བོད་བཙན་པོའི་སྐབས་ཀྱི་མནའ་ཡི་ཕན་ནུས་ལ་ཅུང་ཟད་དཔྱད་པ།

ནང་དོན་གནད་བསྡུས། མནའ་ནི་རང་རེའི་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཐད་ཀར་འབྲེལ་བ་དམ་པོ་ཡོད་པའི་གནའ་བོའི་རིག་གནས་ཀྱི་སྣང་ཚུལ་གལ་ཆེན་ཞིག་ཡིན་པས། དཔྱད་རྩོམ་འདིར་བོད་བཙན་པོའི་སྐབས་ཀྱི་མནའ་ཡི་བྱུང་བ་དང་འཕེལ་རིམ་ནས་འགོ་བརྩམས་ཏེ། མནའ་དང་དངོས་ཡོད་སྤྱི་ཚོགས་བར་གྱི་འབྲེལ་བ་སོགས་གཞིར་བྱས་ནས་བོད་བཙན་པོའི་སྐབས་ཀྱི་མནའ་ཡི་ཕན་ནུས་ལ་དཔྱད་པ་ཅུང་ཟད་བྱས་ཡོད།

བརྡ་ཆད་གཙོ་བོ།བཙན་པོའི་སྐབས། མནའ། ཕན་ནུས།

གླེང་གཞི།

དེ་ཡང་འདིར་དཔྱད་པར་བྱ་བའི་མནའ་ནི་བོད་བཙན་པོའི་སྤྱི་ཚོགས་ནས་བཟུང་ཕན་ནུས་ཤིན་ཏུ་ཆེ་བའི་རིག་གནས་ཀྱི་ངོ་བོ་ཤིག་ཏུ་གྱུར་ཡོད་ལ། རང་རེའི་ཁ་རྒྱུན་དུའང་མིས་མི་ཟ་མནའ། །ཁྱིས་མི་ཟ་ལྕགས། །ཞེས་པ་དང་། བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་ཞེས་པས་ཀྱང་མནའ་ཡིས་རང་རེའི་བོད་ཀྱི་སྤྱི་ཚོགས་སུ་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་ཤེས་སླ་ལ། སྔོན་ཆད་མནའ་བསྐྱལ་བའི་སྐབས་སུའང་དམར་བསང་གཏོང་བ་དང་རྡོ་ལ་ཡི་གེ་བརྐོ་བ། ལག་ལ་རྡེའུ་དཀར་ལེན་སྲོལ་སོགས་སྣ་ཚོགས་སུ་སྣང་། ལྷག་པར་དུ་བོད་རྒྱལ་གྲི་གུམ་བཙན་པོའི་སྐུ་དུས་སུ་མནའ་ཚིག་ཡི་གེར་བཀོད་པ་དེ་ནི་ད་ཕན་མཐོང་བའི་ཡིག་ཐོག་གི་མནའ་ཆེས་སྔ་ཤས་སུ་བརྩི་བཞིན་ཡོད་པས། མནའ་ཡི་མགོ་ཁུངས་ནི་དེ་བས་ཀྱང་རྒྱུན་རིང་བ་སྨོས་མ་དགོས་ཤིང་། མནའ་ཡི་དུས་སྐབས་སོ་སོའི་འཕེལ་རིམ་སྣ་ཚོགས་ཀྱིས་སྐབས་དོན་སྤྱི་ཚོགས་དང་མི་མང་ལའང་ཕན་ནུས་བླ་ལྷག་ཅིག་ཐོན་པས། འདིར་ཡི་གེར་བཀོད་པའི་མནའ་ཚིག་རྣམས་གཞི་བྱས་ཏེ་མནའ་ཡི་ཕན་ནུས་རགས་ཙམ་བཤད་པའི་འདུན་མ་སྐྱེས། སྤྱིར་ན་གུས་པ་ལྟ་བུ་ཞིག་གིས་འདས་སོང་གི་ལོ་རྒྱུས་རིང་མོར་ལག་སྙོབ་བྱས་ཏེ་སྐབས་དེའི་སྤྱི་ཚོགས་དང་ཆབ་སྲིད་སོགས་ལ་མཁོ་གལ་ཆེ་བའི་མནའ་ཡི་ཕན་ནུས་སྐོར་ལ་དཔྱད་པ་གཏོང་བ་ནི་དཀའ་བའི་གནས་སུ་ངེས་ཀྱང་།བོད་བཙན་པོའི་སྐབས་ཀྱི་མནའ་ཡི་ཕན་ནུས་ནི་ད་སྐབས་ཀྱི་མི་རྣམས་ཀྱིས་རང་གི་སྐྱོན་འགེབ་དང་ངོ་ཚ་སྤོང་སླད་ཙམ་དུ་བག་མེད་འཛེམ་མེད་ཀྱིས་བསྐྱལ་བ་འདི་དང་ཁྱོན་ནས་མི་འདྲ་བར། གཏན་ཚིགས་དང་རིན་ཐང་ཆེན་པོ་ལྡན་པ་ཞིག་རེད་འདུག  ལར་ནས་མནའ་བསྐྱལ་བ་འམ་བྲོ་བོར་བ། ཡང་ན་དབུ་སྙུང་བ། བྲོ་བསྩལ་བ་སོགས་དོན་མཐུན་པ་ཡིན་ཚུལ་མཁས་པ་དག་གིས་མང་དུ་གསུངས་འདུག་ལ། བཙན་པོའི་སྐབས་སུ་མནའ་བོར་བ་ན་སྲོག་གི་ཕྱིར་དུའང་མི་གཏོང་བ་ལོ་རྒྱུས་ཡིག་ཆ་ཁག་ལས་མཐོང་ཐུབ་པ་ལྟར་ལགས་པས། ཐེངས་འདིར་གུས་པས་སྤོབས་པ་ཆེར་བསྐྱེད་ཀྱིས་བསྡོམས་པས་ཕྱོགས་གསུམ་ནས་བོད་བཙན་པོའི་སྐབས་ཀྱི་མནའ་ཡི་ཕན་ནུས་སྐོར་མདོ་ཙམ་ཞུ་བར་བྱའོ། །

