གྱིམ་ཤོད་ཡུལ་དུ་ཁྱུང་པོའི་གདུང་རབས་བྱུང་ཚུལ་ལ་དཔྱད་པ།

ནང་དོན་གནད་བསྡུས། རྩོམ་འདིར་སྟོང་རྒྱུང་རིང་མོས་རྒྱལ་ས་ཤོར་བས་ཁྱུང་གི་རུས་རྒྱུད་ཁྱུང་ལུང་དངུལ་མཁར་ནས་ཕྱོགས་སུ་འཐོར་ཞིང་།  ཁྱུང་པོ་མུ་ལངས་སོགས་དབུས་གཙང་དང་རྐོང་པོ་བཅས་བརྒྱུད་ནས་བྲོས་བྱོལ་ཕེབས།  ཁྱུང་འཕགས་ཁྲ་བོ་མདོ་སྟོད་གྱིམ་ཤོད་ཡུལ་དུ་བྱོན་ཏེ་གནས་དེར་གཞིས་ཆགས་ཚུལ་བཅས་གཙོ་གནད་ཀྱི་ཚུལ་དུ་གླེང་ཡོད་ལ།  ཞོར་འཕྲོས་ཚུལ་དུ་རྒྱལ་རབས་ཁག་ནས་གསལ་བའི་སྒོ་ང་དཀར་ནག་སེར་གསུམ་ཁྲ་བོ་བཅས་ཀྱི་སྐོར་ནས་དབྱེ་ཞིབ།  སྐྱེས་བུ་དེ་དག་ལ་ཁྱུང་དཀར་ཁྱུང་ནག་སོགས་ཁ་དོག་མི་འདྲ་བ་འདོགས་པའི་རྒྱུ་མཚན་སོགས་ལ་དཔྱད་པ་བྱས་ཡོད། 

གཙོ་གནད་མིང་བརྡ། ཁྱུང་ལུང་དངུལ་མཁར།  ཁྱུང་འཕགས་ཁྲ་བོ། སྤུ་བོ་ལ་ནག  གྱིམ་ཤོད་ཡུལ།

དང་པོ།  ཁྱུང་ལུང་དངུལ་མཁར་ནས་ཁྱུང་གི་རུས་རྒྱུད་ཕྱོགས་སུ་མཆེད་པ།

སྤྱིར་ལོ་རྒྱུས་ལ་དབྱེ་ན།  རིམ་བྱུང་ལོ་རྒྱུས་དང་རིམ་བཅད་ལོ་རྒྱུས། དུས་རིམ་ལོ་རྒྱུས་བཅས་ཡོད་ཅིང་།   ཁྱུང་གི་གདུང་རབས་དང་འབྲེལ་བའི་ལོ་རྒྱུས་ལ་ཡང་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་བཤད་མི་དགོས།   བྱེ་བྲག་ཁྱུང་ཡུལ་དུ་དར་བའི་ཁྱུང་པོའི་གདུང་རབས་ཀྱི་ལོ་རྒྱུས་ལའང་དབྱེ་ཞིབ་དགོས་ས་མང་པོ་ཞིག་ཡོད་མོད།  ཕྲན་རང་གིས་ད་ལན་གཙོ་གནད་ཀྱི་ཞིབ་འཇུག་བྱེད་ས་ནི་ཁྱུང་གི་རུས་རྒྱུད་མདོ་སྟོད་གྱིམ་ཤོད་ཡུལ་དུ་ཇི་ལྟར་དར་བའི་དུས་རིམ་གྱི་སྐོར་ཡིན།  དེ་ཡང་བོད་རྒྱལ་ཁྲི་སྲོང་གི་དུས་སུ་ཞང་རྒྱལ་བཅོམ་པ་ནས་གླེང་དགོས་པ་ཡིན་ཏེ།  ལིག་མི་རྐྱ་བཀྲོངས་རྗེས་ཁྱུང་པོ་སྟག་སྒྲ་དུན་ཙུག་གིས་ཞང་ཞུང་གི་རྒྱལ་ས་བཟུང་།   དེའི་སྲས་བཙན་སྒྲ་དུན་གཙུག་དེའི་སྲས་གྱེར་ནམ་ཟུར་རྩེ་ཡིན་ལ།   ཁོང་གི་སྲས་སྟོང་རྒྱུང་རིང་མོས་ཞང་ཞུང་གི་རྒྱལ་ས་བཟུང་བའི་སྐབས་ཞང་ཞུང་སྟོད་སྨད་གཉིས་ནས་ཚ་ཞང་གིས་རྒྱལ་ས་བཟུང་བར་མི་རིགས་ཟེར་ནས་དམག་དྲངས་པས།   སྟོང་རྒྱུང་རིང་མོས་རྒྱལ་ས་དོར་དེ་བྱང་རྒྱུད་བཞིན་མདོ་གསུམ་དུ་བྱོན།  སྐབས་དེར་ཁྱུང་ལུང་དངུལ་མཁར་ལ་ཡོད་པའི་ཁྱུང་པོའི་རུས་རྒྱུད་འཛིན་མཁན་དག་ལ་མནར་གཅོད་ཚད་མེད་ཐེབས་ནས་འགའ་ཞིག་བསད་ཅིང་གཞན་པ་དག་བལ་ཡུལ་དང་མོན་ཡུལ་སོགས་ལ་བྲོས་བྱོལ་དུ་ཕེབས།  སྟོང་རྒྱུང་རིང་མོའི་སྲས་གསུམ་ལས་སྲས་ཆེ་བ་མུ་ལངས་སོགས་མངའ་རིས་དབུས་སུ་བྱོན།  དེ་ནས་དབུས་གཙང་སོགས་བརྒྱུད་ནས་རྐོང་ཡུལ་ལ་བྱོན་པ་ཡིན་ཏེ།《ཁྱུང་རབས་གཡུ་མགོ་མ》ལས།“ དེ་ལྟར་ཞང་ཞུང་གི་རྒྱལ་ས་བཏང་བའི་དུས་སུ་ཁྱུང་ལུང་དངུལ་མཁར་དུ་ཁྱུང་ཕྲུག་རྣམས་རྐེ་བ་དར་གྱིས་བགགས་ནས་བསྒྲུངས།   ཐོད་པ་ལ་རྩིགས་རྨིང་བྱས་ནས་དེའི་དུས་སུ་ལ་བབ།  བལ་ཡུལ་དུ་བྲོས་སོ།།  དེང་སང་བལ་ཁྱུང་ཟེར།  མོན་ཡུལ་དུ་བྲོས་པས་མོན་ཁྱུང་ཟེར།  སྟོང་རྒྱུང་རིང་མོ་ལ་སྲས་གསུམ་ཡོད་པའི་ཆེ་བ་དེ།   སྟོད་ཕྱོགས་ཕ་མུ་ནས་མ་བཞུགས་པས།  ང་ཡང་ཕ་མུ་ནས་ལངས་ནས་འགྲོ་བ་མིན་གསུངས་ཏེ།   ཁྱུང་སྒོམ་མུ་ལངས་ཞེས་ཟེར།  སྟོན་པ་རལ་རེང་ཡང་ཟེར།  ངན་མིང་དུ་ཁྱུང་པོ་ནག་པོ་ནག་ཏེ་ཡང་ཟེར།  འབྲིང་བ་ཁྱུང་འཕག་ཁྲ་བོ་ཡིན།   ཆུང་བ་ཁྱུང་སྡེར་སྔོན་མོ་དང་གསུམ་མོ།  མུ་ལངས་སྐུ་མཆེད་འཁོར་དང་བཅས་པ་ཁྱུང་པོ་མང་རབས་ཅིག  དང་པོ་མངའ་རིས་དབུས་སུ་བྱོན།  ད་ལྟ་ཡང་ཁྱུང་སྡེ་མངའ་རིས་སྟོད་དུ་མང་།  དེ་ནས་གཙང་དང་དབུས་ལ་བྱོན།  དེ་ནས་ལྷོ་རྒྱུད་བཞིན་མཛད་ནས་རྐོང་པོ་ལ་བྱོན།”(55)ཞེས་གསལ་བས་ཞིབ་ཕྲ་དེར་མཇལ་ན་ཤེས་ཐུབ།  

