《བཀའ་ཆེམས་ཀ་ཁོལ་མས》ཕྱིས་བྱུང་དེབ་ཐེར་ལ་ཐེབས་པའི་ཤུགས་རྐྱེན་ཆེན་པོ་དྲུག་དང་དེ་དག་གི་དོགས་དཔྱོད།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་《བཀའ་ཆེམས་ཀ་ཁོལ་མར་》བོད་ཀྱི་མི་རྒྱུད་སྤྲེའུ་གྱད་ཧ་ལུ་མ་དའམ་སྤྲེའུ་བྱང་ཆུབ་སེམས་དཔའ་ལ་གཏུགས་ཤིང་བཙན་པོའི་གདུང་རྒྱུད་མང་བཀུར་རྒྱལ་རྒྱུད་ལ་གཏུགས་པ། སྲོང་བཙན་སྒམ་པོ་ཡབ་ཡུམ་གསུམ་སྐུ་མ་འདས་པར་བཅུ་གཅིག་ཞལ་རང་བྱོན་ལ་ཐིམ་པ་དང་བློན་པོ་མགར་གྱིས་རྒྱ་ཡུལ་དུ་བློ་རིག་འགྲན་པ་སོགས་ལོ་རྒྱུས་ཀྱི་བྱུང་བ་གསོང་པོར་མ་སོང་བའི་དོན་ཚན་ཆེན་པོ་དྲུག་ཟུར་དུ་ཕྱུང་ནས་དཔྱད་ཞིབ་བྱས་མཐར།《བཀའ་ཆེམས་ཀ་ཁོལ་མ་》ནི་སྲོང་བཙན་སྒམ་པོའི་བཀའ་ཆེམས་མ་ཡིན་པར་དུས་རབས་བཅུ་གཅིག་པའི་ནང་བྱུང་བའི་ལོ་རྒྱུས་བརྩམས་ཆོས་ཤིག་ཡིན་པ་དང་། རྒྱ་གར་རིག་གནས་ལ་ཐུགས་ཞེན་ཤིན་ཏུ་ཆེ་བ་ཞིག་གི་ཕྱག་སོར་ལས་བྱུང་བ་རེད་ཅེས་སྡོམ་ཚིག་བཀོད་ཡོད།

[བརྡ་ཆད་གཙོ་བོ།] བཀའ་ཆེམས་ཀ་ཁོལ་མ། བོད་ཀྱི་ལོ་རྒྱུས། དེབ་ཐེར། དོགས་དཔྱོད།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281

[ཡིག་ཚོང་མཚོན་བྱང་།] A

[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-02-0037-11

        བོད་མི་རིགས་ནི་འཛམ་གླིང་གི་མི་རིགས་མང་པོའི་ཁྲོད་ཤེས་རིག་དར་སྔ་ལ་ཕུན་སུམ་ཚོགས་པའི་གྲས་ཡིན་པར་མ་ཟད། དེང་སྐབས་དངོས་སུ་ཉར་ཚགས་བྱས་ཡོད་པའི་གནའ་རབས་ཡིག་ཚགས་ཀྱི་ཕོན་གྲངས་ཀྱང་རང་རྒྱལ་གྱི་མི་རིགས་ཁག་གི་ཡིག་ཚགས་སྣ་མང་ཉར་ཚགས་བྱས་པའི་ཕོན་གྲངས་ལས་ཨང་གཉིས་པ་ཟིན་འདུག་ཅེས་ཀུན་གྱིས་གླེང་བཞིན་ཡོད། དེ་དག་ལས་ལོ་རྒྱུས་ཡིག་ཚགས་ལ་ཆ་བཞག་ནའང་རྒྱལ་རབས་དང་། དེབ་ཐེར། ཆོས་འབྱུང་། རྣམ་ཐར། རྟོགས་བརྗོད། སྐྱེས་རབས། གདན་རབས།དཀར་ཆག་སོགས་རིགས་སྣ་མང་པོ་ཡོད་མོད། ཏུན་ཧོང་ཡི་གེ་ཕུད་དངོས་བརྒྱུད་ཡིག་ཚགས་ལས་ལོ་རྒྱུས་ཆེད་རྗོད་ཀྱི་བསྟན་བཅོས་ལ་སྔ་བ་ནི་《སྦ་བཞེད་》དང་《བཀའ་ཆེམས་ཀ་ཁོལ་མ་》འདི་གཉིས་ཡིན་པས། བསྟན་བཅོས་དེ་གཉིས་ཀྱིས་ཕྱིས་བྱུང་གི་ལོ་རྒྱུས་མཁན་པོ་དང་ལོ་རྒྱུས་བསྟན་བཅོས་ལ་བག་ཆགས་ཟབ་མོ་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ནི་སྨོས་མ་དགོས་པ་རེད། འདིར་ཆེད་དུ་བོད་ཀྱི་ལོ་རྒྱུས་བསྟན་བཅོས་ཕལ་མོ་ཆེའི་ཕྱི་མོར་གྲགས་པའི་《རྒྱལ་པོའི་བཀའ་ཆེམས་ཆེན་མོ་འམ་བཀའ་ཆེམས་ཀ་ཁོལ་མ་》ཡིས་(གཤམ་ནས་《ཀ་ཁོལ་མ་》ཞེས་བསྡུས་ཡོད་)ཕྱིས་བྱུང་ལོ་རྒྱུས་ཆོས་འབྱུང་ལ་ཤུགས་རྐྱེན་སྣ་ཚོགས་ཐེབས་ཡོད་པ་ལས། རྩོམ་པ་པོའི་བསམ་བློའི་འཁྱེར་སོའམ་འཇིག་རྟེན་ལྟ་ཚུལ་གྱི་དབང་གིས་ལོ་རྒྱུས་ཀྱི་བྱུང་བ་གསོང་པོར་མ་སོང་བ་ཁག་ཅིག་ཟུར་དུ་ཕྱུང་ནས་གླེང་བ་ལ།

དང་པོ། 《བཀའ་ཆེམས་ཀ་ཁོལ་མ་》ཡིས་ཕྱིས་བྱུང་དེབ་ཐེར་ལ་ཐེབས་པའི་མ་དག་རྒྱུན་འབྱམས་ཀྱི་ཤུགས་རྐྱེན་ཆེན་པོ་དྲུག

        1.བོད་ཀྱི་མི་རྒྱུད་སྤྲེའུ་ཧ་ལུ་མ་དའམ་སྤྲེའུ་བྱང་ཆུབ་སེམས་དཔའ་ནས་མཆེད་ཚུལ། 《ཀ་ཁོལ་མ་》ཡི་ལེའུ་གསུམ་པར་“ཁ་བ་ཅན་དུ་སྐྱེས་པའི་སེམས་ཅན་འདི་རྣམས་ནི་ཤིན་ཏུ་འདུལ་དཀའ་བ་སྟེ། ད་རུང་སྨིན་པར་བྱ་བར་མི་ནུས་པས་ཕྱི་མའི་དུས་ན་བྱང་ཆུབ་སེམས་དཔའ་ཁྱོད་ལྟ་བུས་སྨིན་པར་བྱེད་པར་འགྱུར་གྱིས་” ②ཞེསངས་རྒྱས་བཅོམ་ལྡན་འདས་སྐུ་འདའ་ཁར་སྤྱན་རས་གཟིགས་ལ་ལུང་བསྟན་པ་དང་། དེ་ནས་སངས་རྒྱས་འོད་དཔག་མེད་ཀྱིས་ཀྱང་སྤྱན་རས་གཟིགས་ལ་ཁ་བ་ཅན་འདུལ་བར་བསྐུལ་བ་དང་འདུལ་ཐབས་བསྟན་པས། འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཡུལ་ཁ་བ་ཅན་ལ་གཟིགས་པར་གངས་བྲག་རྫ་གསུམ་ན་སེངྒེ་དང་ཤ་རྒོ་བྲག་སྲིན་སྤྲེའུ་སོགས་“དུད་འགྲོའི་རིགས་སུ་གྱུར་བ་སྣ་ཚོགས་པ་གནས་ཏེ། མིའི་འགྲོ་བ་ནི་གཅིག་ཀྱང་ཡེ་མེད་པས་འདུལ་བའི་སྐབས་མ་རྙེད་དོ། །དེའི་ཚེ་སྲིན་ཡུལ་ལང་ཀ་པུ་རི་ན། སྲིན་པོ་ལང་ཀ་མགྲིན་བཅུ་དང་། ལྷའི་རྒྱལ་པོ་ར་མ་ཎ་གཉིས་ལྷ་མོ་གཟི་ལྡན་མ་ལ་མ་འཆམས་ནས་འཐབ་པའི་སྤྲེའུ་གྱད་ཧ་ལུ་མ་ད་བྱ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སློབ་མ་དེ་རི་པོ་ཏ་ལར་སྤྱན་རས་གཟིགས་ཀྱི་དྲུང་དུ་ཕྱིན་པ་དང་། སྤྲེའུ་དེ་ལ་སྤྱན་རས་གཟིགས་ཀྱིས་གསུངས་པ། སྤྲེའུ་ཁྱོད་ཀྱིས་བྱང་ཕྱོགས་ཁ་བ་ཅན་གྱི་བྲག་རི་ལ་སྒོམ་ནུས་སམ་གསུངས་པས། སྤྲེའུ་དེ་ན་རེ་ངས་བོད་ཡུལ་ཁ་བ་ཅན་གྱི་བྲག་རི་ལ་སྒོམ་ནུས་ལགས་ཞུས་པས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲེའུ་དེ་ལ་མི་སྡུག་པའི་སྒོམ་བསླབས། དགེ་བསྙེན་གྱི་སྡོམ་པ་ཕོག ཟབ་པ་དང་རྒྱ་ཆེ་བའི་ཆོས་བསླབས་སྤྲེའུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་གཏགས་ནས་བྱང་ཕྱོགས་ཁ་བ་ཅན་གྱི་རི་ལ་སྒོམ་དུ་བཏང་ངོ་། །”③དེ་ནས་སྤྲེའུ་ཧ་ལུ་མ་དའམ་སྤྲེའུ་བྱང་ཆུབ་སེམས་དཔའ་དེ་ལ་བྲག་སྲིན་མོས་ཆགས་པའི་ཉམས་བསྟན་ཀྱང་མ་ཕན་པར་ཆགས་སྡང་གིས་ཚེའི་དུས་བྱས་ཏེ་ཤི་ནས་ངན་སོང་དུ་འགྲོ་བའི་ཉེས་དམིག་ས་བཤད་པ་སོགས་ཞི་དྲག་གི་ཐབས་ཇུས་བཀོལ་མཐར། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་བཀོད་ལ་བརྟེན་ནས་སྤྲེའུ་དང་བྲག་སྲིན་འདུས་པས་རྒྱུད་མང་དུ་འཕེལ་ཏེ་བོད་མི་རུས་བཞིར་གྱེས་ཚུལ་དང་། ཟས་ཀྱི་སྐལ་དུ་འཕགས་མཆོག་གིས་འབྲུ་སྣ་ལྔ་དང་། ནོར་གྱི་སྐལ་དུ་གསེར་གྱི་གཏེར་ཁ་སོགས་གནང་ཚུལ་ཞིབ་ཏུ་བཀོད་ཡོད།