དང་པོ། མནའ་ཡི་གོ་དོན་དང་བྱུང་འཕེལ།གཅིག  མནའ་ཡི་གོ་དོན།    

མནའ་ཞེས་པར་དུས་སྐབས་སོ་སོའི་མཁས་དབང་རྣམས་ལ་འགྲེལ་ལུགས་སྣ་ཚོགས་ཤིག་མཆིས་ཀྱང་། མདོར་ན་དྲང་བོར་འཇུག་པ་སྟེ། <<བོད་ཀྱི་བརྡ་རྙིང་ཚིག་མཛོད།>>དུ་“མནའ་ཞེས་པ་ནི་དྲང་བོའི་ཚིག”1ཅེས་བཀོད་འདུག་ལ། དབུ་སྙུང་དང་བྲོ་སྩལ་སོགས་དོན་གཅིག་ཏུ་བབས་འདུག་པ་གཞུང་གཞན་ན་རྒྱས་པར་བཤད་འདུག་པ་ལྟར་ལ།<<ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག>>ལས་བཅུ་གཅིག་པ་བསྙོམ་ཧམ་མནའ་དག་གི་ཞལ་ལྕེ་ནང་དུ་“ཡིན་མིན་བསྙོན་བྱུང་བར་མནའ་བྱེད་དགོས་ཤིང་། མནའ་ཞེས་པར་རང་ལུས་གདོང་གི་དྲང་བོར་གནས་པ་ལ་སྣ་ཡོད་པའི་དཔེ་དེར་བཞག་ནས་མནའ་ཞེས་ཀྱང་ཡིན་ཞིང་།”2ཞེས་བཀོད་འདུག <<བརྡ་གསར་རྙིང་གི་རྣམ་བཞག་བློ་གསལ་ཡིད་འཕྲོག>>ལས“དབུ་སྙུང་ཞེས་པ་ནི་མནའ་ཚིག་བོར་བའི་དོན།”3ཞེས་དང་། <<བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་འཁྲོལ།>>ལས་“དབུ་སྙུང་ནི་མནའ་སྐྱེལ་”4ཞེས་དང་། སླར་ཡང་དེ་ཉིད་ལས་མནའ་ནི་དམ་བཅས་པའི་དོན་དུའང་འགྲེལ་འདུག དེས་ན་མནའ་བསྐྱལ་བ་ནི་རང་ཉིད་ཀྱི་བདེན་པ་ར་སྤྲོད་པ་དང་། ཡང་ན་མི་འགྱུར་བའི་དམ་བཅའི་ཚུལ་ཏུ་ཚིག་དྲང་བོར་སྨྲས་པ་དང་མཚུངས། ཡང་སྐབས་འགར་མནའ་དང་དམ་བཅའ་གཉིས་མི་འདྲ་སྟེ། མནའ་བསྐྱལ་བའི་སྐབས་སུ་ངེས་པར་དུ་དཔང་དུ་འཇོག་པའི་ཆོས་ཤིག་ཅིས་ཀྱང་མཁོ་སྟེ།<<བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་མནའ་གན་གྱི་བྱེད་ནུས་ཅུང་ཟད་གླེང་བ།>>་རུ་བོད་བཙན་པོའི་སྐབས་སུ་མནའ་བསྐྱལ་བར་ངེས་པར་དུ་ཆ་རྐྱེན་བཞི་ཚང་དགོས་ཞེས་བྲིས་ལས་དང་པོར་“ཐོག་མར་མནའ་བོར་བའི་གྲུབ་ཆ་གཙོ་བོ་མི་ཀ་བ་དང་ཁ་བ་ཞེས་ཕར་ཚུར་རམ་ཚོགས་སྤྱི་མང་པོ་འདུས་དགོས”5ཞེས་པས་གསལ་ལ། དཔེར་ན་སྔོན་མའི་དུས་སུ་ཉི་ཟླ་དང་ཕ་མ། དེང་སང་མཆོག་གསུམ་དང་སྲུང་མ་སོགས་དཔང་དུ་བཞག་དང་འཇོག་མུས་ལྟར་ལགས་ལ། དམ་བཅའ་བར་མནའ་བསྐྱལ་བ་ནང་བཞིན་ཁ་གཏད་དུ་འཇོག་བྱའི་ཆོས་ཤིག་མེད་ཀྱང་རུང་སྟེ། དཔེར་ན་ད་ནི་ཅིས་ཀྱང་དམ་པའི་ཆོས་ལ་འབད་པར་བྱའོ་ཞེས་བློ་ཐག་བཅད་པ་ལྟ་བུའོ། །

