དུས་རབས་བཅོ་ལྔ་པའི་སྐབས་ཀྱི་གོང་དཀར་སྤར་མའི་སྐོར་ལ་མདོ་ཙམ་དཔྱད་པ།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་བོད་ཡིག་གནའ་དཔེ་ཡོངས་བཤེར་སྐབས་མཇལ་བའི་དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མ་སྟེས་དགེ་གཉིས་ཀྱི་གཞུང་ལ་གཞི་བཅོལ་ཏེ། སྤར་མ་དེ་དག་གི་སྤར་གྱི་སྦྱིན་བདག་དང་ཡིག་ཞུས་བརྐོས་གསུམ་གྱི་དབུ་ཆེ། སྤར་གྱི་ཡུལ་དུས་སོགས་ལ་དཔྱད་པ་བགྱིས་པ་དང་སྦྲགས། དུས་ཕྱིས་སུ་ས་དགེ་གཉིས་ཀྱི་བཀའ་འབུམ་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་གོང་དཀར་སྤར་མས་ཕན་ནུས་ཆེན་པོ་ཐོན་ཡོད་སྐོར་གླེང་བརྗོད་རགས་ཙམ་བྱས་ཡོད།

[གནད་ཚིག] གོང་དཀར་སྤར་མ། སྦྱིན་བདག ཡིག་ཞུས་བརྐོས་གསུམ། ཕན་ནུས།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G239[ཡིག་ཆའི་མཚོན་རྟགས།]A[རྩོམ་ཡིག་ཨང་རྟགས།] 1002-946X(2019)04-133-14    

གླེང་གཞི།

བོད་ཡུལ་དུ་སྤར་གྱི་རིག་པ་དར་རྗེས་བོད་ཀྱི་རིག་གནས་གཞི་འདུས་ཆེ་བའི་དགོན་སྡེ་དང་། རྫོང་གཞིས་ཁག་གིས་སྲོལ་རྒྱུན་རིག་གནས་མི་ཉམས་གོང་འཕེལ་དང་ཁྱབ་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད་པ་སྟེ། དགོན་སྡེ་དང་རྫོང་གཞིས་ཁག་གིས་དད་པ་སྐྱོ་ངས་མེད་པའི་སྦྱིན་བདག་བྱས་ཏེ། དུས་རབས་རིམ་བྱུང་གི་མཁས་དབང་དང་སྐྱེས་བུ་དམ་པ་ཁག་གི་གསུང་རབ་མང་པོ་ཞིག་སྤར་དུ་བསྐྲུན་ཡོད་པའི་ཕྱིར། དེཡང་ད་ལྟ་བོད་ལྗོངས་ཀྱི་ས་ཁུལ་ཁག་དང་གནའ་དཔེ་ཉར་ཚགས་ལྟེ་གནས་ཁག་ཏུ་ཡོངས་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་དངོས་སུ་མཇལ་ཐུབ་པའི་སྤར་མ་སྟེ། ཧོར་སྤར་མ་དང་ཤེལ་དཀར་སྤར་མ། གོང་དཀར་སྤར་མ། དོལ་ལྷུན་གྲུབ་ལྷ་རྩེའི་སྤར་མ། དགའ་ལྡན་སྤར་རྙིང། གུང་ཐང་སྤར་མ། སྣེའུ་སྤར་མ། བྲག་དཀར་སྤར་མ། ངོམ་རྒྱལ་སྤར་མ། ཉག་རེག་སྤར་མ། བྱ་ཡུལ་སྤར་མ། རི་བོ་སྡེ་ཆེན་སྤར་མ། རྟག་བརྟན་སྤར་མ། གསང་ཕུའི་སྤར་མ། ལྷོ་བྲག་སྤར་མ། སྣར་ཐང་སྤར་མ། ཞོལ་སྤར་ཁང་ཤར་ནུབ་ཀྱི་སྤར་མ་སོགས་མང་དག་ཅིག་བྱུང་ཡོད་ཅིང་། དེ་དག་སོ་སོར་རྒྱ་རིམ་པ་བདུན་ལས་མཐའ་སྣེ་མི་འཛོལ་བར་བྱེད་པའི་སྣེ་ཐིག་རྒྱ་དང་། གཞུང་དོན་རྟོགས་པར་བྱེད་པའི་ལྷེ་ལྷའི་རི་མོ་དང་། གླེགས་བམ་འཚོལ་བདེ་ཡོང་བའི་ཀ་ཐོའི་རྒྱ་སོགས་དང་། སྤར་རྩའི་འབྲི་གཟུགས་མི་འདྲ་བ་ལས་ཡིག་གཟུགས་དང་། མཚལ་གནག་སྨྱུ་གུའི་བག་ཆུའི་ལས།་རྩལ་①འབྱོངས་ལོས་ལས་སྤར་མའི་ངོས་གཙང་མིན་གྱི་རྣམ་པ་དང་། ཡུལ་དུས་སོ་སོའི་སྦྱིན་བདག་གི་འཁོས་འབྱོར་རབ་འབྲིང་ལས་འབྲི་རྫས་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་མངའ་བའི་གནའ་དཔེ་མི་ཉུང་བ་ཞིག་ད་ལྟའང་མཇལ་དུ་མཆིས་པས་ན། ད་ཐེངས་འདིར་ཁོ་བོས་གནའ་དཔེ་ཡོངས་བཤེར་སྐབས་མཇལ་བའི་དུས་རབས་༡༥པའི་གོང་དཀར་སྤར་མའི་སྐོར་གླེང་བར་འདོད་ཅིང་། དེ་ཡང་གཙོ་བོ་རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷ་དང་སློབ་དཔོན་དཔའ་བོའི་གསུང་རྒྱ་གཞུང་འགྱུར་མ་དང་། བོད་ཀྱི་མཁས་པ་ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་གསུང་སོགས་ལ་སྣེ་ཁུངས་བཅོལ་ཞིང་། བོད་ཀྱི་གསུང་རབ་རིག་པའི་གཞུང་ལུགས་ཐད་ནས་དཔྱད་པར་བྱའོ།

1.jpg

(དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མ། རྗེ་ཙོང་ཁ་པའི་《སྔགས་རིམ་ཆེན་མོ་》)   

   དང་པོ། གོང་དཀར་སྤར་མའི་ཐ་སྙད་སྐོར།

  དུས་རབས་༡༥པའི་ནང་དུ་གོང་དཀར་རྫོང་གི་དཔོན་སྡེ་པ་བཞི་འཛོམ་པས་②བསྐྲུན་པའི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི《ལམ་རིམ་ཆེན་མོ་》དང་《སྔགས་རིམ་ཆེན་མོ་》《རྩ་ལྟུང་གི་རྣམ་བཤད་》སོགས་བཀའ་རྩོམ་ཁག་དང་། དཔོན་གྲ་ལྔའི་རྒྱལ་པོའི་(༡༤༣༢ལོ་ནས་༡༤༩༦ལོ་བར་)བཀས་བསྐུལ་ཏེ་བསྐྲུན་པའི་ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོའི་(༡༡༣༢ལོ་ནས་༡༡༤༢ལོ་)གསུང་《ཀྱེའི་རྡོ་རྗེའི་རྣམ་བཤད་ཉི་མའི་འོད་ཟེར་》དང་རྗེ་བཙུན་གྲགས་པ་རྒྱལ་མཚན་(༡༡༤༧ལོ་ནས་༡༢༡༦ལོ་)གྱི་གསུང་《གུར་གྱི་ས་བཅད་ཉི་མའི་འོད་》 དེ་མིན་ས་པཎ་(༡༡༨༢ལོ་ནས་༡༢༥༡ལོ་)གྱི་གསུང་《སྒྲ་ལ་འཇུག་པའི་རྣམ་བཤད་》《སྨྲ་སྒོའི་སྒོ་》《གངས་རིའི་སྒོམ་ཆེན་ལ་སྤྲིངས་པ་》ལ་སོགས་ཀྱི་གསུང་རྩོམ་ཁག་ནི་དུས་རབས་༡༤པའི་ནང་དུ་ཏ་སི་ཏུ་བྱང་ཆུབ་རྒྱལ་མཚན་( ༡༣༠༢ལོ་ནས་༡༣༦༤ལོ་) གྱིས་དབུས་གཙང་གི་ས་འདུས་ཆེ་བའི་སར་རྫོང་ཁག་བཅུ་གསུམ་③བསྐྲུན་པའི་གྲས་ཏེ། སྤྱི་ལོ་༡༣༤9ལོར་བརྩིགས་པའི་སྐྱིད་ཤོད་སྨད་ཡར་རྒྱབ་གོང་དཀར་རྫོང་ ④གི་མངའ་ཁོངས་སུ་གཏོགས་པའི་ས་ཆ་ཤ་སྟག་ཏུ་སྤར་དུ་བསྒྲུབས་པ་ཞིག་ཡིན་པས། དེའི་རྒྱུ་མཚན་ལ་བརྟེན་ནས་གསུང་རྩོམ་དེ་དག་གི་སྤར་མ་ཁག་ལ་གོང་དཀར་སྤར་མ་ཞེས་བརྗོད་ཆོག་ཅིང་། དུས་རབས་༡༨པའི་སྐབས་སུ་བྱོན་པའི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་(༡༦༩༧ལོ་ནས་༡༧༧༤ལོ་)གྱི་གསན་ཡིག་ཏུའང་“གོང་དཀར་སྤར་མ་”⑤ཞེས་བརྗོད་པས་ཀྱང་གོང་དཀར་སྤར་མ་ཞེས་པའི་ཐ་སྙད་འདི་བོད་ཀྱི་གསུང་རབ་རིག་པའི་ཁྲོད་སྔར་ནས་བཀོལ་སྤྱོད་བྱེད་མྱོང་ཡོད་པ་ཤེས་རྟོགས་བྱ་ཐུབ།

 གཉིས་པ། གོང་དཀར་སྤར་མའི་སྦྱིན་བདག་སྐོར།

 གཅིག རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་གསུང་གོང་དཀར་སྤར་མའི་སྦྱིན་བདག

