ཏུན་ཧོང་ཡིག་རྙིང་ཁྲོད་རྙེད་པའི་སློབ་དཔོན་པད་འབྱུང་གི་རྣམ་ཐར་ཐོག་མའི་བརྡ་དོན་ལ་རྣམ་པར་དཔྱད་པ།

སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ལ་གདན་དྲངས་ཏེ་ཆོས་འཁོར་བསམ་ཡས་བཞེངས་ཤིང་སད་མི་མི་བདུན་རབ་ཏུ་བྱུང་བའི་སློབ་དཔོན་མཛད་པ་སོགས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐད་ནས་མཛད་རྗེས་བླ་ན་མཐོ་བ་ཞིག་ཡིན་པས་བོད་མི་དམངས་ཀྱིས་ད་ལྟའི་བར་སྙིང་ཐག་པ་ནས་སློབ་དཔོན་འདིར་དད་མོས་ཀྱི་མེ་ཏོག་འཐོར་བཞིན་ཡོད། སློབ་དཔོན་པད་མའི་སྐྱེས་རབས་རྣམ་ཐར་པད་མ་བཀའ་ཐང་དུ་གྲགས་པ་དེ་ནི། འཛམ་གླིང་གི་ཚིགས་བཅད་བསྟན་བཅོས་ཀྱི་ནང་ནས་རིང་པོའམ་ཆེས་མང་བར་གྱུར་པ་དེ་ཡིན་ཏེ། འདིར་ཆ་ཚང་མིན་པའི་བསྡོམས་རྩིས་ལྟར་ན། པད་མ་བཀའ་ཐང་ལ་སྣ་ཁ་ཆིག་སྟོང་ལྷག་ཡོད། མ་མཐའ་ཡང་པོ་ཏི་བརྒྱ་ཕྲག་ཡོད་ངེས། སློབ་དཔོན་པད་འབྱུང་གི་རྣམ་ཐར་དེ་ལ་ཡང་བཀའ་མ་དང་གཏེར་མ་སྟེ་རིགས་མི་འདྲ་བ་གཉིས་ཡོད། བཀའ་མའི་རྣམ་ཐར་ལ་ཡང་རྙིང་མའི་མཁས་པ་ཚོས་མཛད་པའི་རྣམ་ཐར་དང་གསར་མའི་མཁས་པ་ཚོས་མཛད་པའི་རྣམ་ཐར། གཡུང་དྲུང་བོན་པོའི་མཁས་པ་འགས་མཛད་པའི་རྣམ་ཐར་ཏེ་རིགས་གསུམ་ཡོད། བཀའ་ཐང་གཏེར་མ་ནི་བརྩིགས་ན་རི་རབ་ལས་ཀྱང་དཔངས་མཐོ་བ་ཡོད་པ་དེ་དག་ནི། སློབ་དཔོན་པད་མ་འབྱུང་གནས་དང་དེའི་ཞལ་སློབ་རྗེ་འབངས་ཉེར་ལྔ། གཞན་ཡང་བྱང་སེམས་ལོ་པཎ་རྣམས་ཀྱི་རྣམ་སྤྲུལ་ཉང་གུར་བྱང་གསུམ་སྟེ་མཆོག་གི་སྤྲུལ་སྐུ་རྣམ་གསུམ། དེའི་སྟེང་རྡོར་གླིང་དང་པད་གླིང་གཉིས་བསྣན་པས་གཏེར་སྟོན་རྒྱལ་པོ་ལྔ། གཞན་ཡང་ཕྱོགས་བཞིའི་དབུས་ལྔའི་གཏེར་ཆེན་ལྔ། གླིང་པ་དགུ དྲི་མེད་རྣམ་ལྔ། འཇམ་དབྱངས་ཁྲི་ལྡེ་རྣམ་སྤྲུལ་གཏེར་ཆེན་ལྔ་སོགས་ཀྱིས་གཙོ་བྱས་པའི་དུས་རབས་བཅུ་དགུ་ཡན་ཆད་ལ་ངེད་བོད་ཁ་བ་རི་བའི་ལྗོངས་འདིར་སྤྲུལ་པའི་གཏེར་ཆེན་བརྒྱ་རྩ་བརྒྱད། གཏེར་ཕྲན་ཆིག་སྟོང་ལྷག་སོགས་རིམ་པར་བྱོན། གཏེར་སྟོན་དེ་དག་ཕལ་ཆེ་བ་ལ་གཏེར་ནས་སྤྱན་དྲངས་པའི་པད་མ་བཀའ་ཐང་རེ་རེ་ཡོད། ལ་ལར་བཀའ་ཐང་རིགས་མི་འདྲ་བ་མང་པོ་ཡོད།①ཅེས་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཞུས་པའི་འགོ་བརྗོད་དུ་གསལ་བ་ལྟར་སློབ་དཔོན་འདིར་རྣམ་ཐར་བགྲང་ལས་འདས་པ་ཞིག་ཡོད་པའི་ཁྲོད་ན་《པད་མ་བཀའ་ཐང》དང་《 བཀའ་ཐང་སྡེ་ལྔ་》 《སློབ་དཔོན་པད་མའི་རྣམ་ཐར་རྒྱ་གར་མ》 《བཀའ་བསྡུས》 《 ཨོ་རྒྱན་གུ་རུ་པད་མ་འབྱུང་གནས་ཀྱི་རྣམ་ཐར་རྣམ་གྲངས་བཅུ་གཉིས་ཀྱི་བདག་ཉིད་ཅན་དྲི་མ་མེད་པའི་རྒྱན》 (གཤམ་དུ་པད་འབྱུང་རྣམ་ཐར་དྲི་མེད་རྒྱན་དུ་འབོད་རྒྱུ)སོགས་རྒྱ་མཚོ་ལས་ཆུ་ཐིག་ཙམ་ཞིག་ཁོ་བོས་བཀླག་མྱོང་བ་དེ་རྣམས་ཀྱིས་སློབ་དཔོན་འདིའི་ལོ་རྒྱུས་སུ་འབྲེལ་ཏེ་ཁོང་གི་མཐུ་སྟོབས་དང་རྫུ་འཕྲུལ་གྱི་ནུས་པ་སོགས་ཐུན་མིན་གྱི་ཁྱད་ཆོས་རྩལ་དུ་བཏོན་ནས་བྲིས་ཡོད། ད་ལན་ཏུན་ཧོང་ནས་རྙེད་པའི་སློབ་དཔོན་པད་འབྱུང་གི་རྣམ་ཐར་ཤོག་དྲིལ་ཐིག་ཕྲེང་P.T849ཐིག་ཕྲེང་189 -203བར། རྒྱ་གར་ཆོས་ཀྱི་རྒྱལ་པོའི་སྲས། དེ་བ་པུ་ཏྲ་ཆོས་ནི་མ་བསླབས་པར་རང་ཤེས། སོགས་ཐིག་ཕྲེང་བཅོ་ལྔ་ཙམ་གསལ་བའི་ནང་དུ། སློབ་དཔོན་ཁོང་ཉིད་བོད་དང་རྒྱ་ནག ད་ལྟའི་ཏུན་ཧོང་ས་ཆར་ཉེ་བའི་སུག་ཅུར་(མདོ་སྨད་ཆོས་འབྱུང་དུ་སུག་ཇུ་ཞེས་བྲིས་ཡོད)ཕེབས་ཚུལ་སོགས་ལོ་ཚིགས་དང་བཅས་ཏེ་བཀོད་འདུག་པར་དཔོགས་ན། ཧ་ལམ་ཁོང་ཉིད་གནས་འདིར་བཞུགས་དུས་སུ་ཡི་གེར་བཀོད་པའི་རྣམ་ཐར་དུམ་བུ་ཞིག་ལགས་ལ། ནང་དོན་གྱི་ཐད་ནས་སློབ་དཔོན་འདིའི་ལོ་རྒྱུས་ཀྱི་གཟི་དཔལ་སྔར་ལས་རྒྱས་པར་འགྱུར་བའི་ཆ་ཡང་གང་འཚམ་ཡོད་པ་མ་ཟད། དོན་འདུས་ཤིང་སྐབས་བབ་ཀྱི་བརྗོད་བྱ་འབུར་དུ་ཐོན་པ་ནི་ཤོག་དྲིལ་འདིའི་ཁྱད་ཆོས་ཏེ། གཏེར་སྟོན་སོགས་ཁོང་གི་རྣམ་ཐར་མཛད་པོ་རྣམས་ཀྱི་སྨྱུག་རྩེས་མ་རེག་པའི་ཤོག་དྲིལ་དུམ་བུ་ལགས་པས། བོད་ཡུལ་དུ་བྱུང་པའི་སློབ་དཔོན་པད་བྱུང་གི་རྣམ་ཐར་ཆེས་ཐོག་མའི་གྲས་ཡིན་པར་བདག་གིས་འདོད་དོ།།

《འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ》 ལས།②བརྡ་ཞེས་བྱ་བ་ནི་ཐ་སྙད་གོ་བར་བྱེད་པའི་རྒྱུ་སྟེ། འདིར་འདུག་ཤིག་པའམ།  ཕར་སོང་ཤིག་པའམ། བྱོས་ཤིག་པའམ། མ་བྱེད་ཅིག་པ་ལ་སོགས་པ་ལྟ་བུའི་ཐ་སྙད་ཚིག་གམ། ལག་བརྡ་འམ། མིག་ཟུར་ལ་སོགས་པས་གོ་བར་བྱེད་པ་ཡིན་ནོ།། ཞེས་པ་ལྟར་སྐད་ཆ་དང་རྣམ་འགྱུར་ཐམས་ཅད་བརྡ་སྟེ་ཐ་སྙད་གོ་བྱེད་ཡིན། སྐད་རིགས་དང་མི་རིགས་མི་གཅིག་པ་རྣམས་ཀྱིས་བརྗོད་བྱའི་དངོས་པོ་གཅིག་ལ་རང་རང་གི་སྐད་ཀྱིས་བརྡ་སྟོན་ཚུལ་དུ་མ་ཞིག་ཡོད། བོད་ཀྱི་ཡུལ་དུ་སྔོན་བཙན་པོའི་དུས་ནས་རྒྱ་གར་དང་རྒྱ་ནག་གི་སྐད་ལས་བྱུང་བའི་མིང་བརྡ་གང་མང་བྱུང་མྱོང་བས། སྔོན་རབས་ཀྱི་ཡིག་རྙིང་ལ་ཞིབ་འཇུག་བྱེད་དུས། དུས་སྐབས་ངེས་ཅན་དུ་སྤྱོད་པའི་ཐ་སྙད་གོ་བྱེད་ཀྱི་བརྡ་དོན་ཤེས་མི་ཤེས་དེ་ཡིག་རྙིང་གང་དེའི་བསྟན་དོན་ཤེས་མིན་ཐག་གཅོད་བྱེད་ཀྱི་གནད་འགག་ལྟ་བུ་ཡིན། ཤོག་དྲིལ་འདི་ཏུན་ཧོང་ཕུག་པ་ནས་རྙེད་རྗེས་ཀྱི་ལོ་བརྒྱ་ཕྲག་ལྷག་འགོར་བའི་རིང་ལ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་མིག་ལམ་དུ་ཐེངས་གྲངས་མང་པོར་བརྒྱུད་ཀྱང་སུས་ཀྱང་སྣང་རྟོག་མེད་པར་ད་ལྟའི་བར་ལུས་འདུག་པ་ནི་སྐབས་དེའི་བརྡ་དོན་གང་འཚམ་ཤོག་དྲིལ་འདིར་གསལ་བ་ཇི་བཞིན་དུ་དགྲོལ་མ་ཐུབ་པ་དེར་ཐུག་ཡོད། ཡིག་རྙིང་རྣམས་ཀྱི་སྤྱིར་བཏང་ཁྱད་ཆོས་ལྟར་ན། ཡིག་རྙིང་ཁག་ཅིག་གི་བརྡ་དོན་རྣམས་བོད་བཙན་པོའི་དུས་སུ་སྤྱོད་ལ་རྗེས་སུ་མི་སྤྱོད་པ་དང་སྐད་གསར་བཅད་ལ་བཅོས་པ་སོགས་དུས་ཀྱིས་བསྐལ་བའི་བརྡ་རྙིང་དུ་གྱུར་པ་དང་། ཁག་ཅིག་ནི་སྐབས་དེ་ཤེད་དུ་གནས་པའི་ཡུལ་དང་དབང་གི་ཚད་སོགས་སྟོན་པའི་བརྡ་ཡིན་པ་ལ་རྗེས་སུ་ཡུལ་གྱི་མངའ་ཁོངས་དང་རྒྱ་ཁྱོན་ལ་འགྱུར་བ་བྱུང་བ་དང་ཡུལ་འགའ་ཞིག་གཏན་མེད་དུ་གྱུར་པས་དེང་སང་སྐབས་དེའི་མིང་བརྡ་མང་པོར་གོ་ཡུལ་མེད་པར་གྱུར་པ་སྟེ་ཡུལ་གྱིས་བསྐལ་བའི་མིང་བརྡ་དེ་འདྲ་ཡང་མང་བ་སོགས་ཡིག་རྙིང་ལ་སྤྱིར་བཏང་དུ་ཆེ་ས་ནས་རིགས་གཉིས་སུ་དབྱེར་རུང་བ་ལ། ཤོག་དྲིལ་འདི་ལས་བོད་བཙན་པོའི་དུས་སུ་སྤྱོད་ལ་རྗེས་སུ་གླེང་དུ་མེད་པ་དུས་ཀྱིས་བསྐལ་བའི་བརྡ་རྙིང་མི་ཉུང་བ་ཡོད་པ་དང་ལྷག་པར་དུ། དེ་བ་པ་ཏྲ། ཞེས་སློབ་དཔོན་པད་མ་འབྱུང་བོད་ལ་ཕེབས་དུས་ཀྱི་ཐོག་མའི་མཚན་དེ་ཕྱིས་ཀྱི་ལོ་རྒྱུས་ཡི་གེར་མེད་པས་ཚང་མས་གོ་བ་ལེན་དཀའ་བར་གྱུར་པའི་མཚུངས་སུ་ཡིག་རྙིང་དེའི་རིན་ཐང་དེ་ཡང་སུས་ཀྱང་ཤེས་རྟོགས་མེད་པར་རིན་པོ་ཆེ་གཏེར་ནས་ལུས་པ་ལྟར་གྱུར། ལོ་གསུམ་གྱི་སྔོན་ལ་ཡིག་རྙིང་འདི་ཁོ་བོའི་བགོ་སྐལ་དུ་ཐོབ་པ་ལྟར་བདག་གི་ལག་ཏུ་ཆུད་པ་ནས་ཤོག་དྲིལ་འདིའི་ཁྲོད་ཀྱི་བརྡ་དོན་སྐོར་ཅིག་ལ་དཔྱོད་པའི་འགོ་ཚུགས་ལ། དོགས་གནད་ཁ་ཤས་ཤིག་གྲུབ་མཐའ་རིས་མེད་ཀྱི་མཁས་པ་རྣམས་ལ་དྲིས་གཏུགས་ཀྱིས་དཔྱད་རྩོམ་འདི་འབྲི་ཁུལ་བྱས་ཀྱང་ད་དུང་མ་རྟོགས་ལོག་རྟོག་སུ་གྱུར་པའི་ནོར་འཁྲུལ་མང་པོ་གཡོལ་ཐབས་མེད་པར་ཐོན་པར་མཁྱེན་དཔྱོད་ཡངས་པ་རྣམས་ཀྱིས་དག་བཅོས་རྣམ་དག་ཡོང་རེ་ཞུ།

དང་པོ། སློབ་དཔོན་པད་འབྱུང་བོད་དང་རྒྱ་ནག་རི་བོ་རྩེ་ལྔ། ཀན་སུའུ་སུག་ཅུ་སོགས་སུ་ཕེབས་པ།

སློབ་དཔོན་པདྨ་འབྱུང་གནས་བལ་པོ་ཡུལ་ནས་བོད་ལ་ཕེབས་པ་ནས་བོད་ལ་ནང་ཆོས་དར་བར་སྟོབས་ཤུགས་ཆེན་པོ་ཕུལ་ནས་ཡུན་རིང་འགོར་ཞིང་། རིམ་བཞིན་རྒྱ་ཡུལ་དུ་ཕེབས་ཏེ་རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་གནས་མཇལ་གནང་། ཕྱིར་རྒྱ་གར་ཡུལ་དུ་ཕེབས་པའི་ལམ་ཁར་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཅིག་ཆོན་(酒泉)ས་ཁུལ་ཏེ། སྔར་བོད་བཙན་པོའི་དུས་སུ་སུག་ཅུར་འབོད་པར་ཕེབས་ཏེ་རང་རང་གི་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་ཆོས་གསུངས་པའི་ཚུལ་ཞིབ་པར་བཀོད་པ་རྣམས་ལས་ཐོག་མར་བོད་ལ་ཕེབས་པ་དང་བོད་ནས་མཚན་གྱིས་རྣམ་གྲངས་མི་འདྲ་བ་ཐོགས་ཚུལ་བཤད་པ་ལས།