གཉིས། མནའ་ཡི་བྱུང་བ།     

ད་ཕན་མཇལ་བའི་དཔྱད་གཞི་ཁག་གཙོ་བྱས་ཏེ་ཅུང་ཟད་བཤད་ན། མནའ་ཡི་མགོ་ཁུངས་ནི་དུས་འདིའོ་ཞེས་མཐའ་གཅིག་ཏུ་ཐག་གཅོད་ངོས་འཛིན་གནང་པ་ཞིག་མི་འདུག་པས། དུས་སྐབས་ངེས་ཅན་ཞིག་ལ་མཛུབ་མོ་འཛུགས་དཀའ་རུང་། སྔོན་གྱི་རྡོ་རིང་ཡི་གེ་དང་ཁྲམ་བྱང་སོགས་སུ་མནའ་བསྐྱལ་བའི་ཡི་གེ་རྣམས་བཀོད་པ་ལྟར་ན། མནའ་ནི་བྱུང་བ་ཧ་ཅང་སྔ་བའི་དམངས་ཁྲོད་རིག་གནས་གལ་ཆེན་ཞིག་སྟེ། དགེ་རྒན་གུར་མགོན་ཚེ་རིང་གིས“མནའ་བསྐྱལ་བའི་གནས་ཚུལ་དེ་བཙན་པོའི་རྒྱལ་རབས་མ་ཆགས་སྔོན་ནས་ཡོད་མྱོང་བར་མ་ཟད། དམངས་ཁྲོད་ནས་རིམ་གྱིས་དར་ཁྱབ་བྱུང་སྟེ་བཙན་པོས་དབང་བསྒྱུར་དུས་སྤྱི་ཚོགས་ཀྱི་གྲལ་རིམ་མཐོ་ཤོས་ཀྱི་འབྲེལ་འདྲིས་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ཤེས།”6ཞེས་བྲིས་འདུག་པ་ཧ་ཅང་བདེན་པར་སྣང་སྟེ། གྲི་གུམ་བཙན་པོའི་དུས་ཀྱི་མནའ་ཡིག་ཡི་གེར་བཀོད་པ་རེག་ཏུ་ཡོད་པ་འདི་ནི་སྐབས་དེའི་མནའ་ཡི་རིན་ཐང་གི་མཚོན་རྟགས་ཤིག་དང་། མནའ་ཡི་སྤྱོད་སྒོ་ཧ་ཅང་ཆེ་བའང་མཚོན་ཐུབ། དེ་བས་མནའ་བསྐྱལ་བའི་སྲོལ་འདི་དེ་འདྲའི་ཁྱབ་རྒྱ་ཆེན་པོར་གྱུར་ཏེ་གཞུང་སྤྱོད་ལག་ཆ་ཞིག་ཏུ་གྱུར་པའི་གོ་རིམ་ནི་སྐད་ཅིག་ཙམ་མ་ཡིན་པར་དུས་རིམ་ངེས་ཅན་ཞིག་བརྒྱུད་མྱངས་པ་དངོས་པོའི་ཆོས་ཉིད་དུ་འཁུམས་སོ། །དེ་ཙམ་མ་ཟད<<བཀའ་ཐང་སྡེ་ལྔ།>>ལས“ལྷ་འདྲེ་དཔང་བཙུགས་མནའ་མཐོའི་འདུན་མ་བྱས། །”7ཞེས་གསལ་ལ་དང་། ལུང་ཀན་ཁྲོན་ལགས་ཀྱིས“མནའ་བསྐྱལ་བ་ནི་བོད་བཙན་པོའི་རྒྱལ་ཁབ་གཅིག་གྱུར་མ་བྱས་པའི་ཡར་སྔོན་དུ། བོད་ཀྱི་རུས་རྒྱུད་ཚོ་བ་ཁག་ནང་ཕན་ཚུན་ཁ་འཐོར་གཅིག་འདུས་དང་། མཉམ་འཛོམས་འགྲོགས་འདྲིས་སྣ་མང་བྱེད་སྤྱད་ཀྱི་ལག་ཐབས་ཤིག་ཡིན་པ་རེད།”8ཅེས་གསུངས་འདུག་ལ། དེ་ལས་ང་ཚོས་རུས་རྒྱུད་ཚོ་བ་ཁག་བྱུང་བའི་སྐབས་ནས་ཀྱང་མནའ་བསྐྱལ་ཚུལ་ཅིག་ཡོད་པ་ཤེས་ཐུབ། ཡིན་ཡང་མནའ་བསྐྱལ་ཚུལ་སོགས་ཕྱིས་དང་མི་འདྲ་བར་འགྱུར་བ་བྱུང་འདུག་པ་ཁོ་ཐག་རེད། ཐང་ཡིག་གསར་རྙིང་དུ་བོད་ཀྱི་མནའ་བོར་བའི་གནས་ཚུལ་བཀོད་པ་ལྟར་ན་རྗེ་བློན་རྣམས་ཀྱིས་ལོ་རེར་འདུན་མ་ཆུང་ངུ་རེ་དང་ལོ་གསུམ་སོང་བ་ན་འདུན་མ་ཆེན་པོ་ཞིག་བསྡུ་ལ། སོ་སོའི་དམར་མཆོད་གཏོང་ལུགས་སོགས་ཀྱང་མི་འདྲ་བ་ཁག་བྲིས་འདུག་པ་ལྟར་རོ། །མ་ཟད་དེབ་དཀར་མཁར་པོས“བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ།”9ཅེས་དང་། ཡང“སྲོག་ཆགས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བནྡེ་ཞིག་གིས་ཆོ་ག་གཏོང་། གནམ་ས་དང་ཉི་ཟླ་སྐར་གསུམ་དཔང་དུ་བཙུགས་ཏེ། ཁྱེད་ཅག་སུས་རང་ཡུལ་མི་སྲུང་ཞིང་། སེམས་ངན་དང་བསམ་པ་མ་དྲང་བ་བྱེད་ན། གནམ་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས། ད་ལྟ་བསད་འི་དུད་འགྲོ་འདི་རྣམས་བཞིན་དུ་དུམ་བུར་བྱོས་ལ་སོད་ཅིག”10ཅེས་བཀོད་འདུག་པ་འདིས་མནའ་མ་རྩིས་པའི་ཉེས་ཆད་ལྷ་མི་གཉིས་ཀྱིས་གཅོད་ངེས་པར་བསྟན་འདུག་པས་མནའ་ལ་སྲུང་བརྩི་བྱེད་དགོས་ལུགས་ལ་རེ་བ་ནན་གྱིས་བཏོན་པ་རེད།

