བརྩོན་པའི་དུས་ལ་ཆུ་ཡི་རྒྱུན་ཞུགས་པས།། མཛེས་པའི་ལང་ཚོ་པར་གྱི་རིས་སུ་བརྐོས།།

 བན་དེ་མཁར་ནི་སྤྱི་ལོ༡༩༦༤ལོར་ཅོ་ནེ་རྫོང་ཁྱ་དགེ་མཚེར་མོ་ཆེ་ནས་ལྟེ་ཁྲག་འཕོས་ཤིང་། སྤྱི་ལོ༡༩༨༠ལོར་ཟས་གཙང་རྔོག་པ་ནས་མག་པར་བསྡད་དེ་གཞིས་ཀྱི་ཐོག་མ་བསྐྱང་འགོ་བརྩམས། ཁོ་རང་ནི་ཆུང་དུས་ནས་པར་བརྐོའི་སྒྱུ་རྩལ་ལ་དགའ་མོས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། སྤྱི་ལོ༡༩༨༤ལོ་ནས་བཟུང་ནོར་ལུག་གི་རྗེས་ནས་རླུང་རྟའི་པར་ཤིང་དང་ཤིང་གི་རྩེད་ཆས་སྣ་ཚོགས་བརྐོ་བ་སོགས་ཀྱིས་རང་གི་པར་བརྐོའི་སྒྱུ་རྩལ་གྱི་འགྲུལ་བཞུད་འགོ་བརྩམས། ཁོས་རང་གི་དཀའ་བ་ཁྱད་གསོད་ཀྱི་བརྩོན་སེམས་དང་ཐུན་མུན་གྱི་རྣམ་དཔྱོད་ལ་བརྟེན་ནས། ཁོ་རང་གིས་རྒྱུན་སྐྱོང་བཞིན་པའི་བརྐོ་ལུགས་སམ་བོད་རང་གི་པར་བརྐོའི་སྒྱུ་རྩལ་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་ཅི་ཐུབ་བྱེད་ཀྱིན་ཡོད། ཁོས་ཆུང་དུས་རླུང་རྟའི་པར་ཤིང་སོགས་ལ་ལད་བཟློས་ཀྱིས་བརྐོ་སྲོལ་སྦྱངས་པ་བྱས་ཤིང་། བརྐོ་གྲིའི་གྲི་ཁ་རེ་རེ་རྔུལ་ཆུས་བརྡར་བའི་ལྕགས་དབྱུག་ཁབ་བསྒྱུར་གྱི་བརྩོན་པ་རྒྱུན་དུ་བླངས་ཏེ། རང་ཉིད་དགའ་མོས་ཆེ་བའི་སྒྱུ་རྩལ་གྱི་དོ་ར་འདིར་ཞུགས་ཀྱིན་ཡོད། ཁོས་བློ་རྩེ་གཅིག་སྒྲིམ་གྱིས་བརྐོ་གྲིའི་རྣོ་ཁ་རེ་རེ་གཅིག་གཅིག་གིས་ཉམས་ལེན་དང་ཞིབ་འཇུག་བྱས་ཏེ་རང་གི་བློ་ངོས་སུ་བརྐོ་ལུགས་དེ་ཆགས་པར་བྱེད་ཅིང་། འབད་བརྩོན་དང་རྣམ་རིག་གཅིག་ཏུ་སྒྲིམ་པའི་བརྐོ་གྲིའི་གྲི་ཁ་རེ་རེ་ནི་ཁྱད་འཕགས་ཀྱི་སྒྱུ་རྩལ་འདི་ལས་ཀྱང་མཛེས་སྡུག་གིས་ཕྱུག་པའི་མི་ཚེའི་ལོ་རྒྱུས་ཀྱི་སྒྱུ་རྩལ་རླབས་པོ་ཆེ་ཞིག་ཡིན་པར་འདོད།