གཉིས་པ།  ཁྱུང་འཕགས་ཁྲ་བོ་གྱིམ་ཤོད་ཡུལ་དུ་བྱོན་པ།

རྐོང་པོ་ནས་སྤུ་བོ་བརྒྱུད་སྤུ་བོ་ལ་ནག་ཏུ་འབྱོར་སྐབས་ཁ་བས་འགྲོ་ལམ་བཀག་པའི་རྐྱེན་བྱས་ཁྱུང་པོའི་གདུང་འཛིན་དག་ཞལ་མ་འཆམ་པར་འགའ་ཞིག་དབུས་གཙང་དུ་བྱོན།  འགའ་ཞིག་མདོ་ཁམས་ཡུལ་ལ་ཕེབས་པ་བཅས་ཕྱོགས་སོ་སོར་གྱེས་པ་ཡིན་ཏེ།《མ་ཡིག་གཡུ་མགོ་མ》ལས“དེ་ནས་སྤུ་བོ་ལ་ནག་དུ་བྱོན།  ལ་ཁའི་གངས་མ་ཤོག་ནས་ལ་ཁ་ལ།  འགའ་རེ་ཕར་སོང་དབུས་གཙང་དུ་བཞུགས།  མུ་ལངས་ཡབ་སྲས་ཚུར་བྱོན།།  དེར་ཐམས་ཅད་འཐོར་བའི་ཁྱུང་འཐོར་ལ་ཁ་འདི་དགུང་བའི་མཐོ་བྱ་བ་ལགས་སོ།།”(55)ཞེས་དང་།   གསང་སྔགས་གླིང་པའི་གཏེར་མ།《རྩེ་དྲུག་གནས་ཀྱི་དཀར་ཆག་ལུང་བསྟན་ཡང་ཏིག་མཁའ་གསལ་ཉི་མའི་ཟེར་ཆེན།》ལས“ལྷ་ཡི་ཁྱེད་བུ་ཕྱོགས་སུ་ལྡིང་ལྡིང་སྐོར།  སྤུ་བོ་རི་ལ་བབ་ཅིང་ཕྱོགས་བཅུ་གཟིགསཿ  གདུལ་བྱ་སོ་སོར་བབ་ནས་ཁར་ཁར་འཐོརཿ  ཁྱུང་འཐོར་ལ་ཞེས་སྲིད་པའི་མིང་དུ་འདོག ”(43) ཞེས་གསལ་བས།   སྤོ་བོ་ལ་ནག་ནི་སྤུ་བོ་དང་ལྷོ་རོང་རྫོང་གི་འབྲེལ་མཚམས་སུ་ཡོད་ཅིང་དེང་སང་ཡང་ཁྱུང་འཐོར་ལ་ཞེས་འབོད།  སྤྱི་ཚོགས་རྙིང་པའི་དུས་སུ་ལྷོ་རྒྱུད་ནས་མདོ་སྨད་དང་ཁྱུང་ཡུལ་སོགས་སུ་འགྲོ་དུས་བརྒྱུད་དགོས་ངེས་ཀྱི་ལ་ཞིག་ཡིན་པ་བཤད།