གསུམ། མནའ་ཡི་འཕེལ་རིམ།

དེ་ལྟར་བཙན་པོའི་རྒྱལ་རབས་ཡན་ཆད་ནས་མནའ་བསྐྱལ་བའི་སྲོལ་དར་བ་དང་། དེ་ནས་རིམ་བཞིན་ཁྱབ་རྒྱ་ཇེ་ཆེ་དང་འཐུས་སྒོ་ཇེ་ཚང་དུ་སོང་ནས་ད་ལྟ་ལ་ཐུག་གི་བར་དུ་མ་ཉམས་པར་ཡོད་པ་འདི་ནི། ཕྱོགས་གཅིག་ནས་མནའ་ཡིས་ཕན་པ་ངེས་ཅན་ཞིག་བཏོན་དང་འདོན་མུས་ཡིན་པའི་རྒྱུ་མཚན་དང་། གཞན་ཞིག་ནས་དུས་རིམ་མི་འདྲ་བའི་ནང་གི་དབང་བསྒྱུར་མཁན་དང་རིག་གནས་གོམས་སྲོལ་སོགས་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་སུས་ཀྱང་སྙོན་དུ་མེད། སྔོན་མའི་དུས་སུ་རྡེའུ་དཀར་བླངས་ནས་མནའ་བསྐྱལ་བའི་ངང་ཚུལ་འདུག་སྟེ།<<དེབ་དཀར།>>དུ་“དབུ་སྙུང་གནང་བའི་གོར་མ་དེ། རྒྱལ་འབྲིང་ལན་ཏོན་གྱིས་བླངས་ནས་ཕྱག་ཏུ་ཕུལ་ཅིང་། རྗེས་སོར་གོར་མ་དཀར་པོ་དེ་དབྱི་ཚབ་ཀྱི་མཆད་པའི་རྨང་དུ་བརྩིགས་སོ། །”11ཞེས་གསུངས་བྱུང་། གཞན་དུད་འགྲོ་སྲོག་ཆགས་ཀྱིས་དམར་མཆོད་འབུལ་ལུགས་སོགས་ཀྱང་ཡོད་ལ་དེའི་ལུགས་གཤམ་ཏུ་ཞུས་ཡོང་། གོང་ནས་ཞུས་པའི་རྡེའུ་དཀར་འཛིན་པའི་ཚུལ་དེ་ལས་ད་ལྟར་མཆོག་གསུམ་དང་འདི་ཕྱི་དཔང་དུ་བཞག་ནས་མནའ་བསྐྱལ་བའི་སྲོལ་ཏུ་སླེབས་པ་འདིས་ཀྱང་མནའ་ནི་དངོས་ཡོད་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་བྱུང་བ་ཡིན་པས་མནའ་ཡི་བྱུང་གནས་འཕེལ་རིམ་གྱི་ལོ་རྒྱུས་དེ་ཡང་སྤྱི་ཚོགས་ཀྱི་འགྱུར་བ་དང་འབྲེལ་བ་དམ་ཟབ་ཡོད་པ་བདེན་དཔང་བྱ་ཐུབ། ལྷག་པར་དུ་བོད་བཙན་པོའི་རྒྱལ་ཁབ་གཅིག་གྱུར་བྱས་པའི་རྗེས་ནས་མནའ་ཡི་སྤྱོད་སྒོ་ཇེ་ཆེ་དང་སྒྲིག་གཞི་ཇེ་དམ་དུ་གྱུར་འདུག་པར་ལུང་ཀན་ཁྲོན་གྱིས“མནའ་བསྐྱལ་བའི་གནས་ཚུལ་དེ་ཁྲི་སྲོང་ལྡེ་བཙན་གྱི་རྗེས་སུ་ལྷག་ཏུ་རྒྱ་ཆེ་བར་གྱུར་ཏེ། རྒྱལ་ཁབ་ཀྱི་གཞུང་ཆེན་པོ་རྣམས་ལ་སྐུལ་འདེད་བཏང་།”12ཞེས་དང་། ལིན་ཀོང་ཆིང་གིས་“སྲོང་བཙན་སྒམ་པོས་སྤུར་རྒྱལ་གཅིག་གྱུར་བྱས་ཏེ་རྒྱལ་བོའི་སྲིད་དབང་བཙུགས་པ་ནས། མནའ་སྐྱེལ་བའི་ནུས་པ་དེ་རྗེ་བློན་ཕན་ཚུན་གྱི་འབྲེལ་བ་རྒྱུན་བསྲིངས་པའམ་རྗེ་བློན་གཉིས་ཀའི་སྤྱོད་ལམ་བཀག་སྡོམ་བྱེད་པའི་ལག་ཆར་གྱུར།”13ཅེས་བྲིས་པའང་དོན་དུ་གནས་ཏེ། <<སྔ་རབས་བོད་ཀྱི་སྲིད་ཁྲིམས་གསལ་བའི་མེ་ལོང་།>>དུ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབས་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་དང་པོ་རུ་<<ཆོས་འབྱུང་མཁས་པའི་དགའ་སྟོན།>>ལས་བཀོད་པ་མདོར་བསྡུས་ན།“༄། དཀོནད་ཅོག་གསུམ་ནམ་དུ་ཡང་མི་བཏང་མ་ཞིག་པར་བགྱི་བའི་གཙིགས་སྒྲོམ་བུ་ནང་དུ་མཆིས་པའི་དཔེ། ད་ནས་ཕན་ཆད། བོད་ཡུལ་དུ་དཀོནད་ཅོག་གསུམ་གྱི་རྟེན་བཅས་ཏེ། སངས་རྒྱས་ཀྱི་ཆོས་མཛད་པ་མི་གཞིག་པར་བཙན་པོ་ཡབ་སྲས་ཀྱི་ཡུམ་གྱིས་དབུ་སྙུང་བཟུང་ཞིང་དམ་བཅས་བ་དང་། ཕྱི་ནང་གི་བློན་པོ་ཆེ་ཕྲ་མཐའ་དག་བྲོ་སྩལ་བའི་གཙིགས་ཀྱི་ཡི་གེར་བྲིས་པའོ། །”14ཞེས་དང་། ཡང་དེ་རུ“༄། དམ་པའི་ཆོས་ནམ་དུ་ཡང་མི་གཞིར་པར། བཙན་པོ་ཁྲི་སྲོང་བཙན་གྱིས་ཐུགས་དམ་བཤེས་ཏེ། སྙུང་བོར་ནས། གཙིགས་ཀྱི་ཡི་གེར་བྲིས་པ།”15ཞེས་གསལ་བོར་བཀོད་ཡོད་པ་དེས་ཀྱང་ཤེས་སླ་ལ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་སྟག་སྒྲ་ཀླུ་ཁོང་ལ་དབུ་སྙུང་བཀའ་གཙིགས་གནང་བའི་ཡི་གེ་བྲིས་ཏེ་སྤྱི་ལོ༧༦༢ལོར་ཞོལ་རྡོ་རིང་བཙུགས་པ་དེས་ཀྱང་སྐབས་དེར་མནའ་བསྒགས་པའི་སྲོལ་དེ་ནི་རྒྱལ་ཁབ་རིམ་པའི་ཆེད་སྤྱོད་ལག་ཆ་ལྟ་བུར་གྱུར་འདུག་པའང་ཤེས་སླའོ། །       དེ་ལྟར་མནའ་བསྐྱལ་བའི་སྲོལ་འདི་མེད་པ་ནས་ཡོད་པར་གྱུར་པ་དང་། ཡོད་པ་ནས་དར་རྒྱས་སུ་སོང་སྟེ་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་པར་སྣང་ལ། ད་ལྟའི་བར་དུ་མནའ་བསྐྱལ་བའི་སྲོལ་འདི་མ་ཉམས་པར་ཡོད་པ་འདིས་ཀྱང་མནའ་ཡི་ཕན་ནུས་ལ་བསྙོན་མི་འོས་པ་རྟོགས་ནུས་སོ། །