ཞོགས་པའི་ཉི་ཟེར་རི་རྩེ་ནས་འཛུམ་ཁར། ང་ཚོས་ནངས་གསར་ཁའི་བསིལ་འཇམ་གྱི་ཁ་དབུགས་དྭངས་མོ་ཧུབ་ཀྱིས་རྔུབ་ཞོར་དེ་རིང་གི་ལས་ཀའི་འགོ་བརྩམས་བྱུང་། ང་ཚོ་པར་བརྐོ་ཁོ་རང་གི་སར་དངོས་སུ་སོང་སྟེ། ཁོ་རང་གི་དཔར་ཤིང་དེ་དག་ལ་མཇལ་ཞོར་ཁོ་རང་གི་པར་བརྐོའི་སྒྱུ་རྩལ་གྱི་སློབ་སྦྱོང་གི་བརྒྱུད་རིམ་ལ་རྒྱུས་ལོན་ཙམ་བྱས་པ་ཡིན། ང་ཚོ་ཁོའི་སར་ཐོན་དུས་ཁོས་སྔ་མོ་ནས་གྲྭ་སྒྲིག་བྱས་ཏེ་ང་ཚོར་སྒུག་ཡོད་འདུག  དེ་དུས་ཁོས་སྡོད་ཁུལ་ཞིག་གི་སྒོ་སྲུང་གི་ལས་ཀ་གཉེར་གྱིན་འདུག་ཅིང་། དེ་དུས་ང་ཚོའི་སེམས་སུ་རླབས་ཆེན་གྱི་མི་སྣ་ནི་ཆེས་ཕལ་མོ་བའི་མི་དེ་ཡིན་ཞེས་པའི་སྐད་ཆ་ཞིག་ཡིད་ལ་རང་ཤུགས་ཀྱིས་འཆར་བྱུང་། སྐབས་དེར་ང་ཚོ་སེམས་འགུལ་ཚད་མེད་དང་ཡ་མཚན་གྱི་སེམས་ཁམས་འདྲེས་མ་ཞིག་དང་བསྡོངས་ཏེ་ནང་དུ་སོང་སྟེ་ཡར་མར་གྱི་ཁ་བརྡ་ཡུན་ཙམ་བྱས་རྗེས། ཁོ་རང་གི་དཔར་ཤིང་དེ་དག་ལ་དངོས་སུ་མཇལ་བྱུང་། དཔར་ཤིང་དེ་དག་ནི་ནང་ཆོས་དང་འབྲེལ་ཡོད་ཀྱི་མཚོན་རྟགས་དང་ལྷ་སྐུ་སོགས་ཡིན་ལ། ཁོས་བརྐོས་པའི་མི་སྣའམ་མཚོན་རྟགས་དེ་དག་ལ་བལྟས་ཚོད་དུ་གསོན་ཉམས་ཀྱིས་ཕྱུག་ལ་མཛེས་པའི་སྣང་བརྙན་སྡུག་གུར་བཀྲམ་ཡོད། ང་ཚོས་དཔར་ཤིང་དེ་དག་ལག་ཏུ་བླངས་ཏེ་ཞིབ་མོར་བལྟ་སྐབས་དེ་ནི་དུས་ཚོད་སྐར་མ་རེ་རེའི་བར་ནས་གཅིག་གཅིག་གཉིས་གཉིས་ཀྱིས་བརྐོ་དགོས་པའི་ལས་ཀ་དཀའ་ཚེགས་ཅན་ཞིག་ཡིན་པ་ཤེས་ཐུབ། ཁོས་བརྐོས་པའི་གསོན་ཉམས་ཀྱིས་ཕྱུག་པའི་སྒྱུ་རྩལ་གྱི་སྣང་བརྙན་རེ་རེ་ནི་ལུས་སེམས་གང་ནས་ཀྱང་རྣམ་གཡེང་གི་སྟོང་ཆ་གང་ཡང་མེད་པའི་ལས་ཀ་ཞིག་ཡིན་སྟབས། ཁོའི་སློབ་སྦྱོང་གི་གོ་རིམ་ལ་བློ་བརྟན་འགྱུར་མེད་ཀྱི་སེམས་བྱུང་གང་ཞིག་དགོས་པ་ནི་སྨྲ་མེད་རེད།