དུས་སྐབས་དེར་ཁྱུང་པོ་མུ་ལངས་ཀྱི་སྐུ་མཆེད་ཁྱུང་འཕགས་ཁྲ་བོ་སྤུ་བོ་ལ་ནག་ནས་ཆས་ཏེ་ལྷོ་ཡི་རོང་ལྷ་རྒྱལ་མཚན་ཟུར་ནས་ཚུར་ཡོང་།  སུམ་པ་གླང་གི་གྱིམ་ཤོད་དུ་ཕེབས་པ་ཡིན་ཏེ།《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》ལས“མདོ་ཁམས་རོང་ཆེན་རྣམས་ལ་འགྲོ་དོན་མཛད་པའི་རྒྱལ་རབས་གྱེས་ཚུལ་ནི།   རྫུ་འཕྲུལ་དང་ལྡན་པའི་ཡབ་དང་གཉིས་སུ་མེད་པའི་ཁྱུང་འཕགས་ཁྲ་བོ་རིན་པོ་ཆེ་ཞེས་བྱ་བ་དེ།  མདོ་ཁམས་རོང་ཆེན་རྣམས་ལ་བསྟན་པ་སྤེལ་བ་དང་།  འགྲོ་དོན་མཛད་པའི་དུས་ལ་བབ་པར་མཁྱེན་ཏེ།   སྤྲུལ་པའི་བྱ་ཁྱུང་ཆེན་པོ་མིའི་ལུས་ལ་གཤོག་ལ་གདེངས་པ།   ཁྱུང་དབུ་རྭ་ནི་ཐབས་ཤེས་ཀྱིས་ཚུལ་དུ་སྔོན་དམར་ཟེང་ངེ་བ།   གཙུག་ཏུ་ཡིད་བཞིན་ནོར་བུ་འབར་བ།   ཞབས་ནི་སྡེར་མོ་ས་ལ་བགྲད་པ།  ཁྱུང་སྐད་ལྷང་ལྷང་སྒྲོགས་པས་རི་འདར་བ།  རྒྱ་མཚོ་འཆོར་བར་གྱུར་ནས།  མི་མངོན་དབྱིངས་ནས་སྤྲུལ་པ་མཁའ་ལ་འཕུར་ཏེ།  དབུས་གཙང་མདོ་ཁམས་ཀུན་དུ་གཡས་སྐོར་ཐབས་ཀྱིས་ཚུལ་དུ་འཁོར་བར་ལྡིང་ནས།  མདོ་ཁམས་སྟོད་ཀྱིས་གནས།  ས་གཡུང་དྲུང་འཁྱིལ་པ།  གནམ་འཁོར་ལོ་འབར་བ།  ཆུ་དལ་དུ་འཁྱིལ་པ།  རི་གླིང་ཆེན་གྱིས་འགྱིངས་པའི་ལྷ་ཡི་ནོར་བུ་དབང་རྒྱལ་ཁུར་བ་འདྲ་བ།  ཤེལ་བྲག་རྩེ་མོ་དྲུག་ཡོད་པ་དེར་དགོས་ལ་བབ་པས།  ཁམས་ཀྱི་མི་རྣམས་ཀྱིས་འདབ་ཆགས་མི་དང་འདྲ་བ་མགོ་ལ་རྭ་སྐྱེས་པ།  རྭ་ལས་ནོར་བུ་མཐོ་བ།  འཇིགས་ལ་རྔམ་པ།  ངོ་མཚར་ཆེ་བ།  ལྟར་འདོད་པ།  ལྟར་མི་བཟོད་པས་བྱ་ཡ་མཚན་ཅན་ལྟས་ཅི་ཡིན་ཨང་ཟེར་བ་ལ།  རྒན་པ་གཅིག་གིས་ཁྱུང་ཕོ་རྭ་ཅོ་ཡོད།  ཁྱུང་མོ་ལ་རྭ་ཅོ་མེད་ཟེར་བས་ཁྱུང་ཕོ་ཡིན་འདུག་སྐད།   དེར་ལུང་པ་དེ་ལ་ཁྱུང་ཕོ་རྩེ་དྲུག་ཏུ་བཏགས།” ཞེས་དང་།   སློབ་དཔོན་ཡོན་ཏན་རྒྱ་མཚོས་མཛད་པའི《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ། 》ལས། “དེ་ཡང་ཁྱུང་པོའི་བྱུང་ཁུངས་ནི།  སྟེང་ཕྱོགས་ཀྱི་སྟོན་པ་ཀུན་ཏུ་བཟང་འོད་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་ཁྱུང་ཕོ་ཆེན་པོ་ཞིག་ཏུ་སྤྲུལ་ནས་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གི་རྩེ་མོར་བབས། ”(967)ཞེས་དང་།  གསང་སྔགས་གླིང་པའི་གཏེར་མ།《རྩེ་དྲུག་གནས་ཀྱི་དཀར་ཆག་ལུང་བསྟན་ཡང་ཏིག་མཁའ་གསལ་ཉི་མའི་ཟེར་ཆེན།》ལས “སྔོན་ཚེ་དབྱིངས་ཉིད་ཀུན་བཟང་མཁའ་འགྱིང་དཀརཿ  ཐུགས་རྗེས་འོད་ལས་སྤྱི་རྗེ་བྱ་རྒྱལ་ཁྱུང་།  དཔག་བསམ་རྩེ་མོ་གནན་པའི་རྒྱུད་བསྐུར་ཞིངཿ  བདེ་བཤེགས་བྱིན་བབ་བུམ་པ་རྫོང་རྩེར་བབཿ”(42) ཞེས་གསལ་བ་དག་ལ་དཔྱད་ན།   སྐབས་དེར་ཁྱུང་འཕགས་ཁྲ་བོ་བྲག་ཤེལ་ལེ་རྫོང་དྲུག་གི་གནས་འདིར་བཞུགས་ཡོད་པ་ཤེས་ཐུབ།  འདིར་ཁྱུང་འཕགས་ཁྲ་བོ་བྱ་རྒྱལ་ཁྱུང་ཆེན་དུ་སྤྲུལ་ནས་འཕུར་ཡོང་བ་དང་།  གཞན་ཡང་ཁྱུང་པོའི་དམངས་ཁྲོད་ངག་རྒྱུན་དུ་ཁྱུང་གསུམ་འཕུར་ཡོང་སྐབས།   སྤེ་ནེ་རི་བཀྲའི་རྩེར་བབས་པས་མ་ཐེག་ཉིལ་སོང་བ་དང་།  ཁྱུང་གཉིས་ལར་ཉལ་བས་ཁྱུང་ཉལ་ལ་ཞེས་འཐོགས་པ་ལྟ་བུ།  སྤུ་ཐོག་ཁའི་དེའུ་འབུར་པ་ཏ་སྤོ་ལོར་བབས་པས་མ་ཉིལ་ཐེག་པས་བྱ་ཁྱུང་གད་མོ་ཤོར།  མཆུ་ཟུར་གཉིས་ནས་ཁ་ཆུ་ཐིགས་རེ་ཟགས་པས་དེ་ལས་སྤུ་ཐོག་མཚོ་ཆེན་མཚོ་ཆུང་ཆགས་པ་སོགས་གཏམ་རྒྱུད་མང་པོ་ཞིག་འདུག་པ་ནི་ཁྱུང་གི་རུས་རྒྱུད་ཀྱི་ཆེ་བ་མཚོན་བྱེད་དུ་ཕྱིས་སུ་བྱུང་བ་འབའ་ཞིག་ལགས་སོ།།  