གཉིས་པ། མནའ་ཡིས་སྲིད་ཕྱོགས་ལ་བཏོན་པའི་ཕན་ནུས།

གཅིག རྗེ་བློན་བར་ལ་བཏོན་པའི་ཕན་ནུས།     

བོད་བཙན་པོའི་དུས་སྐབས་ནི་སྲིད་འབྱོར་རིག་གསུམ་གང་གི་ཆ་ནས་ཞུས་ཀྱང་འཁྲུག་ཆ་དོད་པོ་དང་གཡོ་འགྱུ་ཆེ་བ་ཞིག་རེད་པས། རྗེ་བློན་ནང་ཁུལ་ནས་ཀྱང་སྲིད་དབང་འཐབ་རྩོད་དང་འཕྲོག་རེས་ཀྱི་དོན་དག་ཆེ་ཕྲ་ཧ་ཅང་མང་སྟེ། དཔེར་ན་ངོ་ངམ་རྟ་རྫིས་གྲི་གུམ་བཙན་པོ་བཀྲོངས་པ་དང་། མུ་ཏིག་བཙན་པོས་ཞང་རྒྱལ་མཚན་ལྷ་སྣང་གི་བུ་བསད་པ། བློན་སྦས་སྟག་སྣ་ཅན་གྱིས་ཆང་གིས་བཟི་བའི་སྐབས་ལ་བརྟེན་ནས་བཙན་པོ་ཁྲི་རལ་བ་ཅན་བཀྲོངས་པ་སོགས་ཀྱིས་མཚོན་པའི་དེ་རིགས་ཀྱི་གནད་དོན་ཧ་ཅང་མང་པོ་མཐོང་ཐུབ། རྒྱུ་མཚན་དེ་ལ་བརྟེན་ནས་རྗེ་བློན་བར་ལ་ནང་འགལ་མི་འབྱུང་བར་ཁ་ཞེ་གཉིས་མཐུན་གྱི་སྒོ་ནས་རྒྱལ་ཁབ་སྐྱོང་བའི་སླད་དུ་ཕན་ཚུན་མནའ་འདོར་བའི་ཚུལ་འདི་རྒྱ་ཆེར་བསྐྱེད་དེ་ལན་ལེན་དུ་བཏབ་པ་རེད་ཅེས་བཤད་ཆོག        ཚུལ་ཏེ་མང་དུ་མཆིས་ཀྱང་དཔེ་མཚོན་ཙམ་དྲངས་ན་<<བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།>>ཏུ་“དབྱྀ་ཚབ་སྤད་སྤུན་བྲོ་སྩལད་པའ། བཙན་པོ་སྤུ་རྒྱལ་སྲོང་བཙན་ཡབ་སྲས་དྔ་གདུང་རྒྱུད་ལ། གློ་བ་འདྲིང་རེ། ནམ་ནམ་ཞ་ཞར་ཡང་། དབོན་སྲས་རྒྱལ་བོ་གང་མཛད་པ་ལ། གློ་བ་འདྲིང་རེ།”16ཞེས་དང་། ཡང་དེར“དེང་ཕན་ཆད། ཟིང་བོ་རྗེ་རྒྱབ་ཏུ་མྱི་དོར་རེ། སྤུ་རྒྱལ་པང་དུ་མྱི་ལན་རེ། བཙན་པོ་སྤུ་རྒྱལ་ལ་བློ་བ་འདྲིང་རེ། མཐའ་གྲང་རེ། མན་ངག་ཐུབ་པ་མྱི་འཚལ་རེ། པྱི་མ་ནང་འཚལ་རེ། སོམ་ཉི་བགྱིད་རེ། བརྟུལ་ཕོད་པར་མྱི་འཚལ་རེ། སྲོག་སྤོངས་མྱི་འཚལ་རེ། བཙན་པོ་སློན་བཙན་གྱིས། བཀའ་ཇི་བསྩལད་པ་བཞིན་མྱི་ཉན་རེ། གཞན་སུས་བསླུས་ཀྱང་ཉན་རེ།”17ཞེས་མནའ་ཚིག་བོར་བ་འདི་ལས་ཤེས་ཐུབ་ལ། གཞན་དུ་ཡང་ཁྲི་སྲོང་ལྡེ་བཙན་གྱིས་ཏིང་ངེ་འཛིན་ལ་དབུ་སྙུང་བཞེས་ཡོད་པ་ཞྭའི་ལྷ་ཁང་གི་མདུན་གྱི་རྡོ་རིང་ལ་བྲིས་འདུག་པ་དེས་གསལ་བོར་རྟོགས་ནུས་སོ། །གལ་ཏེ་དེ་ལྟར་རྗེ་བློན་གྱིས་བློ་ཁ་ཕྱོགས་མཐུན་ངང་བསམ་པ་རྩེ་གཅིག་གིས་རྒྱབ་ཁབ་ཀྱི་གཞུང་དོན་ལ་འབད་མ་བྱས་པར། ཞ་རས་ཡར་འཐེན་དང་ཞ་མོས་མར་འཐེན་གྱིས་ཞི་འཇགས་རང་བཞིན་གྱི་སྲིད་བྱུས་ཤིག་གཏན་འབེབས་བྱ་མི་ཐུབ་པས། རྒྱལ་ཁབ་རུལ་སུངས་སུ་འགྱུར་ངེས་པས་མདོར་ན་རྗེ་བློན་གྱི་བར་ལ་མནའ་བསྒགས་པ་འདིས་དོན་དུ་སྲིད་ཕྱོགས་ལའང་ཕན་ནུས་ཆེས་ཆེར་བཏོན།

གཉིས། བློན་པོ་ནང་ཁུལ་ལ་བཏོན་པའི་ཕན་ནུས།

གོང་ནས་མནའ་ཡིས་རྗེ་བློན་བར་ལ་བཏོན་པའི་ཕན་ནུས་ཞུས་ཟིན་པ་ལྟར། བློན་པོ་ནང་ཁུལ་ལ་ཡང་མནའ་བོར་ཏེ་དམ་བཅའ་བའི་སྲོལ་མང་དུ་མཐོང་ལ། མནའ་བོར་རྗེས་ཀྱང་ཁ་དན་ཚིག་ལ་གནས་ཏེ་ནམ་དུ་ཡང་འགྱུར་མེད་བློ་བརྟན་གྱིས་སྲུང་བརྩི་ཞུ་བཞིན་ཡོད་དེ། དབའ་ཏོ་རེ་ཁྲུ་གུ་དང་གཤེན་ཁྲི་བཞེར་འདྲོན་ཀོང་གཉིས་འཐབས་ཏེ་གཤེན་གྱིས་དབའ་བསད་པས། དབའི་ཕུ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས་ཟིང་བོ་རྗེར་རང་གི་ནུ་བོ་གཤེན་གྱིས་བསད་པར་སྟོང་སློང་བར་ཟིང་བོ་རྗེས་གཤེན་གྱི་ངོ་མ་ཆོད་པར“དགེ་བས་མྱི་དགེ་བ་བསད་ན། བསད་དུ་ཟད་དོ་ཞེས”18བཀའ་བསྩལ་བ་ན། ཚུལ་དེར་དབའ་དབྱི་ཚབ་ཤིན་ཏུ་མ་རངས་ནས་ཡིད་ཆད། ནམ་ཞིག་མྱང་ཙེང་སྐུ་དང་དབའ་དབྱི་ཚབ་སྔ་ཕྱིར་དེངས་པའི་སྐབས་སུ། མྱང་གིས་དབའ་ལ“ཆབ་ཆབ་ནྀ་ཕ་རོལ་ན། །ཡར་ཆབ་ནྀ་ཚུར་རོལ་ན། །མྱྀ་འི་ནྀ་མྱི་བུ་སྟེ། །ལྷ་འི་ནྀ་སྲས་པོ་བཞུགས། །རྗེ་བདེན་གྱིས་ནི་བཀོལ་དུ་དགའ། །སྒ་བདེན་གྱིས་ནི་བསྟད་ན་དགའ། །”19ཞེས་གཏམ་སྨྲས་པའི་ལན་དུ་དབས“ཙེང་སྐུ་ཀྱོད་ཟེར་བ་ལས་བདེན་པ་མྱེད་དོ། །ཁོ་བོ་ཡང་འདི་ལས་མ་རངས་པ་མྱེད་ཀྱིས། །ཁྱོད་སེམས་པ་དང་མྱི་འདྲ་རེ་ཞེས་མནའ་བོར་རོ། །”20ཞེས་<<བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།>>དུ་གསལ་བོར་བཀོད་འདུག གལ་སྲིད་མནའ་བོར་ནས་ཕན་ཚུལ་ལ་གོམ་གོང་མདུན་སྤོས་ཀྱིས་ཡིད་ཆེས་བྱེད་དུ་འཇུག་པའམ། ཡང་ན་རང་གི་བློ་དཀར་གཞུང་དྲང་གི་བསམ་ཕྱོགས་དེ་ལྟར་ཕྱི་རུ་མངོན་མ་ཐུབ་ཚེ། ཕན་ཚུན་བར་ལ་དོགས་ཟོན་དང་ཞེད་སྣང་གིས་བློ་འདྲེས་མི་ཐུབ་པས། མཐུན་སྒྲིལ་མཉམ་གནས་ཀྱིས་གཞུང་གི་སྲིད་དོན་ལ་བློ་ཁ་འཁྱེར་བའི་གེགས་སུ་འགྲོ་ངེས་ན་བློན་པོ་ནང་ཁུལ་ནས་མནའ་འདོར་བའི་ཚུལ་འདིས་ཀྱང་དོན་དུ་རྗེ་བློན་ནང་ཁུལ་ནས་མནའ་འདོར་བ་བཞིན་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་ཕྱོགས་ལ་གྲུབ་འབྲས་ཆེན་པོ་ཐོན་པར་བྱས་སོ། །