ཕྱིས་བྱུང་བོད་ཀྱི་དེབ་ཐེར་གྲགས་ཅན་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》 《རྒྱལ་རབས་གསལ་བའི་མེ་ལོང་》སོགས་བོད་ཀྱི་མཆེད་ཁུངས་བརྗོད་པའི་ལོ་རྒྱུས་ཡི་གེ་ཕལ་ཆེར་གྱིས་དེ་ལྟར་གསུངས་པར་མ་ཟད། ལྔ་པ་ཆེན་པོས་“དེ་དག་གི་ཚུལ་གནས་ལྔ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ལ་ཤྲཱི་ཛྙཱ་ནས་ཀ་བ་ཤིང་ལོ་ཅན་གྱི་བྱང་ངོས་ནས་བཞེས་པའི་བཀའ་འཁོལ་མ་དང་། མ་ཎི་བཀའ་འབུམ་སོགས་གངས་ཅན་གྱི་ལྗོངས་ན་དར་རོ་ཅོག་གི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དུ་མ་ཞིག་དགོངས་པའི་ཁོག་གཅིག་པ་ལས། སྤྲེའུ་དང་བྲག་སྲིན་མོ་ལྷན་ཅིག་ཏུ་འདུས་པའི་ཕྲུག་གུ་གདོང་དམར་ཤ་ཟན་གྱི་རིགས་སུ་བཤད་པ་”④ཞེས་གཞེད་ལུགས་འདིའི་ཁུངས་ནི་བཀའ་ཆེམས་ཡིན་པ་གསལ་པོར་བསྟན་ཡོད། དེ་བས་དུས་རབས་བཅུ་གཅིག་པའི་སྔོན་གྱི་རང་རེའི་ཡི་གེ་རྙིང་པ་ཏུན་ཧོང་ཡིག་ཚགས་དང་། རྡོ་བྲག་ཡི་གེ བྲག་བརྐོས། ཁྲམ་ཤིང་། ཅོང་ཡིག་སོགས་འབོར་ཆེན་ཡོད་པ་ལས་བོད་ཀྱི་མི་རྒྱུད་སྤྲེའུ་དང་བྲག་སྲིན་ནས་མཆེད་པའི་གླེང་རྗོད་ཅིག་མ་མཐོང་། དེང་ལག་སོན་བྱུང་བའི་《ཀ་ཁོལ་མ་》འདིའི་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ལ་བལྟས་ནའང་སྤྱི་ལོ་དུས་རབས་བདུན་པའི་སྟོད་ཀྱི་ཆ་ལ་བྱོན་པའི་བཙན་པོ་སྲོང་བཙན་སྒམ་པོའི་གསུང་སྒྲོས་ཡིན་པའི་ངེས་ཤེས་གཏན་ནས་མི་རྙེད་པར་མ་ཟད། ད་དུང་མི་རྒྱུད་རྒྱ་གར་གྱི་གཏམ་རྒྱུད་ཁྲོད་ཀྱི་སྤྲེའུ་ཞིག་ལ་གཏུགས་པ་དང་། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་བསྐུལ་བ་ལྟར་བོད་ཡུལ་དུ་བྱོན་ནས་མི་རྒྱུད་སྤེལ་བར་བརྗོད་པ་འདི་ལ་གཞིགས་ན། བོད་ཀྱི་འགྲོ་བ་མིའི་རིགས་ནི་སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པའི་རྗེས་སུ་བྱུང་བར་ཐལ་བས། མི་ལོ་སུམ་ཁྲིའི་སྔ་རོལ་དུ་བོད་བྱང་ཐང་ན་འགྲོ་བ་མི་འཚོ་གཞེས་ཀྱི་དན་རྟགས་⑤ཡོད་པ་དང་མི་མཐུན་པས་ལོ་རྒྱུས་ཀྱི་བདེན་དོན་མིན་པ་ཀུན་ལ་གསལ་ཡང་། གཏམ་རྗོད་འདིས་བོད་གནའ་རབས་ཀྱི་ལོ་རྒྱུས་བསམ་བློ་དང་འདུ་ཤེས་ལ་ཤུགས་རྐྱེན་ཆེས་ཆེར་ཐེབས་འདུག་པར་མངོན།

        2.བཙན་པོའི་གདུང་ཁུངས་རྒྱ་གར་ལ་གཏུགས་ཚུལ། སྤྱིར་གནའ་བོའི་གཏམ་དུ་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་གནམ་ནས་བྱོན་པ་དང་། རྒྱ་གར་ནས་བྱོན་པ། སྤོ་བོ་ནས་བྱོན་པ་སོགས་གླེང་ལུགས་མི་མཐུན་པ་མང་དུ་ཡོད་པ་ལས། གྲགས་ཆེ་བ་ནི་བསྒྲགས་པ་ཆོས་ལུགས་མང་པོས་བཀུར་བ་ལས་ཆད་པ་ཡིན་པར་བཞེད་པའི་འབྱུང་ཁུངས་གང་ཡིན་པར་ཞིབ་ཏུ་བསམ་ན། ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་》གཞིར་བཟུང་བ་དང་། ཁག་ཅིག་གིས་《ཀ་ཁོལ་མ་》ལ་གཞིར་བཅོལ་བ་ཡིན་པས། ཐོག་མར་《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་》སྐོར་མདོར་ཙམ་གླེང་ན། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་《ལྷ་ལས་ཕུལ་བྱུང་》གི་ཤོ་ལོ་ཀ་གསུམ་པ་སྟེ་“ཁྱབ་འཇུག་གིས་ནི་འཐབ་དཀའ་ལ་སོགས་རིགས་རྣམས་བརླག་པར་གྱུར། །ལྷ་ཆེན་པོས་ནི་གྲོང་ཁྱེར་སུམ་བརྩེགས་བཅོམ་པར་གྱུར་ཞེས་གྲག །སྐེམ་བྱེད་ཀྱིས་ཀྱང་མདུང་ཐུང་འཇེབས་བསྣུན་ཀྲུང་ཀྲུང་བསད་པར་གྱུར། །སངས་རྒྱས་ཉག་གཅིག་འགྲོ་ལ་སྨན་པ་ཐམས་ཅད་མཛད་པ་ལགས། །”⑥ཞེས་པའི་ཚིག་རྐང་དང་པོའི་འགྲེལ་པར་སློབ་དཔོན་ཤེས་རབ་གོ་ཆས་“སྲིད་སྒྲུབ་ཀྱི་ཁ་ལོ་པ་རང་ཉིད་ཀྱིས་བྱས་ཏེ། གཡུལ་བཀྱེ་བས་འཐབ་དཀའི་རིགས་དཔུང་གི་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་གྱུར་ཏོ། །རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ། །”⑦ཞེས་གསུངས་པ་དེ་ལ་ཁུངས་བཅོལ་བ་རེད། འགྲེལ་པ་འདི་ཞིབ་ཏུ་བཀླགས་ན་གཅིག་ནས་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ལ་ཁུངས་བཅོལ་བ་དང་། གཉིས་ནས་རུ་པ་ཏི་སོགས་བྲོས་ནས་བོད་དུ་འགྱུར་ཚུལ་གསུངས་ཡོད་པ་ལས་བོད་ཀྱི་བཙན་པོ་གཉའ་ཁྲི་ཡིན་ཚུལ་ཚིག་ཟིན་ལའང་ཐོན་མེད་པས། གཏམ་རྗོད་འདིའི་འབྱུང་ཁུངས་《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་》ལ་གཏུག་ཁག་པར་འདུག