གསུམ་པ།  ཁྱུང་གི་རུས་རྒྱུད་གྱིམ་ཤོད་ཡུལ་དུ་གཞིས་ཆགས་པ།

    ཁྱུང་གི་རུས་རྒྱུད་འཛིན་མཁན་དག་ཡབ་གཞིས་ཁྱུང་ལུང་དངུལ་མཁར་ནས་སྡོད་ས་མ་རགས་པས།  ཡུལ་གྱར་གྱི་ལམ་དུ་ཞུགས་ཤིང་ལམ་བར་ནས་གང་སར་གཞིས་ཆགས་ཏེ་ལུས་པ་གོང་དུ་སོང་ལ།  ཁྱུང་འཕགས་ཁྲ་བོ་གྱིམ་ཤོད་ཀྱི་ཡུལ་འདིར་བཞུགས་ཤིང་ས་གནས་འདི་ནས་བུད་མེད་ཅིག་བག་མར་བསུས་ནས་དེ་ལ་ཕྲུ་གུ་བཞི་སྐྱེས་པ་ཡིན་ཏེ།  གསང་སྔགས་གླིང་པའི་གཏེར་མ།《རྩེ་དྲུག་གནས་ཀྱི་དཀར་ཆག་ལུང་བསྟན་ཡང་ཏིག་མཁའ་གསལ་ཉི་མའི་ཟེར་ཆེན།》ལས། “སྔོན་ཚེ་དབྱིངས་ཉིད་ཀུན་བཟང་མཁའ་འགྱིང་དཀརཿ  ཐུགས་རྗེས་འོད་ལས་སྤྱི་རྗེ་བྱ་རྒྱལ་ཁྱུང་།  དཔག་བསམ་རྩེ་མོ་གནན་པའི་རྒྱུད་བསྐུར་ཞིངཿ  བདེ་བཤེགས་བྱིན་བབ་བུམ་པ་རྫོང་རྩེར་བབཿ  བུམ་པའི་ནང་དུ་བྱ་རྒོད་ཚང་ཞུགས་ལྟར།  གཤེགས་ནས་ཐུགས་དམ་དབྱིངས་ཀྱི་ངང་ལ་བཞུགས།  དེ་ཞིག་རྩེ་རྩེ་ལྡིང་ལྡིང་མཁའ་ལ་གཤེགས།  བུམ་པའི་ནང་དུ་སྒོ་ང་དཀར་ནག་སེར།  ཁྲ་བོ་གསུམ་དུ་རང་གི་རང་བསྡོལ་ལས།  སྐྱེས་བུ་ངོ་མཚར་ལྡན་པ་དྲུག་བྱུང་ཞིང་།  ༡དཀར་པོ་རང་གསལ་འོད་དཀར་རྫོང་དུ་བབཿ  ཞི་བའི་མངོན་པ་དགའ་བ་ཟང་ཐལ་ཕྱིནཿ ༢ ཁྲ་བོ་ཀི་ལ་ལྷ་སྟེང་རྫོང་དུ་བབཿ  དྲག་པོའི་འཕྲིན་ལས་ལོག་འདྲེན་སྲོག་གབ་ཕུདཿ  ༣སེར་པོ་རིག་འཛིན་འདུས་གནས་རྫོང་དུ་བབཿ  རྒྱས་པའི་ནོར་བུ་གསང་བ་འདོད་དགུ་སྟེརཿ  ༤ནག་པོ་མ་ཚོགས་མཁའ་འགྲོའི་རྫོང་དུ་བབཿ  རྐིང་རུས་འབར་བ་ཐོད་མཁར་གནམ་ལྕགས་འཕྲོཿ  ”(42)ཞེས་ཕལ་གྱིས་བལྟས་ན་བྱ་ཁྱུང་ཞིག་ལས་སྒོ་ང་བཞི་འཁྲུངས་པ་ལྟ་བུ་ཞིག་ཡིན་མོད།   འདི་ཁྱུང་པོའི་གདུང་རྒྱུད་ཀྱི་ཆེ་བརྗོད་ཡིན་པ་གོང་དུ་སོང་ལ།   ལུང་ཚིག་འདིའི་དོན་དག་ཞིབ་ཏུ《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》ལས་གསལ་ཏེ། “ཁྱུང་འཕགས་ཁྲ་བོ་རྫུ་འཕྲུལ་དུ་མ་དང་ལྡན་པས་བྱ་ཁྱུང་གི་སྤྲུལ་པ་བཤིགས་ནས།  མི་དཀར་པོ་དར་དཀར་གྱི་ན་བཟའ་ཅན།  སྐུ་ལས་འོད་ཟེར་འཕྲོ་བ་གཅིག་འདུག   དེ་ལ་ཡུལ་དེའི་མི་རྣམས་ཀྱིས་ཁྱོད་གང་ནས་ཡིན།  གར་བྱོན།  འདོད་དོན་གང་ལ་གཏད་པ་ལགས།  ཞེས་དྲིས་པས།   མི་དཀར་པོ་དེས་བདག་ནི་སྟེང་ནམ་མཁའི་ཁམས་ནས།  འགྲོ་བ་སེམས་ཅན་གྱི་དོན་ལ་འོང་བ་ཡིན།  ལུས་མིང་ནི་ཁྱུང་ཕོ་བྱ་བ་ཡིན་གསུངས།  དེ་ལ་ཀུན་གྱིས་མཚན་ཁྱུང་ཕོ་རུ་བཏགས་ནས།  ཕྱིས་སུ་ཡུལ་ཁམས་དེ་ནས།  ཡུམ་ཆེན་ཤེས་རབ་བྱམས་མའི་ཐུགས་ལས་སྤྲུལ་པའི་བུད་མེད་སྐུ་མདོག་དཀར་བ་མཚན་དང་ལྡན་པ།   དྲི་བཟང་གིས་ངད་པ་བྲོ་བ་ཤེས་རབ་སྒྲོན་བྱ་བ་གཅིག་དང་སྟངས་དཔྱལ་འཚོགས་པ་ལ།  ལོ་ནི་ཤིང་ཕོ་བྱི་བ་སྟག་གི་ཟླ་བའི་ཚེས་གཅིག་ལ།   ཡུམ་ལ་སྒོ་ང་དཀར་སེར་ཁྲ་བོ་འཐིང་ནག་བཞི་སྐྱེ་བའི།  སྒོང་ང་དཀར་པོ་ལས་ཁྱེའུ་དཀར་གསལ་འོད་ཟེར་འབར་བ།   དྲི་བཟང་བྲོ་བ།  ཞི་བའི་མཚན་དང་ལྡན་པ་གཅིག་བྱུང་།  ལྷ་སྲས་ཀ་རུ་བྱ་བ་བཏགས།  སྒོང་ང་སེར་པོ་ལས།  ཁྱེའུ་སེར་པོ་འོད་འབར་བ།   སྦམ་ལ་བརྗིད་པ།  སྣུམ་བགས་ལྡན་པ།  འཛུམ་པའི་མདངས་དང་ལྡན་པ་གཅིག་བྱུང་བར།  ལྷ་སྲས་སེར་བཙོ་བྱ་བར་བཏགས་སོ།།  སྒོང་ང་ཁྲ་བོ་ལས།  ཁྱེའུ་དཀར་ལ་དམར་བའི་མདངས་དང་ལྡན་པ།  དབུ་སྐྲ་གཡས་སུ་འཁྱིལ་པ།  སྤྱན་མིག་བཀྲ་བ།  སྤྱན་རྩ་དམར་བ།  ཁྲོ་འཛུམ་དང་ལྡན་པ་གཅིག་བྱུང་བར་ཁྱུང་ཕོ་ཁྲ་རུ་བཏགས།  མཐིང་སྒོང་ལས།  ཁྱེའུ་སྨུག་ནག་དབུ་སྐྲ་གཟིངས་པ།  སྦམ་ལ་འཇིགས་པ།  ཁྲོ་འཛུམ་དང་ལྡན་པ་གཅིག་བྱུང་བར་མཚན་ལྷ་སྲས་ནག་རུ་ཞེས་བཏག་གོ།”(817)ཞེས་སྲས་བཞི་འཁྲུངས་པ་ལ་དཀར་ནག་སེར་གསུམ་ཁྲ་བོ་བཅས་མཚན་བཏགས།  རྒྱལ་རབས་ཁག་ནས་སྒོ་ང་དཀར་ནག་སེར་གསུམ་ཁྲ་བོ་དང་བཞི་རུ་བཤད་པ་དང་ཁྱུང་འཕགས་ཁྲ་བོ་ཐ་ཆུང་གི་གོང་མ་ཡིན་པར་བཤད་པ་འདི་ཡིན་ནོ།།   སྟོང་རྒྱུང་རིང་མོའི་སྲས་ཁྱུང་འཕགས་ཁྲ་བོ་དང་ཁོང་ལ་སྲས་བཞི་ཡོད་པ་ལས་གཅིག་ལ་ཁྱུང་ཕོ་ཁྲ་རུའམ་ཁྱུང་འཕགས་ཁྲ་བོ་ཞེས་པ་ཞིག་ཡོད་པས།  འདི་གཉིས་ཁ་ཁ་ཡིན་པ་ཤེས་དགོས།   