གསུམ། ཁྲིམས་ལུགས་ཀྱི་ཕྱོགས་ལ་བཏོན་པའི་ཕན་ནུས།

སྤྱིར་ནས་མནའ་ནི་དྲང་བོའི་དོན་དུ་འཇུག་ལུགས་གོང་ནས་མནའི་མཚན་ཉིད་བཤད་པའི་སྐབས་སུ་ཞུས་པ་ལྟར་ལགས་པས། དོན་གྱི་རྔ་མ་མནས་བཟུང་ཏེ་སྲིད་ཁྲིམས་གཏན་འབེབས་བྱས་པ་ན། ཀུན་གྱིས་བརྩི་ཞིང་སྲུང་ངེས་པ་ནི་བོད་མིའི་ཐུན་མིན་གྱི་ཁྱད་གཤིས་ཤིག་ཏུ་གྲུབ་འདུག ལྷག་པར་དུ་མནའ་ཡི་བྱེད་ནུས་ཇེ་ཆེར་སོང་ཏེ་རྒྱལ་ཁབ་ཀྱི་ཁྲིམས་སུའང་མནས་བསྒགས་ཏེ་དོན་ཚན་འགའ་ཤས་གཏན་དུ་ཁེལ་འདུག་སྟེ།<<ཏུན་ཧོང་ལས་ཐོན་པའི་གནའ་བོའི་ཤོག་དྲིལ།>>གྱི་རི་དྭགས་རྔོན་པའི་སྐོར་གྱི་ཁྲིམས་ཡིག་ཏུ“གཙང་ཆེན་མན་ཅད་དམངས་མཐའ་མ་ཡིན། ཞིག་གིས། རི་དྭགས་ལ། སྩོགས་པ་ལ། མདའ་རྡུལ་བས་ཕོགས། པ་དང་། གུམ་ཡང་རུང་མ་གུམ་ཡང་རུང་། ཁོན་མཆས་ཏེ། གཙང་དཀར་མྱི་བཅུ་གཉིས། ཁོ་ན་བདག་དང་བཅུ་གསུམ་བྲོ་སྩོལ་དོ། །”21ཞེས་བྲིས་པ་བཞིན་ནོ། །

གསུམ་པ། མནའ་ཡིས་སྤྱི་ཚོགས་འཕེལ་རྒྱས་ལ་བཏོན་པའི་ཕན་ནུས།གཅིག རྒྱལ་ཁབ་མཛའ་འབྲེལ་ལ་བཏོན་པའི་ཕན་ནུས།

མནའ་ཡི་ཕན་ནུས་ཀྱིས་དགེ་མཚན་བླ་མེད་ཅིག་འདོན་ཐུབ་པས་ད་ལྟའི་བར་མ་ཉམས་པར་ཡོད་པ་དང་། ལྷག་པར་དུ་ཆེ་ས་ནས་རྒྱལ་ཁབ་བར་གྱི་མཛའ་མཐུན་ལ་ཡང་ཕན་ནུས་རླབས་ཆེན་བཏོན་འདུག་སྟེ། འདིར་སྐབས་ཐོག་དེར་བོད་དང་ཆེས་འབྲེལ་འདྲིས་ཆེ་བའི་རྒྱ་ནག་ཐང་རྒྱལ་རབས་དང་བོད་ཀྱི་དབར་ལ་བསླངས་པའི་མནའ་འབྲེལ་རྡོ་རིང་རྣམས་གཞིར་བྱས་ཏེ་ཞུས་ན། སྡེ་རོང་ཚེ་རིང་དོན་གྲུབ་ལགས་ཀྱིས<<བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ།>>22ཞེས་པར་སྔ་གཞུག་ཏུ་སྤྱི་ལོ༧༠༥ལོ་ནས་སྤྱི་ལོ༨༢༡ལོའི་བར་གྱི་ལོ་ངོ༡༡༦རིང་ལ་ཁྱོན་མནའ་འབྲེལ་ཐེངས་བརྒྱད་ལ་བཙུགས་པ་བསྟན་འདུག་པ་ནང་བཞིན། བོད་ཐང་བར་གྱི་མནའ་འབྲེལ་སོ་སོ་ཡང་སྐབས་དེའི་སྤྱི་ཚོགས་འཕེལ་རིམ་དང་དམག་འཁྲུག་ཆབ་སྲིད་སོགས་དང་འབྲེལ་བ་དམ་པོ་ཡོད་པ་རེད། སྤྱི་ལོ༨༢༢ལོའི་ཟླ༥བའི་ཚེས་དྲུག་ཉིན་དབོན་ཞང་རྡོ་རིང་བཞེངས་པའི་མཛད་སྒོ་དེ་བློན་ཆེན་དཔལ་གྱི་ཡོན་ཏན་སོགས་ཀྱིས་དབུ་འཛིན་གནངས་ཤིང་། བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་སྐུ་དངོས་སུ་ཆིབས་བསྒྱུར་མཛད་པ་དེས་ཀྱང་མན་འབྲེལ་གྱི་ལས་དོན་ལ་མཐོང་ཆེན་གནང་གིན་པ་རྟོགས་ཐུབ་ལ། དེ་ལྟར་མཐོང་ཆེན་གཙུག་འཛིན་གྱིས་ཕན་ཕུན་མཛའ་བའི་ལམ་ལ་ཞུགས་ནས་དབོན་ཞང་རྡོ་རིང་བཞེངས་པས“གནམ་ལ་ཉི་ཟླ་ཟུང་གཅིག །ས་ལ་བཙན་པོ་དབོན་ཞང་། །”ཞེས་གྲགས་སོ། །