གཅིག སློབ་དཔོན་པད་འབྱུང་བོད་ལ་ཕེབས་དུས་ཀྱི་ཐོག་མའི་མཚན་ལ་དེ་བ་པུ་ཏྲར་འབོད་པ།

ནང་བསྟན་བོད་ལ་དར་དུས་ཀྱི་ཐོག་མའི་དུས་སུ་བོད་ཡུལ་ནས་ལེགས་སྦྱར་དང་རྒྱ་ནག་གི་སྒྲ་མང་པོ་ཞིག་རང་སྐད་ཀྱི་ཚུལ་དུ་སྤྱོད་པ་སྟེ། 《བུ་སྟོན་ཆོས་འབྱུང་》དུ། དེ་ནས་ཨཱ་ཙཱརྱ་( ཨ་ཙ་རའི་འབྲི་ལུགས) བོདྷི་ས་ཏྭའི་ཞལ་ནས། ཞེས་དང་། དེའི་ཚེའི་ཡེ་ཤེས་དབང་བོས་མཁན་པོའི་དགོངས་པ་འདི་བཞིན་ཡིན་ཞེས་སྙན་དུ་གསོལ་པས་བཙན་པོ་(བོད་རྒྱལ་ཁྲི་སྲོང་ལྡེ་བཙན)དགྱེས་ཏེ་ཁྱེད་ནི་ངའི་ཨཱ་ཙཱརྱའོ།③ཞེས་གསུངས་པའི་ཚིག་ལས། ཨཱ་ཙྰརྱནི་མཁན་པོ་དང་སློབ་དཔོན། བླ་མ་བཅས་ཀྱི་ལེགས་སྦྱར་གྱི་སྐད་དོད་ཡིན་པ་ལ། རྒྱལ་པོས་ལེགས་སྦྱར་སྐད་དེ་བོད་རང་གི་སྐད་ལྟར་སྤྱོད་བཞིན་པ་གསལ་བཤད་ཐུབ་པ་དང་། སད་མི་མི་བདུན་རབ་ཏུ་བྱུང་བའི་མཁན་པོ་མཛད་པ་ནས་མཁན་ཆེན་ཞེས་མཚན་ཐོགས། བོདྷི་ས་ཏྭ་ནི་བྱང་ཆུབ་སེམས་དཔའ་ཞེས་པའི་ལེགས་སྦྱར་སྐད་དོད་དེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་མཁན་ཆེན་བོདྷི་ས་ཏྭ་ཅེས་སྤྱོད་པ་ལས་མཁན་ཆེན་བྱང་ཆུབ་སེམས་དཔའ་ཞེས་བཀོད་པ་ཤིན་ཏུ་ཉུང་། དེ་བཞིན་དུ་སྐད་གཉིས་སྨྲ་བ་ལ་ལོ་ཙྰ་བ་སྟེ་རྗེས་སུ་འཇིག་རྟེན་མིག་ཅེས་སྒྱུར་ཡོད་ན་ཡང་དེང་སང་གི་དུས་བར་དར་ཁྱབ་ཆེ་བ་ནི་ལོ་ཙཱ་བ་ཞེས་པའི་སྒྲ་འདི་ཡིན་པ་སོགས་ལས་བོད་ལ་ནང་ཆོས་ཐོག་མར་དར་བའི་དུས་སུ་ལེགས་སྦྱར་རིག་གནས་ཀྱིས་བོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་གང་ཟག་གི་མཚན་ལེགས་སྦྱར་སྐད་དུ་ཇི་ལྟར་ཡོད་པ་བཞིན་བོད་རྣམས་ཀྱིས་དེ་ལྟར་འབོད་པའི་རྣམ་པ་ཆགས། ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ནང་བསྟན་བོད་ལ་ཤུགས་ཆེར་དར་བའི་མཚུངས་སུ། བོད་ཀྱི་ཡི་གེ་དེ་ཡང་གཞོན་ནུའི་དུས་སྐབས་ནས་རིམ་གྱིས་འཕེལ་རྒྱས་སུ་ཕྱིན། རྒྱལ་པའི་བཀའ་བསྟན་རྣམས་ཀྱང་སྐབས་དེ་ནས་རྨང་འདིང་བའི་འགོ་ཚུགས་པས། དུས་སྐབས་དེའི་བོད་ཁམས་ནི་ལེགས་སྦྱར་གྱི་རིག་གནས་ཤུགས་དྲག་གིས་དར་བཞིན་པའི་བོད་ཁམས་ཤིག་ཡིན། དེ་བཞིན་དུ་རྒྱའི་སྐད་དུ་བྱུང་བའི་མིང་བརྡ་ཀོང་ཇོ་( 公主)སྟེ་སྲས་མོའི་མིང་དང་རྒྱ་ནག་ཧྭ་ཤང་(和尚)④སོགས་མིང་བརྡ་གང་མང་ཞིག་ནི་བོད་བཙན་པོའི་དུས་སུ་རྒྱའི་སྒྲ་གདངས་ཡི་གེར་བཀོད་པ་བཞིན་སྤྱོད། ཏོན་མུན་(顿门)དང་རྩེན་མུན་(浙门)ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་གར་དང་རྒྱ་ནག་ཆོས་ལུགས་པའི་གྲུབ་མཐའི་ལྟ་བ་མི་འདྲ་བ་མཚོན་པའི་རྒྱའི་སྐད་ཀྱི་མིང་བརྡ་ཡིན་པར་རྗེས་སུ་དེའི་དོན་མི་ཤེས་བཞིན་བཀོལ་སྤྱོད་གནང་བ་བཞིན་《སྦ་བཞེད》⑤རྩོམ་པ་པོས་འགྲེལ་མཛད་པ་⑥ནོར་འཁྲུལ་གྱི་གཞིར་མཐོང་སྟེ། མཁས་པ་བུ་སྟོན་ཞབས་(སྤྱི་ལོ་1290ལོར་འཁྲུངས)ཀྱིས་དེའི་དོན་གསལ་ཞིང་དག་པར་འགྲེལ་⑦འདུག་པ་དེ་དག་གིས་སྔར་བོད་བཙན་པོའི་དུས་སུ་མི་རིགས་གཞན་དང་གཞན་གྱི་མིང་བརྡ་གང་འཚམ་ཐད་ཀར་སྤྱོད་པ་མིག་མཐོང་ལག་ཟིན་དུ་གྱུར་འདུག དེའི་སྐོར་ཞིབ་ཏུ་རྟ་གླང་གི་རྒྱབ་ཁལ་ལོངས་པ་འབྲི་རྒྱུ་ཡོད་ཀྱང་དཔེ་འདིས་ཚང་མར་གོ་བ་བསྐྱེད་ནུས་པར་སེམས་ནས་མཚམས་བཞག ཚུལ་དེ་ལས་རིག་གནས་གང་ཞིག་ཐོག་མར་དར་བའི་དུས་སུ་རིག་གནས་དེར་བརྟེན་པའི་མིང་བརྡ་མི་འདྲ་བ་མང་པོ་ཞིག་མི་རིགས་དེའི་སྐད་དུ་ཐོན་བཞིན་པའི་ཆོས་ཉིད་ལྡོག་ཏུ་མེད་པ་དེ་རྟོགས་ཐུབ། གནས་ཚུལ་དེ་འདྲ་སྔོན་ཙམ་དུ་མ་ཟད་རང་ལ་རིག་གནས་ཀྱི་ངེས་སྲོལ་བརྟན་པོ་ཞིག་ཡོད་པའི་ད་ལྟའི་དུས་འདིར་ཡང་མི་རིགས་གཞན་དང་གཞན་གྱི་མིང་བརྡ་གང་མང་ཞིག་བོད་སྐད་ཁྲོད་འགོག་ཐབས་མེད་པར་ཐོན་པ་ཀུན་ལ་གསལ་བ་བཞིན་ནོ།། མིའི་མིང་སོགས་གནས་སྐབས་དང་དུས་སྐབས་གང་དུའང་སྒྲ་ཇི་བཞིན་དུ་འབོད་དགོས་པ་ནི་ཆོས་ཉིད་ཡིན་པ་ལྟར། སློབ་དཔོན་པད་འབྱུང་བོད་ལ་ཐོག་མར་ཕེབས་པའི་དུས་དེར་ཨུ་རྒྱན་ཡུལ་ནས་དེ་བ་པུ་ཏྲ་ཅེས་ལེགས་སྦྱར་ཀྱི་སྐད་དུ་གྲགས་པའི་མཚན་དེ་རྒྱལ་པོ་དང་བཅས་པའི་བོད་འབངས་རྣམས་ལ་མཚམས་སྦྱོར་གནང་བ་ནས་དུས་ཡུན་རིང་པོ་ཞིག་ལ་མཚན་འདི་ཡིག་ཐོག་དང་ངག་ཐོག་ཀུན་ནས་སྤྱོད་པའི་སྲོལ་དར། ཤོག་དྲིལ་གྱི་ཐིག་ཕྲེང་1 99.ནང་། སློབས་དཔོན་ཐུགས་དགེས་ནས།། ཞེས་བཀོད་ཡོད་པ་ནི་སློབ་དཔོན་པད་འབྱུང་གི་མཚན་གྱི་རྣམ་གྲངས་ཡིན་ཡང་། སློབ་དཔོན་ཞེས་པའི་མཚན་འདི་ཨུ་རྒྱན་པད་འབྱུང་ཁོང་ཉིད་བོད་ལ་ཕེབས་པ་ནས་སད་མི་མི་བདུན་རབ་ཏུ་བྱུང་ཞིང་རྗེས་འབངས་ཀུན་ལ་ཆོས་གསུང་ཞིང་སློབ་དཔོན་མཛད་པའི་དུས་དེ་ཙམ་ནས་ཐོགས་པའི་མཚན་ཡིན། དེ་ལྟའི་བོད་རྣམས་ཀྱིས་གོ་ཞིང་འབོད་པའི་སློབ་དཔོན་ཞེས་པའི་མཚན་དེ་རིམ་བཞིན་བོད་ལ་ཁྱབ་པ་ནས་སྔར་ལེགས་སྦྱར་སྐད་ཀྱིས་འབོད་ཚུལ་དེ་བ་པུ་ཏྲར་གྲགས་པ་དེ་སྐབས་འགར་སྤྱོད་ལ་སྐབས་འགར་སློབ་དཔོན་ཞེས་པའི་མཚན་འདི་སྤྱོད་པའི་གོ་རིམ་ཞིག་བརྒྱུད་མྱོང་། ཡིག་རྙིང་འདི་ཆེས་འཕྱིས་ན་ཡང་སྤྱི་ལོ་དུས་རབས་བཅུ་གཅིག་པའི་ཡར་སྔོན་གྱི་ཡིན་པར་ངོས་བཟུང་ཆོག་པས། སྐབས་དེར་སློབ་དཔོན་གྱི་མཚན་སྔ་ཕྱི་གཉིས་ཀ་གང་བདེར་སྤྱོད་པའི་དུས་སྐབས་ཤིག་ཡིན་པ་ཡིག་རྙིང་ཤོག་དྲིལ་འདིས་བདེན་དཔང་བྱ་ཐུབ། བོད་ཀྱིས་སློབ་དཔོན་དུ་འབོད་པའི་མཚན་འདི་ཇི་ལྟར་ཐོགས་ཚུལ་གྱི་ཕུགས་དེད་ན་ལེགས་སྦྱར་སྐད་ཨ་ཙ་ར་སྟེ་དེ་དོན་འགྱུར་གྱི་འབོད་ཚུལ་ཡིན།

《རྒྱ་བོད་ཡིག་ཚང་ཆེན་མོར》 ⑧བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མཚན་ལའང་དེ་ཝར་(ཏུན་ཧོང་ཡིག་རྙིང་དུ་ཝ་ཡིག་འབྲི་སྲོལ་མེད་པས། དེ་བ་དང་དེ་ཝ་མཚུངས) འབོད་ཚུལ་འཁོད་འདུག་པ་དེ་དུས་ནམ་ཞིག་ལ་ཡིག་ཐོག་ཏུ་བྱུང་ཚུལ་ངེས་གཏན་གསལ་པོ་མི་ཐུབ་ཀྱང་། ཡིག་རྙིང་འདིར་སློབ་དཔོན་ཐོག་མར་ཕེབས་དུས་ཀྱི་མཚན་ལ་དེ་བར་འབོད་པས། བོད་ཀྱི་རྒྱལ་པོའི་མཚན་ལ་དེ་ཝར་འབོད་པ་ཡང་ཧ་ལམ་སློབ་དཔོན་བོད་ལ་ཕེབས་དུས་ཙམ་ནས་ཡིན་པར་ཆ་འཇོག་བྱེད་ཆོག་པས། དུས་དེ་ནས་བཟུང་དེ་བ་ནི་མཚན་གཟི་བརྗིད་ལྡན་པ་ཞིག་ཏུ་ངོས་འཛིན་བྱས་འདུག ཕྱི་དར་དུས་ཀྱི་འོད་སྲུང་དང་ཡུམ་བརྟན་ཕྱོགས་ཀྱི་རྒྱལ་རྒྱུད་རྣམས་ཀྱི་ཁྲོད་ན་བཙན་པོ་ཨ་ཙ་ར་དང་དེ་ཝའི་མཚན་ཅན་ཡོད་པ་ནི་དེ་འདྲའི་རིག་གནས་ཀྱི་ཤུལ་རྒྱུན་ཡིན། ཕྱིས་ཀྱི་ལོ་རྒྱུས་པ་ཁ་ཅིག་གིས། དེ་བ་ནི་ལྷ་དང་པུ་ཏྲ་⑨ནི་བུ་སྟེ། སྒྲ་སྒྱུར་བྱས་ན་ལྷ་བུ་དང་། ཞེ་ཚིག་ལ་ལྷ་སྲས་སུ་བརྗོད་རུང་བ་དང་། ཏུན་ཧོང་ཡིག་རྙིང་དུའང་། མྱི་འི་མྱི་བུ་སྟེ། ལྷ་འི་ནི་སྲས་པོ་བཞུགས། ⑩ཞེས་འབྱུང་བ་རྣམས་རྒྱུ་མཚན་དུ་བྱས་ནས་བོད་རྒྱལ་རྣམས་ཀྱི་མཚན་ལ་ལྷ་སྲས་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་ཏིག་བཙན་པོ། ལྷ་བླ་མ་དང་ལྷའི་བཙུན་པ། སོགས་ལྷའི་མིང་བླ་ཐབས་སུ་ཐོན་པ་མང་དག་ཅིག་ཁོང་ཚོའི་བསྟན་བཅོས་སུ་ཐོན་འདུག སློབ་དཔོན་འདིའི་རྣམ་ཐར་གཞིར་བཟུང་ནས་བཤད་ན། དེ་བ་པུ་ཏྲ་ནི་རྒྱལ་སྲས་སུ་བསྒྱུར་དགོས་པར་ཁོ་བོས་འདོད་དེ། གང་ལགས་ཞེ་ན། སློབ་དཔོན་གྱི་རྣམ་ཐར་རྣམས་སུ་མངལ་སྐྱེས་དང་རྫུ་སྐྱེས་སུ་འདོད་པའི་ངོས་འཛིན་མི་འདྲ་བ་གཉིས་ལས། མངལ་སྐྱེས་སུ་འདོད་པ་རྣམས་ཀྱིས་སློབ་དཔོན་འདི་ཨུ་རྒྱན་རྒྱལ་པོའི་སྲས་ཡིན་⑪ཚུལ་ཁོ་ཐག་བཅད་ཡོད། རྫུ་སྐྱེས་སུ་འདོད་པ་རྣམས་ཀྱིས་སྐྱེ་བ་བཞེས་ཚུལ་གྱི་རྣམ་པ་རྫུ་སྐྱེས་སུ་བཞེད་ཀྱང་སློབ་དཔོན་འདི་ཉིད་རྒྱལ་པོ་ཨིནྡྲ་བོ་དྷིའི་བུ་སྐལ་དུ་འདོད་པ་ཁོང་གི་རྣམ་ཐར་⑫རྣམས་སུ་གསལ་པས། བུ་སྐལ་ཡིན་ན་དེའི་བུར་བརྗོད་པ་འཇིག་རྟེན་ཐ་སྙད་ལ་མི་འགལ་ལ། ཡབ་ནི་རྒྱལ་པོ་ཡིན་པར་ཆ་འཇོག་གིས་དེའི་བུ་སྐལ་ལ་རྒྱལ་སྲས་སུ་འབོད་པ་ཡང་འཇིག་རྟེན་ལ་གྲགས་པས། དེ་བ་པུ་ཏྲ་ནི་རྒྱལ་སྲས་སུ་སྒྱུར་ན་ཆེས་དོན་དང་མཐུན་པ་ཡིན་ཚུལ་དེ་ལྟར་ཤེས་དགོས། རྗེས་ཀྱི་ཚིག་མཛོད་ཁག་ཏུ་རྒྱལ་སྲས་ནི་རྒྱལ་པོའི་སྲས་དང་བྱང་སེམས་སུའང་འགྲེལ་རུང་བར་བཤད་པས་སྔར་གྱི་བསྟན་བཅོས་ཁག་ཏུ་གསལ་པའི་རྒྱལ་སྲས་ཞེས་པའི་ཚིག་དེ་སྐབས་ཐོག་གི་དོན་ཇི་ལྟར་བསྟན་ཡོད་པ་དང་ཚིག་སྔ་ཕྱིར་འབྲེལ་ནས་གོ་བ་ལེན་དགོས། 《བཀའ་ཐང་སྡེ་ལྔ་》ལས། རྒྱལ་སྲས་པད་མ་འབྱུང་གནས་ང་། འགྲོ་བ་སེམས་ཅན་དོན་མཛད་པས། སེམས་ཅན་རྣམས་དང་མཐུན་པར་བསྟུན། ⑬ཅེས་པ་དེ་ཁ་ཅིག་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་དོན་ལ་འགྲེལ་སྲིད་མོད། ཁོ་བོས་སེམས་ན་འདིའི་རྒྱལ་སྲས་ནི་ཨོ་རྒྱན་གྱི་རྒྱལ་པོའི་སྲས་སུ་བརྗོད་པའི་སྔོན་གྱི་འགྱུར་ཡིག་དེ་ཉིད་དེབ་འདིར་བཀོལ་སྤྱོད་གནང་བ་ཞིག་རེད། ད་ལྟ་སེམས་ན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མཚན་ལ་དེ་ཝར་འབོད་པ་ནི་རྣམ་པ་སྤྱིར་བཏང་བ་ཞིག་ཡིན་ཀྱང་། སྐབས་དེར་ནི་བོད་ཀྱི་བཙན་པོའི་མཚན་ལ་དེ་ཝར་འབོད་པ་དེས་བོད་ལ་ནང་ཆོས་དར་བ་དང་རྒྱ་གར་གྱི་རིག་གནས་ཕྱོགས་ཡོངས་ནས་དར་བའི་སྒུལ་ཤུགས་ལྟ་བུའི་ནུས་པ་ཐོན། རྒྱལ་པོས་སློབ་དཔོན་འདིར་རང་གི་བཙུན་མོ་ཕུལ་བ་སོགས་བཀུར་བསྟི་རྒྱ་ཆེན་གནང་ཚུལ་དང་རྗེ་བློན་བར་ལ་འགལ་བ་བྱུང་བ་སོགས་དོན་གཞན་དུ་གྱུར་པ་མང་པོ་ཞིག་འདིར་སྤྲོས་མེད།

དེས་ན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་དང་རྒྱུ་མཚན་ལ་གནས་ན་ཇི་ལྟར་ཡང་འབད་པས་དཔྱད་རིགས་པ་རྒྱུ་མཚན་དུ་འཛིན་པ་ལས། བོད་རྒྱལ་སྲོང་བཙན་ནས་བསྟན་པ་ཕྱི་དར་ལ་བྱོན་པའི་ལོ་པཎ་རྣམས་ཀྱི་མཚན་ཐོར་དེ་བ་པུ་ཏྲ་ཞེས་པ་མི་འབྱུང་པ་དང་། སློབ་དཔོན་གྱི་རྣམ་ཐར་དང་། བཀའ་བསྡུས་སོགས་ནའང་མཚན་དེ་འདྲ་མི་གསལ་པ་དང་། དེང་གི་དུས་འདིར་སློབ་དཔོན་པད་འབྱུང་གི་རྗེས་སུ་འཇུག་པའི་བོད་ཁ་བ་ཅན་པ་ཁྲི་སྟོང་མང་པོས་རྣ་ལམ་དུ་མ་བརྒྱུད་པའི་གཏམ་གསར་དུ་གྱུར་པ་དང་། ཏུན་ཧོང་ཡིག་རྙིང་འདི་རྙེད་པ་ནས་ད་ལྟའི་བར་ལོ་བརྒྱ་ཕྲག་འགོར་བའི་རིང་ལ་ཕྱི་ནང་གི་ཞིབ་འཇུག་པ་ཆེད་མཁས་རྣམས་ཀྱིས་འདིའི་དོན་ལ་འདི་ལྟའི་དཔྱད་པ་མེད་པར་ལུས་པ་སོགས་རྒྱུ་མཚན་དུ་བྱས་ནས་རང་གི་མེས་པོའི་ཡིག་ཚངས་ན་གསལ་པའི་ལོ་རྒྱུས་ཀྱི་དོན་དངོས་ངོ་མ་འདིར་རྒོལ་བར་མི་བྱ་སྟེ། བོད་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་ཆེན་པོ་འདིའི་ལོ་རྒྱུས་ཀྱི་ཆ་ཤས་གསེར་བཞིན་དཀོན་པ་ཏུན་ཧོང་ཕུག་པའི་བྱེ་འོག་ཏུ་གཟིམས་ནས་མི་ལོ་སྟོང་ལ་ཉེ་བ་འགོར་ཞིང་དེ་ནས་སུས་ཀྱང་དཔྱོད་ཤེས་ཀྱིས་ཡུལ་དུ་མ་གྱུར་པར་མི་ལོ་བརྒྱ་ཕྲག་རིང་ལ་ལུས་པ་ནི་ཆེས་མི་འོས་པ་ཞིག་ཡིན་པར་སེམས་པར་བྱའོ།།