 དུས་རབས་༡༥པའི་སྐབས་ཀྱི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་གསུང་གི་དད་པ་སྐྱོངས་མེད་པའི་སྤར་གྱི་སྦྱིན་བདག་ནི། སྐྱིད་ཤོད་སྨད་ཡར་རྒྱབ་གོང་དཀར་རྫོང་གི་དཔོན་བཞི་འཛོམ་ཡིན་པའི་སྐོར་ལ་རྗེའི་《སྔགས་རིམ་》གྱི་སྤར་བྱང་ལས། “བསོད་ནམས་སྟོབས་ཀྱིས་གཞན་སྡེ་ཟིལ་གྱིས་གནོན། ། ལྷག་བསམ་དག་པས་རང་སྡེ་ཁྲིམས་ཀྱིས་འཚོ། ། གོང་མའི་བཀའ་སྒྲུབ་སྐྱབས་གསུམ་གུས་པས་བསྟེན། ། རྣམ་བཞི་འཛོམས་པའི་དྲུང་ཆེན་ཁུ་དབོན་གྱིས། །”⑥ཞེས་དང་།《དཔལ་འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་》ཡི་སྤར་བྱང་ལས། “དགྲ་བོ་རྣམ་པར་གཞིག་པའི་སྟོབས་རྒྱས་པ། ། འཕྲིན་ལས་ཚལ་བཞི་འཛོམས་པའི་ལྷ་དབང་དེའི། ། རྣམ་དཀར་ཐུགས་ཀྱི་མཁའ་ལ་ཡོངས་རྫོགས་པའི། ། རིགས་ཀྱི་ཟླ་བ་མིག་གི་བདུད་རྩིའི་གཏེར། ། ཤེས་ལྡན་སྐྱེ་བོའི་ངོམས་པ་སྐྱེད་པ་དེས། ། ཡ་མཚན་དཔར་གྱི་འོད་དཀར་འདི་གཡོས་སོ། །”⑦ཞེས་དང་། དེ་བཞིན་“ཁ་བ་ཅན་འདིར་དར་ཞིང་རྒྱས་ན་ཡང་། ། སྔོན་ཆད་པར་དུ་བཞེངས་པའི་སྲོལ་མ་དོད། ། དེང་སང་བཤེས་གཉེན་དམ་པ་རིན་ཆེན་དཔལ། ། བསྟན་ལ་གཅིག་ཏུ་བྱ་བ་བྱེད་པ་དེས། ། ལེགས་བྱས་བློ་གྲོས་དཔའ་བརྟན་བཞི་འཛོམ་པ། ། ཆོས་ཀྱི་རྒྱལ་པོ་འཁོར་ལོ་བསྒྱུར་རྒྱལ་གྱི། ། རིན་ཆེན་བདུན་ལས་བློན་པོ་རིན་པོ་ཆེ། ། དགེ་ལ་སྤྲོ་བའི་པདྨ་ཁ་ཕྱེ་ནས། ། རྒྱལ་ཡུམ་པར་དུ་བཞེངས་པའི་གེ་སར་རྒྱ། ། ལེགས་པར་གྲུབ་པའི་འབྲས་བུ་ཟེ་འབྲུ་སྨིན། ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཕྱིན་གཞུང་གི ། པར་འདི་བསྒྲུབས་པའི་ཆེད་དུ་བྱ་བ་ནི། །”⑧ཞེས་པ་སོགས་སྤར་བྱང་ཁག་གི་ནང་དཔོན་བཞི་འཛོམ་ཞེས་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་ལས།  དཔོན་བཞི་འཛོམ་གྱིས་དད་པ་སྐྱོ་ངས་མེད་པའི་སྤར་གྱི་སྦྱིན་བདག་བྱས་ཏེ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་གསུང་《སྔགས་རིམ་ཆེན་མོ་》སོགས་སྤར་དུ་བསྐྲུན་པ་གསལ་པོ་ཡིན།

སྤར་གྱི་སྦྱིན་བདག་དཔོན་བཞི་འཛོམ་(༡༣༧༡ལོ་ནས་༡༤༤༥ལོ་)ཞུ་བ་ནི། ཐུ་ཡི་རུས་ལས་ཆད་པ་ཞིག་ཡིན་ཞིང་། ཁོང་གི་ཡབ་དཔོན་རྡོ་རྗེ་བཀྲ་ཤིས་ཞེས་པས་དཔལ་ས་སྐྱར་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་གཏུགས་པ་དང་། བླ་མས་རྒྱ་ནག་ཏུ་གོང་མ་ཐི་མུར་གྱི་དྲུང་དུ་མངགས་པ་ལ། གོང་མས་དུ་དབེན་ཤའི་བྱ་ལས་ཆེན་པོ་གནང་བས། རྡོར་བཀྲས་དུ་དབེན་ཤར་དུ་གྲགས། ཕྱིས་སྲས་དཔོན་བཞི་འཛོམས་མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་གཞིས་ཀ་གོང་དཀར་གི་རྫོང་དཔོན་དུ་བསྐོས་⑨པ་དང་། པཎ་ཆེན་བསོད་གྲགས་ཀྱི་《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་》ཅེས་པའི་ནང་དུའང་། “གོང་དཀར་བཞི་འཛོམ་པས་ནི་གོང་མ་གྲགས་པ་རྒྱ་ལ་མཚན་པའི་གསུང་བཞིན། གསེར་གྱི་བཀའ་འགྱུར་སོགས་གསུང་རབ་མང་པོ་བཞེངས་པ་དང་། རྗེ་རིན་པོ་ཆེའི་གསུང་རབ་ཨང་པོའི་དཔར་བརྐོ་བ་སོགས་མཛད་”⑩ཅེས་འཁོད་པ་སོགས་ལས། དཔོན་བཞི་འཛོམ་ནི་དུས་རབས་བཅོ་ལྔ་པར་མི་དབང་གྲགས་པ་རྒྱལ་མཚན་གྱིས་ཕོ་བྲང་གོང་རི་དཀར་པོའི་དཔོན་དུ་བསྐོས་པ་དང་། དཔོན་བཞི་འཛོམ་རིན་ཆེན་དོན་ཡོད་⑾ཀྱིས་ཀྱང་མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱི་བཀའ་ལྟར་རྗེ་ཙོང་ཁ་པའི་གསུང་གོང་དཀར་སྤར་མའི་དད་པ་སྐྱོངས་མེད་པའི་སྦྱིན་བདག་བྱས་པ་གསལ་པོ་ཡིན། བཞི་འཛོམ་ཞེས་པའི་གོ་དོན་གྱི་སྐོར་ལ་《གྲ་རྒྱལ་ཆེན་གླིང་གི་རྟེན་བཞེངས་དཀར་ཆག་》ལས། “མི་ཡི་ཁྱུ་མཆོག་བཞི་འཛོམ་ཞེས། ། ནམ་མཁའ་བས་ཀྱང་ཡངས་པ་དང་། ། རྒྱ་མཚོ་བས་ཀྱང་ཟབ་པ་ཉིད། ། རི་རབ་ལས་ཀྱང་བརླིང་བ་སྟེ། ། དག་པའི་གསེར་མཆོག་ལས་བཟང་བ། ། རྣམ་པ་བཞི་ཡི་ཁྱད་པར་དག ། གང་ཐུགས་ཁོ་ནར་ཡང་དག་འཛོམ། །”⑿ཞེས་བྱུང།

གཉིས། ས་སྐྱའི་གསུང་གོང་དཀར་སྤར་མའི་སྦྱིན་བདག

2.jpg

(དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མ། ས་སྐྱ་གྲགས་པ་རྒྱལ་མཚན་གྱི《རྡོ་རྗེ་འབྲུང་བའི་ཌིག་》)    

 ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོའི་གསུང་《ཀྱེའི་རྡོ་རྗེའི་རྣམ་བཤད་ཉི་མའི་འོད་ཟེར་》དང་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་《གུར་གྱི་ས་བཅད་ཉི་མའི་འོད་》སོགས་དང་། ད་དུང་ས་པཎ་གྱི་གསུང་《སྒྲ་ལ་འཇུག་པའི་རྣམ་བཤད་》《སྨྲ་སྒོའི་སྒོ་》《གངས་རིའི་སྒོམ་ཆེན་ལ་སྤྲིངས་པ》སོགས་ཀྱི་སྤར་བྱང་ཁག་ཏུ། “སྭ་སྟི། ཚུལ་འདི་སྤར་དུ་སྒྲུབ་པའི་མཐུན་རྐྱེན་རྣམས། ། ཆོས་རྒྱལ་ཆེན་པོ་གྲ་ལྔའི་བཀའ་བཞིན་དུ། །”⒀ཞེས་དང་། “ཆོས་རྒྱལ་གྲ་ལྔའི་རྒྱལ་པོའི་བཀའ་ལུང་བཞིན། ། ཐོག་མ་མེད་ནས་རིག་སྔགས་གྲུབ་པའི་རིགས། ། འགྲོ་བའི་ཚུལ་འདི་སྤར་དུ་སྒྲུབ་པའི་མཐུན་རྐྱེན་རྣམས། ། ཆོས་རྒྱལ་ཆེན་པོ་གྲ་ལྔའི་བཀའ་བཞིན་དུ། །”⒁ཞེས་པ། “རབ་མང་བསྐལ་པར་གནས་ཕྱིར་ཆོས་ཀྱི་རྒྱལ། ། དཔལ་ལྡན་གྲ་ལྔའི་བཀའ་ལུང་ལྷུར་བླངས་ནས། །”⒂ཞེས་དང་། “དཔལ་ལྡན་གྲ་ལྔའི་མཁྱེན་ཡངས་མཆོག་ཅན་ལས། ། འཕྱགས་རྣམས་ལོག་སྨྲའི་སྙིང་ལ་འབིགས་གྱུར་ཅིག ། བླ་མའི་མན་ངག་བྲལ་དང་བསྟན་བྲལ་ཞིང་། ། རང་བཟོ་མེ་ལྕེས་རེག་པའི་ས་བོན་ལས། ། རྣམ་གྲོལ་མྱུ་གུ་འདོད་པའི་ཁྲུལ་བློ་མཁན། ། དེ་ཡང་འདིའི་དགེ་བས་གྲོལ་གྱུར་ཅིག །  བརྐོས་བྱེད་པར་མཁས་ནམ་མཁའི་ཆོས་ཀྱི་དབྱིངས། ། དགེ་འདིའི་དག་བྱེད་མཁས་པ་དཔལ་འཛིན་དབང་། །”⒃ཞེས་པ་སོགས་སྤར་བྱང་ཁག་ཏུ་གྲ་ལྔའི་རྒྱལ་པོ་ཞེས་རེ་མོས་བཞིན་ཐོན་པ་ལས། ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོ་སོགས་ཀྱི་གསུང་སྟེ། དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མའི་དད་པ་སྐྱོ་ངས་མེད་པའི་སྤར་གྱི་སྦྱིན་བདག་ནི་གྲ་ལྔའི་རྒྱལ་པོ་ཡིན་པ་གསལ་པོར་རྟོགས་ཐུབ།