 གཞན་སྐུ་ལྕམ་བསོད་ནམས་སྐྱིད་དང་སྐུ་ཞབས་དབང་རྒྱལ་རྣམ་གཉིས་ཀྱིས་བསྒྱུར་འགྲེལ་བྱས་པའི་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་གི་ཡི་གེའི་ངོ་བཤུས་ཀྱི་ནུབ་ངོས་ཀྱི་གཡོན་ཕྱོགས་ཀྱི་ཐིག་ཕྲེང་ང་བརྒྱད་ནས་རེ་དྲུག་གི་བར་དུ“བོད་བོད་ཡུལ་ན་སྐྱིད་རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་སྦྱར་ནས་གཙིགས་བཅས་པ་འདི། །ནམ་ཞར་མྱི་འགྱུར་བར། །དཀོན་མཆོག་གསུམ་དང་། །འཕགས་པའྀ་རྣམས་དང་གཉྀ་ཟླ་དང་གཟ་སྐར་ལ་ཡང་དཔང་དུ་གསོལ་ཏེ། །ཐ་ཚྀག་གྀ་རྣམས་པས་ཀྱང་བཤད། །སྲོག་ཆགས་བསད་དེ་མནའ་ཡང་བོར་ནས། །གཙིགས་བཅས་སོ། །”23ཞེས་བཀོད་འདུག 

དེ་ལྟར་ཐང་བོད་བར་ལ་སྔ་ན་མེད་པའི་མཛའ་བརྩེ་ཞིག་དང་མཐུན་སྒྲིལ་གྱི་དཔུང་རྡང་རབ་ཏུ་དམ་པ་ཞིག་ཆགས་ཏེ། ཕན་ཚུན་གྱི་ཤེས་ཡོན་ལག་རྩལ་བརྗེ་རེས་ཀྱིས་མཚོན་པའི་འཕེལ་རྒྱས་མཉམ་འབྲེལ་གྱི་ལམ་ལ་ཞུགས་པས། སྤྱི་ཚོགས་ཀྱང་བླ་ན་མེད་པའི་འཕེལ་རྒྱས་སུ་སོང་བ་ལྟ་བུའོ། །

གཉིས། མི་དང་མིའི་བར་ལ་བཏོན་པའི་ཕན་ནུས།

དྲན་དབང་དགེ་འདུན་ཆོས་འཕེལ་གྱིས“སྔོན་གྱི་དུས་སུ་བོད་རྣམས་ངང་ཚུལ་བརྟན་ཅིང་མནའ་ལ་བརྩི་བ”24ཞེས་བརྗོད་པ་ལྟར། མནའ་ཡིས་མི་སོའི་བར་ལ་ཕན་ནུས་རླབས་ཆེན་སྐྲུན་གྱིན་འདུག གོང་སྨྲས་བཞིན་ཕྱོགས་མི་འདྲ་བ་དང་དུས་སྐབས་མི་འདྲ་བ་སོ་སོ་ནས་མནའ་ཚིག་འདོར་བའི་སྲོལ་དར་བས། མནའ་སྲུང་བའི་བདག་འབྲས་དགའ་ཞིག་འཐོབ་ཐུབ་པ་ཚད་མས་གྲུབ། དེས་ན་མི་སྒེར་སོ་སོ་ལ་ཡང་དགེ་མཚན་བླ་མེད་འདོན་ངེས་པའང་ཆོས་ཉིད་རེད་ལ། ཐོག་མར་མནའ་འདོར་བ་དང་དེ་ནས་མནའ་བརྩི་སྲུང་བྱེད་པར་བརྟེན་མི་དང་མིའི་བར་ལ་ཡང་མཛའ་བཤེས་ཤིག་ཆགས་ཡོང་། མ་ཟད་ཕན་ཚུན་ལ་ཡིད་ཆེས་ཀྱང་སྟེར་མུས་རེད། ལྷག་པར་དུ་སྔོན་མའི་ཚོ་བ་ཁག་ལ་མཚོན་ན་ཡང་ཕན་པ་ཧ་ཅང་ཆེ་སྟེ། སོ་སོའི་བར་ལ་མནའ་བོར་བ་ན་སྒེར་གྱི་རྒྱུ་ཟོག་སོགས་ཀྱང་ཕ་རོལ་བས་འཕྲོག་བཅོམ་བརྐུ་གསུམ་བྱེད་པའི་དོགས་པ་ཡང་མི་དགོས། “ཕན་ཚུན་མནའ་བོར་རྗེས་མི་སུ་དང་སུས་ཀྱང་འགལ་བར་མི་བྱ། གལ་ཏེ་མི་ཞིག་གིས་འགལ་བར་བྱས་པ་ཡིན་ན། འགལ་བར་བྱེད་མཁན་གྱི་མི་དེ་ཀུན་གྱིས་ཐ་ཆད་དུ་བརྩི་བར་མ་ཟད། ལྷ་དང་གཞི་བདག་གིས་ཀྱང་བཀྲ་མི་ཤིས་པའི་བཀའ་ཆད་གཏོང་བའི་ཡིད་ཆེས་མི་ཀུན་ལ་ཡོད་པས།”25མནའ་བོར་བ་ནས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་པ་རེད། མནའ་ཚིག་བོར་བ་ནི་དེ་འདྲའི་གཏན་ཚུགས་རང་བཞིན་ཅན་ནམ་ཡང་ན་ཡིད་རྟོན་རུང་བ་ཞིག་ཡིན་ནམ་ཞེ་ན། སྤུག་གྱིམ་ཏང་རྨང་བུས་རང་གིས་མཚན་མོར་གཉིད་དུ་ཡུར་བའི་སྐབས་སུ་མནའ་བཅད་པ་ངག་ནས་ཤོར་དོགས་ཀྱིས་ཁྱོ་མོ་དང་མི་ཉལ་བར་རི་ལ་ཉལ་བ་དང་། ནུབ་རེར་གནས་རེ་བརྗེས། མཐར་ཁྱོ་མོས་དོགས་པ་ཟོས་པས་མོ་དང་མཉམ་དུ་ཉལ་བའི་ཚུལ་མཛད་དེ་ཁྱོ་མོའི་ལྕེ་སོས་བཏབ་ནས་བསད་པའི་ལས་འདིས་ཀྱང་གསལ་བོར་ར་སྤྲད་འདུག་གོ །