གཉིས། རྒྱ་གར་ཆོས་ཀྱི་རྒྱལ་པོའི་སྲས་སུ་གྱུར་པ།

《རྒྱལ་རབས་གསལ་མེར་》རྒྱ་བཟའ་ཀོང་ཇོ་སློང་དུས་ཀྱི་རྣམ་པ་གཟབ་རྒྱས་བཀོད་པ་ལས། དེར་རྒྱ་གར་ཆོས་ཀྱི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ་ཐམ་པ། རྒྱ་མོ་ཀོང་ཇོ་འདོད་པ་ལ་སླེབས་སོ། གེ་སར་དམག་གི་རྒྱལ་པོ་རྟ་པ་བརྒྱ་ཀོང་ཇོ་འདོད་པ་ལ་སླེབས་སོ། སྟག་གཟིག་ནོར་གྱི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ་ཡང་ཀོང་ཇོ་འདོད་པ་ལ་སླེབས་སོ། བྷ་ཏ་ཧོར་གྱི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ་ཡང་ཀོང་ཇོ་འདོད་པ་ལ་སླེབས་སོ།⑭ཞེས་གཏམ་རྒྱུད་ཀྱི་མུ་འཁྱུད་རིང་མོ་བསྟར་བ་ལས། རྒྱ་གར་ཆོས་ཀྱི་རྒྱལ་པོ། ཅེས་པ་དུས་དེའི་རྒྱ་གར་གྱི་རྒྱལ་པོ་གང་རུང་ཞིག་ལ་གོ་དགོས་ཚུལ་བསྟན་འདུག ཨ་མདོའི་དམངས་ཁྲོད་དང་གེ་སར་རྒྱལ་པོའི་སྒྲུང་སོགས་སུའང་གོང་གསལ་ལྟར། རྒྱ་གར་ཆོས་ཀྱི་རྒྱལ་པོ། རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ། ཞེས་གཏམ་བཤད་གནང་སྲོལ་ཞིག་ཡོད་པ་དེས། རྒྱ་གར་ཡུལ་ནི་ཆོས་ས་ཆོས་ཡུལ་ཡིན་པ་དང་དེའི་རྒྱལ་པོ་རྣམས་ནི་ཆོས་ལ་སྤྱོད་པའི་རྒྱལ་པོ་ཡིན་ལ། རྒྱ་ནག་གི་ཡུལ་ནི་རྒྱལ་ཁྲིམས་དར་ས་ཡིན་པར་འདོད་པའི་ལྟ་ཚུལ་ཞིག་བསྟན་འདུག་པས། རྒྱ་གར་ཆོས་ཀྱི་རྒྱལ་པོ་ཞེས་པ་ཚང་མས་ཡིད་སྨོན་དང་གོང་བཀུར་བྱེད་སའི་རྒྱལ་པོ་ཞིག་གི་སྣང་བརྙན་ལས་དོན་དངོས་སུ་བསྟན་ཡུལ་མེད་པའི་ཚིག་རྒྱན་ལྟ་བུར་གྱུར་འདུག 《རྒྱལ་རབས་གསལ་མེར་》རྩོམ་དུས་(སྤྱི་ལོ1388ལོ)སུ་དེ་ལྟའི་ལྟ་ཚུལ་དང་འཆད་ཚུལ་དེ་ཧ་ལམ་བོད་ཡུལ་སྟོད་སྨད་ཀུན་ལ་དར་ཁྱབ་ཏུ་སོང་འདུག་པར་རྩོམ་པ་པོས་དོན་ལ་བརྟག་དཔྱད་མེད་པར་དེབ་ཐེར་དུ་བྲིས་པར་ཟད། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་རྒྱ་གར་ཆོས་ཀྱི་རྒྱལ་པོའི་སྲས། ཞེས་པ་ཕྱི་ནང་གི་ཞིབ་འཇུག་པ་རྣམས་ཀྱིས་གོ་བ་ཇི་ལྟར་ལེན་པར་དཔྱོད་པའི་དུས་སུ། ད་ལྟའི་བོད་པ་རྣམས་ཀྱི་ངོས་འཛིན་ལྟར་རྒྱ་གར་ཆོས་ཀྱི་རྒྱལ་པོ་ནི་རྒྱ་གར་འཕགས་པའི་ཡུལ་དུ་གྲགས་པའི་ཆོས་རྒྱལ་ཞིག་དང་དེའི་སྲས་ནི་དེ་བ་པུ་ཏྲར་འབོད་པར་སེམས་པས། ཁོང་ཚོའི་འབད་བརྩོན་དེ་ཡང་ཆུ་དོང་གི་ཟླ་བརྙན་སྤར་འཛིན་གྱི་དཔེ་ལྟར་འབྲས་བུས་སྟོང་བར་གྱུར། བདག་གིས་ཡིག་རྙིང་ཤོག་དྲིལ་འདི་བཀླག་པའི་ཁྲོད་ནས་ཐིག་ཕྲེང་85མཚམས་སུ་རྒྱ་གར་ཆོས་ཀྱི་རྒྱལ་པོ། ཞེས་པར་གོ་བ་བསྐྱེད་བྱེད་ཀྱི་ཚིག་འགའ་རྙེད་པ་ནི། སྦྲུལ་པ་ཆེ་བ་དང་། སྟོབས་ཆེ་བ་དང་། མཐུ་ཆེ་བ་དང་། མཁྱེན་པ་ཆེ་བ་ནྀ། རྒྱ་གར་ཆོས་ཀྱི་རྒྱལ་པོ་ལགས་སོ། ཅེས་དང་། ཡང་ཐིག་ཕྲེང་87 ནས་88བར། ཆོས་ཀྱི་དབྱྀངས། མ་སྐྱེས་པ། མ་བྱུང་བ། ཡེ་ནས་རྣམ་པར་དག་པ། མྱྀ་ལས་ལྷར་གྲུབ་པ། ཀུན། རྒྱ་གར་ཆོས་ཀྱི་རྒྱལ་པོས་བསྟན་པ་ཡིན་ནོ། ཞེས་ཐེངས་གཉིས་བྱུང་པའི་ཐིག་ཕྲེང་སྔ་མས་ནི་སྟོན་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་ཀྱི་ཡོན་ཏན་འཕྲིན་ལས་ཇི་ལྟ་བུ་ཡིན་པར་བསྔགས་པ་སྟེ། སྤྲུལ་སྒྱུར་ལ་དབང་འབྱོར་བས་སྦྲུལ་པ་ཆེ་བའམ་ཡང་ན་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་གནས་སྐབས་སུ་སེམས་ཅན་གྱི་དོན་དུ་སྐྱེས་པ་མང་པོ་བཞེས་པ་ལའང་སྦྱོར་བར་བྱའོ།། མི་འཇིགས་པ་བཞི་དང་མཐུ་དང་ནུས་པ་ཆེ་པས་སྟོབས་དང་མཐུ་ཆེ་བ། སྔོན་གནས་རྗེས་དྲན་སོགས་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐོགས་པ་མེད་པའི་སྟོབས་བཅུ་ལྡན་པ་སྟེ་སྟོན་པ་སངས་རྒྱས་ལ་མངའ་བའི་ཡོན་ཏན་ལ་བསྔགས་ཤིང་། ཚིག་རྐང་རྗེས་མས་ནི། ཆོས་དབྱིངས་ཡེ་ཤེས་དང་། མ་སྐྱེས་མ་འགག་པ། ཡེ་ནས་རྣམ་པར་དག་པ། མིའི་འཇིག་རྟེན་འཁོར་བ་ལས་གྲོལ་ཏེ་ལྷའི་གོ་འཕང་དམ་པ་ཐོབ་བྱེད་ཀྱི་ཆོས་ཟབ་མོ་སྟོང་ཉིད་ཀྱི་ལྟ་བ་རང་དབང་ཏུ་སྟོན་མཁན་ནི་སྟོན་པ་སངས་རྒྱས་ཏེ་དེས་བསྟན་པ་ཡིན་ནོ།། ཞེས་ཁ་གསལ་དོན་གསལ་དུ་བསྟན། མྱྀ་ལས་ལྷར་གྲུབ་པ། ཞེས་པའི་ལྷ་དེ་སྤྱིར་བཏང་འགྲོ་བ་རིགས་དྲུག་ཏུ་ཕྱེས་པའི་ལྷར་ངོས་འཛིན་དགོས་ལ། དེ་ལྟར་བྱས་ན་སྐབས་འདིའི་བསྟན་བྱའི་དོན་དང་ཅུང་ཙམ་དམན་པར་གྱུར་པས་འདིར་ནི་མཆོག་གི་གོ་འཕང་ལ་གོ་དགོས། དེ་ལྟར་འཁོར་བ་སྡུག་བསྔལ་ལས་གྲོལ་བར་བྱེད་པའི་གཞུང་ལུགས་ཐེག་པ་ཆེན་པོའི་ཆོས་ཟབ་མོ་སྟོང་ཉིད་ཀྱི་ལྟ་བ་འདི་སྟོན་མཁན་ནམ་བྱེད་པོ་སུ་ཡིན་ཅེ་ན། རྒྱ་གར་ཆོས་ཀྱི་རྒྱལ་པོ་སྟེ་སྟོན་པ་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ།། ཞེས་སོ།། མདོར་བསྡུས་ན་ཟབ་མོ་སྟོང་ཉིད་ཀྱི་ཆོས་འདི་ནི་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་པའི་སྟོན་པ་སངས་རྒྱས་ཀྱིས་གསུངས་སོ།། ཞེས་གོ་དགོས། རྒྱ་གར་ཆོས་ཀྱི་རྒྱལ་པོ་ཞེས་པའི་ཚིག་འདི་བོད་བཙན་པོའི་དུས་ཏེ། ཧ་ལམ་དུས་རབས་བཅུ་གཅིག་པའི་ཡར་སྔོན་དུ་བོད་ལ་གྲགས་པའི་སྟོན་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག་ཡིན་པ་གསལ་པོར་རྟོགས་ཐུབ། ཆོས་འདི་ཐོག་མར་སྟོན་མཁན་སངས་རྒྱས་བཅོམ་ལྡན་འདས་ཡིན་པ་ནི། ཁོང་གི་གསུང་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུ་མ་བྱས། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། མི་སྨྲ་ནགས་ཀྱི་ཚལ་དུ་གནས་པ་བྱ། ཞེས་ཟབ་མོ་སྟོང་ཉིད་ཀྱི་ཆོས་འདི་སྟོན་མཁན་ཁོང་ཉིད་ཡིན་པར་ཁས་ལེན་མཛད་པ་བསྟན་བཅོས་རྣམས་སུ་གསལ་བ་དང་། རྒྱལ་པོ་ནི་འཇིག་རྟེན་པའི་བླ་ངོར་གཞན་གྱིས་འགྲན་ཟླ་བྲལ་བའི་དོན་དང་དེའི་ཁྱད་ཆོས་ལ་བརྡ་འདི་སྤྱད་པ་སྟེ། 《རྟེན་འབྲེལ་བསྟོད་པ་》ལས། སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་། ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། འཇིག་རྟེན་དག་ན་རྒྱལ་པོའི་དབང་བོ་བཞིན། ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། ཞེས་དཔེ་དོན་སྦྱར་ནས་སྟོན་པ་སངས་རྒྱས་ལ་བསྔགས་པ་ལས་ཆོས་ཀྱི་རྒྱལ་པོ་ཅེས་པར་གོ་བ་ངེས་ཅན་སྟེར་བར་མ་ཟད། རྗེས་ཀྱི་མཁས་པས་སྦྱར་བའི་ཚིག་ལ་ཡང་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོ། ཞེས་གོང་གི་ཁྱད་ཆོས་ཅན་གྱི་ཚིག་ཐོན་འདུག འཕགས་ཡུལ་རྒྱ་གར་ཆོས་ཀྱི་རྒྱལ་པོ་ཞེས། སྟོན་པ་སངས་རྒྱས་མཚན་གྱི་རྣམ་གྲངས་ཤིག། བོད་རྒྱལ་བཙན་པོའི་དུས་སུ་སྦྱར་བའི་བརྡ། དེང་འདིར་སླར་ཡང་དཔྱོད་པའི་ཡུལ་དུ་གྱུར།

གོང་གི་བརྡ་དོན་ལ་གོ་བ་བླངས་པའི་རྗེས་སུ། རྒྱ་གར་ཆོས་ཀྱི་རྒྱལ་པོའི་སྲས། ཞེས་པའི་སྲས་ནི་སྟོན་པ་སངས་རྒྱས་ཀྱི་བསྟན་པའི་ཆོས་སྒོར་ཞུགས་པའི་རྗེས་འཇུག་པ་རྣམས་ཡིན་པ་ཤེས་སླ། བོད་ལ་མཚོན་ན་ཆོས་ཀྱི་སྒོར་ཞུགས་པའི་རབ་བྱུང་བ་རྣམས་དང་། དམིགས་བསལ་དུ་བླ་མ་དང་སློབ་དཔོན་གང་གི་ཆོས་རྒྱུད་མ་འཁྲུལ་མ་ནོར་བར་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་སྟེ། དཔེར་ན། རྗེ་ཡབ་སྲས་གསུམ་དང་། སྒྲ་སྒྱུར་མར་པའི་སྲས་ཀྱི་ཐུ་བོར་གྱུར་པ་མི་ལ་རས་པ་ལྟ་བུ། སློབ་དཔོན་པད་འབྱུང་ནི་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་པ་ཡིན་པའི་ཆ་ནས་རྒྱ་གར་ཆོས་ཀྱི་རྒྱལ་པོའི་སྲས། ཞེས་པའི་བརྡ་དེ་སྦྱར། སློབ་དཔོན་འདི་ནང་པའི་བསྟན་པར་ཇི་ལྟར་ཞུགས་པའི་ཚུལ་《དུང་དཀར་ཚིག་མཛོད་》དུ། སློབ་དཔོན་འདི་རྒྱ་གར་ཡུལ་དབུས་མ་གྷ་དྷར་བྱོན། སྐབས་དེར་རྒྱལ་པོ་དྷརྨ་པཱ་ལས་སྲིད་དབང་བཟུང་བའི་དུས་(སྤྱི་ལོ790-853)བར་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་གྲུབ་པ་ཐོབ་ནས་སློབ་མ་གསོ་སྐྱོང་གནང་བའི་སྐབས་ཡིན། ཆོས་ཀྱི་མྱུ་གུ་དགོན་པར་སློབ་དཔོན་དེའི་དྲུང་ནས་རབ་བྱུང་དང་བསྙེན་རྫོགས་མཛད། གཞན་ཡང་རྒྱུད་སྡེ་བཞིའི་རྒྱུད་དང་མན་ངག་ཧ་ཅང་མང་པོ་གསན། ཞེས་གསལ་བ་ནི་སློབ་དཔོན་འདི་རྒྱ་གར་ཆོས་ཀྱི་རྒྱལ་པོའི་སྲས་སུ་གྱུར་པར་བརྗོད་པའི་ཁུངས་ཏེ། ལོ་རྒྱུས་དེབ་ཐེར་རྣམས་སུ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོ་འདོད་ཚུལ་མི་མཐུན་ལ། ཏུན་ཧོང་གཏེར་ཡིག་ཏུ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྤྱི་ལོ་742 ལ་འཁྲུངས་པར་འདོད་པ་དང་། ཆོས་འཁོར་བསམ་ཡས་ནི་སྤྱི་ལོ་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་ལ་བཞེངས་བར་འདོད་པ་དང་ལོ་རྒྱུས་དེབ་ཐེར་ཁག་ཏུ་སློབ་དཔོན་བོད་ལ་ཕེབས་ལོ་དང་བསམ་ཡས་བཞེངས་ལོ་སོགས་ཕན་ཚུན་ཐོ་གཏུགས་མི་ཐུབ་པའི་བཞེད་སྲོལ་སྣ་ཚོགས་ཡོད་པ་རྣམས་ནི་སློབ་དཔོན་འདི་སྟོན་པ་སངས་རྒྱས་ཀྱི་སྲས་པོའམ་རྗེས་འཇུག་པར་གྱུར་པའི་དོན་དངོས་དེར་གནོད་པར་མི་འགྱུར་བའི་དོན་གཞན་ཞིག་ཡིན། མཚམས་འདིར་རང་གི་འདོད་པ་ཙམ་བརྗོད་ན། ཁྲི་སྲོང་ལྡེ་བཙན་749 ལོར་རྒྱལ་པོའི་སྲིད་ཁྲིར་བཞུགས་ཤིང་དུས་དེར་བློན་པོ་རྣམས་ཀྱིས་རྒྱལ་བུ་ན་ཚོད་ཆུང་བར་ཁ་འཕང་ནས་ཁྲིམས་བུ་ཆུང་བཅོས་ཏེ་བློན་པོ་རྣམས་ཀྱིས་རྒྱལ་དོན་ཐག་གཅོད་པའི་གྲོས་ཚོགས་ཀྱི་ལམ་ལུགས་བྱུང་། ⑮སྤྱི་ལོ་754 ཙམ་ལ་བློན་ཆེན་ལང་འབལ་གཉིས་ཚར་བཅད་པ་དང་། དེ་ནས་རྒྱལ་པོས་ཕྱག་སྦྲིད་ཀྱིས་ན་བ་སོགས་ལ་ཁ་གཡར་བའི་ཐབས་ཀྱིས་ནང་ཆོས་བཀུར་བའི་ཡུལ་དུ་བྱས་ཏེ་སློབ་དཔོན་འདི་གདན་དྲངས། རྒྱལ་དབང་ལྔ་བས་⑯ སྤྱི་ལོ་762 ལོར་བསམ་ཡས་བཞེངས་འགོ་ཚུགས་པར་འདོད་པ་ལྟར་ཁས་བླངས་ན་ཧ་ལམ་ནོར་འཁྲུལ་ཆེན་པོ་མེད་སྙམ། དེ་དག་རྗེས་སུ་དཔྱད་ཁྲོད་ནས་ཇེ་གསལ་དང་ཇེ་དག་ཏུ་བཏང་ཆོག སློབ་དཔོན་འདིའི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱི་ཡོན་ཏན་མཐའ་ཡས་པ་ནི་ཁོང་གི་རྣམ་ཐར་ཁག་ཏུ་གསལ་བས་འདིར་མང་དུ་མ་སྤྲོས།