ད་ལྟ་རིམ་བཞིན་ཉམས་ཀྱིན་པའི་པར་བརྐོའི་སྒྱུ་རྩལ་འདིས་རྗེས་རབས་པར་ཤུགས་རྐྱེན་རེ་ཐེབས་ཨེ་ཐུབ་བལྟས་ཏེ། རྗེས་རབས་པར་ཡང་པར་བརྐོའི་ལས་གཞི་འདིའི་རྒྱུན་འཛིན་དགོས་པའི་སྐུལ་སློང་རེ་སྐྱེས་ཨེ་ཐུབ་སྙམ་པའི་ཀུན་སློང་ཞིག་གིས་ང་རང་དགའ་མོས་ཡོད་པའི་པར་བརྐོའི་སྒྱུ་རྩལ་འདིའི་དོད་དུ་ནུས་ཚོད་ཀྱིས་ལས་ཤིག་བྱ་འདོད་ཀྱི་བློ་སེམས་སྐྱེས་ཡོད་ཅེས་ཁོ་རང་གིས་གཟབ་ནན་གྱིས་ལབ་བྱུང་། ང་ཚོར་བག་ཆགས་ཆེས་ཟབ་པ་ཞིག་ནི་ཁོ་རང་གིས་སྐད་ཆ་དེ་ཤོད་ཀྱིན་པའི་སྐབས་ཀྱི་གདོང་གི་རྣམ་འགྱུར་དེ་ཡིན་ལ། སྐབས་དེར་ཁོའི་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་དེའི་ཁྲོད་ད་དུང་རྗེས་རབས་པར་བཟུང་བའི་རེ་སྨོན་དང་རང་ཉིད་དགའ་མོས་ཤིན་ཏུ་ཆེའི་བའི་སྒྱུ་རྩལ་གྱི་རྣམ་པ་འདི་ཉམས་ཨེ་འགྲོ་སྙམ་པའི་སེམས་ཁྲལ་སོགས་འདུས་ཡོད་པར་འདོད། འོ་ན། ད་ལྟ་ཁྱོད་ལས་གཞན་འདིའི་རིགས་བརྐོ་མཁན་གྱི་པར་བརྐོ་བ་ཡོད་དམ་ཞེས་དྲིས་པས། ཁོ་རང་ཡུན་ཙམ་ཧད་རྗེས། སྔོན་མ་ཞིག་ལ་ཕལ་ཆེར་མཛོད་དགེ་ས་ཆར་པར་བརྐོ་ཞིག་ཡོད་པར་བཤད་ཀྱིན་ཡོད་མོད། ད་སྐབས་དཔར་ཤིང་འདིའི་རིགས་བཙོང་རྒྱུ་མེད་ཚོད་ལ་བལྟས་ན་ད་ལྟ་ཁོ་རང་གིས་ཀྱང་བརྐོ་མཚམས་བཞག་སོང་བ་ཡིན་རྒྱུ་རེད། དེ་ལ་ཡང་ཁག་མེད་དེ། རྒྱུ་མཚན་དཔར་ཤིང་འདིའི་རིགས་བརྐོ་བར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་མོད། རིན་གོང་དམའ་བ་དང་མཁོ་གལ་ཆེ་མཁན་ཡང་དེ་འདྲ་མེད་པས་འདིར་ཡོང་སྒོ་དེ་ཙམ་མེད་པས་ཡིན་རྒྱུ་རེད། དེར་ཁོ་རང་ལ་ཡང་ཁག་འགེལ་ས་མི་འགྲོ། རྒྱུ་མཚན་ང་ཚོས་ད་དུང་མུ་མཐུད་དུ་འཚོ་བ་སྐྱོང་དགོས་ནི་རེད་ཅེས་དགོད་ཞོར་བཤད། འཕྲུལ་ཆས་ཀྱི་དཔར་ཤིང་ཡོད་པ་ནས་ལག་བརྐོས་དཔར་ཤིང་གི་རིགས་འདི་རིམ་བཞིན་ཉམས་རྒུད་དུ་གྱུར་སོང་ལ། ད་ལྟ་བརྐོ་ཤེས་མཁན་ཡང་ཆེས་ཆེར་མི་འདུག་པ་འདི་ཡང་ཁོ་རང་གིས་མུ་མཐུད་དུ་པར་བརྐོའི་སྒྱུ་རྩལ་གྱི་ལས་ཀ་འདི་རྒྱུན་འཁྱོངས་བྱ་དགོས་པའི་སེམས་བྱུང་གང་ཞིག་ཡིན་རྒྱུ་རེད།

ཁོ་རང་ཆེས་ཐོག་མར་པར་བརྐོའི་ལས་ཀ་འདིར་ཅི་ལྟར་ཞུགས་པ་དང་སེམས་འཛིན་ཅི་ལྟ་བུ་ཞིག་གི་སྒུལ་ཤུགས་འོག་འདི་ལྟ་བུའི་ལས་ཀ་ཚེགས་ཆེ་བ་ཞིག་སློབ་དགོས་པ་དྲིས་པར། ཁོས་ང་རང་ཆུང་དུས་ནས་འདིའི་ཕྱོགས་ལ་ཧ་ཅང་དགའ་མོས་ཡོད་མཁན་ཞིག་ཡིན་སྟབས། ནམ་རྒྱུན་རི་མགོར་རྫི་བོར་འགྲོ་སྐབས་ལག་ལ་ལྟེབས་གྲི་རེ་བཟུང་སྟེ་རི་མགོ་ནས་ཤིང་སྐམ་རེའི་སྟེང་རང་གི་འདོད་འདོད་དུ་དབྱིབས་གཟུགས་སྣ་ཚོགས་བརྐོས་པ་ཡིན། དེ་ནས་རིམ་བཞིན་ཆེར་སོན་པ་ན། གཞན་གྱིས་བརྐོས་པའི་རླུང་རྟའི་དཔར་ཤིང་དེ་མཐོང་འཕྲལ་དེར་ལད་བཟློས་ཀྱིས་རླུང་རྟའི་དཔར་ཤིང་དེ་བརྐོ་ཚུལ་བསླབས་ཟེར། ཁོ་རང་པར་བརྐོའི་སྒྱུ་རྩལ་འདིར་དགའ་མོས་ཡོད་པ་མ་ཟད། ཆུང་དུས་ནས་རྣམ་དཔྱོད་ཡངས་པོ་ཞིག་ཡོད་སྟབས། ཁོས་དགེ་རྒན་གང་ལ་ཡང་མ་བསྟེན་པར་སྔོན་མར་ལད་བཟློས་ཀྱིས་རླུང་རྟའི་དཔར་ཤིང་བརྐོ་བ་དངོས་སུ་འགོ་བརྩམས་ཏེ་པར་བརྐོའི་སྒྱུ་རྩལ་འདི་ཉམས་ལེན་བྱས། འོན་ཀྱང་། རླུང་རྟའི་དཔར་ཤིང་ནི་ཁོ་རང་གི་སྔོན་ཆད་འདོད་འདོད་དུ་བརྐོས་པའི་དབྱིབས་གཟིགས་སྣ་ཚོགས་བརྐོ་བ་དང་མི་འདྲ་བར། དེ་ནི་ནང་ཆོས་དང་འབྲེལ་ཡོད་ཀྱི་དཔར་ཤིང་ཡིན་སྟབས། དེ་དང་འབྲེལ་ཡོད་ཀྱི་འཛེམ་བྱ་དང་སྲུང་བྱ་སོགས་པར་བརྐོ་གོ་རིམ་ཁྲོད་ལག་ཐབས་ཀྱི་བདམས་ངག་གམ་མ་ལག་ཆ་ཚང་རེ་ཡོད་པས། དཔར་ཤིང་གང་དེའི་བརྐོ་ལུགས་ཅི་ལྟ་བུ་དང་ཁ་འཁོར་སྲོལ། ཆེ་ཆུང་སོགས་ཀྱི་ཐད་ནས་ཉམས་འཇོག་བྱེད་ས་དང་སློབ་དགོས་ས་ཡོད། རྐྱེན་དབང་གིས་ཁོ་རང་གིས་ས་དམར་དགོན་པའི་ནང་དཔར་ཤིང་བརྐོ་ཚུལ་ཐད་ཀྱི་ཤེས་བྱ་མཁྱེན་མཁན་གྱི་གྲྭ་བར་དེའི་སྐོར་གྱི་ཤེས་བྱ་དྲིས་ཏེ་རང་གིས་ཡིད་ཚོད་དང་ཉམས་མྱོང་ཟུང་འབྲེལ་གྱིས་རླུང་རྟའི་དཔར་ཤིང་དེ་བརྐོ་འགོ་བརྩམས།

དཔར་ཤིང་དེ་དག་བརྐོ་བར་བརྐོ་མཁན་རང་གི་བརྩོན་པ་དང་རྣམ་དཔྱོད་ལས་གཞན། ད་དུང་དཔར་ཤིང་གི་རྒྱུ་ཆ་འདེམ་པ་དང་བརྐོ་བྱེད་ཀྱི་བརྐོ་གྲི་ལེགས་པོར་བཟོ་རྒྱུ་ནི་ཁོ་རང་ལ་མཚོན་ན་ངེས་པར་མཁོ་གལ་ཆེ་བའི་དོན་དག་ཅིག་ཡིན་འདུག་ལ། རྒྱུ་མཚན་ནི་ཁོ་རང་ནི་པར་བརྐོ་ཁྱིམ་རྒྱུད་དང་ཡང་ན་པར་བརྐོ་ཕྱག་རྒྱུན་གང་ཞིག་གི་རྒྱུན་འཛིན་པ་མིན་ནའང་། རང་གི་བློ་གྲོས་དང་རྣམ་དཔྱོད་གཅིག་པུར་བརྟེན་དགོས་པས། བརྐོ་གྲི་བཟོ་བ་ནི་ཁོའི་པར་བརྐོའི་ལས་ཀའི་ཁྲོད་མེད་དུ་མི་རུང་བའི་ཆ་ཞིག་ཡིན། ཁོའི་བརྐོ་གྲི་ལ་རྐོང་དབྱིབས་ཅན་དང་ལེབ་དབྱིབས་སོགས་རིགས་མི་འདྲ་བ་སྣ་ཚོགས་ཡོད་མོད་ཀྱང་། དེ་དག་ལ་ཞིབ་མོར་བལྟ་སྐབས་དེ་དག་ནི་ལག་ཆ་གཞན་པའི་སྟེང་ནས་ཚུར་བླངས་བའི་རྭ་དང་ཤིང་གིས་བྱས་པའི་ཡུ་བ་དང་སྡེབ་པའི་ཞ་སྨྱུག་གཞོག་བྱེད་ཀྱི་རྣོ་ལྕགས་ཀྱི་ལྟེབས་གྲི་རྐྱང་རྐྱང་ཡིན་འདུག་ལ། ཁོ་རང་གིས་ལོ་ངོ་མང་པོའི་རིང་གི་ཉམས་མྱོང་གསོག་འཇོག་དང་བློ་སྟོབས་ཀྱིས་ལག་ཆ་དེ་ལག་ཏུ་འཛིན་བདེ་ཞིང་རྣོ་ཆེ་བ་ཤ་སྟག་ཡིན། དེ་དུས་ང་ཚོས་རྣོ་ལྕགས་དེ་དག་ཅི་ལྟར་རྐོང་དབྱིབས་སུ་བསྒྱུར་བར་ཡ་མཚན་ཏེ་ཁོ་རང་ལ་དྲིས་ཁར། ཁོས་བོད་རང་གི་ལྕགས་རྡུང་ལག་རྩལ་ནང་གི་མེ་ཁ་སྤྲོད་ཐབས་དང་གྲི