གཞན་ཡང་ཁྱུང་འཕགས་ཁྲ་བོ་གྱིམ་ཤོད་ཡུལ་དུ་ཕེབས་སྐབས་ཡུལ་དེའི་མི་རྣམས་ཀྱིས་དོ་སྣང་བྱུང་བ་དང་།   ཁོང་གིས་རང་ཉིད་ཀྱི་རིགས་རུས་དང་མཆེད་ཁུངས་གླེང་སྐབས་ལྷ་ཡུལ་ནས་ཡོང་བ་ལྟ་བུ་བཤད་པས་ཡུལ་དེའི་མི་རྣམས་ཀྱིས་མཐོང་ཆེན་བྱས་ཡོད་པ་རྟོགས།   དེའི་ཐོག་ཁོང་གི་ཡབ་སྟོང་རྒྱུང་རིང་མོ་ནི་གཡུང་དྲུང་བོན་ལ་མཁས་པ་ཞིག་ཡིན་པས།  ཁོང་ཡང་ཆུང་དུས་ནས་བོན་ལ་སྦྱང་བ་གནང་མཁན་ཡིན་ཙམ།   ཁོང་གིས་ཤེས་འཇོན་ལ་བརྟེན་ཏེ་རིམ་བཞིན་ཡུལ་དེར་གོ་གནས་གལ་ཆེན་ཟིན་ཡོད་པ་ཤེས་ཐུབ།  གནས་དེ་ནས་ཁྱུང་འཕགས་ཁྲ་བོའི་གདུང་སྲས་བཞི་རིམ་བཞིན་འཚར་ལོངས་བྱུང་ཞིང་།  ཡབ་ཀྱི་མདུན་ནས་བོན་ཞུས་ཏེ་ཉམས་ལེན་གནང་བས་མཐུ་སྟོབས་རྫུ་འཕྲུལ་ལྡན་པ་ཐབས་ལ་མཁས་པའི་སྐྱེས་བུ་བཞི་རུ་གྱུར་ནས་ཡུལ་དེའི་མི་རྣམས་ལ་དབང་སྒྱུར་བྱས་པ་ཡིན་ཏེ།《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》ལས། “སྲས་དེ་བཞི་ཡང་གཅིག་ལས་གཅིག་འཕགས་པ།   གཞན་དང་མི་འདྲ་བའི་མཚན་དང་ལྡན་པ།   ཞག་ལས་ཟླ་སྐྱེད།  ཟླ་བ་ལ་ལོ་བསྐྱེད་འཕེལ་ནས།  ཡབ་ལས་བོན་སྒོ་ཐམས་ཅད་ཞུས།   ཤེས་རབ་ཚད་དུ་ཕྱིན།  བོན་རྣམས་ཐམས་ཅད་མཁྱེན།  མཐུ་དང་རྫུ་འཕྲུལ་ཆེ།  ཐབས་དང་ཐུགས་རྗེ་ལྡན་པ་བྱུང་ནས།  མདོ་ཁམས་ཐམས་ཅད་ཡབ་སྲས་ལྔའི་འོག་ཏུ་འདུས་སོ།།”(817)ཞེས་པས་ཤེས་ལ།  འདིའི་མདོ་ཁམས་ཞེས་པ་ནི་ད་ལྟའི་ཁྱུང་ཡུལ་གྱི་ས་ཆ་ཁག་ལ་གོ་བ་ལས།   མདོ་ཁམས་སྒང་དྲུག་ཚང་མར་གོ་རྒྱུ་མ་ཡིན་ནོ།།   དེ་ལྟར་ཡུལ་འདིར་ཁྱུང་གི་རུས་རྒྱུད་ཀྱིས་གོ་གནས་གལ་ཆེན་བཟུང་ཞིང་།  ཁྱུང་གི་རུས་རྒྱུད་ཀྱིས་བླ་མ་དང་དཔོན་པོ་གཅིག་ཆོག་བྱེད་པའི་ལམ་སྲོལ་ཞིག་ཆགས་པ་ཡིན།   ལམ་སྲོལ་དེའང་རིག་གསར་མ་ཚེས་བར་དུ་རྒྱུད་མཐུད་ཡོད་པ་རེད།   སྲས་བཞི་ལས་ཐ་ཆུང་གི་གོང་མ་ཁྱུང་འཕགས་ཁྲ་བོ་ཡུལ་འདིར་མ་བཞུགས་ནས་གཞན་དུ་བྱོན་པ་ཟུར་དུ་འབྱུང་ལ།  དེར་ཡོད་སྲས་གསུམ་གྱིས་ས་བགོས་སྡེ་བགོས་བྱས་ཏེ་སོ་སོར་གཞིས་ཆགས་ཏེ་དཔོན་རྒྱུད་བཟུང་བ་ཡང《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》ལས།“ལྷ་སྲས་གསུམ་ནི་ས་ཕྱོགས་དེའི་སྟོད་སྨད་བར་གསུམ་དུ་ས་བགོས་མཛད་ནས་བཞུགས་ཏེ།  དེང་སང་ཡང་ཁྱུང་ཕོ་ཀ་རུ་ནག་རུ་སེར་ཙ་བྱ་བར་གྲག་གོ”(818)ཞེས་པས་རྟོགས་ཐུབ་བོ།།   ཕྲན་གྱིས་དུས་སྐབས་འདི་ཙམ་ནས་སུམ་གླང་གྱིམ་ཤོད་ཀྱི་ཡུལ་འདིར་ཁྱུང་ཕོ་ལུང་པའམ་ཁྱུང་ཡུལ་ཞེས་མིང་འབོད་འགོ་ཚུགས་པ་ཡིན་ནམ་སྙམ་མོ།།