དེ་ལྟའི་སྟོན་པའི་སྲས་པོ་དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། ཤོག་དྲིལ་གྱི་ཐིག་ཕྲེང་189 - 190 ངོར། ཆོས་ནི་མ་བསླབ་པར་རང་ཤེས། འཕགས་པ་སྤྱན་རས་གཟིག་ཀྱི་དབང་ཕྱུག་ཀྱི་དངོས་སྒྲུབ་ནི་བརྙེས། ཞེས་བཀོད་འདུག་པ་དེའི། ཚིག་རྐང་སྔ་མ་ནི་ས་པཎ་གྱིས། མ་བསླབ་པ་ལ་ཀུན་མཁྱེན་དུ། འགྲོ་ན་རྒྱུ་འབྲས་ག་ལ་བདེན།། ཞེས་པའི་དོན་དང་འགལ་པ་ལྟར་སྣང་ཡང་། ཁོང་གི་རྣམ་ཐར་ལས།། བཙས་མ་ཐག་ཏུ་སྨྲ་ཤེས་འགྲོ་ཤེས་ཤིང༔⑰ཞེས་དང་། 《བཀའ་ཐང་སྡེ་ལྔ་》ལས། སྐད་རིག་གྱུར་ཚད་ཐམས་ཅད་མཁྱེན་པས་ཆེ།⑱ ཞེས་དང་། 《སུམ་པ་ཆོས་འབྱུང》དུ། རིག་པ་རང་རྩལ་གྱི་དབང་ནི་ཨོ་རྒྱན་ཆེན་པོས་རང་བྱུང་དུ་ཐོབ་སྟེ། ⑲ཞེས་སོགས་སློབ་དཔོན་འདི་ཉིད་ནི་སོ་སོ་སྐྱེས་བོ་ལས་རིང་དུ་འདས་པའི་འཕགས་པའི་གང་ཟག་གི་ཁྱད་ཆོས་བརྗོད་པ་རྣམས་དང་མཐུན་པའི་ཚིག་ཡིན་པ་ཡིག་རྙིང་འདིར་གསལ་བ་ཙམ་མོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་སངས་རྒྱས་ཆོས་ལུགས་ཀྱི་ཡི་དམ་གྱི་ལྷ་ངོ་བོ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་རང་གཟུགས་ཡིན་ལ། དེའི་དངོས་སྒྲུབ་ནི་དངོས་གྲུབ་སྟེ། མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་དམ་པ་ཐོབ་པར་གོ་དགོས། ཁོང་གི་རྣམ་ཐར་དུ། ང་ནི་རང་བྱུང་བདེ་བའི་དངོས་གྲུབ་ཡིན༔ སེམས་ཅན་གདུལ་ཞིང་ཁྱད་པར་འཕགས་པ་རུ༔ འགྲོ་རེའི་མདུན་དུ་སྤྲུལ་སྐུས་སྟོན་པ་སྟེ༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་གསུམ༔ མཚོན་ཚུལ་ཙམ་ལས་གསུམ་དུ་སྣང་གྱུར་ཀྱང་༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔⑳ཅེས་པ་ལྟར་གོ་བ་ལེན་པར་བྱའོ།།

གསུམ། བོད་ཡུལ་དུ་ཕེབས་ཏེ་ནང་པའི་ཆོས་ཀྱི་གཞི་ས་ཚུགས་ཤིང་བོད་རྣམས་ནང་ཆོས་སུ་འཇུག་པའི་ལམ་བསྟན་པ། 

སློབ་དཔོན་འདི་བོད་དུ་མ་ཕེབས་པའི་སྔོན་ལ་བོད་ཡུལ་དུ་འགལ་བ་སྣ་ཚོགས་ཀྱིས་དབང་གིས་མཁན་ཆེན་བོདྷི་ས་ཏྭ་ཕྱིར་རྒྱ་གར་དུ་མི་ཕེབས་ཐུ་མེད་གྱུར་ཏེ་ཕེབས་ཁར་རྒྱལ་པོ་ལ་འཛམ་བུ་གླིང་ན་རིགས་སྔགས་མཁན་སློབ་དཔོན་འབྱུང་བྱ་བ་ཡོད་ཚུལ་དང་དེ་གདན་དྲངས་ན་བོད་དུ་ནང་ཆོས་སྤེལ་ཐུབ་ཚུལ་གྱི་ཁ་ཏ་བསླབ་བྱ་གནང་བ་ལྟར། སློབ་དཔོན་དུས་དེར་བལ་པོའི་ཡུལ་དུ་བཞུགས་པ་ཤེས་ཏེ་བོད་དུ་གདན་འདྲེན་ཞུ། སློབ་དཔོན་བོད་ཡུལ་དུ་ཕེབས་ཚུལ་ལ། ཡིག་རྙིང་ཤོག་དྲིལ་དེའི་ཐིག་ཕྲེང་190. ནང་། བོད་ཡུལ་དུ་གཤེས་ཏེ། ཞེས་ཚིག་བསྡུས་ཐུང་ངུ་དེ་ཙམ་ལས་བཀོད་མེད། འདིའི་གཤེས་ནི་གཤེགས་ཀྱི་འབྲི་ཚུལ་ཡིན། 《དུང་དཀར་ཚིག་མཛོད་》དུ། སློབ་དཔོན་འདི་བོད་དུ་གདན་དྲངས་ཚུལ་ལ་《རྦ་བཞེད་》དང་《བཀའ་ཐང་》གཉིས་ཅུང་ཙམ་མི་མཐུན་པ་ཡོད་ཅིང་། 《བཀའ་ཐང་》དུ་འཁོད་པ་ལྟར་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྦ་གསལ་སྣང་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་པུ་དཔལ་གྱི་སེང་གེ་བཅས་བཞི་ལ་གསེར་ཕྱེ་བྲེ་གང་རེ་དང་། གསེར་གྱི་པ་ཏྲ་རེ་བསྐུར་ནས་རྒྱ་གར་དུ་བརྫངས། སློབ་དཔོན་ཆེན་པོ་དང་མཇལ་ཏེ་རྒྱལ་པོའི་ཕྱག་རྟེན་རྣམས་ཕུལ་ནས་བོད་དུ་ཕེབས་པར་ཞུས་པས་ཞལ་གྱིས་བཞེས། ཁྱོད་ཕོ་ཉ་བ་ཚོ་སྔོན་ལ་སོང་ལ། ངས་རྗེས་སུ་འོངས་ཏེ་ནག་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་འདུལ་ནས་དམ་ལ་བཏགས་གྱིན་མ་བྱས་ན་བར་ཆད་ཆེ་གསུངས་ནས་ཕོ་ཉ་བ་རྣམས་སྔོན་ལ་བཏང་། (དེ་ནས་རྦ་བཞེད་དུ་གསལ་བ་ལྟར་ན། མངའ་རིས་མང་ཡུལ་ནས་སྙེ་མོ་ཐོད་ཀར་གྱི་བར་དུ་ཆུ་ཐོག་གྲུ་རྫིངས་ལ་བྱོན་པར་བཤད) དེ་ནས་སླར་ཡང་རྒྱལ་པོས་། གནུབས་ནམ་མཁའི་སྙིང་པོ། དབས་མང་རྗེ་གསལ་སྣང་། སེང་གོང་ལྷ་ལུང་གཟིགས། དབས་མི་གྲུ་གཟིངས། ཅོག་རོ་དཔལ་གཟུངས་མགོན། ཤི་མི་པུ་ཏྲ་ཤྲི། གཉེར་སྣག་བཙན་ལྡོང་གཟིགས་སོགས་མང་ཡུལ་གྱི་མཐའ་སྲུང་བློན་པོར་བརྫངས་པའི་ཁུལ་མཛད་དེ་སླར་ཡང་སློབ་དཔོན་ཆེན་པོ་ཕེབས་བསུར་བཏང་ཞིང་། སླར་ཡང་སྐ་བ་དཔལ་བརྩེགས་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། ཅོག་རོ་ཀླུ་ཡི་རྒྱལ་མཚན་བཅས་གདན་འདྲེན་དུ་བཏང་། མང་ཡུལ་ནས་རིམ་བཞིན་གནམ་ཐང་མཁར་ནག་འོ་ཡུག བྱང་ཁུལ་འདམ་གཞུང་། འཕན་པོ་། མལ་དྲོ་སོགས་སུ་བྱོན་ནས་ལྷ་མོ་གངས་དཀར་ཤ་མེད་སོགས་བསྟན་མ་བཅུ་གཉིས། དམ་ཅན་རྡོ་རྗེ་ལེགས་པ། གཉེན་ཆེན་ཐང་ལྷ། གཉན་མཁར་ནག་མལ་དྲོ་གཟི་ཅན། ཡར་ལྷ་ཤམ་པོ་སོགས་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་ནང་པ་སངས་རྒྱས་པའི་བསྟན་པ་སྐྱོང་བའི་སྲུང་མར་བསྐོས། རིམ་གྱིས་ཡར་ལུང་གཙང་པོའི་འགྲམ་ཟུང་མཁར་མདར་ཕེབས་པ་ན། རྒྱལ་པོ་དང་བཙུན་པོ་རྣམས་གཉིས། བློན་པོ། བོད་འབངས་སྐྱེ་བོ་ཕོ་མོ་ཡོངས་ཀྱིས་རྔ་དང་གླུ་བྲོ། སོགས་ཀྱིས་བསུ་བའི་བཀོད་པ་གཟབ་རྒྱས་དང་བཅས་ཏེ་ཕོ་བྲང་བྲག་དམར་དུ་གདན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། དེའི་ཚུལ་ནི། རྟ་པ་མཛོ་པ་དཔག་ཏུ་མེད་པ་ཡིས༔བསུ་བ་བྱས་ནས་གཞོ་མདར་གཏེར་ཆུ་རྡོལ༔ དེ་ནས་བསམ་ཡས་ཆགས་ཕེབས་རྒྱལ་པོས་བསུས༔ ཤོན་རིགས་འཆམས་དང་གིང་དང་རོལ་རྩེད་དང་༔ བློན་པོར་བེར་ཞུགས་གོས་གསལ་རྟ་ཞོན་སོགས༔ བཙུན་མོ་ལ་སོགས་མཛེས་པ་རྒྱན་བཅས་ཏེ༔ ཁྲི་ཕྲག་སྐོར་གསུམ་དམག་ཆེན་ལྕགས་ཆེན་དང་༔ རྒྱལ་པོ་ལ་སོགས་ཁྲི་གནོན་བློན་གྲངས་ཏེ༔ ཐམས་ཅན་དགའ་བའི་འཛུམ་གྱིས་བསུས་པ་དང་༔(21)ཞེས་ཁོང་གི་རྣམ་ཐར་དུ་བཀོད་པ་ལྟར་རོ།།

ཤོག་དྲིལ་གྱི་ཐིག་ཕྲེང་190 - 191 ནང་། (སློབ་དཔོན་གྱིས)བོད་ཀྱི་ལྷ་བཙན་པོ་ཐམས་ཅད་ལ། ཆོས་བཤད་ཅིང་དབང་བསྐུརས།། ཞེས་བཀོད་པའི་ལྷ་བཙན་པོ་ཐམས་ཅད་ཅེས་པ་ནི་《བཀའ་ཐང་ཁག་》གི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་དང་། དེ་ནས་མུ་ནེ་བཙན་པོས་སྲིད་སྐྱོང་སྐབས་དང་མུ་ནེ་བཙན་པོ་འདས་ནས་མུ་ཏིག་བཙན་པོས་སྲིད་དབང་བཟུང་སྐབས་བར་ཧ་ལམ་ལོ་ལྔ་བཅུ་ལྷག་གི་རིང་ལ་སློབ་དཔོན་འདི་བོད་དུ་བཞུགས་རིང་གི་རྒྱལ་བློན་རྣམས་དང་སད་མི་མི་བདུན། རྗེ་འབངས་ཉེར་ལྔ་སོགས་སྐལ་ལྡན་གྱི་སློབ་མ་ཐམས་ཅད་ལ་གོ་དགོས་པར་བསྟན་ལ། དེ་དག་ལ་ཆོས་བཤད་ཅིང་དབང་བསྐུར་གནང་ཚུལ་ནི། རྒྱལ་པོ་དང་བཙུན་མོ་གཉིས། སད་མི་མི་བདུན། གསང་སྔགས་ཀྱི་སྐལ་ལྡན་སློབ་མ་ཉི་ཤུ་རྩ་ལྔ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་མཛད་ཅིང་། རྒྱལ་པོ་སོགས་འཁོར་ཉུང་ཤས་ཤིག་ལ་ཚེ་དཔག་མེད་ཀྱི་དབང་བསྐུར་གནང་། བསྐུརས་འདིའི་ཡང་འཇུག་ས་ནི་དེ་ལྟར་དབང་བསྐུར་གནང་བའི་བྱེད་ལས་མཚོན་བྱེད་ཀྱི་སྒྲ་ཡིན།

བཞི། བོད་ཡུལ་གྱི་གནས་ཆེན་ཁག་འགྲིམས་ཤིང་ཆོས་འཁོར་བསམ་ཡས་སུ་བོད་ཕྲུག་རྣམས་ལ་ཀློག་བསླབ་པའི་སློབ་དཔོན་གྱི་འགན་བཞེས་པ།

སློབ་དཔོན་འདི་བོད་ལ་ཕེབས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་འདུལ་དང་རྨང་འདིང་བར་མཛད། འདི་ནི་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྩིག་རྨང་འདིང་ཐེངས་གསུམ་པ་ཡིན་ཚུལ་དུང་དཀར་ཚིག་མཛོད་དུ་《པདྨ་བཀའ་ཐང་》གཞིར་བཟུང་ནས་བཤད་ཡོད། དེ་ནས་བསམ་ཡས་གཙུག་ལག་ཁང་སྟག་ལོར་བཞེངས་འགོ་ཚུགས་ནས་རྟ་ལོའི་བར་ལོ་བཞིའི་རིང་གྲུབ་ཚུལ་ཡང་དེར་གསལ། སྟག་ལོ་འདི་སྤྱི་ལོ་762ལའཁེལ་བ་དང་ལོ་དེའི་ཡས་མས་སུ་བོད་ཀྱིས་རྒྱའི་རྒྱལ་ས་ཁྲང་ཨན་བླངས་པས། ལོ་རྒྱུས་པ་ཁ་ཅིག་གིས་བོད་ཀྱིས་རྒྱའི་རྒྱལ་ཁམས་སུ་དམག་དྲངས་པའི་དུས་སུ་ལྷ་སའི་བསམ་ཡས་ཀྱི་གཙུག་ལག་ཁང་གི་འཛུགས་སྐྲུན་རྒྱ་ཆེན་མཛད་པའི་ནུས་པ་ཡོད་མེད་ལ་ཐེ་ཚོམ་ཟ་བ་ནི་རི་བོང་གནམ་རྡིབ་ཀྱི་ཚུལ་དུ་རྒྱུ་མཚན་ཆེན་པོ་མེད་དེ་མདའ་གྲི་མདུང་གསུམ་འཛིན་པའི་དུས་ཀྱི་མཐའ་མཚམས་སུ་དམག་འཁྲུག་བསླངས་བ་ཙམ་གྱིས་བོད་བཙན་པོའི་གཙུག་ལག་ཁང་གཅིག་བཞེངས་པར་གནོད་པ་ཆེན་པོ་ཐེབས་མི་སྲིད་པས་སོ།། བསམ་ཡས་བཞེངས་གྲུབ་བར་གྱི་ལོ་བཞིའི་རིང་ལ་སློབ་དཔོན་འདི་བོད་ཀྱི་གནས་ཆེན་གངས་ཏི་སེ་དང་མཚོ་མ་ཕམ་སོགས་ལ་གནས་སྐོར་གྱི་ཚུལ་དུ་འགྲིམས་པས། ཤོག་དྲིལ་ཐིག་ཕྲེང་191 ནས་193 བར། གངས་ཏི་སི་ལ་བསྙེན་བསྒྲུབ་ཟབ་མོར་བགྱིས།། མཚོ་མ་འཕང་ལ་འཁྲུས་བགྱིས་ནས།། ཆོས་འཁོར་བསམ་ཡས་སུ་གདན་གཤགས།། ཞེས་གསལ། གངས་ཏི་སི་ནི་སྟོད་མངའ་རིས་ཀྱི་གངས་དཀར་ཏི་སེ་དང་། དེར་གནས་སྐོར་དང་དེ་ནས་སྒོམ་སྒྲུབ་ལ་ནན་ཏན་མཛད་ཚུལ་ནི། བསྙེན་བསྒྲུབ་ཟབ་མོ། ཞེས་པའི་བརྡས་བསྟན། མཚོ་མ་འཕང་ནི་མཚོ་མ་ཕམ་གྱི་འབྲི་ལུགས། འཁྲུས་བགྱིས་ནི་འཁྲུ་གསོལ་གནང་བའི་བརྡ། དུས་དེར་བགྱིས་དང་བརྒྱིས་གང་བདེར་འབྲི། གདན་གཤགས་ནི་ཕེབས་པ་དང་། གདན་འདྲེན་གནང་བའི་བརྡ། 《རྣམ་ཐར་དྲི་མེད་རྒྱན་》ལས། བོད་ཀྱི་གནས་མ་ལུས་པ་གངས་ཏི་སེ་མན་ཆོད་ནས༔ ཁམས་གཙང་ཁ་ལྕིམ་བྲག༔ (22) ཅེས་དང་། 《བདུད་འཇོམས་ཆོས་འབྱུང》ལས། བོད་ཡུལ་གྱི་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས། མངའ་རི་(རིས)སྐོར་དུ་གངས་བྲག་ཉི་ཤུ། 》(23)ཞེས་སོགས་ཀྱིས་སློབ་དཔོན་གངས་ཏི་སིར་སྒོམ་སྒྲུབ་གནང་བ་དང་མཚོ་མ་ཕམ་ལ་འཁྲུས་བགྱིས་ཚུལ་གསལ་བས་ཡིག་རྙིང་འདི་ལྷག་པར་རིན་ཐང་ལྡན་པ་ཞིག་ཏུ་གྱུར། 《བཀའ་ཐང་ལྡེ་ལྔ་》ལས། འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི། ལྷ་ལྕམ་འཕྲུལ་དགུ་སྒྱུར་མ་ཁབ་ཏུ་བཞེས། བོད་དང་ཞང་ཞུང་གཉིས་ཀྱི་མཚམས་སུ་བྱོན། མ་ཕམ་གཡུ་མཚོ་ནག་མོའི་འགྲམ་དུ་བཞུགས། པད་མ་རྒྱས་པའི་ལྷ་ཁང་མཆོད་པ་ཕུལ། ཨུ་རྒྱན་ཆེན་པོས་འཁོར་ལ་བཀའ་བསྩལ་པ། མ་ཕམ་གཡུ་མཚོ་རྟ་ལམ་ཉིན་གཅིག་འཁོར། དྷ་ན་ཀོ་ཤའི་མཚོ་ནི་འདི་དང་འདྲ། བདག་བསྐྱེད་ཡུམ་ནི་དོན་གྱིས་རྟོགས་པར་འགྱུར།(24)ཅེས་འཁོད་པ་ལས། དུས་དེར་སློབ་དཔོན་གང་དུ་ཕེབས་པའི་གནས་སུ་སྐབས་ལ་ལར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཁོང་ཉིད་ཡང་སྐུ་དངོས་སུ་ཕེབས་ཀྱིན་ཡོད།