་ཁ་རྡུང་སྐབས་ཀྱི་ཤེད་ཀྱི་འཇམ་རྩུབ། རྣོ་དཀར་ནག་སོགས་མང་ཙམ་ལབ་བྱུང་བས་བརྐོ་གྲི་བཟོ་བའང་དཔར་ཤིང་བཞིན་ཞིབ་ཕྲ་ཆེས་ཆེར་ལྡན་དགོས་པ་ཞིག་ཡིན་པ་ཤེས་ཐུབ་ལ། བོད་རང་གི་མགར་བཟོའི་ལས་རིགས་ཀྱང་མ་ལག་དང་སྒྲིག་གཞི་ཆ་ཚང་ཅན་གྱི་ཁྱད་འཕགས་རིག་གནས་ཤིག་ཡིན་པ་གཞི་ནས་ཤེས་བྱུང་།

རིམ་བཞིན་ཁོ་རང་གིས་རླུང་རྟའི་དཔར་ཤིང་ནས་གྲྭ་བ་ཚོས་རིམ་གྲོ་སྒྲུབ་པའི་སྐབས་ངེས་པར་མཁོ་བའི་ཆོ་གའི་ཡོ་བྱད་སོགས་བཟོ་བའི་འགོ་བརྩམས། དེ་དག་ནི་རླུང་རྟའི་དཔར་ཤིང་དང་འདྲ་བར་ཞིབ་ཕྲ་དགོས་ཤིང་ཚེགས་ཤིན་ཏུ་ཆེ་བའི་དཔར་ཤིང་དག་དག་ཡིན། དཔར་ཤིང་དེ་དག་ནི་རྒྱུ་ཆ་མི་འདྲ་བའི་སྟེང་དཔར་དགོས་ཤིང་། སྔོན་ཆད་རླུང་རྟ་བཞིན་ཤོག་བུའི་སྟེང་དཔར་བ་རྐྱང་རྐྱང་མིན་པར་རྩམ་ཟན་སོགས་ཀྱི་སྟེང་དུ་དཔར་དགོས་པས་དེ་ཡང་ཁོ་རང་ལ་མཚོན་ན་དཀའ་ཁག་ཆེ་བ་ཞིག་ཡིན། འོན་ཀྱང་ཁོས་ཡང་དང་བསྐྱར་དུ་ཚོད་ལྟ་དང་ཉམས་མྱོང་བསྡུ་ལེན་གྱིས་དཔར་ཤིང་དེ་བརྐོས་ཤིང་། དཔར་ཤིང་གི་ཟབ་ཚད་དང་འཇམ་གཉེན་སོགས་ཚད་དང་རན་པར་བྱས་ཚེ་ད་གཟོད་རྩམ་ཟན་སྟེང་དཔར་ཐུབ་ཀྱིན་ཡོད། ཁོས་ང་ཚོར་ཁོ་རང་གི་ལག་ཆ་སྟོན་གྱིན་པའི་སྐབས་སུ་ལག་པའི་སྟེང་རྨ་ཁ་ཆེན་པོ་ཞིག་ཡོད་པ་མཐོང་བས་གང་ཡིན་དྲིས་པར། དེ་ནི་ཁོས་དཔར་ཤིང་དེ་དག་ཚོད་ལྟས་བརྐོ་བཞིན་པའི་སྐབས་སུ་སྟབས་མ་ལེགས་པར་ལག་པར་རྨས་སྐྱོན་ཤོར་སོང་བ་ཡིན་པར་འདུག་ཅིང་། དེ་ལས་ང་ཚོས་ཁོ་རང་གིས་ཆུང་དུས་ནས་དཔར་ཤིང་བརྐོ་ཚུལ་སྦྱོང་གིན་པའི་སྐབས་སུ་ལག་པར་རྨས་སྐྱོན་གང་འདྲ་ཞིག་ཤོར་ཡོད་མེད་ཤེས་ཐུབ།