གྲ་ལྔའི་རྒྱལ་པོ་ཞུ་བ་ནི་ཐུའི་རིགས་ལས་འཁྲུངས་པའི་ཡབ་རྗེ་རྒྱལ་བ་ཤེས་རབ་ཅེས་པ་དང་ཡུམ་སྐྱེ་དགུའི་བདག་མོ་དཔལ་ལྡན་རྡོ་རྗེ་བདེ་མ་ཞེས་པ་གཉིས་ཀྱི་སྲས་སུ་ཆུ་ཕོ་བྱི་བའི་ལོ་སྟེ། སྤྱི་ལོ་༡༤༣༢ལོའི་ཟླ་དྲུག་པའི་ཚེས་བརྒྱད་ཉིན་གཡོ་རུ་གྲའི་དཔལ་རྒྱལ་ཆེན་གླིང་དུ་འཁྲུངས། དེ་དུས་སྐུའི་རིམ་གྲོར་ཡང་གཟུངས་གྲ་ལྔ་⒄གཙོ་བོར་མཛད་པས། མཚན་ལ་ཡང་གྲ་ལྔ་རྒྱལ་པོ་⒅ཞེས་ཀྱང་གྲགས་པ་ལོ་རྒྱུས་དེབ་ཐེར་ཁག་གཅིག་ཏུ་གསལ། དགུང་ལོ་བཅུ་གསུམ་པ་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ་སྟེ། སྤྱི་ལོ་༡༤༤༥ལོར་ཕོ་བྲང་སྣེའུ་གདོང་དུ་མི་དབང་གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས་ཡར་རྒྱབ་དཔོན་ཆེན་གྱི་ལས་ཀ་གནང་། དེ་རྗེས་དགུང་ལོ་བཅོ་ལྔ་པ་འཕེལ་བ་ཞེས་པ་མེ་ཕོ་སྟག་གི་ལོ་སྟེ། སྤྱི་ལོ་༡༤༤༧ལོར་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་གྱི་བསྐོན་འཇའ་བཞེས་ཏེ་ཕྱག་ཕེབས་⒆ཞེས་པ་ལྟར། སྐབས་དེར་ཕོ་བྲང་གོང་རི་དཀར་པོའི་དཔོན་ཡིན་པའི་ཆ་ནས། ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་སོགས་ཀྱི་གསུང་གོང་དཀར་སྤར་མའི་དད་པ་སྐྱོ་ངས་མེད་པའི་སྤར་གྱི་སྦྱིན་བདག་མཛད་ཡོད། 《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་》ནང་ད་དུང་སྲས་གྲ་ལྔ་བས་ནི་གོང་དཀར་ཆོས་སྡེ་བཏབ་སྟེ། ལམ་འབྲས་རྒྱུད་པའི་བླ་མ་རྣམས་ཀྱི་སྐུ་འདྲ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་དང་ས་སྐྱ་ཁུ་དབོན་གྱི་གསུང་རབ་མང་པོའི་དཔར་བརྐོ་སོགས་མཛད་⒇ཅེས་འཁོད།

   གསུམ། གོང་དཀར་སྤར་མའི་སྦྱིན་བདག་རྣམ་གཉིས་ཀྱི་འབྲེལ་བ།

  སྤར་གྱི་སྦྱིན་བདག་དཔོན་བཞི་འཛོམ་དང་དཔོན་གྲ་ལྔ་རྣམ་གཉིས་ནི། སྐྱིད་ཤོད་སྨད་ཡར་རྒྱབ་གོང་དཀར་རྫོང་གི་རྫོང་དཔོན་དུ་དུས་རབས་བཅོ་ལྔ་པའི་ནང་སྔ་རྗེས་སུ་བྱོན་པའི་རྫོང་དཔོན་གཉིས་ཡིན་པ་ཁོང་རྣམ་གཉིས་ཀྱི་འཁྲུངས་འདས་ལོ་ཚིགས་དང་ལོ་རྒྱུས་ཁག་ལས་རྟོགས་ཐུབ་པ་དང་། དེ་མིན་ཁོང་རྣམ་གཉིས་ནི་གཡོ་རུ་གྲའི་རྒྱལ་ཆེན་གླིང་དུ་རུས་ཐུའི་རྒྱུད་ལས་འཁྲུངས་པའི་མི་དཔོན་སྙན་གྲགས་ཅན་ཞིག་ཡིན་ཁར། ཁོང་གཉིས་དབར་སྤོ་བོ་དང་ཚ་བོའི་(21)འབྲེལ་བ་ཡོད་དེ། དཔོན་བཞི་འཛོམ་གྱི་སྲས་རྒྱལ་བ་ཤེས་རབ་ཡིན་པ་དང་། རྒྱལ་བ་ཤེསརབ་ཀྱི་སྲས་དཔོན་གྲ་ལྔ་ཡིན་པ་ཐུའི་གདུང་རབས་དང་རྟེན་བཞེངས་དཀར་ཆག་ཁག་ལས་གསལ་བའི་ཕྱིར། འདིར་ཞུ་དགོས་པ་ནི། དུས་རབས་བཅོ་ལྔ་པའི་ནང་ཕོ་བྲང་གོང་རི་དཀར་པོའི་དཔོན་དུ་བྱོན་པའི་སྦྱིན་བདག་རྣམ་གཉིས་ལས་དཔོན་བཞི་འཛོམ་པ་རིན་ཆེན་དོན་ཡོད་ཀྱིས་རི་བོ་དགེ་ལུགས་པའི་སྲོལ་གཏོད་མཛད་མཁན་རྗེ་ཙོང་ཁ་པའི་གསུང་དང་། ཚ་བོ་དཔོན་གྲ་ལྔའམ་རྫོང་པ་ཀུན་དགའ་རྣམ་རྒྱལ་གྱིས་དཔལ་ས་སྐྱ་ཁུ་དབོན་གྱི་གསུང་སོགས་སྤར་དུ་བསྐྲུན་པ་ལ་བལྟས་ན། ཁོང་གཉིས་ཀྱི་དད་མོས་གནང་སའི་ཆོས་ལུགས་ལ་ཁྱད་པར་ཅུང་ཟད་ཅིག་མེད་དམ་སྙམ་པ་དེ་ཡིན།

3.jpg

(ཐུའི་གདུང་རྒྱུད་པཎ་ཆེན་བྱམས་པ་གླིང་པ་)(ཆོས་རྒྱལ་གྲ་ལྔའམ་རྫོང་པ་ཀུན་དགའ་རྣམ་རྒྱལ་)

    གསུམ་པ། སྤར་གྱི་ཡུལ་དུས།

    དཔོན་བཞི་འཛོམ་དང་གྲ་ལྔ་རྣམ་གཉིས་ཀྱིས་དེང་གི་གོང་དཀར་རྫོང་གི་ས་ཁོངས་གང་ཞིག་ཏུ་དུས་ནམ་ཞིག་ལ་གསུང་རྩོམ་ཁག་སྤར་དུ་བསྐྲུན་པའི་སྐོར་ཞིབ་ཏུ་ཞུས་ན་འདི་ལྟ་སྟེ།

   ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱི་གསུང་གི་སྤར་བྱང་ལས། “འབྱོར་ལྡན་རྒྱལ་གྲུབ་གླིང་ནས་ལེགས་པར་བསྒྲུབས་” (22)ཞེས་དང་། “ཆོས་ཀྱི་བདེ་ཆེན་ལྷུན་གང་གི་གཞིར། ། རབ་གསལ་བསོད་ནམས་བརྒྱ་ཡིས་དངོས་པོར་བསྒྲུབས། །......གྲུབ་པའི་དབང་ཕྱུག་མར་རྔོག་གདན་སའི་མཆོག ། སྤྲེ་ཞིང་ཆོས་ཀྱིས་འབྱོར་པའི་སྡེ་ཆེན་དུ། །” (23)ཞེས་པ། “དགེ་བའི་བཤེས་སུ་ལྷག་པར་ཉེར་ཐོབ་ནས། ། སྐྱེ་བོའི་འདུན་ས་སྒམ་བུའི་གྲོང་ཁྱེར་དུ། །” (24)ཞེས་དང་། “ཕོ་བྲང་གཉིས་པ་དཔལ་གྱི་གོང་དཀར་དུ། ། དགེ་བྱེད་ཅེས་པ་ཆུ་ཕོ་སྟག་ལ་བསྒྲུབས། །” (25)ཞེས་དང་། “རྗེ་ཙོང་ཁ་པའི་གསུང་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་འདི་ཕོ་བྲང་གཉིས་པ་གོང་དཀར་དཔལ་གྱི་སྡེ་ཆེན་དུ་” (26)ཞེས་དང་། “རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ལ། ཕོ་བྲང་ཆེན་པོ་གོང་དཀར་དཔལ་གྱི་བདེ་ཆེན་དུ་ལེགས་པར་བསྒྲུབས་” (27)ཞེས་པ། དེ་མིན་ཤེར་ཕྱིན་གོང་དཀར་སྤར་མའི་སྤར་བྱང་དུ། “ཕོ་བྲང་གོང་དཀར་དཔལ་གྱི་བདེ་ཆེན་དུ། ། གཉེར་ཆེན་འགུ་རུས་ཞབས་ཏོག་བརྩོན་བྱས་ཏེ། ། ཤེས་རབ་ཕ་རོལ་ཕྱིན་གཞུང་འདི་བསྒྲུབས། །” (28)ཞེས་དང་། ས་པཎ་གྱི་གསུང་《ཆོས་ལ་འཇུག་པའི་སྒོ་》ཡི་སྤར་བྱང་དུ། “རྣམ་དཀར་དད་པའི་ཡིད་ཀྱིས་ལྷུར་བླངས་ཏེ། ། ཞོལ་གསར་རྟ་ར་ལྷ་ཡི་ཁང་བཟང་སུ། ། དད་ལྡན་ཁྱི་སུག་དཀོན་མཆོག་ཡུམ་སྲས་ཀྱིས། ། ཕུན་ཚོགས་མཐུན་རྐྱེན་སྦྱར་ནས་དག་པར་བསྒྲུབས། །” (29)ཞེས་སོགས་བྱུང་བས། ས་མིང་དེ་དག་ལས་སྤར་གྱི་སྐྲུན་ཡུལ་ནི་ཡར་ཀླུང་གཙང་པོའི་ལྷོ་ངོས་ཀྱི་གྲ་དོལ་གཞུང་གསུམ་ལས་གཞུང་པའི་ཉེ་འཁོར་དང་། རྫོང་གཞིས་ཀྱི་ཐད་ནས་གོང་དཀར་རྫོང་གི་མངའ་ཁོངས་སུ་ཡིན་པ་ཤེས་ཐུབ། དེ་ཡང་གཞུང་པའི་ཁུལ་གྱི་རྣམ་རབ་སྤྲེའུ་ཞིང་(30)དང་རྒྱལ་གྲུབ་གླིང་། (31)སྒམ་བུའི་གྲོང་(32)དང་གོང་དཀར་དཔལ་གྱི་སྡེ་ཆེན།(3) ཞོལ་སར་རྟ་ར་བཅས་ལས། རྣམ་རབ་སྤྲེའུ་ཞིང་ནི་དེང་གི་གོང་དཀར་རྫོང་རྣམ་རབ་ཤང་གི་ཁོངས་སུ་གཏོགས་ཤིང་། སྔོན་རྔོག་གི་ཆོས་བརྒྱུད་དར་སའི་ས་སྟེ། གཞུང་རྣམ་རྒྱལ་རབ་བརྟན་གྱི་གཞིས་ཀ་དང་རྣམ་རབ་དྭགས་པོའི་གྲྭ་ཚང་ཆགས་སའི་ཤར་ངོས་དང་། རྒྱལ་གྲུབ་གླིང་ནི་དེང་གི་གོང་དཀར་གནམ་གྲུ་འབབ་ཐང་ཡོད་ས་དང་། སྒམ་བུའི་གྲོང་ནི་དུས་རབས་བཅོ་ལྔ་པར་བྱོན་པའི་པིར་ཐོག་མཁན་པོ་དགེ་བསྙེན་བཀྲ་ཤིས་འཁྲུངས་སའི་གྲོང་ཚོ་སྟེ། དེང་གི་གོང་དཀར་ཆོས་སྡེའི་ལྷོ་ཕྱོགས་སྒམ་སྟོད་དང་། གོང་དཀར་དཔལ་གྱི་སྡེ་ཆེན་ནི་དེང་གི་གོང་དཀར་ཆོས་སྡེའི་ནུབ་ཕྱོགས་ཀྱི་རི་སྟེང་དུ་གནས་པའི་ཕོ་བྲང་གོང་རི་དཀར་པོའི་རྫོང་ཤུལ་དང་། ཞོལ་སར་རྟ་ར་ནི་ཕོ་བྲང་གོང་རི་དཀར་པོའི་རྫོང་ཤུལ་གྱི་འདབས་ཞོལ་དུ་ཆགས་པའི་རྫོང་གི་ཆིབས་ར་ཁང་ཡིན་པ་བཅས། གོང་གི་ས་མིང་དེ་དག་ནི་དུས་རབས་བཅོ་ལྔ་པའི་སྐབས་ཀྱི་སྡེ་པ་བཞི་འཛོམ་དང་དཔོན་གྲ་ལྔའི་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པའི་གཞིས་ཀ་དང་ཡུལ་སྡེ་ཆེ་བ་ཤ་སྟག་གི་མིང་ཡིན་ལ། གོང་དཀར་སྤར་མའི་སྤར་ཡུལ་ཡང་ཡིན་ནོ།

གོང་དཀར་སྤར་མའི་སྤར་དུས་སྐོར་ལ་སྤར་བྱང་ཁག་ཏུ། ཆུ་ཕོ་སྟག་ལོ་སྟེ།(34) སྤྱི་ལོ་༡༤༢༢ལོར་གོང་དཀར་སྡེ་ཆེན་དུ་《སྟོན་པའི་སྐྱེས་རབས་》སྤར་དུ་བཏབ་ཅེས་དང་། ཟིལ་གནོན་གྱི་ལོ་སྟེ།(35) སྤྱི་ལོ་༡༤༢༦ལོའི་ཆུ་སྟོད་ཀྱི་ཉ་བའི་གྲལ་ཚེས་བཞི་ལ་རྗེའི་《སྔགས་རིམ་ཆེན་མོ་》གོང་དཀར་དཔལ་གྱི་སྡེ་ཆེན་དུ་སྤར་དུ་བཏབ་ཅེས་ལོ་ཚིགས་མཛུབ་མོ་བཙུགས་ནས་སྟོན་རྒྱུ་ཡོད་པའི་སྤར་མ་རེ་གཉིས་ཕུད། དེ་མིན་རྣམས་དེ་ལྟར་མིན། འོན་ཀྱང་གོང་དཀར་སྤར་མའི་སྦྱིན་བདག་རྣམ་གཉིས་ཀྱི་འཁྲུངས་འདས་ལོ་ཚིགས་ལ་གཞིགས་ན། སྤར་མ་དེ་དག་སྤྱིར་ན་དུས་རབས་བཅོ་ལྔ་པའི་སྤར་མ་ཡིན་པར་བསྙོན་མི་དགོས་ཤིང་། བྱེ་བྲག་གྲ་ལྔའི་རྒྱལ་པོའི་ལོ་རྒྱུས་ལ་གཏུགས་ཏེ་དཔྱད་ན་སྤར་དུས་རགས་པ་ཞིག་ངེས་ཐུབ། དེ་ཡང་གྲ་ལྔའི་རྒྱལ་པོ་ནི་ལྷོ་ཁ་གྲ་ནང་རྒྱལ་ཆེན་གླིང་དུ་ཡབ་ཐོན་མི་སམ་བྷོ་ཌའི་གདུང་རྒྱུད་རྒྱལ་བ་ཤེས་རབ་དང་། ཡུམ་རྡོ་རྗེ་བདེ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་བྱི་ལོ་སྟེ། སྤྱི་ལོ་༡༤༣༢ལོར་འཁྲུངས་ཤིང་། སྐབས་དེར་རྐྱེན་སེལ་གྱི་རིམ་གྲོ་ལ་གཟུངས་གྲ་ལྔ་ཀློག་པ་ལ་བརྟེན་ནས་ཆུང་དུས་ཀྱི་མཚན་ལ་གྲ་ལྔ་རྒྱལ་པོ་ཞུ། དགུང་ལོ་བཅུ་གསུམ་པ་ཤིང་བྱི་ལོ་སྟེ། སྤྱི་ལོ་༡༤༤༤ལོར་ཡུམ་གྱི་ཐུགས་འདོད་ལྟར་སྣེ་གདོང་གོང་མ་གྲགས་པ་འབྱུང་གནས་ཀྱི་ཞབས་གྲས་སུ་ཕེབས། དགུང་ལོ་བཅོ་ལྔ་པ་མེ་སྟག་ལོ་སྟེ། སྤྱི་ལོ་༡༤༤༦ལོར་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་དུ་བསྐོས་པས། དཔོན་ཆེན་གྲ་ལྔ་ཞེས་འབོད།(36)དགུང་ལོ་ཉི་ཤུར་ཕེབས་པ་རབ་བྱུང་བརྒྱད་པའི་ལྕགས་ལུག་ལོ་སྟེ། སྤྱི་ལོ་༡༤༥༡ལོར་བྲག་ཐོག་པ་བསོད་ནམས་བཟང་པོའི་དྲུང་དུ་རབ་བྱུང་མཛད། དགུང་ལོ་ཉེར་བདུན་པ་ས་སྟག་ལོ་སྟེ། སྤྱི་ལོ་༡༤༥༨ལོར་པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་པའི་མཚན་ལ་ཀུན་དགའ་རྣམ་རྒྱལ་(37)ཞེས་གསོལ་བ་ཡིན། དེས་ན་ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱི་གསུང་གོང་དཀར་སྤར་མའི་སྤར་བྱང་ཁག་ཏུ་ཆོས་རྒྱལ་གྲ་ལྔའི་རྒྱལ་པོ་ཞེས་ཁོང་གི་དགུང་ལོ་ཉེར་བདུན་སྔོན་གྱི་མཚན་ལས་ཀུན་དགའ་རྣམ་རྒྱལ་ཞེས་བྲིས་མེད་པ་དང་། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ནང་དུའང། དཔོན་ཆེན་གྲ་ལྔ་འདི་ཉིད་ཀྱི་སྐུ་ཆེའི་སྟོད་ལ་གོང་མ་གྲགས་པ་འབྱུང་གནས་ཀྱིས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་ལས་ཀ་གནང་(38)ཞེས་བཀོད་ཡོད་པ་བཅས་དང་ཕན་ཚུན་ཞིབ་བསྡུར་བྱས་ན། ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱི་གསུང་གོང་དཀར་སྤར་མ་དེ་དག་ནི་སྤྱི་ལོ་༡༤༤༦ནས་༡༤༥༨ལོའི་ནང་ཚུན་དུ་སྤར་དུ་བཏབ་པ་ཡིན་པ་རིགས་འདེད་བྱ་ཐུབ་སྙམ།