དེ་ལྟར་སློབ་དཔོན་དང་རྒྱལ་བློན་འཁོར་བཅས་གནས་ཆེན་གངས་ཏི་སེ་སོགས་སུ་གནས་མཇལ་ལ་ཕེབས་པར་དུས་ཡུན་ངེས་ཅན་ཅིག་(ཞིག)འགོར་ཡོད་པར་ངེས། སྤྱི་ལོ་766 ལོར་ཆོས་འཁོར་བསམ་ཡས་ལེགས་གྲུབ་ཀྱི་དགའ་སྟོན་དུ་ཕེབས་ཏེ། རབ་གནས་སློབ་དཔོན་དང་མཁན་ཆེན་ལྷན་རྒྱས་སུ་མཛད་ཅིང་ངོ་མཚར་བའི་ལྟས་མང་པོ་བྱུང་། ཆོས་འཁོར་བསམ་ཡས་ནི་བོད་ཀྱི་ལོ་རྒྱུས་ཐོག་རྒྱ་གར་དང་རྒྱ་ནག བོད་བཅས་ཀྱི་བརྩིགས་བཟོའི་ཁྱད་ཆོས་ཕུན་སུམ་ཚོགས་ཤིང་། བོད་ན་སྔ་ན་མེད་པའི་ཐོག་སོ་གསུམ་ཅན་གྱི་འཛུགས་སྐྲུན་གྱི་ཐོག་མ་དང་། དུས་སྐབས་དེར་ཡ་གླིང་གི་ཡུལ་ཁམས་ཀུན་ཏུ་འགྲན་མི་བཟོད་པའི་འཛུགས་སྐྲུན་རླབས་ཆེན་ཞིག་ཡིན། བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས་གཙུག་ལག་ཁང་དུ་གསུང་གི་རྟེན་མེད་པས་སློབ་དཔོན་པད་འབྱུང་གིས་རྒྱལ་པོར་བོད་དུ་སངས་རྒྱས་བསྟན་པ་འཛུགས་དགོས་ན་བོད་འབངས་ཡོངས་ལ་སྐུལ་སློང་བྱས་ནས་ལོ་ཙཱ་བསླབས་ཏེ་དམ་ཆོས་བསྒྱུར་དུ་འཇུག་དགོས་ཤིང་དེ་ལྟར་བྱས་ན་བོད་དུ་དམ་ཆོས་དར་ཞེས་གསུངས་པ་བཞིན། རྒྱལ་པོས་སློབ་དཔོན་གྱི་བཀའ་བཞིན་བོད་ཕྲུག་ཤེས་རབ་ལྡན་པ་སྟོང་ཙམ་བསྐོང་བསྡུས་བྱས་ནས་བསམ་ཡས་གཙུག་ལག་ཁང་གི་སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་སློབ་ཏུ་བཅུགས་པས། སྐབས་དེ་ཤེད་དུ་བོད་ཀྱི་རིག་གནས་དར་སྤེལ་གཏོང་བའི་གཞི་ས་ལྟ་བུའི་བསླབ་གྲྭ་ཆེན་པོ་ཞིག་ཏུ་གྱུར། སད་མི་མི་བདུན་ཡང་བོད་ཕྲུག་ཆིག་སྟོང་ལྷག་འདུས་པའི་ཁྲོད་ཀྱི་ཡིན། 《དུང་དཀར་ཚིག་མཛོད་》དུ། བེེ་རོ་ཙ་ནས་ཆོས་བསྒྱུར་བས་《བོད་ཀྱི་ཉི་ཟླ་ལྟ་བུའི་》 ལོ་ཆེན་གཉིས་ཀྱི་གྲས་ཉི་མ་ལྟ་བུར་གྲགས་པ་དེ་བྱུང་སྟབས་བཙན་པོ་རབ་ཏུ་དགྱེས་ཚུལ་བཀོད་པ་ལྟར་ན། སད་མི་མི་བདུན་ནི་ཡོན་ཏན་དང་འདུལ་ཁྲིམས་སོགས་གང་ཐད་ནས་ཕུལ་དུ་བྱུང་བ་བདུན་ཡིན། དེ་ལྟར་སློབ་དཔོན་པད་འབྱུང་འདི་ཉིད་བོད་ལ་ཕེབས་པ་ནས་ཆོས་འཁོར་བསམ་ཡས་བཞེངས་ཤིང་། བོད་ལ་དམ་པའི་ཆོས་བསྒྱུར་ནས་མདོ་སྔགས་ཀྱི་བསྟན་པ་དངོས་གཞི་འཛུགས་པར་དགོངས་ཏེ། བོད་ཕྲུག་ཤེས་རབ་ཅན་རྣམས་ལ་ཀློག་བསླབ་པ་དང་། ལོ་ཙཱ་སློབ་པའི་སློབ་དཔོན་མཛད་པའི་མཚུངས་སུ། རྗེས་འབངས་སྐལ་བ་དང་ལྡན་པ་རྣམས་ལ་སྔགས་འོག་མ་དང་བླ་མེད་ཅི་རིགས་པའི་དབང་བསྐུར་བ་དང་། ཕུར་བ་འབུམ་སྡེ་དང་མན་ངག་ལྟ་ཕྲེང་སོགས་གསུངས་(25)པ་ནས་སྔར་བོད་ལ་ཕེབས་དུས་སུ་འབོད་པའི་མཚན་དེ་བ་པུ་ཏྲ་སྟེ་རྒྱལ་སྲས་ཀྱི་སྐད་དོད་དང་བླ་མ་དང་མཁན་པོ། སློབ་དཔོན་གྱི་སྐད་དོད་ཨ་ཙ་ར་སོགས་རིམ་གྱིས་བོད་རང་གིས་གོ་ཞིང་དོན་ཡང་མ་ནོར་བའི་རྒྱལ་སྲས་དང་། སློབ་དཔོན་སོགས་ད་ལྟ་ཚང་མར་ངེས་པའི་མཚན་འདི་བོད་གངས་ཅན་གྱི་ལྗོངས་སུ་དར།

ལྔ། སློབ་དཔོན་བསམ་ཡས་སུ་བཞུགས་དུས་བཀུར་བསྟི་རྒྱ་ཆེན་ཐོབ་པ། 《སྦ་བཞེད་》དུ། དེ་ནས་ཡོས་ཀྱི་ལོའི་དཔྱིད་ཟླ་ར་བའི་ངོ་ལ། སློབ་དཔོན་གྱིས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ། དབུས་པ་བྱེ་བྲག་ཏུ་སྨྲ་བ་བྱ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ནས།(26)ཞེས་དང་། 《བདུད་འཇོམས་ཆོས་འབྱུང་》དུ། ཐོག་མར་བོད་ཀྱི་མི་ལ་རབ་བྱུང་བཏུབ་བམ་ཉམས་སད་པའི་ཕྱིར། ཞང་བློན་དད་པ་ཅན་རྦ་ཁྲི་གཟིགས་རབ་ཏུ་བྱུང་བར་རྒྱལ་པོས་གསོལ་བས། བོ་དྷི་ས་ཏྭས་མཁན་པོ་དང་། དྰ་ན་ཤྰི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜིཏ་གཞན་བཅུ་པོས་ཁ་སྐོང་མཛད་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་དཔལ་དབྱངས།། བཙན་པོས་བསྔགས་པ་རྦ་རཏྣར་ཡང་གྲགས། དེ་ནས་རིམ་བཞིན་རྦ་གསལ་སྣང་དང་། པ་གོར་བེེ་རོ་ཙ་ན། ངམ་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག འཁོན་ཀླུ་དབང་བོ་སྲུང་བ། ལ་གསུམ་རྒྱལ་བ་བྱང་ཆུབ་རྣམས་རབ་ཏུ་བྱུང་མིང་ཡེ་ཤེས་དབང་བོ་སོགས་སུ་སྤོས་ཏེ་བསྙེན་པར་རྫོགས། དེ་བདུན་ལ་སད་མི་མི་བདུན་དུ་གྲགས་ཤིང་བོད་ཀྱི་རབ་བྱུང་རྣམས་ཀྱི་ཐོག་མ་ཡིན། (27)དེ་སྐོར་《བཀའ་ཐང་》སོགས་སུ་བཞེད་ཚུལ་མི་གཅིག་པ་ཡོད་ཚུལ་《དུང་དཀར་ཚིག་མཛོད་དུ་》གསལ་བས་དེར་གཟིགས་པར་ཞུ། ཡིག་རྙིང་འདིའི་ཐིག་ཕྲེང་193 - 194 མཚམས་སུ།བཅོམ་ལྡན་འདས་ཀྱི་རིང་ལུགས་དང་།། དབས་རྒྱལ་བ་ཡེ་ཤེས་དང་། མཁས་བཙུན་མང་པོ་གིས།། དགེ་འདུན་སྡེ་གཉིས་གིས། མཆོད་གནས་ཆེར་མཛད། ཅེས་སློབ་དཔོན་ཆོས་འཁོར་བསམ་ཡས་སུ་བཞུགས་དུས་ཀྱི་རྣམ་པ་རགས་རིམ་བཀོད་པ་ལས། བཅོམ་ལྡན་འདས་ཀྱི་རིང་ལུགས་ནི་སྐབས་དེར་ཆོས་བྱེད་ཀྱི་མཁན་པོ་སྟེ། མཁན་པོ་བོ་དྷི་ས་ཏྭ་སྐུ་གཤེགས་རྗེས་སུ། བཙན་པོས་ཡེ་ཤེས་དབང་པོ་རིང་ལུགས་སུ་བསྐོས། སངས་རྒྱས་ཀྱི་ཞལ་དང་འདྲ་བས་བཅོམ་ལྡན་འདས་ཀྱི་རིང་ལུགས་སུ་བསྐོས་ཏེ་བླ་མའི་གོང་དུ་བཏོན། ཆོས་ཀྱི་བཀའ་ལ་བཏགས།(28)ཞེས་《སྦ་བཞེད》དུ་གསལ་བ་ལྟར། ཡིག་རྙིང་འདིར་དབས་རྒྱལ་བ་ཡེ་ཤེས། ཞེས་པའི་དབས་ནི་སྦ་ཡི་འབྲི་ཚུལ་ཏེ། འདིར་རྦ་འབྲི་བའང་ཡོད། ཡིག་རྙིང་འདིར། བཅོམ་ལྡན་འདས་ཀྱི་རིང་ལུགས་དང་།། དབས་རྒྱལ་བ་ཡེ་ཤེས་དང་། ཞེས་གཅོད་མཚམས་གསལ་བྱེད་ཀྱི་དང་སྒྲ་ཡོད་པར་དཔོགས་ན། བཅོམ་ལྡན་འདས་ཀྱི་རིང་ལུགས་དང་། ཞེས་པའི་རིང་ལུགས་པ་ནི་སྐབས་འདིར་མཁན་ཆེན་བོ་དྷི་ས་ཏྭར་ངོས་འཛིན་དགོས་པའི་ཉམས་ཐོན་འདུག འོན་ཀྱང་སྤྱིར་བཏང་ཡིག་རྙིང་ཁྲོད་དུ་དང་སྒྲ་དང་། ནི་སྒྲ་ཁྱད་མེད་དུ་འཇུག་ཚུལ་ཡང་རེ་འགར་མཐོང་བ་ལྟར་བྱས་ན། འདིར་དབས་རྒྱལ་བ་ཡེ་ཤེས། ཞེས་པའི་བྲིས་ཡོད་པ་འདི་ཉིད་རྗེས་སུ་སྦ་ཡེ་ཤེས་དབང་བོར་གྲགས་པ་ཡིན་ཞིང་། མཁན་ཆེན་གྱི་རྗེས་སུ་ཁོང་ཉིད་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་ཐོག་མ་ཡིན་པས། སྐབས་འདིར་བསྟན་ཡུལ་སྦ་ཡེ་ཤེས་དབང་བོ་ཡིན་དགོས། མཁན་བཙུན་མང་པོ་གིས། ཞེས་པ་སད་མི་མི་བདུན་དང་རྗེ་འབངས་ཉེར་ལྔ་སོགས་རབ་བྱུང་བ་དང་རབ་ཏུ་མ་བྱུང་བའི་མཁས་ཤིང་གྲུབ་པ་ཐོབ་པ་རྣམས་དང་། གིས། ནི་བྱེད་ཚིག་སྟོན་བྱེད་ཀྱི་སྒྲ་དངོས་ཏེ་དེ་དག་གི་མཆོད་གནས་སུ་བཀུར་བ་སྟོན། དགེ་འདུན་སྡེ་གཉིས་གིས། ཞེས་པའི་གིས་སྒྲ་ཡང་གོང་ལྟར་དེ། འདིར་ཟློས་ཚིག་སྡུད་ཚུལ་གྱི་སྔོན་གྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་སོ།། 《བདུད་འཇོམས་ཆོས་འབྱུང་》དུ། དབུ་ཟླུམ་མདོ་དང་ལྕང་ལོ་སྔགས་པ་སྟེ་དགེ་འདུན་སྡེ་གཉིས་སུ་བཀས་བཅད་ནས། (29)  ཞེས་འབྱུང་ཡང་། ཏུན་ཧོང་གཏེར་ཡིག་ཏུ། དགེ་འདུན་སྡེ་གཉིས་ཀྱྀ་ལྟ་བ་ནི། དགེ་སློང་ཕོ་སྨོས་སྡེ་གཉིས་ལས།(30) ཞེས་འབྱུང་བས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དེར་དགེ་འདུན་གྱི་སྡེ་གཉིས་ལ་དགེ་སློང་ཕོ་མོའི་ཁྱད་པར་གྱི་སྒོ་ནས་འཇོག་ཚུལ་ཡོད་པ་དེ་ལྟར་གསལ་ལ། གཞན་ཡང་རབ་བྱུང་ངུར་སྨིག་རིང་ལུགས་དང་གོས་དཀར་ལྕང་ལོའི་རིང་ལུགས།(31)ཞེས་པའི་སྡེ་དགར་ཚུལ་ཡང་ཡོད་པས་འདིའི་དགེ་འདུན་སྡེ་གཉིས་གིས། ཞེས་པའི་སྡེ་གཉིས་ཇི་ལྟར་ངོས་འཛིན་དགོས་ཚུལ་ད་དུང་བརྟག་པར་བྱ་བའི་གཞི་ཡིན། བདག་གིས་སེམས་ན་དུས་དེར་ནང་པའི་ཆོས་ཐོག་མ་དར་དུས་ཡིན་པས། དེང་སང་ལྟར་མདོ་སྔགས་གཉིས་སུ་ཕྱེས་པའི་སྡེ་གཉིས་ཀྱི་དབྱེ་ཚུལ་ཡོད་དམ་སྙམ། དེ་ལྟར་གསར་དུ་བཙུགས་པའི་དགེ་འདུན་གྱི་སྡེ་གཉིས་ཀྱིས་སློབ་དཔོན་པད་འབྱུང་མཆོད་གནས་ཆེར་མཛད་པ་སྟེ་བླ་ལྷག་གིས་བཀུར་བར་བྱ་བའི་སློབ་དཔོན་ཆེན་པོར་གྱུར།

གཉིས་པ། སློབ་དཔོན་པད་འབྱུང་བོད་ཡུལ་ནས་རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་གནས་མཇལ་དུ་ཕེབས་པ།

སློབ་དཔོན་གྱི་རྣམ་ཐར་དུ། བོད་ཡུལ་མཐའ་དབུས་ལུང་སུལ་འདོམ་གང་ཡང་༔ ཨོ་རྒྱན་ང་ཡིས་ཞབས་ཀྱིས་མ་བཅག་མེད༔ (32) ཅེས་བཀོད་པ་བཞིན་བོད་ཡུལ་ཀུན་ཏུ་ཞབས་ཀྱིས་བཅགས་ཤིང་གནས་སྒོ་གྲངས་མེད་ཕྱེས་པས། དེང་སང་བོད་ཡུལ་ཀུན་ཏུ་གནས་ཆེན་མང་པོས་ཁེངས་པའི་ཞིང་ཁམས་དུ་གྱུར། དེ་ལྟའི་མཛད་པ་རྫོགས་ཏེ་དུས་ནམ་ཞིག་གི་ཚེ་སློབ་དཔོན་རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་ཕེབས་པའི་དགོངས་པ་འཁྲུངས། ཡིག་རྙིང་ཐིག་ཕྲེང་194 _ 196མཚམས་སུ་རྒྱ་ཡུལ་དུ་ཕེབས་པ་དང་རི་བོ་རྩེ་ལྔར་གནས་མཇལ་གནང་ཚུལ་བཀོད་པ་ནི། བང་ཆེན་དང་། རིམ་མགྲོའ་བགྱིས་ནས། རྒྱ་ཡུལ་དུ་བསྐྱལ།།  རྒྱ་རྗེ་དང་། རྒྱ་བློན་མང་པོས་མཆོད་གནས་ཆེར་བགྱིས།། རི་བོ་རྩེ་ལྔ་ལ། འཕགས་པ་འཇམ་དཔལ་གི་ཞལ་མཐོང་།། ཞེས་བཀོད་འདུག རྒྱ་ནག་གི་ཡུལ་ནི་ཧན་ཨི་དྷིའི་དུས་ནས་ནང་པ་སངས་རྒྱས་ཀྱི་ཆོས་དར་བ་དང་། ནང་པའི་དགོན་སྡེ་དང་རྒྱའི་བཙུན་པ་མང་དུ་འཕེལ་བའི་ཡུལ་ཁམས་ཤིག་ཡིན་ལ། འཕགས་པ་འཇམ་པའི་དབྱངས་ཀྱིས་གནས་རྒྱ་ནག་རི་བོ་རྩེ་ལྔ་ཡང་ད་ལྟའི་ཧྲན་ཞི་ཞིང་ཆེན་དུ་ཡོད། སློབ་དཔོན་རྒྱ་ཡུལ་དུ་ཕེབས་དུས་སུ་བང་ཆེན་ཏེ་《 བོད་རྒྱ་ཚིག་མཛོད་》དུ། ཕོ་ཉའམ་གཏམ་སྐྱེལ་མཁན་དུ་འགྲེལ་ཡོད་ཀྱང་། སློབ་དཔོན་འདིར་བསྙེན་བཀུར་ཆེན་པོ་གནང་བ་མཚོན་པའི་བརྡ་ཡིན་པས་བཞོན་པའི་རྟ་དང་ཤིང་རྟ་ལ་སོགས་པ་ཡུལ་ཕྱོགས་ཀུན་ཏུ་བདེ་ལེགས་ཏུ་ཕེབས་པའི་ཆ་རྐྱེན་གང་ལེགས་བསྐྲུན་པ་བསྟན། རིམ་མགྲོའ་ནི་རིམ་གྲོ་སྟེ། ཞབས་ཞུ་བཀུར་བཟོ་གནང་བའི་དོན། བགྱིས་ནས་ནི་སློབ་དཔོན་གྱིས་འདོད་པ་བཞིན་ཞབས་ཞུ་དང་བཀུར་བསྟི་གང་ལེགས་གནང་བ་སྟེ། མཇུག་གི་ནས་སྒྲ་ནི་ལྷག་བཅས་འདྲེན་པའི་སྒྲ། སློབ་དཔོན་རྒྱ་ནག་ཡུལ་དུ་ཕེབས་པར་བསུ་བ་རྒྱ་ཆེན་ཐོབ་ཚུལ་ནི། སློབ་དཔོན་རྒྱ་ནག་ཡུལ་དུ་བྱོན༔ ཧ་ཤང་ཁྱབ་འཇུག་མ་ཧཱ་རུ་སྤྲུལ་ནས༔ རྒྱལ་པོ་བི་ཏ་གོ་མའི་མཆོད་གནས་མཛད༔ འཇམ་དཔལ་ཞི་ཁྲོ་མཆོག་གི་ཆོས་འཁོར་བསྐོར༔ དེ་ནས་ཀ་མ་རུ་ཡི་གཙུག་ལག་ཁང་༔ ལོ་ནི་ལྔ་བར་ཆོས་ཀྱི་འཁོར་ལོ་བསྐོར༔ འདུས་པ་མདོ་ཡི་དཀྱིལ་འཁོར་ཞལ་ཕྱེས་ནས༔ སེམས་ཅན་མ་ལུས་སྨིན་གྲོལ་བདེ་ལ་བཀོད༔(33) ཅེས་ཁོང་གི་རྣམ་ཐར་དུ་གསལ་བ་ལྟར་དང་། ཡིག་རྙིང་དུའང་། རྒྱ་རྗེ་དང་། རྒྱ་བློན་མང་པོས་མཆོད་གནས་ཆེར་བགྱིས། ཞེས་བཀོད་པ་རྣམས་མ་བསྒྲིགས་རང་འགྲིག་ཏུ་སོང་། དེང་སང་སློབ་དཔོན་བསུ་མཁན་གྱི་རྒྱ་རྗེའམ་རྒྱལ་པོ་བི་ཏ་གོ་མ་ཟེར་བ་དང་བློན་པོ་རྣམས་རྒྱའི་ཡི་གེར་བཀོད་པ་མ་མཐོང་བས་ཤེས་ཐབས་བྲལ་བ་དང་། ཀ་མ་རུ་ཡི་གཙུག་ལག་ཁང་དེ་ཡང་གནས་གང་དུ་ཡོད་པ་ཤེས་ཐབས་བྲལ་ཡང་། རྒྱའི་རྒྱལ་བློན་རྣམས་ཀྱིས་བསུ་བ་གནང་ཚུལ་ལས་སློབ་དཔོན་འདིའི་མཚན་སྙན་བོད་ཙམ་དུ་མ་ཟད་རྒྱའི་ཡུལ་དུའང་གྲགས་པའི་སྙན་པ་འབྲུག་ལྟར་ལྡིར་བཞིན་པ་ཞིག་ཡིན་པ་རྟོགས་པར་འགྱུར། རྒྱ་ཡུལ་དུ་བསྐྱལ། ཅེས་པའི་ཚིག་ལས་སློབ་དཔོན་རྒྱ་ནག་ཡུལ་དུ་ཕེབས་དུས་སུ་བོད་ཀྱི་རྒྱལ་བློན་རྣམས་ཡུལ་གཞན་དུ་སྐྱོད་པའི་རྣམ་པ་ལྟར་བསུ་སྐྱེལ་གྱི་རྣམ་པ་རྒྱ་ཆེ་ལ། ལྷག་པར་དུ་རྒྱ་ཡུལ་ནས་ཇི་ལྟར་བསུ་བའི་བཀོད་སྒྲིག་གང་ལེགས་ཤིག་ཡོད་པར་ངེས། སློབ་དཔོན་རྒྱ་ཡུལ་དུ་ཕེབས་པར་རྒྱ་རྗེ་དང་བློན་འབངས་རྣམས་ཀྱིས་དབུའི་མཆོད་གནས་ཏེ་བླ་མར་བཀུར་བ་ནས་ཞི་ཁྲོ་དང་འདུས་པ་མདོ་སོགས་ཀྱི་ཆོས་སྦྱིན་སྤེལ་ཏེ་ལོ་ལྔའི་རིང་ལ་གདུལ་བྱ་གྲངས་མེད་འཚང་རྒྱ་བའི་ལམ་དུ་བཀོད། རི་བོ་རྩེ་ལྔར་མཇལ་དུས་སུ། ཐུན་མོང་བའི་སྣང་ངོར་འཕགས་པ་འཇམ་པའི་དབྱང་ས་ཀྱི་ཞལ་དངོས་སུ་མཐོང་བའི་ཚུལ་མཛད།