མཇུག་བསྡུ་བ།

ལར་བོད་བཙན་པོའི་སྐབས་ཀྱི་མནའ་ཡི་ཕན་ནུས་ནི་གུས་ཕྲན་གྱིས་གོས་ཞུས་ལྟ་བུའི་ཚིག་འགས་མཚོན་ནུས་པ་ཞིག་ཁྱོན་ནས་མིན་ཡང་། དཔྱད་བྱའི་དོན་རྒྱ་ཆེ་ཞིང་དཔྱད་པ་པོའི་བློ་སྦྱོང་དམན་པས་གནད་དུ་འཁེལ་བ་ཞིག་དཀའ་བར་གདའ། དེ་ལྟ་ནའང་རང་ཉིད་ཀྱིས་མི་ལོ་དུ་མར་དགེ་རྒན་བཀའ་དྲིན་ཅན་མང་པོའི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས་ཡོང་བ་ཡིན་པས། དཔྱད་བྱའི་དོན་ལ་བློས་ཐེག་ཚོད་ཀྱིས་འཇུག་ཁུལ་བྱས་པ་ཡིན་ལ། མདོར་དྲིལ་ན་རྒྱལ་བོ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་ཆ་རྒྱུས་མེད་པའི་མི་གློ་ལ་བཏགས་པའམ་དཔང་བོར་བཞག་སྟེ་མནའ་སྐྱེལ་བ་དང་། ཡབ་རྗེ་གནམ་རི་སྲོང་བཙན་གྱི་སྐབས་སུ་ཕན་ཚུན་བར་གྱི་གནས་ལུགས་བརྗོད་པ་སྔོན་དུ་བྱས་ནས་ཆ་རྒྱུས་ཡོད་པ་དཔང་དུ་བཞག་པ། རྒྱལ་བོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དམངས་སྲོལ་གྱི་གོམས་དབང་སྟེ་རྡོ་ལག་ལ་བཏེགས་ཏེ་མནའ་སྐྱེལ་བ་སོགས་མངོན་གསལ་ཡིན་པས། དུས་རིམ་སོ་སོར་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་བས་མཐར་བོད་ཀྱི་དམངས་སྲོལ་གལ་ཆེན་དུ་གྱུར་པའོ། །དེ་ལྟར་བྱུང་གནས་འཕེལ་གསུམ་གྱི་རྒྱུད་རིམ་ངེས་ཅན་ཞིག་བརྒྱུད་མཐར། རྒྱལ་ཁབ་དང་རྒྱལ་བློན། ཚོགས་སྤྱི་དང་སྒེར་ངོས་སོགས་ལ་ཕན་པ་རླབས་ཆེན་ཐོགས་དང་འདོག་མུས་ཡིན་པས། མནའ་ནི་བོད་བཙན་པོའི་སྐབས་སུ་ལུགས་སྲོལ་ཧ་ཅང་གལ་ཆེན་ཞིག་ཡིན་ལུགས་མདོ་ཙམ་ཞུས་ཡོད།

དཔྱད་གཞིའི་ཡིག་ཆ།

1བོད་ཀྱི་བརྡ་རྙིང་ཚིག་མཛོད། རྣམ་རྒྱལ་ཚེ་རིང་གིས་གཙོ་བསྒྲིགས་བྱས། ཀྲུང་གོའི་བོད་རིག་པ་དཔར་སྐྲུན་ཁང་། ༢༠༡༣ལོའི་ཟླ་༣པར་པར་ཐེངས་གཉིས་པ་བརྒྱབ།

2དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ལོའི་ཟླ་དང་པོའི་པར་ཐེངས་དང་པོ། ཤ

3བཙན་ལྷ་ངག་དབམ་ཚུལ་ཁྲིམས། བརྡ་དཀྲོལ་གསེར་གྱི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོའི་ཟླ་༥བར་པར་ཐེངས་དང་པོ། ཤ༥༨༥

4གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ་༥བའི་པར་གཞི་དང་པོ། ཤ༤༥༨

57རྣམ་རྒྱལ་ལུང་རིན་ཆེན་གྱི་དཔྱད་རྩོམ། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་མནའ་གན་གྱི་བྱེད་ནུས་ཅུང་ཟད་གླེང་བ། སྐབས་གཉིས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ཞེས་བྱ་བའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོབས་རྒྱལ་དཔལ་ལྡན་གྱིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་པར་ཐེངས་དང་པོ། ཤ༥༣ནས་༥༨

6གུར་མགོན་ཚེ་རིང་གི་དཔྱད་རྩོམ། བོད་ཀྱི་མནའ་སྲོལ་བྱུང་འཕེལ་དང་དེའི་འཛེམ་བྱའི་སྐོར་རགས་ཙམ་གླེང་བ། ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་དེབ། ༢༠༡༥ལོའི་དེབ་དང་པོ། ཤ༦༩

81213林冠群,《唐代吐蕃史论集》,中国藏学出版社,2006年9月第一版,P92, P93, P94

91011དགེ་འདུན་ཆོས་འཕེལ། དེབ་ཐེར་དཀར་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ་༧པར་པར་གཞི་དང་པོ། ཤ༤༦ཤ༤༧ཤ༤༡

1415དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་དང་པོར་པར་ཐེངས་དང་པོ། ཤ༢༡༥ ཤ༢༡༦

16171920གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ་༦བའི་པར་ཐེངས་གསུམ་པ། ཤ༤༧ཤ༤༨ ཤ༤༨ཤ༤༡

18བཀྲ་ཤིས་སྒྲོལ་མའི་དཔྱད་རྩོམ། བཙན་པོའི་དུས་སྐབས་ཀྱི་བྲོ་ཚིག་རགས་བཤད། བོད་ཀྱི་ཡིག་རྙིང་ཞིབ་འཇུག ཁ་སྒང་བཀྲ་ཤིས་ཚེ་རིང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་ཟླ་དྲུག་པར་པར་ཐེངས་དང་པོ། ཤ༥༧༥

21བསོད་ནམས་སྐྱིད་དང་དབང་རྒྱལ་གཉིས་ཀྱིས་བསྒྲིགས་ཏེ་འགྲེལ། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཀྱི་ཤོག་དྲིལ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ལོའི་ཟླ་༨པར་པར་ཐེངས་དང་པོ་བརྒྱབས། ཤ༡༢

22སྡེ་རོང་ཚེ་རིང་དོན་འགྲུབ། བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 

23བསོད་ནམས་སྐྱིད། དབང་རྒྱལ། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༠༣ལོའི་ཟླ་དང་པོར་པར་ཐེངས་དང་པོ། ཤ༩

24དོན་གྲུབ་རྒྱལ་གྱི་གསུང་འབུམ། པོད་གསུམ་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོའི་ཟླ་༡༡པའི་པར་གཞི་དང་པོ། ཤ༢༥༧

25སྒང་རྒྱལ་མཙན་ཚེ་རིང་། དམངས་སྲོལ་རིག་པ་དང་གེ་སར་དམངས་སྲོལ་སྤྱི་བཤད། ༢༠༠༢ལོའི་ཟླ་༦པར་པར་ཐེངས་དང་པོ། ༡༧༢

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།