཙིགས་བཅས་གསུམ་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།