གསུམ་པ། སློབ་དཔོན་སུག་ཅུར་ཕེབས་ཏེ་ཐེག་པ་ཆེན་པོའི་ཆོས་བཀའ་བསྩལ་པ།

སུག་ཅུ་(肃州)ནི་དེང་(སང) ཀན་སུའུ་ཞིང་ཆེན་གྱི་ཁོངས་ཅིག་ཆོན་དུ་འབོད་པའི་ཡུལ་དེ་ཡིན། ཐང་རྒྱལ་རབས་ཀྱི་དུས་སུ་ཅུན་གྱི་ལམ་ལུགས་དེ་ཀྲིག་ཏུ་བསྒྱུར་བ་ནས་བོད་ཀྱི་ཡི་གེར་ཀྲིག་གི་སྒྲ་ཅུ་རུ་འབྲི་བས་རྒྱ་ཤ་ཅུ་བའི་བུ་མོ་འཕྲོག་མི་ཆོག་པའི་བཀའ་ཡིག་སོགས་སུ་དེ་ལྟར་འབྲི། ཐང་རྒྱལ་རབས་ཀྱི་དུས་སུ་ཡུལ་དེར་ནང་ཆོས་ཤིན་ཏུ་དར། དེང་སང་ཅིག་ཆོན་ནས་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ50_60མཚམས་སུ་འཇམ་དབྱངས་དགོན་ཡོད་པ་དེ་དེང་སང་ས་ཁུལ་བགོ་སྟངས་ཀྱིས་ཡུས་ཀུའུ་རིགས་(裕谷族) ཀྱི་རྫོང་ཁོངས་སུ་གཏོགས། བོད་བཙན་པོའི་དུས་སུ་གནས་དེར་དགོན་སྡེ་དང་ལྷ་ཁང་མང་པོ་ཡོད་པ་ལས་འཇམ་དབྱངས་ལྷ་ཁང་དུ་གྲགས་པའི་བྲག་ཕུག་ད་དུང་ལྷག་མར་ལུས་འདུག 2008ལོའི་ཟླ་8 པར་ཁོ་བོས་ལྷ་ཁང་དེར་འཇལ་བའོ་དུས་སུ། ཕུག་པའི་ཀླད་ངོས་ཀྱི་ཚོན་རིས་དབུས་སུ་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་དྷིཿཡིག་དེ་ད་དུང་གསལ་བར་བཞུགས། གནས་རིའི་ངོས་སུ་གནའ་དུས་ཀྱི་ཕུག་པ་མང་པོ་འཇིག་ཤུལ་གྱིས་བཀང་ཡོད་པ་དང་། ལོ་རྒྱུས་པ་རྣམས་ཀྱིས་ཅིག་ཆོན་གྱི་ཡུལ་དེར་སྔོན་དུས་རབས་8 - 9 ནང་སྤྱི་ལེ་60ཙམ་གྱིས་ཆོད་པའི་ལམ་དུ་དགོན་སྡེ་དང་ལྷ་ཁང་གིས་སྣེ་ནས་སྣེ་སུ་འབྲེལ་བར་བཤད་པ་ལས། དེང་སང་གི་ཏུན་ཧོང་ཕུག་པ་ལས་ཀྱང་རྒྱ་ཆེ་བའི་དགོན་སྡེ་དང་བྲག་ཕུག་མང་པོ་ཡོད་པའི་ཡུལ་ཞིག་ཡིན་པའི་སྣང་བ་སྐྱེས། སློབ་དཔོན་པད་འབྱུང་རྒྱ་ཡུལ་དང་རྒྱ་ནག་རི་བོ་རྩེ་ལྔ་རྣམས་སུ་ཕེབས་པའི་རྗེས་སུ་ཕྱིར་རྒྱ་གར་ཡུལ་དུ་བཞུད་པའི་ལམ་དུ་ཆས། སུག་ཅུ་ནི་སྐབས་དེར་རྒྱ་ནག་ནས་ནུབ་ལྗོངས་དང་རྒྱ་གར་ཡུལ་དུ་ཕེབས་པར་ངེས་པར་རྒྱུ་སའི་ལམ་ཁ་ཡིན། ཡིག་རྙིང་ཤོག་དྲིལ་ཐིག་ཕྲེང་196 - 197 མཚམས་སུ། (སློབ་དཔོན་པད་འབྱུང་)སླར་རྒྱ་གར་ཡུལ་དུ་གཤགས་པའི་ཤུལ་ཀར། སུག་ཅུར་གདན་གཤགས།། ཞེས་སློབ་དཔོན་པད་འབྱུང་སླར་རྒྱ་གར་གྱི་ཡུལ་དུ་ཕེབས་ལམ་ནས་སུག་ཅུར་ཕེབས་ཚུལ་བརྗོད་འདུག འདིའི་གཤགས་ནི་ཕེབས་དང་གཤེགས་ཀྱི་འབྲི་སྲོལ། ཤུལ་ཀ་ནི་ཤུལ་ལམ་དང་ལམ་ཁར་ཞེས་པའི་བརྡ་རྙིང་། སུག་ཅུ་ཡུལ་མིང་། གདན་གཤགས་ནི་གོང་དུ་འགྲེལ་ཟིན་པ་གདན་འདྲེན་ཞུ་པའི་དོན།

སློབ་དཔོན་ཡུལ་དེར་ཕེབས་དུས་སུ་བོད་དང་རྒྱ་ནག་གི་ཡུལ་དུ་ཕེབས་བསུ་གནང་པ་ལྟར་རིགས་ཀྱི་མཐོ་བ་རྒྱལ་བློན་སོགས་བསུ་མིའི་གྲས་སུ་མི་བཞུགས་ཀྱང་། ཧ་ལམ་ཡུལ་དེ་དག་གི་སྐྱེ་ཕོ་མོ་རྣམས་གཅིག་ཀྱང་མ་ལུས་པར་བསུ་བར་ཕེབས་པའི་རྣམ་པ་རྒྱ་ཆེ་ཚུལ་ནི་ཤོག་དྲིལ་ཐིག་ཕྲེང་197 - 199 བར། ཡུལ་དཔོན་དང་། དགེ་འདུན་སྡེ་གཉིས་དང་།། རྣལ་འབྱོར་འཕྲེང་ཐོགས་གི་སྡེ་དང་།། སུག་ཅུ་ཡོན་བདག་ཐམས་ཅད་ཀྱིས། མཆོད་གནས་ཆེར་བགྱིས།། སློབས་དཔོན་ཐུགས་དགེས་ནས།།(34)ཐེག་པ་ཆེན་པོ་འི་ཆོན་བཀ་རྩལ།། ཞེས་འབྱུང་བ་ལས་རྟོགས་ཐུབ་སྟེ། ཡུལ་དཔོན་ནི་ཡུལ་ཁམས་ཀྱི་དཔོན་རིགས་རྣམས་དང་། དགེ་འདུན་གྱི་སྡེ་གཉིས་ནི་དགེ་སློང་དང་དགེ་སློང་མའི་སྡེ། རྣལ་འབྱོར་ནི་གསང་སྔགས་ཀྱི་ཆོས་ཉམས་སུ་ལེན་ཞིང་ཞི་གནས་དང་ལྷག་མཐོང་གི་ཏིང་འཛིན་ལ་རྩེ་གཅིག་ཏུ་རོལ་བའི་བསམ་གཏན་པ་རྣམས་ཡིན།། དེའི་ཡོན་ཏན་ནི། བསམ་གཏན་སེམས་ལ་དབང་སྒྱུར་རྒྱལ་པོ་སྟེ། བཞག་ན་གཡོ་མེད་རི་ཡི་དབང་པོ་བཞིན།། བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག། ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན།། དེ་ལྟར་ཤེས་ནས་རྣལ་འབྱོར་དབང་པོ་རྣམས།། རྣམ་གཡེང་དགྲ་འཇོམས་ཏིང་འཛིན་རྒྱུན་ཏུ་བསྟེན།། ཅེས་རྗེ་རིན་པོ་ཆེས་གསུངས་པ་བཞིན་ནོ།། མདོ་སྔགས་གཉིས་ལས་གསང་སྔགས་ཉམས་ལེན་པ་རྣམས་སྟོན་པས། 《པདྨ་བཀའ་ཐང་》དུ། མདོ་ཆོས་ཡིན་ན་དགེ་འདུན་གྲལ་ལ་འགྲིམ༔། སྔགས་ཆོས་ཡིན་ན་རྣལ་འབྱོར་གྲལ་ལ་འགྲིམ༔(35)ཞེས་བཀོད་འདུག འཕྲེང་ཐོགས་ནི་ཕྲེང་བ་ལག་ཏུ་འཛིན་པ་སྟེ་སྔགས་བགྲང་བའི་ལས་བྱེད་པའི་ཁྱད་ཆོས་ལས་ཐོགས། དེང་སང་བསྒོམ་ཆེན་དུའང་གྲགས། སུག་ཅུ་ཡོན་བདག་ཐམས་ཅད་ནི་སུག་ཅུ་ཡུལ་གྱི་ཡོན་བདག་ཁྱིམ་པ་ཐམས་ཅད། མཆོད་གནས་ཆེར་བགྱིས་པ་གོང་དུ་འགྲེལ་ཟིན། སློབས་དཔོན་ནི་སློབ་དཔོན་གྱི་འབྲི་ཚུལ་ཏེ། སློབ་དཔོན་བོད་ཡུལ་དུ་ཕེབས་ཏེ་སད་མི་མི་བདུན་སོགས་ཀྱི་སློབ་དཔོན་མཛད་པ་ནས་ཐོགས་པའི་མཚན། ཡུལ་དེའི་མཆོད་གནས་སུ་བཀུར་བ་ནི་ཡུལ་དེའི་བླ་མར་བསྟེན་པའི་དོན། དེ་ལྟར་བྱུང་བས་སློབ་དཔོན་ཐུགས་དགེས་པ་སྟེ། ཐུགས་ཤིན་ཏུ་དགྱེས་པར་གྱུར། འདིའི་དགེས་ནི་དགྱེས་ཀྱི་འབྲི་སྲོལ། ནས་ནི་ལྷག་མ་འདྲེན་པའི་སྒྲ་སྟེ། སློབ་དཔོན་དེ་ལྟར་ཐུགས་དགྱེས་པ་ཆེན་པོ་བྱུང་བས། དེར་འདུས་ཀྱི་སྐྱེ་བོ་རྣམས་ལ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་ཀྱི་ཆོས་སྦྱིན་རྒྱ་ཆེན་པོ་སྤེལ། བཀ་རྩལ་ནི་བཀའ་སྩལ་བ་སྟེ། ཆོས་ཀྱི་བཀའ་གསུང་གནང་བའི་དོན། དེ་ལྟར་ཡུལ་དེའི་སྐྱེ་བོ་རྣམས་ལ་ཆོས་ཀྱི་ཆར་སྦྱིན་ཆེན་པོ་ཕབ་ཏེ་ཐམས་ཅད་ཐར་བ་ཆེན་པོའི་ལམ་དུ་བཀོད།

ཤོག་དྲིལ་དེའི་ཐིག་ཕྲེང་200 -202 བར།། གླང་གི་ལོ་དཔྱིད་སླ་ར་བའི་ཚེས་ཉི་ཤུ་གསུམ་གི་གདུགས་ལ།།  འབོག་རྡོ་རྗེ་རྒྱལ་པོ་དང་།། སྐྱ་ཕུད་ཡང་ཨ་དགེ་དང་།། རྣལ་སྦྱོར་སློབས་དཔོན་སྡེ་ལ།། རྡོ་རྗེ་རྒྱལ་པོའི་དབང་(36)ལུང་རྫོགས་པར་སྩལ།། སྔགས་དང་ཕྱག་རྒྱ་མན་གང་གཏན་ལ་ཕབ་པ།། རྫོགས་སོ།། ཞེས་པ་ལས་ཞེས་པ་ལས། སློབ་དཔོན་གྱིས་ཐེག་པ་ཆེན་པོའི་ཆོས་བཀའ་སྩལ་པའི་རྗེས་སུ། གླང་གི་ལོ་ཞེས་ཤིན་ཏུ་གལ་ཆེ་བའི་ལོ་ཚིགས་གསལ་པོར་བཀོད་འདུག གལ་ཏེ་གླང་ལོ་དེ་ཤེས་ན་སློབ་དཔོན་བོད་དུ་ཕེབས་ལོར་མི་མཐུན་པའི་རྩོད་རྙོག་མང་པོ་རང་ཤུགས་སུ་ཞི་བར་འགྱུར་བའི་ནུས་པ་གལ་ཆེན་ཐོན་ཐུབ་མོད། མིག་སྔར་སློབ་དཔོན་བོད་ལ་ཕེབས་ལོ་གསལ་པོ་ཐག་གཅོད་མི་ཐུབ་ལ། རྒྱལ་དབང་ལྔ་པའི་བཞེད་པ་ལྟར་སྤྱི་ལོ་762 དང་། 《བདུད་འཇོམས་ཆོས་འབྱུང་》 (37)ལྟར་ན། སྤྱི་ལོ་763ལ་སློབ་དཔོན་བོད་ལ་ཕེབས་པར་ངོས་འཛིན་པ་དང་། དེ་ནས་བསམ་ཡས་རྨང་བཏིང་ནས་ལོ་བཞི་ལ་འགྲུབ་པར་དུང་དཀར་གྱིས་བཞེད་པ་ལྟར། སྤྱི་ལོ་766 ལོར་བསམ་ཡས་བཞེངས་གྲུབ་ཀྱི་དགའ་སྟོན་མཛད་པའི་དབང་དུ་བྱས་ན་ཡང་སློབ་དཔོན་བོད་དུ་བཞུགས་ལོར་བཞེད་པ་མི་མཐུན་པ་དུ་མ་(38) ཡོད་པས་འདིར་གསལ་གྱི་གླང་ལོ་དེ་ཐག་ཆོད་ཐབས་བྲལ་པས་འདིར་བཏང་སྙོམས་སུ་མི་འཇོག་ཐུ་མེད་དུ་གྱུར། གླང་ལོ་དེའི་དཔྱིད་སླ་ར་བ་ནི་དཔྱིད་ཟླ་གསུམ་གྱི་ཟླ་དང་པོར་འཁེལ་ཞིང་ཟླ་དེའི་ཚེས་ཉི་ཤུ་གསུམ་གི་གདུགས་ཏེ་ཉིན་མོར་ཅེས་པའི་དོན། སློབ་དཔོན་གྱི་ཉིན་དེར་སླར་ཡང་རང་གི་སློབ་མ་འབོག་རྡོ་རྗེ་རྒྱལ་པོ་དང་སྐྱ་ཕུད་ཡང་ ཨ་དགེ  རྣལ་སྦྱོར་སློབས་དཔོན་སྡེ་སྟེ། གསང་སྔགས་ཉམས་སུ་ལེན་པའི་རྣལ་འབྱོར་བ་དང་སློབ་དཔོན་གྱི་སྡེར་གཏོགས་པ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱི་ལས་སུ་རུང་བའི་དབང་སྦྱིན་པ་དང་། ལུང་སྟེ་དེའི་ཚིག་དག་གི་ལུང་འབོགས་པའི་ཆོ་ག་སྤེལ། དབང་ལུང་དེ་དག་ཉམས་སུ་ལེན་པའི་གཟུངས་སྔགས་དང་། རྣལ་འབྱོར་རྒྱུད་ལས་བྱུང་བའི་གསང་སྔགས་ཀྱི་ལས་རྒྱ་དང་། དམ་རྒྱ། ཆོས་རྒྱ། ཕྱག་ཆེན་ཏེ་ཕྱག་རྒྱ་བཞི་དང་། མན་གང་ནི་མན་ངག་དང་ཡང་ན་མན་ངག་གང་དང་གང་ཡོད་པར་འགྲེལ་ཆོག་སྟེ། ཇི་སྐད་དུ། བློ་ལ་གང་ཕན་བཤད་པ་ལ། གདམས་ངག་མིང་དུ་བཏགས་པ་ཡིན། ཟེར་བ་ལྟར་གཞུང་དོན་ལག་ལེན་དུ་བསྟར་སྐབས་ཀྱི་གལ་ཆེའི་ཉམས་མྱོང་རྣམས་གཏན་ལ་ཕབ་ཅེས་པའོ།། དེ་ལྟར་སློབ་དཔོན་འདི་ཉིད་ཀྱི་མཛད་པ་འཕྲིན་ལ་སུ་གྱུར་པ་རྣམས་ལས་ཁག་ཅིག་རྫོགས་པར་བྱས་པས་ན་རྫོགས་སོ།། ཞེས་མཇུག་བསྡུས་མཛད། ད་ལྟ་ཏུན་ཧོང་བྲག་ཕུག་གི་བྱང་ཁུལ་དུ་གྱེས་རྡོར་ཐོད་པ་ཅན་གྱི་སྒྲུབ་ཕུག་ཡོད་པ་དེའི་ལྡེབས་རིས་བོད་མི་ཉག་གི་དུས་དང་མདུན་སྒོའི་ནང་ངོས་ཀྱི་ལྡེབས་རིས་ནི་ཡོན་རྒྱལ་རབས་དུས་ཀྱི་ཡིན་པའི་ཉམས་ལྡན་པས་བྲག་ཕུག་བཞེངས་གྲུབ་ཀྱི་དུས་གསལ་པོ་མི་ཤེས་ཀྱང་། སྒྲུབ་ཕུག་དེས་ཡུལ་འདིར་གསང་སྔགས་ཀྱི་བསྟན་པ་དར་བ་མཚོན་ལ། དེ་ཡང་སློབ་དཔོན་པད་འབྱུང་སྐུ་དངོས་སུ་ཡུལ་ཁམས་འདིར་ཕེབས་ཏེ་རྡོ་རྗེ་རྒྱལ་པོའི་དབང་བསྐུར་བ་སོགས་དེའི་དུས་ནས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་འབྲེལ་བ་དམ་པོ་ཡོད་དོ་སྙམ།