བཞི་པ། ཡིག་ཞུས་བརྐོས་གསུམ།

གཅིག ཡི་གེ་བ།

དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མའི་ཡིག་མཁན་གྱི་སྐོར་ལ་གཞུང་སོ་སོའི་སྤར་བྱང་ལས། “རྒྱུད་སྡེའི་མངའ་བདག་རིན་ཆེན་དཔལ་བཟང་ཡིན། མཁས་པའི་ཕུལ་བྱུང་ནམ་མཁའ་བཟང་པོས་བྲིས་”(39)ཞེས་པ་དང་། “ཡི་གེ་བ་ནི་ལག་པའི་སྒྱུ་རྩལ་མཐར་སོན་པ། གཞུང་པ་ནམ་མཁའ་བཟང་པོས་བྲིས་”(40)ཞེས་པ། “ཡིག་མཁན་མཁས་པ་གཞུང་པ་ནམ་མཁའ་”(41)ཞེས་པ། “ལེགས་པར་བསྒྲུབས་པའི་ཞུས་དག་པ་ནི། སྡོམ་བརྩོན་ལྡན་པ་རིན་ཆེན་བཟང་པོ། ཡི་གེ་བ་ནི་ལག་པའི་སྒྱུ་རྩལ་མཐར་སོན་པ། གཞུང་པ་ནམ་མཁའ་བཟང་པོས་བྲིས་” (42)ཞེས་སོགས་བྱུང་བ་ལས། དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མའི་སྒོ་གསུམ་ཐང་ཆད་འབྲི་བའི་ཡིག་མཁན་དབུ་ཆེན་ནི་གཞུང་པ་ནམ་མཁའ་བཟང་པོ་ཡིན་པ་གསལ་པོར་རྟོགས་ཐུབ། དེས་ན་ཡིག་མཁན་དབུ་ཆེན་གཞུང་པ་ནམ་མཁའ་བཟང་པོའི་ལོ་རྒྱུས་སྐོར་འཁོད་པའི་ཡིག་ཆ་ཁོ་བོས་ད་བར་མ་མཇལ་རུང་། གཞུད་པ་ཞེས་པའི་ས་མིང་དང་འབྲེལ་བའི་ལོ་རྒྱུས་ནི་ཅུང་ཟད་ཡོད་དེ། དུས་རབས་བཅུ་གཅིག་པའི་སྐབས་ཐོན་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་《དབའ་བཞེད་》དང་《བཀའ་ཐང་》སོགས་ཀྱི་ནང་དུ། ཡར་ཀླུང་གཙང་པོའི་ལྷོ་ངོས་སུ་ཆགས་པའི་ཡུལ་སྡེ་ཁག་གི་མིང་ལ་ཚིག་སྣ་བསྡུས་ཤིང་བློ་ལ་ངེས་བདེ་ལ་བཀོལ་སྤྱོད་སླ་བའི་ཐ་སྙད་དེ། ཨེ་དྭགས་གཉལ་གསུམ་དང་། གློ་བྱིང་བྱ་གསུམ། གྲ་དོལ་གཞུང་གསུམ་(43)ཞེས་པ་ལྟ་བུའི་འབོད་སྲོལ་བྱུང་ཡོད་པས། དེའི་གྲ་དོལ་གཞུང་གསུམ་ལས་གཞུང་པ་ནི་ད་ལྟའི་ལྷོ་ཁ་གོང་དཀར་རྫོང་གི་མངའ་འོག་ཏུ་ཡོད་པའི་རི་བོ་གླང་སྣ་ནས་གྲུམ་གསུམ་(44)རི་ཟུར་བར་གྱི་ལུང་ཤུར་ཆེན་པོ་སྟེ། གཙོ་བོ་རྣམ་རབ་དྭགས་པོའི་གྲ་ཚང་ཆགས་སའི་ལུང་ཤུར་དེ་དག་གི་སྤྱི་མིང་དུ་ངེས་པ་དང་། ཁྱད་པར་ལོ་རྒྱུས་རྣམ་ཐར་ཁག་གཅིག་ལས། པཎ་ཆེན་བྱམས་པ་གླིང་པ་དགུང་ལོ་སུམ་ཅུ་རྩ་གསུམ་གྱི་སྐབས་སུ་“གཞུང་སྤྲེལ་ཞིང་དུ་ཐེགས་”(45)ཞེས་དང་། དགུང་ལོ་དྲུག་ཅུ་རྩ་བཞིའི་སྐབས་“གོང་དཀར་ནས་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་བས་གཞུང་གི་རྣམ་རྒྱལ་རབ་བརྟན་དུ་སྤྱན་དྲངས་” (46)ཞེས་གཞུང་པ་ནི་རྣམ་རབ་སྤྲེལ་ཞིང་དང་རྣམ་རབ་དྭགས་པོའི་གྲ་ཚང་སོགས་ཆགས་སའི་ཡུལ་སྤྱིའི་མིང་དུ་བསྟན་པས། ཡིག་མཁན་དབུ་ཆེན་ནམ་མཁའ་བཟང་པོ་ནི་སྡེ་པ་བཞི་འཛོམ་དང་དཔོན་གྲ་ལྔའི་མངའ་སྡེ་སྟེ། དེང་གི་གོང་དཀར་རྫོང་གི་རྣམ་རྒྱལ་རབ་བརྟན་ཁུལ་ནས་བྱོན་པའི་ཡིག་མཁན་ཞིག་ཡིན་པར་སེམས། ཡིག་མཁན་ཁོང་གི་མཚན་གྱི་མདུན་དུ་གཞུང་པ་ཞེས་མཛད་པ་ལྟ་བུ་ནི་བོད་ཀྱི་གསུང་རབ་འབྲི་བཞེངས་ཀྱི་སྲོལ་ལྟ་བུར་ངེས་ཏེ། དེ་ནི་རང་ཉིད་ཀྱི་ཕ་ཡུལ་མཚོན་ཕྱིར་ཡིན་པ་དཔེ་གཞན་ནས་ཀྱང་ངེས་ཐུབ་པ་དཔེར་ན། “མཆོད་གནས་མཁས་པ་དྲ་དོལ་རྣམ་གཉིས་བསྩོགས། ། དྲ་བ་སྐྱིད་རྟག་བཟོ་ཡིག་གཉིས་ལ་མཁས། ། རྒྱུད་དང་ཁོག་པ་འཛོམ་པས་པོ་ཏི་ལེགས། ། གཟུགས་སྐྱུས་ལྡན་པའི་དོལ་པ་ཤག་དར་ངས། ། ལྷ་གཟིགས་སློབ་མ་བཀྲ་ཤིས་འཁར་ལ་བསླབས། ། ཆོས་སྤྱོད་ཕྱི་མོ་སུམ་ལུགས་གྲུ་བཞི་འདི། ། ཆག་ཚད་ལྡན་པ་ལྷ་ཡིས་བཀོད་པ་འདྲ། །”(47)ཞེས་པ་སོགས་ལས། ཡིག་མཁན་དབུ་ཆེན་ཤག་དར་གྱིས་རང་ཉིད་ཀྱི་ཡིག་ཁུངས་བརྗོད་པའི་ཞོར་དུ་རང་ཉིད་ཀྱི་ཡུལ་དོལ་ནས་ཡིན་པ་ཡང་མཚོན་ཕྱིར་དོལ་ཤག་དར་དང་། སྐྱིད་རྟག་ནི་གྲ་ནང་ཁུལ་ནས་ཡིན་པ་མཚོན་ཕྱིར་དྲ་(གྲ་)སྐྱིད་རྟག་ཅེས་བཀོད་ཡོད་པ་ལྟ་བུ་ཡིན། དེ་ལྟར་དུས་རབས་བཅོ་ལྔ་པ་ནས་བཅུ་དྲུག་པའི་ནང་གྲ་དོལ་གཞུང་གསུམ་ནས་ཡིག་མཁན་མཁས་པ་ཇི་ལྟར་བྱོན་པའི་སྐོར་ལོ་རྒྱུས་དེབ་ཐེར་སོགས་ལས་གསལ་ཁ་དེ་ཙམ་སྟེར་མི་ཐུབ་ཀྱང་། གསུང་རབ་བྲིས་སྤར་གྱི་མཛད་བྱང་ལས་ཤེས་ཐུབ་པ་འདི་ཡང་གསུང་རབ་བྲིས་སྤར་གྱི་མཛད་བྱང་དང་སྤར་བྱང་གི་དཔྱད་གཞིའི་རིན་ཐང་ཏུ་འཁུམས།

  གཉིས། ཞུས་དག་མཁན།

  དེ་ཡང་གོང་དཀར་སྤར་མའི་སྤར་བྱང་ཁག་ལས།“རྒྱུད་སྡེའི་མངའ་བདག་རིན་ཆེན་དཔལ་བཟང་ཡིན་” (48)ཞེས་དང་། “རྔོག་གི་སྟོན་པ་མཁས་བཙུན་རིན་ཆེན་དཔལ་བཟང་པོ་དང་། བསོད་ནམས་དཔལ་གྲུབོ་” (49)ཞེས་དང་།“སྡོམ་བརྩོན་ལྡན་པ་རིན་ཆེན་བཟང་པོ་” (50)ཞེས་དང་། “གཞུང་གི་དག་བྱེད་མཁས་པ་དཔལ་འཛིན་བཟང་། ......དགེ་འདིའི་དག་བྱེད་མཁས་པ་དཔལ་འཛིན་དབང་” (51)ཞེས་པ། “ལེགས་པར་བསྒྲུབས་པའི་ཞུས་དག་པ་ནི། སྡོམ་བརྩོན་ལྡན་པ་རིན་ཆེན་བཟང་པོ་” (52)ཞེས་སོགས་རིན་ཆེན་དཔལ་བཟང་དང་དཔལ་འཛིན་བཟང་པོ་ཞེས་རེ་མོས་སུ་ཐོན་པ་ལས་ཡི་གེའི་ཞུ་དག་མཁན་སུ་ཡིན་པ་ཤེས་ཐུབ། འདིར་ཞུ་དགོས་པ་ནི། རིན་ཆེན་དཔལ་བཟང་གི་མཚན་གྱི་མདུན་དུ་རྔོག་ཅེས་རུས་མིང་ཡོད་མེད་ཅི་རིགས་སྣང་ཡང་དོན་དུ་ཞུ་དག་མཁན་གཅིག་གི་མཚན་ཡིན་པར་སྙམ། དེ་ཡང་རྔོག་རིན་ཆེན་དཔལ་བཟང་ནི་རྔོག་གི་རྒྱུད་དུ་སྐུ་འཁྲུངས་ཤིང་རྔོག་པའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པའི་སྐོར་ལ་《དེབ་སྔོན་》དུ་རྔོག་པའི་བརྒྱུད་འཆད་པའི་སྐབས་སུ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་གྲུམ་བུ་ལུང་དུ་ཆོས་གསུང་པའི་ཚེ་མཇལ་དུ་བྱོན་པས། རྗེས་བཀུར་སྟི་ཆེན་པོ་མཛད། མཁྱེན་པའི་ཡོན་ཏན་རྣམས་ལ་རྩད་གཅོད་གནང་། དེར་ངོ་མཚར་ཆེ་བའི་གསུང་ཡང་ཡང་བཟླས་པར་མཛད་ཅིང་། ཕྱིས་ཀྱང་བསྔགས་པ་མང་དུ་མཛད་པས་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་ཀྱང་ཡིད་ལྷོངས་ཏེ། འབྲས་སྤུངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་དང་། མཁན་ཆེན་པདྨ་བཟང་པོ་ལ་སོགས་པའི་མཁྱེན་རབ་ཅན་གྱི་སློབ་མ་མང་དུ་འདུས།  བྱམས་གླིང་ཆོས་རྗེ་བསོད་ནམས་རྣམ་པར་རྒྱལ་བ་རྣམས་ཀྱང་མཁྱེན་རབ་ལ་ཤིན་ཏུ་གུས་ཤིང་གསན་པ་མང་དུ་མཛད་(53) ཅེས་བྱུང་བ་དང་། རྗེ་ཙོང་ཁ་པའི་དངོས་སློབ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་(༡༣༩༢ལོ་ནས་༡༤༩༡ལོ་བར་)གྱི་རྣམ་ཐར་དུའང་། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་ནི་འཕན་ཡུལ་ཆུམས་གྲོང་གསར་དུ་ཆུ་སྤྲེལ་ལོར་འཁྲུངས། རྗེ་ཡབ་སྲས་བཞི་དང་ཤར་པ་རིན་ཆེན་རྒྱལ་མཚན། རྔོག་རིན་ཆེན་དཔལ་བཟང་སོགས་བསྟེན་(54)ཞེས་སོགས་བྱུང་བས། དེ་དག་ལས་ཞུ་དག་མཁན་རྔོག་རིན་ཆེན་དཔལ་བཟང་གི་གནས་ཚུལ་ལམ་ཙམ་རྟོགས་ཐུབ་པ་མ་ཟད། སྐབས་དེར་ཡིག་མཁན་དང་ཞུ་དག་མཁན་ཡུལ་ཕྱོགས་ས་ཐག་རིང་པོ་ནས་འགྲོ་སོང་བཏང་སྟེ་གདན་འདྲེན་ཞུ་མི་དགོས་པར་རང་སོ་སོའི་རྫོང་འོག་ནས་ཐད་ཀར་དུས་ཐོག་ཏུ་བསྡུ་བསྐོང་བྱ་རྒྱུ་ཡོད་པ་ཤེས་ཐུབ་ལ། རྔོག་རྒྱུད་ཀྱི་གདན་ས་གཞུང་པའི་རྣམ་རབ་སྤྲེའུ་ཞིང་དེའང་སྡེ་པ་བཞི་འཛོམ་དང་གྲ་ལྔའི་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པའི་ས་ཆ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ།

 གསུམ། སྤར་བརྐོ་མཁན།

  གོང་དཀར་སྤར་མའི་དད་པ་སྐྱོ་ངས་མེད་པའི་སྦྱིན་བདག་སྡེ་པ་བཞི་འཛོམ་དང་དཔོན་གྲ་ལྔའི་རྒྱལ་པོ་རྣམ་གཉིས་ཀྱིས་མངའ་ཞབས་སུ་ཡོད་པའི་མཆོད་གཞིས་གཞུང་པའི་རྣམ་རབ་སྤྲེལ་ཞིང་དང་རྒྱལ་གྲུབ་གླིང་། སྒམ་བུའི་གྲོང་དང་གོང་དཀར་དཔལ་གྱི་སྡེ་ཆེན། ཞོལ་སར་རྟ་ར་སོགས་སུ་གསུང་རབ་སྤར་དུ་འདེབས་པའི་སྐབས། ཡུལ་དུས་མི་འདྲ་བར་ཕྱག་གི་འདུ་བྱེད་བསྒྱུར་བར་མཁས་པའི་སྤར་བརྐོ་བ་ཡང་མི་འདྲ་བ་བྱུང་ཡོད་པ་ནི། ནམ་མཁའ་ཆོས་དབྱིངས་(55)དང་བཟོད་པར་འཕེལ།(56) མགོན་དཔལ་དཔོན་སློབ་(57)དང་། སྐྱབ་པ་དང་དགེ་བསམ།(58) དགེ་འདུན་དང་འོད་ཟེར་(59)སོགས་བྱོན་ཡོད་ཚུལ་གོང་དཀར་སྤར་མའི་གཞུང་སོ་སོའི་སྤར་བྱང་ཁག་ལས་ཤེས་ཐུབ། དེ་ཡང་སྤར་བསྐོ་བ་ཁོང་རྣམ་པས་གོང་དཀར་སྤར་མའི་ཡིག་མཁན་དབུ་ཆེན་གཞུང་པ་ནམ་མཁའ་བཟང་པོ་སོགས་ཀྱི་འབྲི་གཟུགས་ལ་གཞི་བཅོལ་ཏེ་སྤར་ཤིང་གི་ངོས་སུ་ཁབ་ཤུལ་སྐུད་པས་བསྣན་པ་ཇི་བཞིན་སྤར་དུ་བཏབ་པའི་གོང་དཀར་སྤར་མ་ཁག་ནི་སྤུས་ལེགས་འབའ་ཞིག་ཡིན་པའི་སྐོར་ལ་བོད་ཀྱི་གསུང་རབ་སྨྲ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་། དུས་རབས་བཅོ་ལྔ་པའི་དགའ་ལྡན་སྤར་རྙིང་(གོང་དཀར་སྤར་མ་)སོགས་སྤར་མ་སྔ་གྲས་དག་གི་ཡིག་གཟུགས་ནི་ཧ་ལམ་བྲིས་མ་དང་ནོར་འགྲོ་བ་ལྟ་བུའི་ཁྱད་ཆོས་(60)འདུག་ཅེས་གསུངས།