        ཡང་། 《ཀ་ཁོལ་མ་》རུ། “རྒྱལ་པོ་དམག་བརྒྱ་པའི་བཙུན་མོ་མཆོག་བཟང་མ་སྲས་གཅིག་སྐྱེས་པ་ལ་སྲས་རྒྱལ་བུ་མིག་བྱ་མིག་ལྟར་ཡར་ལ་འགེབས་པ། སྐྲ་རྒྱ་ཁམ་པ་ཡོད་པ། གཡུའི་སྨིན་མ་ཡོད་པ། སོ་དུང་སོ་འཁོར་བ་ཡོད་པ། ལག་པ་བྱའི་རྒྱལ་པོ་ངང་པ་ལྟར་དྲ་བས་འབྲེལ་བ་ཅིག་སྐྱེས་པས་རི་གླང་རུ་ལ་བབས་པར་ལུང་བསྟན་ཏེ་དེའི་མིང་ནི་རུ་བ་སྐྱེས་ཞེས་བྱའོ། །”⑧ཞེས་གསུངས་པ་དང་། དེ་ནས་ཡབ་རྒྱལ་པོས་བུའི་ཆ་བྱད་ལྟས་ངན་པར་མཐོང་ནས་སོད་ཅིག་གསུངས་ཀྱང་མཚོན་གྱིས་གསོད་མ་ནུས་པར་གའུ་ཁ་སྦྱོར་གྱི་ནང་དུ་བཅུག་ནས་གང་གཱ་ལ་བསྐྱུར། དེ་མ་ཤི་བར་གྲོང་ཁྱེར་ཡངས་པ་ཅན་གྱི་ཞིང་པ་ལྔ་ཐུབ་ཅན་གྱིས་གསོས། ཅུང་ནར་སོན་པ་དང་རྒྱུ་མཚན་དྲིས་པས་ལྔ་ཐུབ་ཀྱིས་དྲང་མོར་བརྗོད་པས་ཁོ་བྲེད་ནས་ལྷ་རི་གྱང་མཐོའི་རྩེ་མོར་བྱུང་། དེ་ནས་ལྷ་རི་ཡོར་པོའི་རྩེ་ལ་བྲོས་པ་ན་གནམ་གྱི་ལྷས་ཁོའི་སྤྱི་བོའི་དབུ་སྐྲར་ལྷ་ཐག་དང་དམུ་ཐག་བཏགས་ནས་ཡར་ལ་འཐེན་ཏེ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དགའ་ལྡན་ལྷ་ཡུལ་དུ་བྱོན། དེ་ནས་ཁོང་གི་མིང་ལ་ལྷ་ཅིག་གནམ་གྱི་ལྷ་སྲིད་པ་མགོན་བཙུན་ཕྱྭའི་ལྷ་ཞེས་བཏགས། དེ་ནས་སྲིད་པ་ཕྱྭའི་ལྷ་དང་རི་ཏི་རིའི་བུ་མོ་ཤ་བ་གཡུའི་མགོ་ཅན་མ་སོགས་དང་སྲིད་པས་ལྷ་རབས་ཐེན་དགུ་དང་ལྷ་རབས་མཆེད་བཞིའི་ཡང་མེས་དགུ་མེས་ལ་གྱུར། དེ་ནས་སྲིད་པ་ཕྱྭའི་ལྷ་རུ་བ་སྐྱེས་ཀྱིས་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་པས་མི་ཡུལ་ས་ག་དོག་གཟིགས་པར་གྱུར་པས། བོད་ཡུལ་སྤྲེའུ་རྒྱལ་པོ་ཧ་ལུ་མན་དའི་རིགས་རྒྱུད་འདུལ་བར་དགོངས་ནས་དམུ་ཐག་དང་དམུ་སྐས་ལས་ལྷ་རི་ཡོར་བོའི་རྩེ་མོར་བབས་པར་བོན་ཤེས་པ་ཅན་བཅུ་གཉིས་དང་ཕྲད་ནས་གཉའ་ཁྲི་བཙན་པོར་བཀུར་བའི་གཏམ་བོད་གདོད་མའི་འདོད་པ་དེ་བཙན་པོ་གནམ་ནས་བྱོན་པ་དང་འདྲེས་མའི་ཚུལ་གྱིས་བདེན་བདེན་དུ་བཀོད་ཡོད། གཏམ་དེའི་རྗེས་སུ་མཁས་པ་ལྡེའུ་སོགས་ལོ་རྒྱུས་མཁན་པོ་ཕལ་ཆེར་འབྲངས་ནས། གདུང་ཁུངས་ཐེའུ་རང་ནས་ཆད་པ་དང་། གནམ་ནས་བྱོན་པ་སོགས་ལ་དགག་གཞག་མང་དུ་གནང་སྟེ་གཏམ་རྗོད་འདི་རིགས་ལ་ཡིད་ཆེས་ཀྱིས་ཀུན་ལ་བསྒྲགས་ཤིང་ཡི་གེར་ཕབ་ཡོད། དེ་བས་བཙན་པོའི་གདུང་ཁུངས་རྒྱ་གར་ལ་གཏུགས་པའི་གཏམ་རྗོད་ནི་《ཀ་ཁོལ་མ་》ལས་ཐོག་མར་བྱུང་བར་སྙམ།

        3.གཉན་པོ་གསང་བ་གནམ་ནས་བབས་ཚུལ། 《ཀ་ཁོལ་མ་》ཡི་ལེའུ་དྲུག་པ་ནི་ལྷ་ཐོ་ཐོ་རིའི་སྐུ་རིང་ལ་བོད་དུ་དམ་ཆོས་དབུ་བརྙེས་ཚུལ་བརྗོད་པའི་ལེའུ་ཡིན། དེ་ཡང་བཙན་པོ་ལྷ་ཐོ་ཐོ་རི་ཡར་ལུང་ཤེལ་གྱི་ཕོ་བྲང་ཡུམ་བུ་བླ་སྒང་ན་བཞུགས་པའི་སྐབས་དེར། རྒྱ་གར་གྱི་ཡུལ་མ་ག་དྷ་ན་རྒྱལ་པོ་ཛ་ཞེས་བྱ་བ་ཞིག་ཡོད་པ་དེས། རང་གི་མེས་པོ་ཆོས་རྒྱལ་དྷརྨ་ཨ་ཤོ་ཀས་དང་ཐོག་དྲག་པོ་དམག་གིས་ཡུལ་དང་འབངས་མང་པོ་བཅོམས་པ་སོགས་སྡིག་པའི་ལས་མང་དུ་བསགས་པ་དང་། མཐར་སྡིག་པ་སྦྱོང་བའི་ཆེད་དུ་དགེ་སློང་འབུམ་ཚོ་བཅུ་ལ་ཆོས་སྟོན་དྲངས་པ་དང་མ་ག་དྷའི་བྱང་ཆུབ་ཤིང་དྲུང་ན་སངས་རྒྱས་ཀྱི་སྐུ་གཟུགས་ཡོད་པ་ལ་མཆོད་པ་རྒྱས་པར་ཕུལ་ནས་སྨོན་ལམ་བཏབ་པས། ལྷ་སྲིན་སྡེ་བརྒྱད་ཀྱིས་དུས་གཅིག་ལ་མཆོད་རྟེན་བྱེ་བ་བཞེངས་པར་མ་ཟད། ཤེལ་གྱི་མཆོད་རྟེན་བང་རིམ་བཞི་པ་ཅན་གཅིག་བཞེངས་ནས་དྷརྨ་ཨ་ཤོ་ཀ་ལ་ཕུལ་བའི་ལོ་རྒྱུས་ཤེས་ནས་དད་པ་ཆེན་པོ་སྐྱེས་ཏེ། ངའི་མེས་པོས་དེ་བཞིན་གཤེགས་པའི་ཐུགས་རྟེན་འགྲུབ་ཀྱང་། གསུང་རྟེན་ད་དུང་མ་གྲུབ་པར་འདུག་པ་ངས་བྱའོ་ཟེར་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་མཆོད་པ་ཕུལ་ཅིང་ཆོས་སྟོན་དྲངས་ནས་སྨོན་ལམ་བཏབ་པར། ནམ་མཁའ་ལ་རྡོ་རྗེ་སེམས་དཔའི་སྐུ་ཞིག་བྱོན་ནས་གླེགས་བམ་གྱི་པོ་ཏིའི་ཆར་ཕབ་བྱུང་བས། རྒྱལ་པོ་ཛས་གླེགས་བམ་གྱི་པོ་ཏི་དང་ཤེལ་གྱི་མཆོད་རྟེན་བང་རིམ་བཞི་པ་དང་བཅས་པ་དེ་རྣམས་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཅུག་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་འབུལ་རབ་གནས་མཛད་པའི་དུས་སུ། མཁའ་འགྲོ་དང་མཁའ་འགྲོ་མས་ཡེ་ཤེས་འབྱུང་བའི་རླུང་འཚུབ་བསླངས་ནས་རིན་པོ་ཆེའི་ཟ་མ་ཏོག་དེ་ཁྱེར་ནས་ལྷ་ཐོ་ཐོ་རིའི་པང་དུ་བབས་བྱུང་། བཙན་པོས་ཤེལ་གྱི་མཆོད་རྟེན་དང་གསེར་གྱི་གླེགས་བམ་དེ་ཆོས་བོན་གང་ཡིན་ངོས་མ་ཟིན་པར་གཉན་པོ་གསང་བ་ཞེས་མིང་བཏགས་ནས་མཆོད་པ་དང་སྐོར་བ་བྱས་པས་སྐུ་ལུས་ཀྱང་བགྲེས་པ་གཞོན་པར་གྱུར་ནས་ལོ་བརྒྱ་དང་ཉི་ཤུ་ཐུབ་ཅེས་ཅུང་ཞིབ་མོར་བཀོད་ཡོད།

        དེ་ལྟར་གཉན་པོ་གསང་བ་གནམ་ནས་བབས་པ་དང་བཙན་པོ་ལྷ་ཐོ་ཐོ་རིས་དགུང་གྲངས་བརྒྱ་དང་ཉི་ཤུ་ཐུབ་པ་ནི་མཁས་པ་ལྡེའུ་དང་། ཉང་ཉི་མ་འོད་ཟེར། བུ་སྟོན་རིན་ཆེན་གྲུབ། ཚལ་པ་ཀུན་དགའ་རྡོ་རྗེ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་སྔོན་རབས་སྨྲ་བའི་དབང་པོ་ཕལ་མོ་ཆེའི་དགོངས་པ་ཡིན་མོད། འོན་ཀྱང་དེ་ལ་དོགས་སློང་གནང་མཁན་མེད་པ་མ་ཡིན་ཏེ། ནེའུ་པཎྜི་ཏས་“སྤང་ཀོང་ཕྱག་རྒྱ་པ་ཉི་ཟེར་ལ་བཅིབས་ཏེ་ཕོ་བྲང་གི་ཡང་ཐོག་ཏུ་བྱོན་ནོ་ཞེས་གནམ་ལས་བབས་པར་སྨྲ་བ་ནི་བོན་པོས་ལྷད་བཅུག་པ་ཡིན་ནོ་”⑨ཞེས་བོན་ལ་བཀྱོན་པ་དང་། ཀློང་ཆེན་རབ་འབྱམས་པས་“ཆོས་བྱོན་ལུགས་ནི་གནམ་ནས་བབས་པ་དེ་བོན་ལུགས་བྱ་བ་མ་དག་པ་ཡིན་ཏེ་”⑩ཞེས་ལོ་རྒྱུས་གསུམ་ཟུར་བཞི་སྟེང་རྙིང་པར་གཞི་བཅོལ་ནས་རྒྱ་ནག་མཁན་པོ་ལི་བྱིན་བོད་དུ་ཕེབས་ནས་སྐུ་གསུང་ཐུགས་ཀྱི་རྟེན་རྒྱལ་པོའི་ཕྱག་ཏུ་ཕུལ་བར་གསུངས། ད་དུང་། བོན་གྱི་ཡིག་ཚགས་རྙིང་གྲས་《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་རིན་པོ་ཆེའི་གླིང་གྲགས་》དང་《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ་》སོགས་སུ་སྐུ་གཤེན་གྱིས་སྨན་མོ་བསྒྲུབས་ནས་ལྷ་ཐོ་ཐོ་རི་ལ་མཛའ་མོར་ཕུལ་བའི་ཡོན་ཏན་གྱིས་བཙན་པོའི་སྐུ་ཚེ་བསྲིངས་པར་བརྗོད་ཡོད་པ་སོགས་གླེང་ལུགས་མི་མཐུན་པ་དུ་མ་སྣང་མོད། གནའ་རབས་ཡིག་ཚགས་རྣམས་གོ་བསྡུར་ན། གཉན་པོ་གསང་བ་གནམ་ནས་བབས་པ་དང་ལྷ་ཐོ་ཐོ་རི་དགུང་གྲངས་བརྒྱ་དང་ཉི་ཤུར་བཞུགས་པའི་རྗོད་ལུགས་ནི་《ཀ་ཁོལ་མ་》ལས་ཐོག་མར་བྱུང་ཞིང་གྲགས་པ་རེད་ལ།དེ་ཡང་དམ་ཆོས་རྒྱུད་འཛིན་མཁན་གྱིས་དམ་ཆོས་ལ་ཆེ་བསྟོད་བྱས་པ་འབའ་ཞིག་ཡིན་ཀྱང་སྲིད།