ཡིག་རྙིང་ཐིག་ཕྲེང་203ལ་གསལ་བའི་ཡི་གེ་འདི འབྲི་པ་པོ་འབྲོ་དཀོན་མཆོག་དཔལ་ནི་རུས་འབྲོ་ལས་བྱུང་བ་ཞིག་ཡིན། ཁོང་ནི་ཤོག་དྲིལ་འདི་འབྲི་བཤུས་བྱེད་པོ་ཡིན་པར་ཆ་འཇོག་བྱས་ན་དུས་རབས་བཅུ་གཅིག་པའི་དུས་ཀྱི་མི་ཞིག་ཡིན་ལ། སློབ་དཔོན་གྱི་མཛད་རྣམ་འདི་ཐོག་མར་འབྲི་པ་པོ་ཡིན་པར་ངོས་འཛིན་བྱས་ན་དུས་རབས་བརྒྱད་པའི་ནང་གི་མི་ཞིག་ཡིན་དགོས།  ཤོག་དྲིལ་འདིའི་ནང་སཾ་བོད་ཤན་སྦྱར་གྱི་བརྡ་དང་། བསྟན་པ་སྔ་དར་དང་ཕྱི་དར་དུས་སུ་ཐེག་ཆེན་གྱི་ཆོས་ལ་སྤྱོད་པ་དང་དབང་ཐོབ་པའི་བོད་རྒྱལ་ཁག་ཅིག་གི་མཚན་གསལ་བ་རྣམས་ལ་དཔོག་ན། འབྲོ་དཀོན་མཆོག་དཔལ་ནི་སློབ་དཔོན་གྱི་རྣམ་ཐར་འདི་སྔར་གྱི་ཡིག་རྙིང་དུ་ཡོད་པ་འདིར་སྤོར་བཤུས་བྱེད་མཁན་ཡིན་པར་བདག་གིས་འདོད།

ཡིག་རྙིང་འདི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པ་ནས་1924 ལོར་哈金ལགས་ཀྱིས་ཐའོ་མ་སིས་དག་སྒྲིག་གནང་བ་གཞི་བཟུང་ནས་དཔྱད་རྩོམ་སྤེལ་བའི་ནང་། རྒྱ་གར་ཆོས་ཀྱི་རྒྱལ་པོའི་སྲས། དེ་བ་པུ་ཏྲ། ཞེས་པ་འགྲེལ་དུས་སུ་ཚིག་དོན་གསལ་པོ་མ་རྟོགས་པར། རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་པའི་རྒྱ་གར་གྱི་བཙུན་པ་དེ་བ་པུ་ཏྲ་(Devaputra)ཞེས་པ་ཞིག་སྤྱི་ལོ་དུས་རབས་10པའི་དུས་སྨད་ལ་སུག་ཅུར་ཕེབས་པར་བཤད་པ་ལྟར། འཇར་པན་གྱི་མཁས་པ་ཀའོ་ཐེན་ཧྲི་ཞུན་(高田时雄)ལགས་ཀྱིས་འཆད་ཚུལ་དེར་དཔྱད་ཞིབ་མེད་པར་ཁོང་གིས་མཛད་པའི་དེབ་(39)དུ་དྲངས་པ་དེ་དེང་སང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་(དུ)ཁྱབ་པའི་རྩོམ་དུ་གྱུར་ཀྱང་། སྔ་མས་མུན་ནག་མདའ་འཕེན་གྱིས་ཚུལ་དུ་སྨྲས་ལ། རྗེས་མས་ཨ་ཕའི་ཁ་ཕོར་གཙང་ཞེན་དུ་བཟུང་བ་ཙམ་ལས་རྒྱུ་མཚན་གཞན་མེད་པ་ཤེས་པར་བྱའོ།། དེང་སང་སློབ་དཔོན་པད་མ་འབྱུང་གནས་འཇིག་རྟེན་དུ་བྱོན་ཡོད་མེད་ལ་ཐེ་ཚོམ་ཟ་བའི་ཕྱི་པའི་ཞིབ་འཇུག་པ་རྣམས་ཀྱིས་ཡིག་རྙིང་དུ་འཁོད་པའི་རྣམ་ཐར་འདི་འདྲའི་དོན་ལ་དཔྱོད་པའི་གོ སྐབས་བྱུང་ན་དོགས་པ་ཐམས་ཅད་ངང་གིས་ཞི་བར་འགྱུར།

དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།། གངས་ཅན་བོད་ལ་གྲགས་པའི་སྐྱེས་ཆེན་གང་།། སུག་ཅུ་ཞེས་གྲགས་མངོན་དགའི་ཞིང་ཁམས་དེར།། ཞབས་ཟུང་པད་མོ་དངོས་སུ་བཀོད་དོ་ཞེས།། ཁུངས་བདེན་ཡིག་རྙིང་སྔོན་མེད་འདི་ན་གསལ།། དེང་འདིར་ཕྱི་ནང་ཞིབ་འཇུག་མཁན་ཁྲོད་ནས།། སློབ་དཔོན་ཞེས་པ་ཡོད་མེད་ཐེ་ཚོམ་གྱི།། བློ་ཡི་མུན་པར་འཁྱམས་པ་དེ་དག་ཀུན།། དེང་ནས་ངལ་གསོ་སྟེགས་བུར་བསྟེན་ཤིག་ཀྱེ།། ཞེས་བརྗོད་པར་བྱའོ།།

གཞན་ཡང་《 བཀའ་ཐང་》 སོགས་སློབ་དཔོན་གྱི་རྣམ་ཐར་རྣམས་སུ་འཁྲུངས་ཡུལ་གྱི་མིང་ཨུ་རྒྱན་གཉིས་གང་བདེར་འབྲི་བ་དང་། ཨ་ཙ་ར། མཁན་པོ། སློབ་དཔོན་དོན་གཅིག་མིང་གི་རྣམ་གྲངས་དུ་མ་ཅན་མང་ལ། ཏུན་ཧོང་ཡིག་རྙིང་P. T.44 ནང་། པད་མ་སམ་བ་བ་(པདྨ་སཾ་བྷ་ཝ) དང་། བོད་སྐད་དུ་པདྨ་འབྱུང་གནས་སུ་གྲགས་པ་རྣམས་ལས་པདྨ་འབྱུང་གནས་ཞེས་པའི་མཚན་འདི་ཇི་ལྟར་ཐོགས་པར་རྒྱུ་མཚན་ངེས་ཅན་དྲངས་ནས་དཔྱད་རྒྱུ་ཡོད་ཀྱང་འདིར་ཡིག་རྙིང་གི་ཚད་ལ་གཞིགས་ནས་འགྲེལ་བ་གཙོར་བཟུང་པས་དཔྱད་བྱ་དེ་དག་རྗེས་ཀྱི་ལས་སུ་བཀོད་དོ།།

ཡུན་རིང་བྱེ་མར་གཟིམས་པའི་གཏེར་ཡིག་འདི།། ས་སྟེང་མི་ཡུལ་འགྲིམས་ནས་ལོ་བརྒྱ་འགོར།། མཁས་པ་བརྒྱ་ཡིས་ཡང་ཡང་དཔྱད་ཀྱང་ནི།། ཚིག་གི་མདུད་པ་མ་འཁྲོལ་ལུས་པ་དེ།། ཨུ་རྒྱན་པད་མའི་ལུང་གིས་མ་ཟིན་ཞིང་། ། གཏེར་སྟོན་བྱ་བའི་མིང་ཡང་མ་ཐོབ་པ།། ཁ་བའི་ལྗོངས་ནས་སྐྱེས་པའི་ཁ་སྒང་པས།། སུ་དང་གང་གི་སྐུལ་ལ་མ་ལྟོས་པར།། སྒྲུབ་བྱེད་ཁུངས་ལྡན་ཡིག་རྙིང་རྒན་པོ་དང་།། དཔྱད་གཟོད་མཁས་པའི་གསུང་ལ་གཞི་བཅོལ་ཏེ།། པད་འབྱུང་རྣམ་ཐར་གབ་པ་འདིའོ་ཞེས། ཐོག་མའི་དཔྱད་པ་ཀུན་གྱི་གཟིགས་མོར་བཀྲམས།། དེ་བ་པུ་ཏྲ་ལེགས་སྦྱར་ལྷ་ཡི་སྐད།། བོད་དུ་རྒྱ་གར་ཆོས་ཀྱི་རྒྱལ་པོ་སོགས། སྔ་རབས་མཁས་པའི་གསུང་དུ་གྲགས་པ་རྣམས།། མ་ནོར་འགྲེལ་བ་གངས་རི་མཛེས་པའི་རྒྱན།། རང་གིས་མ་རྟོགས་གཞན་ལ་མི་འདྲི་བར།། མུ་ཅོར་ཚིག་ཕྲེང་བསྟར་བའི་སྐྱེས་པོ་འགས།། བརྡ་དོན་ཇི་བཞིན་འགྲེལ་ལ་དོགས་སློང་ལྟར།། སྐྱོན་བརྗོད་བྱེད་མཁན་བྱུང་ཡང་འཇིགས་པ་མེད།། འོན་ཀྱང་དམ་པའི་ཆོས་ལ་བརྒྱ་ཚར་དང་།། རིན་ཆེན་གསེར་ལ་བསྲེགས་བཅད་བརྡར་བའི་དཔེ།། རྒྱལ་བའི་བཀའ་ལའང་ལེགས་པར་བརྟག་བྱ་བའི།། གངས་ཅན་བོད་པའི་རིགས་ལམ་སུ་ཡིས་འགོག།

མཆན་འགྲེལ།

① 《ཨོ་རྒྱན་གུ་རུ་པད་མ་འབྱུང་གནས་ཀྱི་རྣམ་ཐར་རྣམ་གྲངས་བཅུ་གཉིས་ཀྱི་བདག་ཉིད་ཅན་དྲི་མ་མེད་པའི་རྒྱན》ཤོག་གྲངས་1 - 8ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ། འདི་མན་ནས་《པད་འབྱུང་རྣམ་ཐར་དྲི་མེད་རྒྱན་》དུ་བསྡུས་རྒྱུ།

②《བསྟན་འགྱུར》སྣ་ཚོགས་ཀྱི་སྐོར། (ཆོ) 《འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ》ཤོག་ངོས་115_1247ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004 ལོ།

③《བུ་སྟོན་ཆོས་འབྱུང》ཤོག་ངོས་183ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1988ལོ།

④ཧྭ་ཤང་ཞེས་བྱ་བ་ནི་རྒྱའི་ཆོས་སྟོན་པའི་སློབ་དཔོན་ཡིན་ཞིང་། 《དེབ་ཐེར་དཔྱིད་ཀྱི་རྒྱལ་གླུའི་འགྲེལ་པ་ཡིད་ཀྱི་དགའ་སྟོན་》ནོར་བྲང་ཨོ་རྒྱན་གྱིས་མཛད། ཤོག་ངོས་150 ལ། མི་རིགས་དཔེ་སྐྲུན་ཁང་། 1993ལོ།

⑤《རྦ་བཞེད་》ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་མཆོག་གིས་མཛད། 《ཀྲུང་གོའི་བོད་རིག་པ》 2005ལོའི་དེབ་བཞི་པའི་ཤོག་ངོས་57ལ།

⑥བཙན་པོས་རྒྱའི་སྟོན་པའི་ཆོས་འདི་བག་ཙམ་མནམ་བ་མིན་ནམ་བྱས་པས་སྟོན་མིན་བྱ་བར་གྲགས། རྒྱལ་པོ་ན་རེ། ལུས་ལ་མེ་གཏོང་པའི་བརྩེ་བ་དེ་ཡང་ཆོས་མིན་ནམ་བྱས་པས་བརྩེ་མིན་པ་བྱ་བར་གྲགས། 《སྦ་བཞེད》ཤོག་ངོས་64 ལ། མི་རིགས་དཔེ་སྐྲུན་ཁང་། 1980ལོ།

⑦ཏོན་མུན་དང་རྩེན་མུན་ནི་རྒྱའི་སྐད་དེ་ཅིག་ཅར་བ་དང་རིམ་གྱིས་པ་ཞེས་པའོ།། 《བུ་སྟོན་ཆོས་འབྱུང》ཤོག་གྲངས་190ལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988ལོ།

ཏོན་མུན་དང་རྩེན་མུན་ནི་རྒྱའི་སྐད་དེ་ཅིག་ཅར་བ་དང་རིམ་གྱིས་པ་ཞེས་པའོ།། ཞེས་མཁས་པའི་དབང་པོ་བུ་སྟོན་ཞབས་གསུང་བ་ལེགས་སོ།། 《དེབ་ཐེར་དཔྱིད་ཀྱི་རྒྱལ་གླུའི་འགྲེལ་པ་ཡིད་ཀྱི་དགའ་སྟོན》ནོར་བྲང་ཨོ་རྒྱན་གྱིས་མཛད། ཤོག་ངོས་196 ལ། མི་རིགས་དཔེ་སྐྲུན་ཁང་། 1993ལོ།

⑧《རྒྱ་བོད་ཡིག་ཚངས་ཆེན་མོ》ཤོག་ངོས་180ལ། དེ་ཝས་མང་པོ་རྗེ་དང་སེང་གྷོ་ལྷ་ལུང་གཉིས་ཨུ་རྒྱན་གྱི་སློབ་དཔོན་པད་མ་འབྱུང་གནས། བལ་པོ་ཡང་ལེ་ཤོད་ཀྱི་བྲག་ཕུག་ནས་གདན་འདྲེན་པ་ལ་བཏང་བས། ཞེས་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ།

⑨པུ་ཏྲ་ནི་རྗེས་ཀྱི་ཡི་གེར་མང་པོ་མི་འབྱུང་ཡང་《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོར་བསྐྲུན་པའི་ཤོག་ངོས་43ངོར། ལྷོ་ནུབ་ངམ་ཤོད་གླིང་གི་དུར་ཁྲོད་ནས་པུ་ཏྲ་རྣམ་པ་གསུམ་བཀུག་སྟེ་དབང་བསྐུར་དམ་ལ་བཏགས་ནས། ཞེས་འབྱུང་བས་ཡི་གེ་དེ་ཡང་སྐབས་དེ་དག་ཏུ་བོད་ནས་སྤྱོད་པའི་ལེགས་སྦྱར་གྱི་ཡི་གེ་ཡིན་འདུག་པ་ཤེས་ལ།

《རོལ་མོའི་བསྟན་བཅོས》ས་པཎ་གྱིས་བརྩམས་ཤིང་ས་སྐྱ་ཨ་མྱེས་ཞབས་ཀྱིས་འགྲེལ་མཛད་པ། མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཤོག་གྲངས་72ངོས་སུ། ལོ་ཆེན་( ལོ་ཙཱ་བ་རིན་ཆེན་བཟང་པོ། སྤྱི་ལོ་958 -སྤྱི་ལོ་1055)གྱིས་པུ་ཏྲ་ལ་ལས་བཅོལ་བས། པུ་ཏྲ་བོན་པོའི་སྟེང་དུ་འགོར་མ་བཏུབ་ཅིང་ལོག་ལ་ཁད་པ་བྱུང་བ་ལ། སྔགས་རྣམས་ཞང་ཞུང་གི་སྐད་དུ་བསྒྱུར་ཏེ་ལས་སྦྱོར་བྱས་པས་དེ་མ་ཐག་འགྲུབ་པར་བྱུང་བས། དེའི་ཕྱིས་ཆད་བོད་རྦད་བསད་གསུམ་ཞང་ཞུང་གི་སྐད་དུ་ཡོད་པ་ཡིན་གསུངས། ཞེས་བཀོད་འདུག་པས་ཕལ་ཆེར་དུས་རབས་14 བའི་སྔ་རྗེས་སུའང་སྤྱོད་ཀྱིན་ཡོད། དེའི་དོན་བུར་འཇུག་པ་ནི་ཅོ་ནེ་གྲགས་པ་བཤད་སྒྲུབ་(སྤྱི་ལོ་1675 -སྤྱི་ལོ་1749)ཀྱིས་མཛད་པའི་《རྒྱ་སྐད་དང་སྔགས་དོན་བོད་སྐད་དུ་དཀྲོལ་བ་བཞུགས་སོ》ཞེས་པ་ལས། པུ་རུ་སྐྱེས་བུ་པུ་ཏྲ་བུ། ཞེས་བསྟན་ཡོད།

⑩《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ཤོག་ངོས་52ལ། མི་རིགས་དཔེ་སྐྲུན་ཁང་། 1980ལོ། (ནང་ཆོས་བོད་ལ་མ་དར་བའི་སྔོན་ལ་ལྷ་ཞེས་པའི་ཡི་གེའམ་འབོད་ཚུལ་དེ་མེད་པ་ཐག་མི་ཆོད་ཀྱང་ཡིག་རྙིང་དུ་ལྷ་སར་ར་ས་དང་། བོད་རྒྱལ་སྲོང་བཙན་གྱིས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ལོ་རྒྱུས་ཡི་གེ་རྣམས་སུ་གཙུག་ལག་ཁང་དང་ར་ས་ཞེས་པ་ལས་མི་འབྱུང་བ་དང་བོན་གྱི་སྐད་དུ་ལྷ་ཁང་ལ་གསས་ཁང་དུ་གྲགས་པ་དེ་དག་གི་ངོས་ནས་སེམས་ན། ལྷ་ཞེས་པའི་མིང་བརྡ་འདི་ནི་ནང་ཆོས་ཀྱི་ལྟ་བ་འགྲོ་བ་རིགས་དྲུག་དང་། ས་འོག་ས་སྟེང་། ས་བླ་སོགས་ཀྱི་གཞུང་ལུགས་བོད་ལ་དར་བ་ནས་དར་བའི་མིང་བརྡ་ཞིག་ཡིན་པའི་སྣང་བ་སྐྱེས།)

⑪རྒྱ་གར་ཡུལ་དབུས་མ་གྷ་དྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་བའི་ཚེ་(སྤྱི་ལོ་730 -སྤྱི་ལོ་777 བར་)ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལས་སྲིད་དབང་བཟུང་ཞིང་། དེའི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་སྲ་དོའམ་སྲིག་དྷ་ར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད། དེ་ལ་སྲས་མཚན་བཟང་དང་ལྡན་པ་ངོ་མཚར་འགྲན་ཟླ་མེད་པ་ཞིག་འཁྲུངས་བ་ལས། ཁྱེའུའི་མཚན་ལ་ལྟས་བལྟ་བ་ལ་མཁས་པ་མང་པོ་ཞིག་ལ་བསྟན་པ་ན། གསང་སྔགས་ཀྱི་རྣལ་འབྱོར་བ་ཞིག་གིས་སྲས་འདིས་རྒྱལ་སྲིད་མི་བཟུང་ཞིང་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་སློབ་དཔོན་ཆེན་པོ་ཞིག་འབྱུང་བ་དང་། མཚན་ལ་པདྨ་ཨ་བ་བྷ་སི་སྟེ་མཚམས་སྦྱར་བས་པདྨ་བ་གྷ་སི་ཞེས་བཏགས། ཞེས་དང་། 《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ཤོག་ངོས་117ལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1997ལོ།