བཞི་པ།  སྲས་ཐ་ཆུང་གི་གོང་མ་ཁྱུང་ཕོ་ཁྲ་བོ་མདོ་སྨད་ཡུལ་དུ་བྱོན་པ།  

སྲས་ཐ་ཆུང་གི་གོང་མ་ཁྲ་རུ་འམ་ཁྱུང་ཕོ་ཁྲ་བོ་ནི་ཡབ་ཀྱི་བཀའ་བཞིན་གྱིམ་ཤོད་གནས་སུ་མ་བཞུགས་པར་བུམ་འབུར་སྒང་སོགས་བརྒྱུད་ནས་རྒྱ་རོང་ཡུལ་དུ་ཕེབས་པ་ཡིན་ཏེ།《ཤེལ་དཀར་མེ་ལོང》ལས“རི་རྩེ་དྲུག་གི་མདུན་དུ་ཡབ་སྲས་རྣམས་ལ་མ་འོངས་དུས་འགྱུར་ཚུལ་དང་།  ཁྱུང་ཕོ་ཁྲ་བོ་རོང་ཁམས་ཀྱི་བདུད་དང་མུ་སྟེགས་འདུལ་ཞིང་བསྟན་པ་སྤེལ་བ་རྣམས་ཡབ་ཀྱིས་བཀའ་གནང་།”ཞེས་དང་།“དེ་ནས་སྲས་ཀྱིས་ཀྱང་གཅེན་པོ་གཉིས་དང་གཅུང་གསུམ་ལ་སོ་སོར་ཁམས་བདེ་བྱས་ནས།  རྫུ་འཕྲུལ་གྱི་གོམ་པ་སྤོས་ཏེ།  ཡབ་ཀྱི་བཀའ་ལུང་གནང་བ་བཞིན་དུ།  དང་པོ་ལྷོ་ཚ་བ་སྒང་རོང་གཉིས་ལ་རྫུ་འཕྲུལ་ཞབས་ཀྱིས་གནོན།  དེའི་ཚེ་མི་རྣམས་ཀྱིས།  མཁའ་ནས་མཁའ་རུ་བྱོན་ཏེ་དོགས་ལ་འགྲོ་དོན་མཛད།།  བདེར་གཤེགས་རྣམས་སྤྲུལ་མངོན་དུ་བྱོན་ལ་ཕྱག་འཚལ་བསྟོད།།  ཅེས་ཟེར་ནས་ཤིན་ཏུ་དད་པ་སྐྱེ་བས་ཐམས་ཅད་འཁོར་དུ་འདུས་སོ།།  དེ་ནས་ཡང་དབུ་འབོར་སྒང་དུ་བྱོན་ནས།  གམ་པོ་གང་རིའི་ཨེ་མིང་གསེར་གཞུང་དུ་མལ་བསོས་པའི་ཚུལ་མཛད།  ཡང་རྫུ་འཕྲུལ་ཞབས་ཀྱིས་ཏི་ཙ་ཡུལ་དུ་བྱོན་ནོ།།  དེ་ནས་ཁྱིམ་བདག་རྒན་མོ་གཅིག་གི་བུ་མོ་མཚན་དང་ལྡན་པ།  སྨིན་མཚམས་ན་སྨི་བ་དཀར་པོ་གསུམ་ཡོད་པ།  སྙིང་རྗེ་དང་དད་པ་ཆེ་བ།  ངག་ཞི་ལ་གསུངས་སྙན་པ།  ལུས་ལ་དྲི་བཟང་གི་ངད་པ་འཕྲོ་བ་གཅིག་འདུག་པ།  ཚུལ་ཁྲིམས་བྱམས་མའི་སྤྲུལ་པ་ཡུམ་སྐལ་དུ་མཁྱེན་ནས།   སྟངས་དཔྱལ་དུ་བཞུགས་པས།   ཕྱི་ལོ་སྲས་གཅིག་འཁྲུངས།”(819)ཞེས་ཁྱུང་ཕོ་ཁྲ་བོ་གྱིམ་ཤོད་ཡུལ་ནས་ཆས་ཏེ།   ལྷོ་རོང་དང་ཚ་བ་སྒང་སོགས་ནས་རིམ་བཞིན་ལམ་ལ་ཆས་ཤིང་།  བུམ་འབོར་སྒང་དུ་བཞུགས་པ་སོགས་རྒྱས་ཤིང་རྒྱས་པ་ཤེལ་དཀར་མེ་ལོང་སོགས་ལས་གསལ་ཞིང་འདིར་དེའི་སྐོར་ཟུར་ཙམ་གླེང་བ་ལས་བཞག་གོ།  