        4.བློན་པོ་མགར་གྱིས་ཐང་གི་ཁབ་ནས་རིག་པ་འགྲན་ཚུལ། བློན་པོ་མགར་སྟོང་བཙན་ཡུལ་བཟུང་ནི་བཙན་པོའི་བཀའ་ལྟར་རྒྱ་བཟའ་འུན་ཤིང་ཀོང་ཇོ་སྤྱན་འདྲེན་གྱི་ཕོ་ཉར་ཐང་གི་ཁབ་ཏུ་ཕེབས་ནས། ཀོང་ཇོ་སློང་མཁན་གྱི་རྒྱལ་ཁབ་གཞན་དང་གཞན་གྱི་བློན་པོ་མང་པོ་དང་རིག་པ་སྣ་མང་འགྲན་ནས་མཐར་ཀོང་ཇོ་བོད་ལ་ཐོབ་པའི་གཏམ་རྒྱུད་རྒྱལ་རབས་དེབ་ཐེར་མང་པོར་བཀོད་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། གཏམ་རྒྱུད་དེ་ལ་གནའ་སྔ་མོ་ནས་ངག་རྒྱུན་གྱི་ས་བོན་ཞིག་ཡོད་སྲིད་ཀྱང་། མི་སྣའི་སྣང་བརྙན་འབུར་དུ་ཐོན་པ་དང་བྱུང་རིམ་ཀྱག་ཀྱོག་ཡིན་པ། གཏམ་རྒྱུད་ཀྱི་འགོ་མཇུག་ཆ་ཚང་ལ་ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་གཏམ་རྒྱུད་འདི་ཡི་གེར་བཀོད་པའི་དེབ་ཐེར་གྱི་ཐོག་མ་ནི་《ཀ་ཁོལ་མ་》ཡིན་འོས་ཏེ། དེར་བོད་བློན་མགར་རིག་པ་ཅན་གྱིས་གཙོ་བྱས་པའི་བོད་ཀྱི་གཉེ་བོ་བརྒྱས་ལྷ་ཅིག་ཨོང་ཅོང་སྤྱན་དྲངས་པའི་ལེའུ་ཞེས་ཆེད་དུ་ལེའུ་གཅིག་ཏུ་བཀར་ནས་བློན་པོ་མགར་གྱིས་ཐང་གི་ཁབ་ནས་རིག་པ་འགྲན་ཚུལ་ཞིབ་འབྲི་བྱས་ཡོད།

        སྐབས་འདིར་གོ་བདེ་བའི་ཆེད་དུ་《ཀ་ཁོལ་མ་》ཡི་ལེའུ་དེའི་ནང་དོན་མདོར་བསྡུས་སུ་བཀོད་ན། བཙན་པོ་སྲོང་བཙན་སྒམ་པོས་རྒྱ་ནག་རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་གི་སྲས་མོ་ལྷ་ཅིག་ཀོང་ཇོ་སྤྱན་འདྲེན་ཏུ་བློན་པོ་མགར་སོགས་རྟ་པ་བརྒྱ་མངགས། སྐབས་དེར། རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། སྟག་གཟིག་ནོར་གྱི་རྒྱལ་པོ། ཁྲོམ་གེ་སར་གྱི་རྒྱལ་པོ།བོད་ཀྱི་རྒྱལ་པོ་བཅས་ཀྱི་གཉེ་བོ་ཚན་བཞི་རྟ་པ་བཞི་བརྒྱ་ཙམ་གྲོང་ཁྱེར་ཁྲི་སྒོ་བརྩེགས་པར་འདུས། དེ་ནས་བློན་པོ་མགར་གྱིས་རྒྱ་ནག་ཐང་གི་རྒྱལ་པོའི་ཞལ་མཇལ་བ་དང་གོང་མས་ཁྱོད་རང་གི་རྒྱལ་པོ་ལ་འདི་སྐད་དྲིས་ཤིག་ཅེས་དྲི་བ་ཚ་བོ་རེ་བཏོན་པའི་ལན་དུ། གསེར་དངུལ་ཟངས་ཀྱི་སྒྲོམ་བུ་གསུམ་དུ་དྲིས་ལན་སྔ་མོ་ནས་བཅུག་ཡོད་པ་རིམ་པ་བཞིན་ཕུལ། ཁྱད་པར་དུ་འཕྲིན་ལན་གསུམ་པ་“ལྷ་ཅིག་མི་སྟེར་ན། ངའི་སྤྲུལ་བའི་དམག་བསམ་གྱིས་མི་ཁྱབ་པས། རྒྱ་ནག་གི་ཡུལ་རྣམས་འཇོམས་ཤིང་བརླག་པར་འགྱུར་རོ་”⑾ཞེས་བྱ་བ་བཀླགས་རྗེས་རྒྱ་ནག་རྒྱལ་པོ་བྲེད་དེ་མྱོས་ནས་ཁྲི་ཁ་ནས་ལྷུང་ཚུལ་སོགས་བརྗོད་མཐར། གཉེ་ཚན་རྣམས་རིག་པ་འགྲན་དུ་བཅུག་ནས་སུ་ལ་བློ་གྲོས་ལྡན་པ་དེ་ལ་ཀོང་ཇོ་སྟེར་ཞེས་བསྒྲགས། བློན་པོ་མགར་གྱིས་དང་པོ་གཡུ་ལུང་དྲངས།དེ་ནས་གནས་ཁང་འཚོལ་བ་དང་། ཤ་ཟས་ཆང་འཐུང་པགས་པ་མཉེས་པ། རྟ་མ་བརྒྱ་བུ་བརྒྱ་མ་བུ་ངོས་བཟུང་བ།བྱ་མ་བརྒྱ་བུ་བརྒྱ་མ་བུ་ངོས་བཟུང་བ། ཤིང་གི་རྩ་རྩེ་ངོས་བཟུང་བ། བུ་མོ་བཞི་བརྒྱ་ལས་ཀོང་ཇོ་ངོས་བཟུང་བ་སོགས་རིག་པ་སྣ་བདུན་ལས་རྒྱལ་ཏེ་ཀོང་ཇོ་བོད་ལ་ཐོབ་པའི་ཚུལ་བཅས་ཞིབ་ཏུ་བཀོད་ཡོད་པས། བརྗོད་དོན་དེ་རིགས་ལས་རིག་པ་འགྲན་པའི་བྱུང་རིམ་མང་དག་ཅིག་སྟོན་པའི་རྣམ་ཐར་ལ་གཞི་བཅོལ་བར་སྣང་སྟེ།

        གཅིག དུས་གཅིག་ཏུ་རྒྱལ་པོའི་བུ་མོ་གཅིག་རྒྱལ་ཁབ་མང་པོས་སློང་ཞིང་རྩོད་པར་གྱུར་པའི་གཏམ་གྱི་ཁུངས་ཡང་དག་ནི་སྟོན་པའི་མཛད་རྣམ་ཡིན་སྙམ་སྟེ། 《ལས་བརྒྱ་ཐམ་པ་》ཡི་བམ་པོ་གཉིས་པར་བཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་པས་བྱིན་ལ་བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཀཱ་ཤི་མཛེས་ལྡན་མ་ཞེས་བྱ་བ་ཞིག་ཡོད་པས། ཉི་འོག་གི་རྒྱལ་པོ་དྲུག་གིས་དུས་གཅིག་ཏུ་ཕོ་ཉ་བཏང་ནས་ཀཱ་ཤི་མཛེས་ལྡན་མ་ང་ལ་བྱིན་ཅིག་ཅེས་འཕྲིན་སྤྲིངས་པའི་གཏམ་རྒྱུད་ཡོད་པ་དང་། ཡང་། 《མཛངས་བླུན་ཞེས་བྱ་བའི་མདོ་》ལས་སྟོན་པ་དྲུག་བཏུལ་བའི་ལེའུར་“རྒྱལ་ཕྲན་དྲུག་གིས་རྒྱལ་པོས་ཀྱང་རྒྱལ་པོ་ལུ་ཤི་པ་ཙ་ལ་བུ་མོ་བཟང་མོ་ཞིག་ཡོད་དོ་ཞེས་ཐོས་ནས། སོ་སོ་ནས་དམག་དང་བཅས་ཏེ་བུ་མོ་སློང་དུ་འོངས་སོ་”⑿ཞེས་གསུངས་ཡོད་པས་ཕྱིར་རོ། །

        གཉིས། ང་རྒྱལ་གྱི་ཚིག་གིས་རྒྱལ་པོ་གཞན་ལ་འཕྲིན་ཡིག་སྤྲིངས་ནས་ཁ་སྤོ་སྨྲས་པའི་གཏམ་གྱི་ཁུངས་ཡང་དག་ཀྱང་སྟོན་པའི་མཛད་རྣམ་ཡིན་སྙམ་སྟེ། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས་《རྒྱལ་པོ་ཀ་པི་ན་ཆེན་པོའི་རྟོགས་བརྗོད་》དང་《མཛངས་བླུན་ཞེས་བྱ་བའི་མདོ་》ཡི་པི་ན་ཆེན་པོའི་ལེའུར་“ངའི་མཐུ་དང་བྱིན་གྱིས་འཛམ་བུ་གླིང་དུ་གཏོགས་པ་ཀུན་ལ་དབང་ན། ཁྱེད་ཅིའི་ཕྱིར་ཕོ་ཉ་ཡང་འདྲུལ་བ་མི་བྱེད། ད་ཡང་ཁྱེད་ཀྱི་སྟེང་དུ་ཕོ་ཉ་བཏང་བ་ཡིན་གྱི་ཁྱེད་ཉལ་བའི་ཚེ་ངའི་མིང་ཐོས་ན་འདུག་པའི་རིགས་སོ། །འདུག་པའི་ཚེ་ཐོས་ན་ལྡང་བའི་རིགས་སོ། །ཟས་ཟ་བའི་ཚེས་ཐོས་ན་མིད་མི་ཁོམ་པར་ཕྱིར་འདོར་བའི་རིགས་སོ། །ཁྲུས་བྱེད་པའི་འཕྲོ་ལ་ཐོས་ན་སྐྲ་ཡང་ཕྱིར་སྡུད་པའི་རིགས་སོ། །སྡོད་པའི་ཚེ་ཐོས་ན་རྒྱུག་པར་རིགས་ཀྱི།ད་སྟེ་ཞག་བདུན་ན་འདིར་ང་དང་ཕྲད་དུ་ཤོག་ཅིག དེ་ལྟར་མ་བྱས་ན་དམག་དྲངས་ཏེ་ཁྱེད་ཀྱི་ཡུལ་མེད་པར་བྱའོ། །”⒀ཞེས་འཕྲིན་སྤྲིངས་ཡོད་པས་སོ། །