བཞི་པ། གོང་དཀར་སྤར་མའི་དབུ་ཞབས་ལྷ་སྐུ།

ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་གོང་དཀར་སྤར་མའི་སྟེང་དུ་དབུ་ཞབས་ལྷ་སྐུས་བརྒྱན་ཡོད་མེད་གསུང་རབ་དངོས་སུ་མ་མཇལ་བ་དང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་མཁན་གྱིས་བྲིས་པའི་དཔྱད་རྩོམ་《དཔལ་ས་སྐྱའི་སྤར་རྙིང་སྤར་གཞི་མི་འདྲ་བ་ཁག་གཉིས་ལ་དཔྱད་པ་》(61)ཞེས་པའི་ནང་དུའང་དབུ་ལྷའམ་ལྷེ་ལྷའི་སྐོར་གྱི་གསུང་སྒྲོས་ཙམ་ཡང་མ་བྱུང་སྟབས། དབུ་ཞབས་ལྷ་སྐུ་འདི་དང་འདི་ཞེས་རེ་ཞིག་བརྗོད་ཐབས་བྲལ། གལ་ཏེ་སྤར་མ་དེ་དག་གི་སྟེང་དུ་དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མ་སྟེ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་གསུང་《སྔགས་རིམ་》དང་《ལམ་རིམ་》(དགའ་ལྡན་སྤར་རྙིང་(62)) ཇི་བཞིན་དབུ་ཞབས་ལྷ་སྐུ་བཞུགས་ཡོད་ཚེ། སྤར་མ་དེ་དག་གི་དབུ་ཞབས་ལྷ་སྐུའི་བརྗོད་བྱ་གཙོ་བོ་ཡང་བོད་ཀྱི་རྒྱུན་སྲོལ་ལྟར་དབུ་ཤོག་ཏུ་གཞུང་དེ་ཐོག་མར་སྲོལ་གཏོད་མཁན་གྱི་སྟོན་པ་དང་གཞུང་དེའི་འགྲེལ་བརྗོད་མཁན་གྱི་རྒྱ་བོད་ཀྱི་སློབ་དཔོན་བཅས་དང་། ཞབས་ཤོག་ཏུ་དད་པ་སྐྱོ་ངས་མེད་པའི་སྦྱིན་བདག་དང་གྲུབ་མཐའ་དེའི་སྲུང་མ་སོགས་ཀྱི་སྣང་བརྙན་རི་མོའི་ལམ་ནས་བཀོད་ངེས། “དབུ་ཤོག་ལྷ་སྐུ་དེ་དག་གི་རི་མོའི་སྒྱུ་རྩལ་གྱི་ཐད་ལ་ཅུང་ཟད་མཉེན་མི་ལྡན་ཞིང་མགུལ་དང་སྐེད་པ་ཅུང་ཟད་ཕྲ་སྦོམ་མཉམ་པ་ལྟ་བུ་ཞིག་འདུག་” (63)ཅེས་གསུངས་ནའང་། སྐུ་བརྙན་དེ་དག་གི་རི་མོའི་རྐོས་ལ་དུས་རབས་བཅོ་ལྔ་པའི་རི་མོའི་ཁྱད་ཆོས་ཀྱི་ཤན་ཞུགས་ཡོད་པ་ནི་རིགས་གཏེར་ཧོར་སྤར་མའི་དབུ་ཞབས་ལྷ་སྐུ་དང་དཔལ་ཞ་ལུ་དགོན་གྱི་ལྡེབས་རིས་ཀྱི་རི་མོའི་སྒྱུ་རྩལ་བཅས་དང་ཞིབ་བསྡུར་བྱས་པས་ཀྱང་ཤེས་ནུས།(64) དབུ་ཞབས་ལྷ་སྐུའི་རི་རྨའི་སྒྱུ་རྩལ་གྱི་གྲུབ་མཐའི་ངོས་ནས་བསྙད་ན་ཡང་མཁྱེན་ལུགས་རི་མོའི་ཉམས་ལྡན་པ་ནི་གསུང་རབ་སྤར་བའི་ཡུལ་དུས་ལས་ཤེས་ཐུབ་པ་མ་ཟད། སྤར་བྱང་ལས་ཀྱང་། “དབུ་ལྷ་དྲུག་གི་རི་མོ་གོང་དཀར་བ། ། མཁས་པ་དགེ་བཀྲས་སོར་མོའི་ཟློས་གར་ཡིན། །” (65)ཞེས་བྱུང་བ་ལས་རྟོགས་ཐུབ། འདིའི་ཁྲོད་ཀྱི་དབུ་ལྷ་མཁས་པ་དགེ་བཀྲས་ཞེས་པ་ནི་དུས་རབས་བཅོ་ལྔ་པར་བྱོན་པའི་རི་མོའི་སྒྱུ་རྩལ་ཡང་རྩེར་སོན་པའི་གོང་དཀར་བ་མཁྱེན་བརྩེ་ཆེན་པོ་ཁུ་དབོན་རྣམ་གཉིས་ཏེ། ཁུ་བོ་དགེ་བསྙེན་དང་དབོན་པོ་བཀྲ་ཤིས་གཉིས་ཀྱི་མཚན་བསྡུས་པ་ཞིག་ཡིན་པར་སྙམ་སྟེ། 《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》དུ་མཁྱེན་བརྩེའི་སྐོར་གླེང་སྐབས།  “རྗེ་ཉིད་ཀྱི་མཁྱེན་རབ་ཀྱི་ཆ་ཤས་རིག་བྱེད་ཀྱི་རྣམ་པར་ཤར་བས་རབ་འབྱམས་ཀྱི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་མངོན་སུམ་པ་ལྟ་བུར་གང་གི་ལས་སོར་ལས་སྐྲུན་པར་བྱེད་པའི་སྤྲུལ་པའི་སྐྱེས་ཆེན་མཁྱེན་བརྩེ་བ་དགེ་བསྙེན་རྣམ་པར་རྒྱལ་བ་ཁུ་དབོན་སྔ་མས་ངོ་མཚར་འཁྲི་ཤིང་ཞེས་པའི་སྐུ་བསྟོད་ཅིག་མཛད་”(66)ཅེས་པ་དང་། དུས་རབས་བཅོ་ལྔ་པའི་རྒྱལ་ཆེན་གླིང་གི་རྟེན་བཞེངས་དཀར་ཆག་ཏུ “བོད་ཡུལ་ཉི་མ་ཟླ་བ་ལྟར། ཡོངས་སུ་གྲགས་པའི་དཀར་རྒྱུད་འཕྲེང་། མཁའ་ལ་གཟའ་སྐར་བཀོད་འདྲ་རྣམས། ......ཐུབ་དབང་སྨན་བླ་འོད་དཔག་མེད། དུས་འཁོར་སྡོམ་པ་དགྱེས་མཛད་སོགས། ཡི་དམ་རྒྱལ་བ་ཞི་ཁྲོ་ཡི། ཞིང་གི་བཀོད་པ་གྲངས་མེད་རྣམས། རི་མོར་བྱེད་པའི་སྤྲུལ་སྐུ་ལྟར། ཡོངས་གྲགས་དགེ་བསྙེན་བཀྲ་ཤིས་སོ་” (67)ཞེས་མཁྱེན་བརྩེ་བ་དགེ་བསྙེན་རྣམ་པར་རྒྱལ་བ་ཁུ་བོ་ཡིན་ན་དབོན་པོ་ནི་བཀྲ་ཤིས་ཞུ་བ་ཡིན་དགོས་པའི་ཕྱིར། མདོར་ན། དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མའི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་གྱི་ངོས་ནས་ཞུས་ན་ཕྱིས་རབས་པས་འབོད་པའི་མཁྱེན་ལུགས་ཀྱི་སྲོལ་དུ་ངེས་ཤིང་། ལྷག་དོན་《སྔགས་རིམ་ཆེན་མོ་》ལྟ་བུའི་དབུ་ཞབས་ལྷ་སྐུའི་དགོས་བཅད་མཚན་བྱང་ནི་དམིགས་བསལ་ཅན་ཞིག་ཡོད་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་དགོས་བཅད་མཚན་བྱང་དུ། “རྣམ་མང་རྒྱུད་སྡེའི་ཆུ་གཏེར་ཆེར་གནས་ཏེ། ། རྨད་བྱུང་གདམས་པའི་རིན་ཆེན་གྱིས་འབྱོར་ཞིང་། ། ......ཡན་ལག་བདུན་གྱི་གདེངས་ཀས་མཐོ། ། ཀླུ་སྒྲུབ་ཀླུ་ཡི་དབང་པོ་རྒྱལ་གྱུར་ཅིག །”ཅེས་དང་། རྗེ་ཙོང་ཁ་པའི་ལྷེ་ལྷའི་དགོས་བཅད་མཚན་བྱང་དུ། “དུས་གསུམ་རྒྱལ་བའི་དགོངས་པ་རྒྱ་མཚོ་ཆེའི། ། གཏིང་མཐར་བློ་གྲོས་བརྟན་པའི་རི་དབང་གི། འཛིན་གཉིས་ཉི་ཟླའི་ཕྲིན་ལས་བཟང་པོ་ཅན། །གྲགས་པའི་མདངས་གསལ་གང་ཁྱོད་རྒྱལ་གྱུར་ཅིག །”(68)ཅེས་པ་ལྟ་བུ་ཚིགས་བཅད་ཀྱི་ལམ་ནས་དབུ་ཞབས་ལྷ་སྐུའི་དགོས་བཅད་མཚན་བྱང་བརྗོད་པ་ནི་དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མའི་སྤར་གཞི་དང་དབུ་ཞབས་ལྷ་སྐུའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན་པར་འཁུམས། འདིར་དཔར་རིས་དང་ལྷན་དུ་བཀོད་ན་འདི་ལྟར།

4.jpg

(དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མའི་དབུ་ཞབས་ལྷ་སྐུ་སློབ་དཔོན་ཀླུ་སྒྲུབ་དང་རྗེ་ཙོང་ཁ་པ་)

5.jpg

(དུས་རབས་བཅོ་ལྔ་པའི་རྒྱལ་ཆེན་གླིང་སྤར་མའི་དབུ་ཞབས་ལྷ་སྐུ་སློབ་དཔོན་ཀུན་དགའ་སྙིང་པོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་)

ལྔ་པ། གོང་དཀར་སྤར་མའི་ཐོག་མའི་སྐུལ་སློང་བ།

 དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མའི་སྦྱིན་བདག་ནི་གོང་དཀར་རྫོང་གི་དཔོན་བཞི་འཛོམ་དང་གྲ་ལྔ་བ་རྣམ་གཉིས་ཡིན་པ་གོང་གི་སྤར་བྱང་དང་པཎ་ཆེན་བསོད་ནམས་གྲགས་པའི《རྒྱལ་རབས་འཕྲུལ་གྱི་ལྡེ་མིག》བཅས་ལས་གསལ་པོར་རྟོགས་ཐུབ་ཅིང་། ཁོང་རྣམ་གཉིས་ལ་སྐུལ་སློང་གནང་མཁན་ནི་ཕག་མོ་གྲུ་པའི་དཔོན་མི་དབང་གྲགས་པ་རྒྱལ་མཚན་དང་གྲགས་པ་འབྱུང་གནས་གཉིས་ཡིན་པར་འདོད་དེ།《དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་》དུ། “སྲས་དཔོན་བཞི་འཛོམ། གོང་མ་གྲགས་པ་རྒྱལ་མཚན་གྱིས་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་ལ་བསྐོས། དེའི་སྲས་རྒྱལ་བ་ཤེས་རབ། དེའི་སྲས་དཔོན་གྲ་ལྔ། འདི་ཉིད་ཀྱི་སྐུ་ཆེའི་སྟོད་ལ་གོང་མ་གྲགས་པ་འབྱུང་གནས་ཀྱིས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་ལས་ཀ་གནང་”(69)ཞེས་དང་།《བོད་ཀྱི་རུས་རྒྱུད་འགའི་བརྗེད་ཐོ་》རུ། “སྤྱན་སྔའི་རིགས་ལས་ཕག་མོ་གྲུབ་པའི་རིགས་རྒྱུད་བྱུང་། ཕག་གྲུའི་རིགས་ལ་དཔོན་གྲགས་པ་རྒྱལ་མཚན་བྱུང་ཞིང་འདི་ནི་རྗེ་ཙོང་ཁ་པའི་ཡོན་བདག་ཡིན་” (70)ཞེས་དང་། 《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》ནང་དུའང་། “ཆུ་མོ་ལུག་གི་ལོ་ལ་བླ་མ་རིན་པོ་ཆེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་དཔོན་སློབ་འཁོར་ཚོགས་ཤིན་ཏུ་མང་བ་དང་བཅས་པ་རྣམས་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས། གང་ལ་མིའི་དབང་པོ་ཆེན་པོ་གྲགས་པ་རྒྱལ་མཚན་པས་ཆོས་བཞིའི་སྦྱིན་བདག་མཛད་དེ་ཆོས་འཁོར་རྒྱ་ཆེན་པོ་བསྐོར་”(71)ཞེས་སོགས་བྱུང་བ་དང་། ཁྱད་པར་ཕག་གྲུ་གྲགས་པ་རྒྱལ་མཚན་གྱི་སྐུ་དུས་སུ་སྐུ་གསུང་ཐུགས་ཀྱི་རྟེན་མཐའ་ཡས་པ་ཕྱག་ཏུ་བསྟར་ནས་བཞེངས་ལ། དེ་བས་རྗེ་ཙོང་ཁ་པ་ཆེན་པོས་ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་གནང་སྐབས་དངོས་པོའི་མཐུན་རྐྱེན་ཡང་དག་པར་བསྒྲུབས་གནང་བ་དང་། དགེ་ལུགས་པའི་གདན་ས་ཆེན་པོ་འབྲོག་རི་བོ་དགེ་ལྡན་ཕྱག་འདེབས་པའི་སྦྱིན་བདག་མཐིལ་ཕྱིན་པ་མཛད་པ(72)སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པས། དེ་དག་ལ་བལྟས་ན། སྐབས་དེའི་གོང་དཀར་སྤར་མའི་སྦྱིན་བདག་རྣམ་གཉིས་ཀྱི་ཆེས་ཐོག་མའི་སྤར་གྱི་སྐུལ་སློང་གནང་མཁན་ཡང་རྒྱུ་མ་ཕུག་འདེད་བྱས་ན་ཕག་གྲུའི་དཔོན་ཆེན་རྣམ་གཉིས་ཡིན་པར་ངེས་ཤེས་རྙེད་ཐུབ།