ལྔ་པ།  ཁྱུང་པོ་དཀར་ནག་སེར་གསུམ་དང་ཁྲ་བོའི་སྐོར། 

བོན་གྱི་རྒྱལ་རབས་ལོ་རྒྱུས་ཁག་ནས་བྱ་ཁྱུང་ཞིག་བབ་སྟེ་དེ་འཕུར་ཤུལ་དུ་སྒོ་ང་དཀར་ནག་སེར་གསུམ་འཁྲུངས་ཟེར་བ་དང་དཀར་ནག་སེར་གསུམ་ཁྲ་བོ་དང་བཞི་རུ་འཁྲུངས་ཟེར་བ་མི་འདྲ་བ་གཉིས་སྣང་ལ།  དེའི་སྐོར་ནས་མཁས་པ་དག་གིས་ཞིབ་ཆ་མ་བྱས་པའི་རྐྱེན་གྱིས་མགོ་རྙོག་ཆེན་པོ་ཡོད།   དེ་ལས་སྒོ་ང་གསུམ་བྱུང་བ་ནི་ཁྱུང་རབས་གཡུ་མགོ་མ་དང་གསེར་སྒམ་མ།  ཁྱུང་པོ་རྒོད་ཚང་ལོ་རྒྱུས།  ལེགས་བཤད་ཕྲེང་བ།  རྣམ་དག་ཤེལ་ཕྲེང་སོགས་ཡིན་ཏེ།  མཁའ་འགྱིང་གྲགས་པས་བརྩམས་པའི《ཁྱུང་པོའི་གདུང་རབས་ལོ་རྒྱུས་མར་ཞིའི་ཕྲེང་མཛེས།》ལས།“ཁྱུང་གསུམ་བབ་མལ་སྦར་མོས་རེག་པའི་སར།།  དྲོད་ལས་ཟིལ་པ་ཆགས་ཏེ་ཟིལ་པ་རུ།།  ཤེལ་གྱི་སྒོ་ང་དཀར་ནག་སེར་གསུམ་གྱུར།།  ཞེས་འདི་གསེར་སྒམ་མ་ལས་གསུངས་པ་སྟེ།།  དེ་མིན་གཞན་གྱི་ཁྱུང་རབས་ཕལ་ཆེར་ནང་།།   ཤེལ་སྒང་དཀར་པོ་གསུམ་དུ་འཁྲུངས་པར་བཞེད།།  བསྟན་འབྱུང་ཁག་ལས་སྒོ་ང་དཀར་ནག་དང་།།  སེར་ཁྲ་བཞི་རུ་འཁྲུངས་ཚུལ་གསུངས་ན་ཡང་།།   ཁྱུང་རབས་གཡུ་མགོ་མ་དང་གསེར་སྒམ་མ།།  དེ་བཞིན་ཁྱུང་པོ་རྒོད་ཚང་ལོ་རྒྱུས།། ལེགས་བཤད་ཕྲེང་བ་རྣམ་དག་ཤེལ་ཕྲེང་སོགས།།   ཁྱུང་རབས་དུ་མར་སྒོང་ཁྲ་མ་གསལ་བས།།  ད་རེས་ཁྱུང་རབས་རྗེས་སུ་འབྲེང་བ་སྟེ།། ”(10) ཞེས་བྲིས་འདུག་པས།   གུས་པས་ཁྱུང་རབས་གཡུ་མགོ་མ་ལས་སྒོ་ང་གསུམ་ལས་བཤད་པ་མ་མཐོང་ཞིང་།   གཞན་ལག་སོན་མ་བྱུང་མོད།   ཁོང་གི་རྩོམ་འདིར་བལྟས་ན་ཁྱུང་རབས་གཞན་པ་དེ་དག་གི་ནང་དུ་ཡང་གསུམ་ལས་བྱུང་མེད་པ་ཤེས་སོ།།   སྒོ་ང་དཀར་ནག་སེར་གསུམ་ཁྲ་བོ་དང་བཞི་རུ་བཤད་པའི་དཔེ་ཆ་ནི《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།》དང《རྩེ་དྲུག་གནས་ཀྱི་དཀར་ཆག་ལུང་བསྟན་ཡང་ཏིག་མཁའ་གསལ་ཉི་མའི་ཟེར་ཆེན།》《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》སོགས་རེད།  དེས་ན་དེ་དག་ལ་དབྱེ་ཞིབ་ཇི་ལྟར་བྱ་དགོས་ཞེ་ན།   ཕྲན་གྱི་འདོད་ཚུལ་ལ་སྒོ་ང་གསུམ་དུ་བཤད་པ་ནི་ཁྱུང་པོའི་གདུང་རྒྱུད་སྟག་གཟིག་ཡུལ་ནས་ཐོག་མར་ཞང་ཞུང་ཡུལ་དུ་དར་སྐབས་ཁྱུང་པོའི་རྒྱུད་པ་གྲོལ་ཚུལ་རེད་ལ།   སྐབས་དེར་སྒོ་ང་གསུམ་ལས་ཁྱེའུ་གསུམ་བྱུང་བ་ནི་ཁྱུང་རྒོད་ཐོག་ལ་འབར།   ལྷ་ཁྱུང་རྒྱན།  མུ་ཁྱུང་རྒྱན་གསུམ་རེད།  ཁྱུང་རབས་ཁག་ལས་འདི་གསུམ་ལས་ཁྲ་བོ་མ་གསལ་ལོ།།  འོན་ཏེ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི《ལེགས་བཤད་མཛོད》ལས“ཆེ་བ་ཁྱུང་དཀར་རྒོད་ཐོག་ལ་འབར།  དེ་འོག་ཁྱུང་སེར་ལྷ་ཁྱུང་།  དེ་འོག་ཁྱུང་འཕགས་ཁྲ་མོ།  ཆུང་བ་མུ་ཁྱུང་རྒྱན་ཞེས་གྲགས་སོ།།”ཞེས་གསུངས་འདུག་མོད།   འདི་ནི་ཞང་ཞུང་ཡུལ་དུ་གྲོལ་ཚུལ་དང་མདོ་སྟོད་ཡུལ་དུ་གྲོལ་ཚུལ་གཉིས་ཡར་མར་འཁྲུག་སོང་བ་ཡིན་པ་ལས།  ཞིབ་ཏུ་དཔྱད་པ་ཞིག་མ་ཡིན་ཏེ།  དེ་དག་གིས་བརྩེགས་པའི་སྐུ་མཁར་གླེང་སྐབས“ཁྱུང་འཕགས་ཁྲ་མོས་གསས་ཁང་ལྷ་རྩེ་གུང་ནམ་བཞེངས།   ཆུང་བ་མུ་ཁྱུང་རྒྱན་གྱིས་གསས་ཁང་བརྒྱད་བཞེངས།” ཞེས་ལྷ་རྩེ་གུང་ནམ་ཁྱུང་འཕགས་ཁྲ་བོས་བཞེངས་པ་གསུངས་མོད།  དངུལ་མཁར་ལྷ་རྩེ་ཅན་བརྒྱ་དང་རྩ་བརྒྱད་བཞེངས་མཁན་ནི་དམུ་ཁྱུང་རྒྱན་ཡིན་པ་ནི་གཡུ་མགོ་མ་སོགས་ཁྱུང་རབས་མང་པོས་གསལ་བཤད་བྱས་ཡོད་ལ།  མཁར་གསུམ་ལ་ཁྱུང་པོ་སྐྱིད་ཀྱི་མཁར་གསུམ་ཞེས་ཐ་སྙད་བཏགས་ཡོད།  དངུལ་མཁར་ལྷ་རྩེ་བརྒྱ་དང་རྩ་བརྒྱད་བཞེངས་ཅེས་པར་ཁོང་གིས་དུམ་བུ་གཉིས་ཕྱེས་ནས་ཁྱུང་འཕགས་ཁྲ་བོས་ལྷ་རྩེ་གུང་ནམ་བཞེངས་པ་དང་མུ་ཁྱུང་རྒྱན་གྱིས་གསས་ཁང་བརྒྱད་བཞེངས་ཞེས་བྲིས་ཡོད་པ་རྟོགས་ཐུབ།   སྒོ་ང་དཀར་ནག་སེར་གསུམ་ཁྲ་བོ་དང་བཞི་རུ་བཤད་པ་ནི་གོང་དུ་གླེང་བའི་ཁྱུང་འཕགས་ཁྲ་བོས་མདོ་སྟོད་གྱིམ་ཤོད་ཡུལ་དུ་བསྟན་པ་སྤེལ་སྐབས་ངོས་བཟུང་དགོས་པ་ཡིན།  འདིའི་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།  