        གསུམ། རྒོད་མ་མ་བུ་ངོས་འཛིན་པ་དང་ཤིང་དུམ་གྱི་རྩ་རྩེ་ངོས་འཛིན་པའི་གཏམ་གྱི་ཁུངས་ཡང་དག་ཀྱང་སྟོན་པའི་མཛད་རྣམ་ཡིན་སྙམ་སྟེ། འདུལ་བ་གཞིའི་གོས་ཀྱི་གཞི་འཆད་པ་ལས་འཚོ་བྱེད་ཀྱི་སྡེ་ཚན་དུ། ཡུལ་ཞིག་གི་རྒྱལ་བློན་ཀུན་གྱིས་རྟ་རྒོད་མ་སྨད་གཉིས་ཀྱི་མ་དང་བུ་གང་ཡིན་པ་དང་། ཙན་དན་སྡོང་དུམ་ལས་རྩ་བ་དང་རྩེ་མོ་གང་ཡིན་ངོས་འཛིན་མ་ཤེས་པར་ཡིད་མུག་པའི་སྐབས་སུ། བློན་པོ་ཞིག་གི་བུའི་ཆུང་མ་ས་ག་མས་རེ་རེ་བཞིན་ཐབས་ཀྱིས་བཀྲོལ་བར་བསྟན་པ་⒁དང་། ཡང་《མཛངས་བླུན་ཞེས་བྱ་བའི་མདོ་》ཡི་བློན་པོ་རི་དྭགས་བུ་བདུན་གྱི་ལེའུར་ཡང་དེ་བཞིན་རིག་པ་འགྲན་ཚུལ་བཀོད་ཡོད་པས་སོ། །

        5.སྲོང་བཙན་སྒམ་པོ་ཡབ་ཡུམ་གསུམ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཐིམ་ཚུལ། 《ཀ་ཁོལ་མ་》རུ། “རྒྱལ་པོ་ཞལ་ཕར་ལོག་ནས་ཕྱག་གཡས་ཀྱིས་ཇོ་མོ་ཁྲི་བཙུན་ལ་རེག་པས་བལ་བཟའ་ཁྲི་བཙུན་མེ་ཏོག་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡི་གེ་ཏཱཾ་དཀར་པོས་མཚན་མ་ཅིག་ཏུ་གྱུར། ཕྱག་གཡོན་གྱིས་ཇོ་མོ་ཨོང་ཅོང་ལ་རེག་པས། རྒྱ་མོ་བཟའ་ཨོང་ཅོང་མེ་ཏོག་ཨུད་པལ་སྔོན་པོ་འདབ་མ་བཅུ་དྲུག་པ་ཡི་གེ་ཏཱཾ་ལྗང་ཁུས་མཚན་མ་ཅིག་ཏུ་གྱུར། ཇོ་མོ་ཁྲོ་གཉེར་མ་གཡས། ཇོ་མོ་སྒྲོལ་མ་གཡོན། རྒྱལ་པོ་ཞལ་ཕྱི་ངོས་སུ་ལོག་བྱས། སྤྱན་ནམ་མཁའ་ལ་རིག་པ་ཅིག་གཟིགས་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོའི་རྩར་གཤེགས་པ་དང་། དབུའི་ཨ་མི་དེ་བ་དང་གཉིས་མཉམ་སྐད་དེ་གདའ། རྒྱལ་པོ་ཡབ་ཡུམ་གསུམ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་བྱེ་མ་མར་ཁུ་ཐིམ་པའམ། རྡོ་ཚན་ལ་ཁ་བ་བཞིན་དུ་ནུབ་བོ། །”⒂ཞེས་སྲོང་བཙན་ཡབ་ཡུམ་གསུམ་བཅུ་གཅིག་ཞལ་རང་བྱོན་ལ་ཐིམ་ཚུལ་གསུངས་ཡོད་པར་བརྟེན་ཕྱིས་ཀྱི་རྒྱལ་རབས་དང་ཆོས་འབྱུང་ཕལ་མོ་ཆེར་དངོས་ཤུགས་གང་རུང་ནས་ཤུགས་རྐྱེན་ཐེབས་ཡོད་དེ། དཔེར་ན་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དང་། མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 《བུ་སྟོན་ཆོས་འབྱུང》 《ཀློང་ཆེན་ཆོས་འབྱུང》 《ཚལ་པའི་དེབ་དམར》 《རྒྱལ་རབས་གསལ་བའི་མེ་ལོང》 《ཡར་ལུང་ཆོས་འབྱུང》 《རྒྱ་བོད་ཡིག་ཚང་ཆེན་མོ》 《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་དེབ་ཐེར་གྲགས་ཅན་ཁག་ཏུ་བཙན་པོ་སྲོང་བཙན་ཡབ་ཡུམ་གསུམ་གྱི་སྐུ་མ་འདས་པར་བཅུ་གཅིག་ཞལ་ལ་ཐིམ་ཚུལ་བཀོད་ཡོད། ལ་ལས་《ཀ་ཁོལ་མ་》ཡི་ཚིག་ཇི་བཞིན་སོར་འཇོག་བྱས་ཡོད་པ་དང་ལ་ལས་《ཀ་ཁོལ་མ་》ཡི་རྗོད་སྟངས་ལ་འཕྲི་སྣོན་ཅུང་ཟད་བྱས་པ་མ་གཏོགས་བརྗོད་བྱ་སྤྱིའི་ཆ་ནས་བལྟས་ན་《ཀ་ཁོལ་མ་》ཡི་བུ་ཡིག་ཏུ་གྱུར་པ་མངོན་གསལ་ཡིན་པར་མ་ཟད། ལ་ལས་དངོས་སུ་“ཡབ་ཡུམ་གསུམ་ཁ། འཕྲུལ་སྣང་གི་བཙན་ཁང་བྱང་མར། རང་བྱོན་འཕགས་པ་བཅུ་གཅིག་ཞལ་ལ་ཐིམ་མོ། །རྒྱས་པར་བཀའ་ཆེམས་བཀའ་འཁོལ་མར་ལྟའོ་”⒃ཞེས་ཁུངས་དང་ལྡན་པར་གསུངས་ཡོད་པ་བཞིན་ནོ། །

        འོན་ཀྱང་དེ་ལྟར་བཤད་ན་མི་ལོ་བཞི་བརྒྱའི་སྔ་རོལ་ནས་བརྩིགས་པའི་སྲོང་བཙན་སྒམ་པོའི་བང་སོ་སྨུག་རི་སྨུག་པོ་འཕྱོང་པོའི་མདའ་རུ་ལྷང་ངེར་འགྱིངས་ཡོད་པས་བོད་འབངས་རྣམས་ཡིད་ཆེས་པར་དཀའ་བ་ཤེས་ནས། 《ཀ་ཁོལ་མ་》རུ། ཐབས་མཁས་ཀྱིས་གསལ་བཤད་ཅིག་བྱས་ཡོད་དེ། བློན་པོ་རྣམས་ཀྱིས་གྲོས་བྱས་ནས་“རྒྱལ་པོ་ཡབ་ཡུམ་སྟངས་ཞལ་གསུམ་ལྷའི་ཐུགས་ཀར་ཐིམ་བྱས་ན། རྒྱལ་ཁྲིམས་འཇིག་པས་དེ་སྐད་མ་ཟེར་བར་མི་ལ་གསོངས་ཤིགཕྱིས་བང་སོ་རྩིག་ཏུ་མི་བཏུབ་པོ་ཟེར། རྒྱལ་པོ་ནི་འཕན་ཡུལ་འབུམ་པ་སྒང་ཟམ་བུའི་ཚལ་ཏུ་འོད་ཟེར་དམ་པ་སྒྲའི་གཙུག་ལག་ཁང་གི་ཕོ་བྲང་ན་བཞུགས་སོ། །ཁྲི་བཙུན་ནི་གཡས་རུ་གཙང་བྲིང་གི་གཙུག་ལག་ཁང་ན་བཞུགས་སོ། །ཨོང་ཅོང་ནི་འབུམ་ཐང་གི་གཙུག་ལག་ཁང་ན་བཞུགས་གྱིས་ལ་གསོངས་ཤིག དེ་ནས་ཟླ་གཅིག་ཙ་ན་རྒྱལ་པོ་ཆེན་པོ་དང་བཙུན་མོ་གཉིས་སྐུ་ཁམས་སྙུན་ཞེས་བསྒྲགས། དེ་ནས་ཡང་སྐུ་ཁམས་ཤིན་ཏུ་སྙུང་ཞེས་བསྒྲགས་སོ། །དེ་ནས་རྒྱལ་པོ་ཡབ་ཡུམ་དགུང་དུ་གཤེགས་སོ་ཞེས་བསྒྲགས་ནས། ཡར་ཀླུང་དོན་མཁར་ཐང་ཏུ་ཨ་ཡ་བོན་པོ་རྣམས་ཀྱིས་བང་སོ་བརྩིགས་”⒄ཞེས་ཤུལ་བཞག་ལོ་རྒྱུས་དན་རྟགས་དང་མཐུན་པར་བཀོད་ཡོད། དེ་བས་《ཀ་ཁོལ་མ་》རུ་དམ་པའི་ཆོས་ལ་འུར་གྱིས་བསྟོད་པའི་གཏམ་དང་ལོ་རྒྱུས་བྱུང་རིམ་གསར་དུ་བཅོས་པའི་བརྗོད་པ་མང་དུ་བཀོད་ཡོད་མོད། དེ་དག་ནི་རྡོ་ཆག་བཙན་གྱིས་བསྒྲིགས་པ་ལྟ་བུ་མ་ཡིན་པར་སྐབས་དེའི་བོད་མིའི་ཤེས་རིག་གི་ཆུ་ཚད་དང་རིན་ཐང་ལྟ་ཚུལ་རྩ་བར་བཟུང་བ་དང་། སྔོན་རབས་ལོ་རྒྱུས་ཀྱི་བྱུང་བ་ལ་གཞི་བཅོལ་ཅིང་། སྐབས་དེའི་སྤྱི་ཚོགས་སུ་དར་ཁྱབ་བྱུང་ཡོད་པའི་ངག་རྒྱུན་གྱིས་ཟུར་བརྒྱན་ནས་གཏམ་རྗོད་ཀྱི་འགོ་མཇུག་ཆ་ཚང་བར་བཟོས་ཡོད་པར་མ་ཟད། བྱུང་རིམ་ཡང་ཀྱག་ཀྱོག་ཡིན་པས་ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་པའི་ཁྱད་ནུས་ལྡན། ཁྱད་ནུས་དེ་ལྟ་བུ་ལྡན་པའི་རྒྱུ་མཚན་གྱིས་《ཀ་ཁོལ་མ་》བྱུང་བའི་དུས་སྐབས་དེ་ནས་བཟུང་ད་ལྟའི་བར་དུ་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ལ་ཤུགས་རྐྱེན་རབ་དང་རིམ་པ་ཐེབས་ཡོད་པ་རེད།