མཁར་ཆེན་བཟའ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་པ་གོར་ལོ་ཆེན་བེེ་རོ་ཙ་ནས་མཛད་པའི་《པད་འབྱུང་རྣམ་ཐར》དུ། སྤྲུལ་པའི་ཆོ་འཕྲུལ་ཆེན་པོ་བརྩམས་པ་ནི༔ དེ་ཡང་རྒྱ་གར་རྡོ་རྗེ་གདན་དྲུང་གིས༔ ནུབ་ཕྱོགས་ཨོ་རྒྱན་ཞེས་པའི་ནུབ་དབུས་སུ༔ དྷ་ན་ཀོ་ཤ་ཞེས་པའི་གནས་མཆོག་ཏུ༔ ......... ཨིནྡྲ་རིགས་ནི་རྒྱལ་པོ་ཕ་ལ་ཞེས༔ བཙུན་མོ་ལྔ་བརྒྱ་བློན་པོ་སྟོང་རྩ་གཉིས༔ ......... བཙུན་མོ་ཆེ་བ་ཨིནྡྲ་སྟོང་བཟང་གི༔ བུ་མོ་ལྷ་ལྕམ་ཅོད་པན་བཟང་ཞེས་དང༔ གཉིས་ཀྱི་བུ་རུ་སྤྲུལ་ནས་འདུལ་དགོས་དགོངས༔ རེ་ཞིག་ཡབ་ཡུམ་ལྷན་ཅིག་གཟིམས་པའི་དུས༔ འཕགས་པའི་ཐུགས་ལས་འོད་ཟེར་སྟོང་གསུམ་འཕྲོས༔ སླར་འདུས་གསེར་གྱི་རྡོ་རྗེ་གཅིག་གྱུར་ནས༔ ཨིནྡྲ་ཕ་ལའི་སྨིན་མཚམས་དངོས་སུ་འཐིམ༔ སྐུ་ལུས་བདེ་གཡོས་ཡབ་ཡུམ་སྦྱོར་བ་བྱས༔ ཡབ་ཡུམ་ཁང་ནང་ཉི་ཟླ་ཤར་བ་རྨིས༔ དེ་ནས་ཟླ་དགུ་ཞག་གསུམ་ཆགས་སོང་ནས༔ སྲས་ནི་ཡ་མཚན་ཆེ་བ་གཅིག་ཀྱང་བཙས༔ བཙས་མ་ཐག་ཏུ་སྨྲ་ཤེས་འགྲོ་ཤེས་ཤིང༔ ཞེས་《པད་འབྱུང་རྣམ་ཐར་དྲི་མེད་རྒྱན》 ཤོག་གྲངས་25ལ་སློབ་དཔོན་འདི་ནི་ཨོ་རྒྱན་རྒྱལ་པོའི་སྲས་ཡིན་ཚུལ་གསལ་པོར་བསྟན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ།

⑫བྲམ་ཟེ་མེ་ཏོག་དམར་པོའི་ནང་དབུས་སུ། སྣང་བ་མཐའ་ཡས་ཐུགས་ཀའི་ས་བོན་ཧྲྰི། འོད་དུ་ཞུས་པས་རྫུས་སྐྱེས་སྤྲུལ་བའི་སྐུ། པད་མ་འབྱུང་གནས་ཞི་ཞིང་རབ་ཏུ་ཞི། ཞེས་《བཀའ་ཐང་སྡེ་ལྔར》བཀོད་པ་དང་《བཀའ་ཐང་སྡེ་ལྔ》ཤོག་ངོས་3ལ། མི་རིགས་དཔེ་སྐྲུན་ཁང་། 1988ལོ།

རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས༔ ནུབ་ཕྱོགས་ཨུ་རྒྱན་ཡུལ་གྱི་བྱང་ཤར་ངོས༔ དྷ་ན་ཀོ་ཤའི་ནུབ་བྱང་པདྨའི་ཚལ༔ དྲི་མེད་མདངས་ལྡན་རྒྱ་མཚོའི་གླིང་ཞིག་ན༔ ངུར་པ་ཁྲུང་ཁྲུང་ལ་སོགས་ཆུ་བྱའི་རིགས༔ དཔག་ཏུ་མེད་པ་ཁྲ་ཅེམ་སོང་བའི་དབུས༔ འཇའ་ཚོན་སྣ་ལྔའི་འོད་ཀོར་གུར་ཕུབ་འདུག༔ རྒྱལ་པོ་ཨིནྡྲ་བོ་དྷིའི་ཞལ་ན་རེ༔ ཉེ་བར་འགྲོ་དགོས་མདང་གི་རྨི་ལམ་ན༔ གསེར་གྱི་རྡོ་རྗེ་རྩེ་དགུ་འོད་འཕྲོ་ཞིག༔ ནམ་མཁའ་ནས་བྱུང་ལག་ཏུ་ལོན་པ་རྨིས༔ ཉི་མ་བདག་གི་སྙིང་ནས་ཤར་བ་རྨིས༔ དེ་སྐད་གསུངས་ནས་རྒྱལ་པོ་བློན་པོ་གཉིས༔ གྲུ་ཆུང་ཞིག་ཏུ་ཞུགས་ནས་ཕྱིན་པ་དང༔ ངུར་པའི་ཚོགས་རྣམས་སྒྲ་དིར་འགྲོགས་(སྒྲོག་)པར་གྱུར༔ པདྨའི་སྟེང་ན་ཁྱེའུ་ལོ་བརྒྱད་ཙམ༔ བལྟ་ན་སྡུག་པ་བྱད་བཞིན་ལེགས་པ་ཞིག༔ སྐུ་མདོག་དུང་ཕོ་ཚོས་བསྐུས་པ་འདྲ༔ རྒྱལ་པོ་ངོ་མཚར་སྐྱེས་ནས་གསོལ་པ་ནི༔...... འདི་ནི་སྤྲུལ་པའི་སྐུ་ཞིག་ཡིན་སྙམ་ནས༔ ང་ཡི་བུ་སྐལ་མཆོད་གནས་བྱའོ་སྙམ༔ པདྨའི་སྡོང་པོ་ཁྱེའུར་བཅས་པ་ཁྱེར༔ རྒྱལ་པོ་ཉིད་ཀྱི་ཡུལ་ཕྱོགས་ཕྱིན་པར་གྱུར༔ ཅེས་བཀོད་འདུག་པ་རྣམས་ལས་སློབ་དཔོན་འདི་སྐྱེས་གནས་བཞི་ལས་རྫུས་སྐྱེས་སུ་འདོད་ཚུལ་《པདྨ་བཀའ་ཐང་》ཤོག་ངོས་114 - 116ལ་གསལ། མི་རིགས་དཔེ་སྐྲུན་ཁང་། 1987ལོ།

⑬⑱(24)《བཀའ་ཐང་སྡེ་ལྔ》ཤོག་ངོས་277 དང་ཤོག་ངོས་9 ཤོག་ངོས་277 ལ། མི་རིགས་དཔེ་སྐྲུན་ཁང་། 1988ལོ།

⑭《རྒྱལ་རབས་གསལ་བའི་མེ་ལོང》ཤོག་ངོས་98ལ།མི་  རིགས་དཔེ་སྐྲུན་ཁང་། 1981 ལོ། 《བཀའ་ཐང་སྡེ་ལྔ་》ལས། ཕྱོགས་བཞིར་བསྐོས་པའི་རྒྱལ་པོ་སྡེ་བཞི་བྱུང་། ཤར་ཕྱོགས་རྒྱ་ནག་གཙུག་ལག་རྒྱལ་པོ་ནི། མར་གཞོང་གབ་ཙེས་བསྐོས་ཤིང་ལེགས་ཉེས་གཅོད། ལྷོ་ཕྱོགས་རྒྱ་གར་ཆོས་ཀྱི་རྒྱལ་པོ་ནི། བདུད་རྩིའི་བུམ་པ་གླང་བོའི་སྣ་ལ་བཏགས། དེ་ཡིས་དབང་བསྐུར་...... ། ཅེས་པའང་དོན་མ་གོ་བའི་གཏམ་མོ།།

⑮《བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྲིད་ཁྲིར་བཞུགས་ལོར་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་འགར་དཔྱད་པ》ཁ་སྒང་བཀྲ་ཤིས་ཚེ་རིང་། 《ཀྲུང་གོ་བོད་རིག་པ》 2007ལོའི་དེབ་2པ།

⑯《དུང་དཀར་ཚིག་མཛོད། ལོ་ཚིགས་དྭངས་ཤེལ་མེ་ལོང》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ།

⑰⑳ (22)《པད་འབྱུང་རྣམ་ཐར་དྲི་མེད་རྒྱན》ཤོག་ངོས་25དང་ཤོག་ངོས་67ཤོག་ངོས་110ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ།

⑲《སུམ་པ་ཆོས་འབྱུང》ཤོག་ངོས་748ལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ།

(21)《ཨོ་རྒྱན་པད་འབྱུང་གི་རྣམ་ཐར་དྲི་མེད་རྒྱན》ཤོག་གྲངས་89- 90ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006 ལོ།

(23)(25)(27)(29)《བདུད་འཇོམས་ཆོས་འབྱུང》ཤོག་ངོས་133 དང་ཤོག་ངོས་129--130 ཤོག་ངོས་134 ཤོག་ངོས་134 ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1996ལོ།

(24)《བཀའ་ཐང་སྡེ་ལྔ》ཤོག་ངོས་277ལ། མི་རིགས་དཔེ་སྐྲུན་ཁང་། 1988ལོ།

དེ་ནས་ཞང་ཞུང་ཡུལ་དུ་བོན་རྣམས་ལ༔ ཚེ་དབང་རིག་འཛིན་སྤྲུལ་ནས་བོན་ཆོས་རྣམས༔ ཡོ་ག་གསུམ་གྱི་སྒོ་དང་མཐུན་པར་གསུངས༔ སྨིན་གྲོལ་གཉིས་ཀྱིས་སེམས་ཅན་བདེ་ལ་བཀོད༔ 

དེ་ནས་སྟག་གཟིག་གེ་སར་ཐོ་གར་དང་༔ དཔོན་སྐུ་གསུང་སྤྲུལ་པ་འགྱེད་ནས་བཀོད༔ 《 ཨོ་རྒྱན་པད་འབྱུང་རྣམ་ཐར་དྲི་མེད་རྒྱན》 ཤོག་གྲངས་6- 8ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ།

(26)(28) 《སྦ་བཞེད》ཤོག་ངོས་58དང་ཤོག་ངོས་62ལ། མི་རིགས་དཔེ་སྐྲུན་ཁང་། 1980ལོ།

(30)《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》ཤོག་ངོས་262ལ། མི་རིགས་དཔེ་སྐྲུན་ཁང་། 1983ལོ།

(31)《敦煌吐蕃文书论文集》ཤོག་ངོས་39—40ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ།

(32)(33)《ཨོ་རྒྱན་པད་འབྱུང་གི་རྣམ་ཐར་དྲི་མེད་རྒྱན》ཤོག་ངོས་128དང་ཤོག་ངོས་85ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ།

(34) འཕགས་པ་རྣམས་ཐུགས་དགེས་པར་འགྱུར་ལ། 《རོལ་མོའི་བསྟན་བཅོས》ས་པཎ་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་70ལ། 1988ལོར་པར་པའི་དེབ་དུ་དེ་ལྟར་གསལ་བར་གཞིགས་ན་དགེས་ནི་དགྱེས་ཀྱི་འབྲི་སྲོལ་ཏེ། ས་སྐྱ་བའི་དུས་སུའང་དེ་ལྟར་འབྲི།

ས་སྐྱ་ཨ་མྱེས་ཞབས་ཀྱིས་མཛད་པའི་ས་པཎ་གྱི《རོལ་མོའི་བསྟན་བཅོས》ཀྱི་འགྲེལ་བ་ལས། འཇམ་དབྱངས་བླ་མ་དགེས་པའི་སྙན་པའི་སྒྲ་དབྱངས་བློ་གསལ་ཡིད་འཕྲོག་ཅེས་འཁོད་ཡོད། 《རོལ་མོའི་བསྟན་བཅོས》ས་པཎ་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་15ལ། 1988ལོ།

(35)《པདྨ་བཀའ་ཐང་》ཤོག་ངོས་90ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ།

(36)《རོང་ཟོམ་ཆོས་བཟང་གི་གསུང་འབུམ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1999 ལོ། དེབ་དང་པོ། ཤོག་གྲངས་178 ངོས་སུ། རྡོ་རྗེ་རྒྱལ་པོ་ནི་རིགས་ཐམས་ཅད་ཀྱི་བདག་པོ་ཆེན་པོ་ཡིན་པའི་ཕྱིར་རིགས་ཀྱི་སྤྱི་དབང་བསྐུར་རོ།ཞེས་དང་།《མདོ་རྒྱུད་རིན་པོ་ཆེའི་མཛོད》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2000 ལོ། ཤོག་གྲངས་271 ངོས་སུ། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་ཏིང་ངེ་འཛིན། ཅེས་གསལ།

(37)《བདུད་འཇོམས་ཆོས་འབྱུང》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1996ལོར་བསྐྲུན་པའི་ཤོག་ངོས་131 ལ། དེའང་ཁྲི་སྲོང་དགུང་ལོ་ཉེར་གཅིག་པ་ལ་གུ་རུ་བོད་དུ་ཕེབས། ཞེས་འབྱུང་བ་དང་། ཏུན་ཧོང་ཡིག་རྙིང་བཙན་པོའི་ལོ་ཚིགས་སུ། སྤྱི་ལོ་742 ལོར་ཁྲི་སྲོང་ལྡེ་བཙན་འཁྲུངས་པས། དེ་གཉིས་བསྡུར་བས་སྤྱི་ལོ་763ལོར་གུ་རུ་བོད་དུ་ཕེབས་པའི་ལོ་ཚིགས་གྲུབ་ལ། ལོ་ཚིགས་འདི་བདུད་འཛོམས་རིན་པོ་ཆེས་འདོད་ཚུལ་ཡིན་དགོས་པར་བདག་གིས་འདོད་པས་དེ་ལྟར་བྲིས།

(38) 《དུང་དཀར་ཚིག་མཛོད་》དུ། 《བཀའ་ཐང་》འགའ་ཞིག་ལས་སློབ་དཔོན་བོད་དུ་ལོ་དྲུག བཅུ་གཉིས། བཅོ་བརྒྱད། ལྔ་བཅུ་སོགས་སུ་བཞུགས་པར་བཤད་པ་མི་འདྲ་བ་ཡོད། ཅེས་དང་། 《 ཨོ་རྒྱན་པད་འབྱུང་གི་རྣམ་ཐར་དྲི་མེད་རྒྱན》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006 ལོར་བསྐྲུན་པའི་ཤོག་གྲངས་121 ངོས་སུ། ལོ་ཡང་བརྒྱ་དང་བཅུ་གཅིག་བོད་ཡུལ་བསྐྱངས། ཞེས་དང་། 《བདུད་འཇོམས་ཆོས་འབྱུང》 1996ལོར་བསྐྲུན་པའི་ཤོག་གྲངས་131 ངོས་སུ། བོད་དུ་ཅི་ཙམ་བཞུགས་པ་ཡང་། ...... ལོ་རིལ་པོ་ལྔ་བཅུ་ང་ལྔ་དང་ཟླ་དྲུག་བཞུགས་པར་འདོད། ཅེས་དང་། ཡང་དུང་དཀར་རིན་པོ་ཆེས་རང་གི་འདོད་ཚུལ་བཀོད་པར། བོད་དུ་ལོ་ལྔ་བཅུ་མ་ཟིན་ཙམ་ཞིག་བཞུགས་ཡོད་ངེས་སྙམ། ཞེས་《 དུང་དཀར་ཚིག་མཛོད》 དུ་གསལ།

(39)《敦煌·民族·语言》第6页。中华书局, 2005年出版。

ཟུར་བཀོད།

༄༅། །ཏུན་ཧོང་གཏེར་ཡིག་ནས་རྙེད་པའི་སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར།

189. ། ། རྒྱ་གར་ཆོས་ཀྱི་རྒྱལ་པོའི་སྲས་། དེ་བ་པུ་ཏྲ་ཆོས་ནི་མ་བསླབས་པར་རང་ཤེས་།

19 0. འཕགས་པ་སྤྱན་རས་གཟིག་ཀྱི་དབང་ཕྱུག་ཀྱི་དངོས་སྒྲུབ་ནི་བརྙེས་ ། ། བོད་ཡུལ་དུ་གཤེས་

191.ཏེ་། བོད་ཀྱི་ལྷ་བཙན་པོ་ཐམས་ཅད་ལ་། ཆོས་བཤད་ཅིང་དབང་བསྐུརས།། གངས་ཏི་སི་ལ་བསྙེན་

192. བསྒྲུབ་ཟབ་མོར་བགྱིས་། མཚོ་མ་འཕང་ལ་འཁྲུས་བརྒྱིས་ནས་། ། ཆོས་འཁོར་བསམ་ཡས་སུ་

193.གདན་གཤགས་། བཅོམ་ལྡན་འདས་ཀྱི་རིང་ལུགས་དང་། ། དབས་རྒྱལ་བ་ཡེ་ཤེས་དང་། མཁས་བཙུན་

194.མང་པོ་གིས། ། དགེ་འདུན་སྡེ་གཉིས་གིས་། མཆོད་གནས་ཆེར་མཛད་། བང་ཆེན་དང་། རིམ་མགྲོའ་བགྱིས་

195.ནས་། ། རྒྱ་ཡུལ་དུ་བསྐྱལ། །རྒྱ་རྗེ་དང་། རྒྱ་བློན་མང་པོས་མཆོད་གནས་ཆེར་བགྱིས། །རི་བོ་རྩེ་

196. ལྔ་ལ་། འཕགས་པ་འཇམ་དཔལ་གི་ཞལ་མཐོང་། ། སླར་རྒྱ་གར་ཡུལ་དུ་གཤགས་པའི་ཤུལ་

197. ཀར། སུག་ཅུར་གདན་གཤགས་། ། ཡུལ་དཔོན་དང་། དགེ་འདུན་སྡེ་གཉིས་དང་། ། རྣལ་འབྱོར་

198. འཕྲེང་ཐོགས་གི་སྡེ་དང་། ། སུག་ཅུ་ཡོན་བདག་ཐམས་ཅད་ཀྱིས་། ། མཆོད་གནས་ཆེར་བགྱིས། །

199. སློབས་དཔོན་ཐུགས་དགེས་ནས་། ། ཐེག་པ་ཆེན་པོ་འི་ཆོས་བཀ་རྩལ།།།།

200. ། །གླང་གི་ལོ་དཔྱིད་སླ་ར་བའི་ཚེས་ཉི་ཤུ་གསུམ་གི་གདུགས་ལ། ། འབོག་རྡོ་རྗེ་རྒྱལ་པོ་དང་། །

201.སྐྱ་ཕུ་ད་ཡང་ཨ་དགེ་དང་། ། རྣལ་སྦྱོར་སློབས་དཔོན་སྡེ་ལ་། །རྡོ་རྗེ་རྒྱལ་པོའི་དབང་ལུང་

202. རྫོགས་པར་སྩལ་། ། སྔགས་དང་ཕྱག་རྒྱ་མན་གང་གཏན་ལ་ཕབ་པ་། ། རྫོགས་། ། ། །

203. འབྲོ་དཀོན་མཆོག་དཔལ་གིས་བྲིས་པ་། ། ། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།