ད་ལྟ་ཁོ་རང་གིས་ཡི་གེ་བརྐོ་ཚུལ་སྦྱོང་གིན་ཡོད་ཅེས་ང་ཚོར་མ་ཎི་བརྐོས་ཡོད་པའི་དཔར་ཤིང་ཞིག་སྟོན་བྱུང་། དཔར་ཤིང་དེའང་དཔར་ཤིང་གཞན་པ་ནང་བཞིན་འཇམ་མཉེན་སོགས་ཀྱི་ཐད་ནས་བརྐོས་པ་དེ་འདྲའི་གྲལ་དག་ཅིག་མིན་མོད་ཀྱང་། ཡི་གེ་ཧ་ཅང་ཡག་པོ་ཞིག་བརྐོས་ཡོད་འདུག  ཡི་གེ་དེ་བརྐོ་སྐབས་དཀའ་ཚེགས་ཆེ་བ་ཞིག་ཡོད་པ་ནི་ཡི་གེ་དེ་དག་ངེས་པར་དུ་ལོག་སྟེ་བརྐོ་དགོས་པ་རེད། ཁོ་རང་གིས་ཆུང་དུས་ནས་བཟུང་པར་བརྐོའི་སྒྱུ་རྩལ་འདིར་དུང་བ་ཟབ་མོས་ཅི་ནུས་ཀྱིས་ལག་རྗེས་ཙམ་འཇོག་ཅི་ཐུབ་དང་པར་བརྐོའི་སྒྱུ་རྩལ་འདི་མུ་མཐུད་དུ་ཉམས་པ་མེད་པར་འཕེལ་བར་འབད་འབད་དུང་དུང་བྱེད་བཞིན་ཡོད།

ཁོས་རང་གི་པར་བརྐོའི་ལས་ཀ་འདི་ཆུང་དུས་ནས་བཟུང་རྒྱུན་བསྐྱངས་ཏེ་ད་ལྟའི་བར་དུ་ཡང་ཡི་གེ་བརྐོ་བ་སོགས་སློབ་སྦྱོང་བྱེད་ཀྱིན་པ་འདིས་ཁོའི་མི་ཚེ་བོད་རང་གི་པར་བརྐོའི་སྒྱུ་རྩལ་གྱི་འཕེལ་རྒྱས་དང་རྒྱུན་འཛིན་གྱི་སྟེང་འབུལ་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཡོད་པ་ཤེས་ཐུབ་ལ། ཁོ་རང་གིས་བརྐོས་པའི་དཔར་ཤིང་དེ་དག་ཡང་ཀན་ལྷོ་ལས་གཞན་ད་དུང་སི་ཁྲོན་དང་མཚོ་སྔོན་སོགས་གང་སར་ཁྱབ་ཡོད། ཁོ་རང་གིས་ཆེས་བློ་འཁོར་ས་དང་རེ་འདུན་ཞིག་ཡོད་པ་ནི་རང་གི་ལག་ཤེས་འདི་དང་པར་བརྐོའི་སྒྱུ་རྩལ་འདི་རྒྱུན་འཛིན་ཐུབ་པའི་བུ་སློབ་ཞིག་དགོས་པ་དེ་ཡིན་ལ། འདི་ལས་ཁོ་རང་གིས་པར་བརྐོའི་སྒྱུ་རྩལ་འདི་དང་བོད་རང་གི་སྲོལ་རྒྱུན་རིག་གནས་ལ་བཟུང་བའི་བརྩེ་དུངས་གང་འདྲ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་འོངས། འདི་ཡང་རང་ག་བའི་མི་ཞིག་གིས་རང་གི་རིག་གནས་ལ་བཟུང་བའི་ཁྲག་རྒྱུན་དང་འདྲེས་པའི་བརྩེ་སེམས་ངོ་མ་ཞིག་ཡིན་པ་ཤེས་ཐུབ།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།