        6.གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཚུལ། སྤྱིར་ན་《ཀ་ཁོལ་མ་》ནི་རྒྱལ་རབས་སོ་གཉིས་པ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཡིན་པར་བརྗོད་པས། འདི་ནི་རྒྱལ་རབས་ཞེ་གཅིག་པ་དར་མ་འུ་དུམ་བཙན་གྱི་སྲིད་སྐྱོང་ལུགས་དང་འབྲེལ་བ་མེད་པར་སྣང་མོད། འོན་ཀྱང་《ཀ་ཁོལ་མ་》ཡི་རྩོམ་པ་པོར་སྒྲུང་རྩོམ་པའི་རྣམ་དཔྱོད་བླ་ན་མཐོ་བས། བཙན་པོ་སྲོང་བཙན་སྒམ་པོའི་རྗེས་སུ་བྱོན་པའི་དབོན་སྲས་ན་རིམ་གྱི་ཆོས་སྲིད་སྐྱོང་ལུགས་སྐོར་བརྗོད་དུས་མ་འོངས་ལུང་བསྟན་གྱི་རྩོམ་ཐབས་སྤྱད་ནས། “དེ་ནས་མི་རབས་ཕྱེད་གསུམ་ནས། །རྒྱལ་པོ་བྱོལ་སོང་མིང་ཅན་འབྱུང་། །དམ་ཆོས་མ་ལུས་ནུབ་པར་བྱེད། །བསྟན་པ་ཉམས་ཤིང་གུད་པར་འགྱུར། །”⒅ཞེས་དང་། “ཀྱི་ཧུད་ནག་པོའི་ཕྱོགས་རྣམས་དར་བར་འགྱུར། །སངས་རྒྱས་བསྟན་པ་ཉམས་དམས་གྱུར་པ་དེས། །ནག་པོའི་ཕྱོགས་རྣམས་མུན་པར་འགྱུར་དུ་ཉེ། །དེ་དུས་སྐུ་གཟུགས་འདི་ཡང་གཏེར་དུ་སྦེད། །རྒྱལ་པོ་དེ་ཡང་མཚོན་གྱིས་བཀུམ་པར་འགྱུར། །”⒆ཞེས་བཙན་པོ་དར་མ་བྱོན་ཚུལ་དང་དར་མས་སངས་རྒྱས་ཀྱི་བསྟན་པ་སྣུབ་ཚུལ། མཐར་མཚོན་གྱི་ཁ་ནས་དགྲོང་དགོས་ཚུལ་བཅས་ལུང་དུ་བསྟན། གླང་དར་མ་ཞེས་ངན་སྨྲས་ཀྱི་མཚན་དངོས་སུ་མ་བརྗོད་ཀྱང་། “རྒྱལ་པོ་བྱོལ་སོང་མིང་ཅན་”ཏེ་དུད་འགྲོའི་མིང་དང་ལྡན་པ་ཞེས་ཕུགས་ནས་གོ་བར་བགྱིས་ཡོད་པ་དང་། སངས་རྒྱས་ཀྱི་བསྟན་པ་བསྣུབ་དགོས་པའི་རྒྱུ་མཚན་ཡང་དར་མ་འུ་དུམ་བཙན་ཉིད་བདུད་ཀྱི་སྤྲུལ་པ་ཡིན་ཁར། ཐེའུ་བྲང་དང་འགོང་པོ་སྤུན་དགུ་སོགས་བློན་པོའི་ཚུལ་གྱིས་འཁོར་དུ་བྱུང་བས་དམ་ཆོས་དགེ་བའི་ཕྱོགས་ལ་མི་དགའ་ཞིང་། གསོད་འཕྲོག་སྡིག་པའི་ལས་ལ་དགའ་ཕྱིར་དམ་ཆོས་བསྣུབས་པར་བརྗོད་ཡོད། གཞན་ཡང་《ཀ་ཁོལ་མ་》རུ་རྒྱལ་པོ་དེ་ཡང་མཚོན་གྱིས་དགུམ་པར་འགྱུར་ཞེས་པའི་ལུང་བསྟན་ལས་དར་མ་འུ་དུམ་བཙན་དགྲོང་མཁན་སུ་ཡིན་གྱི་ལུང་བསྟན་གསལ་ཁ་ཅན་མེད་མོད། འོན་ཀྱང་། དེབ་ཐེར་ལ་ལར་“རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང་། །དེ་ཡི་ཐུགས་ལ་གདོན་གསོལ་ནས། །……དེ་ནས་ཡེར་པའི་བྲག་ཁུང་ན། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །དཔལ་ཞེས་བྱ་བའི་དགེ་སློང་གིས། །སྡིག་ཅན་རྒྱལ་པོ་སྒྲོལ་བར་གྱུར། །”⒇ཞེས་ལྷ་ལུང་དཔལ་གྱི་རྡོ་རྗེ་དངོས་སུ་ལུང་བསྟན་པའང་སྣང་མོད། འདི་རིགས་ནི་《ཀ་ཁོལ་མ་》ཡི་ཕྱི་མོ་མི་འདྲ་བ་ལས་བྱུང་བའམ།ཡང་ན་དེབ་ཐེར་རྩོམ་པ་པོའི་བློ་རྩལ་ལས་བྱུང་བ་གང་ཡིན་བཤད་པར་དཀའ་ཡང་། ལོ་རྒྱུས་བསྟན་བཅོས་འཕེལ་འགྱུར་གྱི་ཁྱད་ཆོས་ཤིག་ཡིན་པ་ནི་མངོན་དུ་གསལ།

        《ཀ་ཁོལ་མ་》རུ། བཀོད་པའི་ལུང་བསྟན་འདི་དག་ལ་དུས་ཕྱིས་ཀྱི་ལོ་རྒྱུས་མཁན་པོ་དག་གིས་བསྟན་བཅོས་རྩོམ་པའི་སྐབས་སུ་གཞིའམ་རྩ་བར་བཟུང་ནས་དེ་བཞིན་དུ་བཀོད་ཡོད་དེ། དཔེར་ན་ཆོས་འབྱུང་རྒྱས་ཤོས་《མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དང་། 《ལྡེའུ་ཆོས་འབྱུང་རྒྱས་པ》《རྒྱལ་རབས་གསལ་བའི་མེ་ལོང》 《ཡར་ལུང་ཆོས་འབྱུང》《རྒྱ་བོད་ཡིག་ཚང་ཆེན་མོ》 《རྒྱལ་རབས་འཕྲུལ་གྱི་ལྡེ་མིག》《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་སུ་ལུང་བསྟན་ཆ་ཚང་ངམ་ཉུང་བསྡུས་སུ་དྲངས་ཡོད་པ་ལྟ་བུ་སོགས་ལ་གཞིགས་ན། དར་མས་བསྟན་པ་བསྣུབས་པའི་གཏམ་རྗོད་དེའི་ཁུངས་སམ་གཏམ་རྗོད་དེ་ཐོག་མར་བྱུང་བའི་གཞི་ནི་《ཀ་ཁོལ་མ་》ཞེས་པའི་ལོ་རྒྱུས་ཀྱི་བསྟན་བཅོས་ཆེན་པོ་འདི་ཉིད་ལ་ཐུག་ཡོད།