དྲུག་པ།  ཁ་དོག་མི་འདྲ་བའི་མཚོན་དོན་གང་ཡིན་པ།  

ཁྱུང་འཕགས་ཁྲ་བོ་དང་ཤེས་རབ་སྒྲོན་གཉིས་ལས་སྲས་བཞི་འཁྲུངས་པ་དེ་ལ།   དཀར་ནག་སེར་གསུམ་ཁྲ་བོ་ཞེས་སུ་བཏགས་པ་ནི།  སྐྱེས་བུ་དེ་དག་གི་སྐུ་མཚན་དང་འཕྲིན་ལས་སོགས་ལ་འབྲེལ་བ་ཡོད་པ་ཡིན་ཞིང་།   ཞི་རྒྱས་དབང་དྲག་བཞི་ཡི་རྣམ་པ་དང་འཕྲིན་ལས་ཀྱི་མཚོན་བྱེད་ཡིན་ཏེ།  དཀར་པོས་ཞི་བ།   སེར་པོས་རྒྱས་པ།  ཁྲ་བོས་དབང་།  ནག་པོས་དྲག་པོ་བཅས་སུ་མཚོན་པ་ཡིན་ཏེ།《རྩེ་དྲུག་དཀར་ཆག》ལས།“དཀར་པོ་རང་གསལ་འོད་དཀར་རྫོང་དུ་བབཿ  ཞི་བའི་མངོན་པ་དགའ་བ་ཟང་ཐལ་ཕྱིནཿ  ཁྲ་བོ་ཀི་ལ་ལྷ་སྟེང་རྫོང་དུ་བབཿ  དྲག་པོའི་འཕྲིན་ལས་ལོག་འདྲེན་སྲོག་གབ་ཕུདཿ  སེར་པོ་རིག་འཛིན་འདུས་གནས་རྫོང་དུ་བབཿ  རྒྱས་པའི་ནོར་བུ་གསང་བ་འདོད་དགུ་སྟེརཿ  ནག་པོ་མ་ཚོགས་མཁའ་འགྲོའི་རྫོང་དུ་བབཿ  རྐིང་རུས་འབར་བ་ཐོད་མཁར་གནམ་ལྕགས་འཕྲོཿ”(42)ཞེས་དང་།《ཤེལ་དཀར་མེ་ལོང》ལས། ལྷ་སྲས་ཀ་རུ་ནི་ཞི་བའི་ཉམས་ཡོད་པ།   འགྲོ་བ་ཞི་བའི་སྒོ་ནས་འདུལ་བ།   སེར་བཙོ་ནི་སྐུ་སྦམ་ལ་བརྗིད་པ།  ཁྲ་བོས་དབང་གི་འཕྲིན་ལས་མཛད་པ།  སྤྱན་རྩ་དམར་བ་ཁྲོ་འཛུམ་ལྡན་པ།  ནག་རུ་ནི་དབུ་སྐྲ་གཟིངས་པ།  སྦམ་ལ་འཇིགས་པ།  ཁྲོ་ཚུལ་དང་ལྡན་པ་ཞིག་ཡོད་པ་སོགས་ལ་བརྟག་ན་ཡིག་ཆ་འདི་གཉིས་ལས་བྱུང་བ་དག་དོན་གཅིག་ལ་བབ་ཡོད་པ་ཤེས།   བོན་གྱི་གནའ་བོའི་གཞུང་ལུགས་ཁྲོད་ནས་ཁ་དོག་འདི་དག་ཞི་རྒྱས་དབང་དྲག་གི་འཕྲིན་ལས་ལ་སྦྱར་བ་ཡང་ནས་ཡང་དུ་བྱུང་ཡོད་དེ།  དཔེར་ན།《མེ་ལྷ་འབྲིང་པོ》ལས།“ཞི་བའི་དཀྱིལ་འཁོར་དཀར་ལ་ཟླུམ།  རྒྱས་པའི་དཀྱིལ་འཁོར་གྲུབ་བཞི་སེར།   དབང་གི་དཀྱིལ་འཁོར་ཟླ་གམ་དམར།   དྲག་པོའི་དཀྱིལ་འཁོར་གྲུ་གསུམ་ནག”ཅེས་དང་།“ཞི་བ་ཆས་གོས་དཀར་པོ་བྱ།  རྒྱས་པ་ཆས་གོས་སེར་པོ་བྱ།  དབང་ལ་ཆས་གོས་དམར་པོ་བྱ།  དྲག་པོ་ཆས་གོས་ནག་པོ་བྱ།”  ལྟ་བུ་ལྷ་ལ་ཞི་རྒྱས་དབང་དྲག་གི་ལྷ་དང་།   དཀྱིལ་འཁོར་ལ་ཡང་ཞི་རྒྱས་དབང་དྲག་གི་དཀྱིལ་འཁོར།  དེ་དག་ལ་རང་རང་མཚོན་བྱེད་ཀྱི་དབྱིབས་དང་ཁ་དོག་སོགས་ཡོད་པ་རེད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།