གཉིས་པ། 《བཀའ་ཆེམས་ཀ་ཁོལ་མ་》ཡི་བརྗོད་དོན་ལས་འཕྲོས་པའི་དོགས་དཔྱོད།

        1.འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆེ་བ་བརྗོད་པ། 《ཀ་ཁོལ་མ་》ཡི་བརྗོད་བྱའི་ཆ་ནས་གླེངས་ན་བཙན་པོ་སྲོང་བཙན་སྒམ་པོའི་མཛད་འཕྲིན་ཆེས་ཆེར་བརྗོད་པས་སྲོང་བཙན་སྒམ་པོའི་རྣམ་ཐར་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་བརྗོད་བྱའི་སྙིང་པོ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁ་བ་ཅན་གྱི་ཉོན་མོངས་པའི་སེམས་ཅན་རྣམས་དམ་པའི་ཆོས་ཀྱིས་བཏུལ་ནས་དཀར་པོ་དགེ་བར་བསྐུལ་བའི་མཛད་འཕྲིན་བསྟན་ཡོད་དེ། འཕགས་མཆོག་ཁོང་ཉིད་བསམ་བཞིན་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རུ་སྐྱེས་ནས། བོད་གངས་ཅན་གྱི་ལྗོངས་འདིར་དམ་ཆོས་ཀྱི་སྲོལ་བཏོད་པ་དང་། རྒྱ་བལ་གཉིས་ནས་ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་སྤྱན་དྲངས་པར་མ་ཟད། བཙུན་མོའི་ཚུལ་དུ་ལྷ་མོ་སྒྲོལ་མའི་རྣམ་སྤྲུལ་འུན་ཤིང་ཀོང་ཇོ་དང་ལྷ་མོ་ཁྲོ་གཉེར་ཅན་མའི་རྣམ་སྤྲུལ་ལྷ་ཅིག་ཁྲི་བཙུན་བསུས། ར་སའི་གཙུག་ལག་ཁང་བཞེངས་པ་སོགས་གངས་ཅན་གྱི་ལྗོངས་འདིར་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་ཚུལ་རྒྱས་པར་བཀོད་ཡོད། དེ་བས་རྒྱལ་པོ་སྲོང་བཙན་སྒམ་པོ་ནི་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པས། སྲོང་བཙན་སྒམ་པོས་བསྐྲུན་པའི་ཕྱག་རྗེས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་རྗེས་སུ་འཁུམས། མ་ཟད་སྲོང་བཙན་སྒམ་པོས་གནང་བའི་མ་འོངས་ལུང་བསྟན་དུ་“ལྔ་བརྒྱ་ཐ་མའི་དུས་སུ་ནི། །རྒྱལ་པོ་འོད་ཀྱི་མིང་ཅན་འབྱུང་། །བློན་པོ་ནོར་གྱི་མཁའ་ཅན་འབྱུང་། །ལོ་ཙྪ་བ་ཡང་གཉིས་གསུམ་འབྱུང་། །ད་ལྟའི་རྒྱལ་པོ་ང་ཉིད་ཀྱང་། །པཎ་ཊི་ཏ་ཡི་མིང་ཅན་ནི། །དི་པཾ་ཀ་རར་སྤྲུལ་ནས་སུ། །ཁ་བ་ཅན་འདིར་འོངས་ནས་ནི། །ཁ་བ་ཅན་གྱི་སེམས་ཅན་ལ། །མར་མེ་འཆི་ཁར་གསལ་བ་ལྟར། །རྟགས་ཙམ་འཛིན་གྱི་དུས་སུ་ཡང་། །བསྟན་པ་ཤིན་ཏུ་གསལ་བ་འབྱུང་། །”﹙21﹚ཞེས་རྒྱལ་པོ་སྲོང་བཙན་སྒམ་པོ་དང་དི་པཾ་ཀ་ར་སྟེ་ཇོ་བོ་རྗེ་ཨ་ཏི་ཤ་གཉིས་ཐུགས་རྒྱུད་གཅིག་པ་ཡིན་ཏེ་ཁོང་རྣམ་གཉིས་ཀྱང་འཕགས་པ་ཐུགས་རྗེ་ཆེན་པོ་རང་ཡིན་པར་བརྗོད་ཡོད་པས།བཙན་པོའི་རྒྱལ་རབས་སིལ་བུར་ཐོར་ནས་བོད་ཡུལ་དུ་ཡང་བསྐྱར་མུན་པའི་གླིང་དུ་གྱུར་པའི་དུས་སུ། རྒྱལ་བའི་བསྟན་པ་ཡང་བསྐྱར་དར་ཞངི ་གསལ་བར་བྱདེ ་མཁན་ཡང་འཕགས་པ་སྤྱན་རས་གཟིགས་ཡིན་པ་《ཀ་ཁོལ་མ་》རུ་གསུངས་ཡོད་པས།《ཀ་ཁོལ་མ་》ཡི་བརྗོད་སྙིང་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་མཛད་འཕྲིན་ཡིན་ཞེས་བཤད་འོས་ཕྱིར། འདི་ནི་དམ་ཆོས་བརྒྱུད་སྤེལ་མཁན་ཞིག་གི་སོར་རྩེ་ལས་བྱུང་ཞེས་ན་ནི་ལུང་དང་རིགས་པའི་འགལ་བ་མདེ་པར་སྙམ།

        2.རྒྱ་གར་ལ་ཞེན་ཅིང་བསྟོད་པའི་ཁྱད་ཆོས་ལྡན་པ། སྤྱིར་རྒྱ་གར་ནི་སྟོན་པ་ཤཱཀྱ་ཐུབ་པའི་གདན་ས་དང་དམ་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་པས། ནང་པར་ཚུད་པ་ཀུན་གྱིས་རྒྱ་གར་ལ་འཕགས་ཡུལ་དང་རྒྱ་གར་གྱི་རྗེ་བོ་ལ་རྒྱ་གར་ཆོས་ཀྱི་རྒྱལ་པོ་ཞེས་བསྟོད་ཅིང་མོས་པའི་སྒོ་ནས་གླེང་བའི་སྲོལ་ཡོད་མོད། འོན་ཀྱང་། 《ཀ་ཁོལ་མ་》རུ་རྒྱ་གར་ལ་ཞེན་ཅིང་འུར་གྱིས་བསྟོད་དེ་དོན་དམ་པར་མ་སོང་བའི་ཆ་མང་དུ་ཡོད་དེ། གཅིག་ཏུ་ན་བོད་ཀྱི་མི་རྒྱུད་རྒྱ་གར་ལ་གཏུགས་ནས་རིག་བྱེད་གཏམ་རྒྱུད་ཀྱི་སྤྲེའུ་གྱད་ཧ་ལུ་མ་ད་བྱ་བ་དང་བྲག་སྲིན་བསྡེབས་པ་ལས་སྤྲེའུ་ཕྲུག་མང་དུ་འཕེལ་ནས་བསེ་དམུ་ལྡོང་སྟོང་སྟེ་བོད་མིའུ་རིགས་བཞི་བྱུང་བར་བརྗོད་པ། གཉིས་སུ་ན་བཙན་པོའི་གདུང་ཁུངས་རྒྱ་གར་ལ་གཏུགས་ནས་མང་པོས་བཀུར་བའི་གདུང་རྒྱུད་ཤཱཀྱའི་རིགས་རྒྱུད་དམག་བརྒྱ་བའི་བུ་རུ་བ་སྐྱེས་བྱ་བ་ནི་བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ཡིན་པར་བརྗོད་པ་མ་ཟད། ད་དུང་བོད་ཀྱི་ཡུལ་ལས་ཉམས་དགའ་བ་དང་བཀྲ་ཤིས་པ། འབྲུ་སྣ་ཚོགས་སྐྱེས་པའི་ཡུལ་ལ་རྒྱ་གར་ཡུལ་གྱི་མ་ག་དྷའི་ས་ཆ་དང་འདྲ་ཞེས་པ་སོགས་ཚིག་ཟིན་ལས་རྒྱ་གར་ལ་བསྟོད་ཅིང་ཞེན་པའི་ཆ་མང་དུ་ཡོད་མོད་རེ་རེ་བཞིན་འདྲེན་པའི་དགོས་པ་མ་མཆིས།

མདོར་ན། 《ཀ་ཁོལ་མ་》ནི་ལོ་རྒྱུས་དེབ་ཐེར་གཞན་དང་འདྲ་བར་ཆོས་རྒྱུད་རྒྱ་གར་ལ་གཏུགས་ནས་དད་ཅིང་ཞེན་པར་མ་ཟད། བོད་ཀྱི་མི་རྒྱུད་དང་བཙན་པོའི་གདུང་རྒྱུད་ཀྱང་རྒྱ་གར་ལ་གཏུགས། མཐའ་ན་འབྲུ་སྣ་ལྔའང་འཕགས་པའི་དྲུང་ནས་སྤྲེའུ་གྱད་ཧ་ལུ་མ་དས་བླངས་ནས་བོད་ལ་གཏོར་བ་ནས་བོད་དུ་ལོ་ཏོག་ཡོད་པར་བཤད་པ་སོགས་ཤིན་ཏུ་ཐལ་ཆེ་ལ་ལོ་རྒྱུས་ཀྱི་བྱུང་བ་དངོས་དང་མི་མཐུན་པའི་ཆ་མང་དུ་ཡོད་པར་གཞིགས་ན། བསྟན་བཅོས་འདི་གཏེར་མ་ཡིན་ཞེས་བཤད་པ་ལས། རྒྱ་གར་ལ་ཤིན་ཏུ་དགའ་ཞིང་ཞེན་པའི་ནང་བསྟན་མཁན་པོའི་སོར་རྩེ་ལས་བྱུང་ཞེས་ན་ལྷག་ཏུ་འཕྲོད་པར་འདུག

        3.ཐང་རྒྱལ་རབས་ལ་མི་དགའ་ཞིང་སྨད་པའི་ཁྱད་ཆོས་ལྡན་པ། 《ཀ་ཁོལ་མ་》རུ་ཐང་རྒྱལ་རབས་ལ་རྒྱ་གར་ལྟ་བུའི་བསྟོད་པ་བྱས་མེད་པར་མ་ཟད། དམའ་འབེབས་དང་མཐོང་ཆུང་། ཐ་ན་བླུན་རྨོངས་ཀྱི་གནས་སུ་བཞག་ཡོད་དེ། དཔེར་ན། ཐོག་མར་རྒྱ་བཟའི་ཡབ་རྒྱལ་པོའི་མཚན་ལ་དེབ་ཐེར་གཞན་དུ་“ཀོང་ཙེ་འཕྲུལ་རྒྱལ་”ཞེས་བཀོད་ཡོད་མོད། 《ཀ་ཁོལ་མ་》རུ་“ཀོང་ཙེ་འཕྲུལ་ཆུང་”ཞེས་ཆུང་བའི་ཡིག་འབྲུ་སྦྱར་ཡོད་པ་དང་། དེ་ནས་ཡང་། བློན་པོ་མགར་གྱིས་རྒྱ་ནག་རྒྱལ་པོའི་དྲི་བ་གསུམ་པའི་ལན་དུ་བཙན་པོའི་ཕྱག་འཕྲིན་ཕུལ་བར་རྒྱ་ནག་རྒྱལ་པོ་སྐྲག་བྲེད་ཀྱིས་ཁྲི་ཁ་ནས་ལྷུང་བར་བརྗོད། ད་དུང་དེ་ལས་ཀྱང་ཐལ་ཆེ་བར་ཞིབ་འབྲི་བྱས་པ་ནི་ཀོང་ཇོ་བོད་ལ་བརྫངས་པའི་ཤུལ་དུ་བློན་པོ་མགར་རྒྱ་ནག་རྒྱལ་པོས་བཀག་ནས་ཕྱིར་བོད་དུ་འགྲོར་མ་བཅུག་པར། མགར་གྱིས་ནད་པར་བརྫུས་ནས་འཆི་ཉེན་ཡོད་པའི་ཉམས་བསྟན་པ་རྒྱ་ནག་རྒྱལ་པོས་མ་ཤེས་པར་ཞལ་ནས། “བློན་པོ་ཆེན་པོ་ཁྱེད་རིག་པ་ཅན་ཡིན་པ་ལ་ཁྱེད་ཀྱི་ནད་འདི་ཁྱེད་རང་གིས་ཇི་ལྟར་ཡིན་མ་ཤེས་སམ་ཞེས་དྲིས་པས། བློན་པོ་ན་རེ་ང་ཁྱེད་ཀྱིས་བཙོན་དུ་བཟུང་བས་བོད་ཀྱི་ལྷ་མ་དགའ་བའི་ནད་ཡིན་ཟེར། དེ་ལ་ཅི་ཕན་དྲིས་པས་ལྟོ་ཆོག་བྱས་ན་ཕན་ཟེར། དེ་ལ་ཅི་དགོས་བྱས་པས། རྟ་མོག་གྲོ་མགོ་དམར་ཅིག་དགོས། དར་ཟབ་ཀྱི་ཐལ་བ་སྒྲོ་བ་གང་དགོས། ལུག་གི་འཚེར་བའི་ཁྲག་གྲོད་པ་གང་དགོས། སོལ་བའི་མདུང་ཤིང་སེར་ཀ་མེད་པ་འདོམ་གསུམ་ཡོད་པ་དགོས་ཟེར་བས།”﹙22﹚ཐང་གི་རྒྱལ་པོས་དེ་ལྟར་བྱས་པ་མ་ཟད། ད་དུང་“རྒྱལ་པོ་ན་རེ། བློན་པོ་ཁྱོད་རིག་པ་ཅན་ཡིན་པས་སོ་ནམ་རན་འདུག་པས། སོ་ནམ་ཇི་ལྟར་བྱས་ན་ལོ་ལེགས་གསུངས་པས། བློན་པོ་ན་རེ་ས་བོན་ཐམས་ཅད་ཡོངས་སུ་བརྔོས་ལ་ཐོབ་དང་གྲུམ་པ་ཐུག་ལ་སྐྱེད་རིང་བ། སྙིམ་ཆེ་ཞིང་ལོ་ལེགས་པོ་ཡང་དག་སྐྱེས་ཡོང་བྱས་པས།” ﹙23﹚ རྒྱལ་པོས་ཀྱང་འབངས་ཡོངས་ལ་དེ་ལྟར་བྱ་དགོས་པའི་ལུང་གནང་བ་སོགས་འཇིག་རྟེན་ལུགས་འགལ་གྱི་གཏམ་རྗོད་མང་དུ་བཀོད་ནས་ཐང་གི་ལོངས་སྤྱོད་ཉམས་པར་བྱས་ཚུལ་བཀོད་ཡོད་པར་གཞིགས་ན། 《བཀའ་ཆེམས་ཀ་ཁོལ་མ་》ནི་ཐུགས་དཀྱེལ་ཡངས་ལ་བློ་གྲོས་ལྡན་པའི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་ཆེམས་གཏེར་དུ་སྦས་པ་ཡིན་ཞེས་པ་ལས་ཐང་རྒྱལ་རབས་ལ་མི་དགའ་ཞིང་གཏམ་རྒྱུད་བསྒྲིག་པར་སྤྲོ་མཁན་ཞིག་གི་སོར་རྩེ་ལས་བྱུང་བ་ཡིན་ཞེས་ན་ཤིན་ཏུ་འབྱོར།

        མདོར་ན། 《ཀ་ཁོལ་མ་》ཡི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཀྱི་ཚིག གཏེར་ནས་བཏོན་པའི་དུས་ཚོད་བཅས་ལ་གཞིགས་ན། བསྟན་བཅོས་འདི་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ངག་ནས་བྱུང་ཞིང་གཏེར་དུ་སྦས་པའི་གནའ་བོའི་ཁྱད་ཆོས་ཏིལ་འབྲུ་ཙམ་ཡང་མི་ལྡན་ཞིང་།བརྗོད་བྱ་དང་རྗོད་བྱེད་གཉིས་ཆ་ནས་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་བོད་མིའི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། བློ་རྒྱ་དང་ཤེས་རྒྱ་བཅས་ལ་དམ་དུ་འབྲེལ་བར་མ་ཟད། ད་དུང་སྐབས་དེའི་རིག་གནས་གནས་བབས་དང་། ཆོས་ལུགས་དད་མོས། སྤྱི་ཚོགས་འཕེལ་འགྱུར། ཁོར་ཡུག་ཆ་རྐྱེན་སོགས་ལ་འབྲེལ་ནས་ཡོད་པས། སྐབས་དེའི་བོད་མིའི་བློ་ངོ་དང་འཚམ་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ངག་གཡར་ནས་མཛད་པར་སྣང་། དེ་ལྟར་བསྟན་བཅོས་གསུང་པ་པོ་ནི་བོད་ཀྱི་བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པས་སྲོང་བཙན་གྱི་གསུང་ཡིན་ན་སྤྱན་རས་གཟིགས་ཀྱི་གསུང་ཡིན་པས་ཁྱབ་པས་བོད་ཀྱི་ནང་པའི་བསྟན་པ་ལ་དད་པ་རྣམས་ཀྱི་བློ་སྣ་འདྲེན་སླ་བ། ད་དུང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གཏེར་ནས་བཏོན་པ་ཡིན་པར་བཤད་པས། སྐབས་དེར་ཇོ་བོ་རྗེའི་གདུལ་བྱའི་གཙོ་བོ་མངའ་རིས་རྒྱལ་པོ་དང་དབུས་གཙང་གི་འབྲོམ་སྟོན་པ་སོགས་མཁས་བཙུན་མང་པོས་ཚད་མར་འཛིན་པ་ལ་དགེ་མཚན་ཆེན་པོ་ལྡན། ལྷག་པར་དུ་《བཀའ་ཆེམས་》སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྣམས་སོ་སོར་སྣང་ཡང་དོན་དམ་པར་ཐུགས་རྒྱུད་དང་ངོ་བོ་གཅིག་ཡིན་པར་བཤད་པས། ཨ་ཏི་ཤ་ཁོང་འཕགས་ཡུལ་ནས་བོད་ཡུལ་དུ་བྱོན་པ་ནི་རང་གི་ཡུལ་ལ་སླར་ལོག་པ་ལྟ་བུ་དང་། སངས་རྒྱས་ཀྱི་བསྟན་པ་ལ་དག་ཐེར་གནང་བ་ནི་སྔོན་གྱི་ལས་འཕྲོ་སྐྱོང་བ་ལྟ་བུའི་སྣང་བ་ཐོན་པས། དཔལ་ལྡན་ཨ་ཏི་ཤ་ཁོང་གི་སྤྱི་ཚོགས་ཀྱི་གོ་གནས་དང་། ཆོས་ལུགས་ཀྱི་གོ་གནས། བོད་མི་རྣམས་ཀྱི་ཡིད་ཀྱི་གོ་གནས་བཅས་མཐོ་རུ་འདེགས་པར་དགེ་མཚན་ཆེན་པོ་ལྡན། དེ་བས་《བཀའ་ཆེམས་ཀ་ཁོལ་མ་》ཞེས་བྱ་བའི་བསྟན་བཅོས་སྐད་གྲགས་ཅན་འདིའི་རྩོམ་པ་པོ་ངོ་མ་ནི་སུ་ཡིན་ཞེ་ན། སངས་རྒྱས་ཆོས་ལུགས་པ་ཞིག་དང་། རྒྱ་གར་ལ་ཤིན་ཏུ་རྩིས་ཞེན་ཆེ་བ་ཞིག ཐང་རྒྱལ་རབས་ལ་མི་དགའ་བ་ཞིག བོད་ཀྱི་ལོ་རྒྱུས་ངོ་མ་ལ་བྱང་ཆ་མེད་པ་ཞིག་བཅས་ཡིན་པར་མ་ཟད། ད་དུང་དཔལ་ལྡན་ཨ་ཏི་ཤའི་སྐུ་ཡོན་དང་དབང་ཐང་ལ་སྲི་ཞུ་སྒྲུབ་མཁན་ཞིག་ཀྱང་ཡིན་དགོས་པས། དཔལ་ལྡན་ཨ་ཏི་ཤ་ཁོང་སྐུ་དངོས་སམ་ཡང་ན་ཁོང་གི་རྗེས་འབྲངས་དང་འཁོར་གཡོག་གང་རུང་ཞིག་ཡིན་དགོས་པའི་སྣང་བ་ཞིག་ཀྱང་དབང་མེད་དུ་སྐྱེས་སོ། །

        མཆན་འགྲེལ།

        ①本文系西北民族大学西北民族文献研究基地2018年度资助项目成果之一。

        ②③ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P.17; P.47

        ④རྒྱལ་དབང་ལྔ་པ། 《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1988ལོ། P.10

        ⑤尕玛多吉,《三万年前青藏高原已有人类活动确切证据》[N],载《光明日报》2017年03月22日第09版。

        ⑥སློབ་དཔོན་ཤེས་རབ་གོ་ཆ། 《ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ》 བསྟན་འགྱུར་དཔེ་བསྡུར་མ་པོད་དང་པོ། བསྟོད་ཚོགས། ༼ ཀ ༽པ། [G] པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། P.117

        ⑦《ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་རྒྱ་ཆེར་འགྲེལ་པ》 བསྟན་འགྱུར་དཔེ་བསྡུར་མ་པོད་དང་པོ། བསྟོད་ཚོགས། ༼ ཀ ༽པ། [G] པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། P.128

        ⑧ ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P.77

        ⑨ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ལས་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོ། P.15

        ⑩ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། 《ཀློང་ཆེན་ཆོས་འབྱུང》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། P.221

        ⑾ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P.159

        ⑿⒀《མཛངས་བླུན་ཞེས་བྱ་བའི་མདོ》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། P.110; P.233

        ⒁《བཀའ་འགྱུར》 དཔེ་བསྡུར་མ་པོད་༣པ། འདུལ་བ། ༼ ག ༽ [G] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ། P.180

        ⒂⒄ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P.289; P.308

        ⒃དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》 [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། P.169

        ⒅⒆ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P.275; P.277

        ⒇ས་སྐྱ་བསོད་ནམས་རྒྱལ་མཚན། 《རྒྱལ་རབས་གསལ་བའི་མེ་ལོང》 [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1988ལོ། P.182

        ﹙21﹚ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P.276

        ﹙22﹚﹙23﹚ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P.189; P.191

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།