  དྲུག་པ། གོང་དཀར་སྤར་མའི་ཕན་ནུས།

  དུས་རབས་བཅོ་ལྔ་པའི་ནང་དུ་གོང་དཀར་དཔོན་བཞི་འཛོམ་དང་གྲ་ལྔའི་རྒྱལ་པོས་སྦྱིན་བདག་གནང་སྟེ་རྗེ་ཙོང་ཁ་པ་དང་ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོ་སོགས་ཀྱི་གསུང་སྤར་ལ་བཏབ་གནང་བ་དེས།  ཕྱིས་སུ་རྗེ་ཙོང་ཁ་བའི་གསུང་འབུམ་དང་ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་ཞེས་གྲགས་པ་དེ་དག་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་ཕན་ནུས་མི་དམན་པ་ཞིག་ཐོན་ཡོད། དེ་ཡང་། དུས་རབས་བཅོ་ལྔ་པའི་ཡར་སྔོན་དུ་ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་ཞེས་པའི་ཐ་སྙད་ཐོན་མེད་པ་ནི་《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་》ལས།“ས་སྐྱ་ཁུ་དབོན་གྱི་གསུང་”ཞེས་དང་། ཞུ་ཆེན་གྱི་གསན་ཡིག་ཏུའང་། “རྗེ་ཀུན་དགའ་བཟང་པོས་གློ་བོ་སྨོན་ཐང་གི་རྒྱལ་པོར་དཔལ་ས་སྐྱའི་རྗེ་བཙུན་གོང་མ་ཡབ་སྲས་གསུམ་གྱི་གསུང་རབ་རྣམས་རིན་པོ་ཆེ་སཱུ་ཝརྣ་ལས་གྲུབ་པར་བཞེང་བཅུགས་”(73)ཞེས་སོགས་འཁོད་པ་ལས་རྟོགས་ཤིང་། དུས་རབས་བཅོ་ལྔ་པའི་དུས་མཇུག་གམ་དུས་རབས་བཅུ་དྲུག་པའི་དུས་འགོར་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་“ས་སྐྱ་བཀའ་འབུམ་” (74)ཞེས་པའི་ཐ་སྙད་དངོས་སུ་བཀོལ་བ་ནས་བཟུང་། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་ཞེས་པའི་ཐ་སྙད་རླུང་ལྟར་གྲགས་པ་ཡིན། གང་ལྟར་དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསན་ཡིག་ཏུ། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་ལེགས་སྒྲིག་མཛད་སྐབས་“གོང་དཀར་སྤར་མའི་ཁྲོད་ནས་ས་ཆེན་གྲགས་པ་རྒྱལ་མཚན་གྱི་གསུང་རྒྱུད་སྡེ་སྤྱིའི་རྣམ་གཞག་དང་རྒྱུད་ཀྱི་མངོན་པར་རྟོགས་པའི་སྟོང་ཐུན་ས་བཅད་དྲངས་”(75)ཞེས་དང་། དེ་མིན་ཁོང་གི་རྣམ་ཐར་ནང་དུའང་ཁོང་གིས་སྡེ་དགེ་སྤར་མའི་ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་ལེགས་སྒྲིག་མཛད་སྐབས“གོང་དཀར་སྤར་མ་དག་ལས་ཐོར་བུ་ཆ་ཚང་བ་ཞིག་བསྒྲིགས་མ་ཐུབ་” (76)ཅེས་དང་། ཡང་ཁོང་གི་གསན་ཡིག་ཏུ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་རབ་སྐོར་གླེང་སྐབས། རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་གི་མགོར། “རྗེ་བཙུན་བླ་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། རྡོ་རྗེ་འཆང་དབང་གསུང་གི་རིན་ཆེན་གསེར་”ཞེས་དང་། ཆོས་རྗེ་ས་པཎ་གྱིས་ཞུས་དག་མཛད་པའི་སྟོང་ཐུན་ས་བཅད་ཀྱི་མགོར། “བླ་མ་དང་དཔལ་ལྡན་གྲ་ལྔ་བ་ལ་ཕྱག་འཚལ་”(77)ཞེས་དང་། དེ་བཞིན་“སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གསུང་གི་དོན་ཀྱེའི་རྡོ་རྗེ་”ཞེས་ཡོད་པ་འདིའི་ཕྱི་མོ་གོང་དཀར་བའི་སྤར་མ་ལས་བཤུས་པས། ཐུན་མོང་བའི་ལམ་རིམ་སྐབས་ཀྱི་ས་བཅད་བསྡུས་ཙམ་ལས་མེད་ཀྱང་འདི་ཉིད་ཡོངས་གྲགས་ཡིན་པ་དང་། གཞན་དུ་སྔོན་གྱི་དཔེ་རྙིང་རྣམས་ལས་“སྤྱི་བྱོན་གྱི་གཞུང་ནས་ཇི་ལྟར་འབྱུང་བའི་ས་བཅད་ཤིན་ཏུ་རྒྱས་པ་མང་པོ་བྱུང་” (78)ཞེས་གསལ་བ་སོགས་ལས། ང་ཚོས་དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མ་དག་གིས་སྔ་རྟིང་དུ་ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་ལེགས་སྒྲིག་གི་ཐད་གཞན་ནས་ལག་ཏུ་ཚུད་དཀའ་བའི་དཔྱད་གཞི་གཙིགས་ཆེན་མཁོ་འདོན་བྱས་ཡོད་པ་རྟོགས་ཐུབ་ཅིང་། དེ་བཞིན་དུས་རབས་བཅོ་ལྔ་པའི་གོང་དཀར་སྤར་མ་རྗེ་ཙོང་ཁ་པའི་གསུང་《སྔགས་རིམ་》དང་《ལམ་རིམ་》སོགས་ལ་ད་ལྟ་བོད་ཀྱི་གསུང་རབ་རིག་པའི་ལས་རིགས་ཁྲོད་དུ་དགའ་ལྡན་སྤར་རྙིང་(79)ཞེས་འབོད་པ་དེས་ཀྱང་། དུས་ཕྱིས་ཀྱི་རྗེ་ཙོང་ཁ་པའི་གསུང་འབུམ་དགའ་ལྡན་ཕུན་ཚོགས་གླིང་སྤར་མ་དང་གཙང་སྤར་སོགས་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་ནུས་པ་བླ་ན་མེད་པ་ཞིག་ཐོན་ཡོད་པ་རྟོགས་ཐུབ་པ་ཡིན་ལ། རྗེ་ཙོང་ཁ་པའི་གསུང་དགའ་ལྡན་ཕོ་བྲང་སྤར་མའི་སྤར་བྱང་ཁག་ལས་ཀྱང་། “རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད། སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན་འདི་ནི། དགའ་ལྡན་གྱི་པར་རྙིང་སོར་བཞག་ལ་ཅི་ཚིག་གི་གཅོད་མཚམས་ལོག་པ་རྣམས། རྩ་འགྲེལ་གྱི་ས་བཅད་ཐོབ་ཚོད་དང་མཐུན་པར་བགྱིས་ཏེ། གནམ་བསྐོས་དགའ་ལྡན་ཕོ་བྲང་གི་ཕྲིན་ལས་ཀྱི་ཟེགས་མ་ལས་ཤིང་མོ་ལུག་(སྤྱི་ལོ་༡༧༡༥ལོ་)གི་ལོར་ལེགས་པར་གྲུབ་པའོ། ། འདིས་ཀྱང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་” (80)ཅེས་བྱུང་བས་ཀྱང་གོང་དཀར་སྤར་མས་ཕན་ནུས་ཆེན་པོ་ཐོན་ཡོད་སྐོར་ངེས་ཤེས་གསལ་པོ་བྱ་ཐུབ། །

 མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག

①རྔོག་བློ་ལྡན་ཤེས་རབ། 《མཚལ་གནག་མྱུ་གུ་བག་ཆུ་དང་བཅས་པའི་གདམས་པ་》བྲིས་མ་ཁྲུ་ཚད་མར་ཁུངས་བཅོལ་ཏེ་ཞུས་པ་ཡིན།

②⑾(45)(46)མཁས་དབང་བྱང་ཆུབ་དགེ་ལེགས།《ཐམས་ཅད་མཁྱེན་པ་བྱམས་པ་གླིང་པའི་རྣམ་ཐར་》ཤོག་གྲངས་༡༢༤  ༡༢༤  ༣༩ ༩༨བཅས་སུ་གསལ།

③སྣེ་གདོང་དཔོན་རབས་ཀྱི་སྐུ་རིང་དང་བཀའ་ཡི་གུང་བློན་སོགས་ཀྱིས་བོད་དབུས་གཙང་གཉིས་སུ་མཁར་རྫོང་བཅུ་གསུམ་བརྩིགས་པ་ནི། རྩེད་ཐང་སྣེ་གདོང་རྫོང་། འཕྱོངས་རྒྱས་ཕྱིང་བ་སྟག་རྩེའི་རྫོང་། འོལ་དགའ་སྟག་རྩེའི་རྫོང་། དབུས་སྟོད་བྱི་རུ་སྟག་རྩེའི་རྫོང་། བྲག་དཀར་གསང་སྔགས་བདེ་ཆེན་རྫོང་། འཕན་ཡུལ་ལྷུན་གྲུབ་རྫོང་། གཞིས་ཁ་སྣེའུ་རྫོང་། སྐྱིད་ཤོད་སྨད་ཡར་རྒྱབ་གོང་དཀར་རྫོང་། ཆུ་ཤུར་རྫོང་། ཡར་འབྲོག་དཔལ་དིའི་རྫོང་། རོང་རིན་སྤུངས་རྫོང་། ཉང་སྟོད་རྒྱལ་མཁར་སྟག་རྩེའི་རྫོང་། ཉང་སྟོད་པ་སྣམ་ལྷུན་གྲུབ་རྫོང་སྟེ། མཁར་རྫོང་བཅུ་གསུམ་བརྩིགས་པ་ཞེས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་མཛད་པའི་《རྒྱ་བོད་དུ་བསྟན་པའི་སྦྱིན་བདག་རྒྱལ་བློན་ཇི་ལྟར་བྱུང་ཚུལ་གྱི་མཚན་ཐོ་བཞུགས་སོ་》ཞེས་པའི་ཀུན་བདེ་གླིང་སྤར་མ་རུ་གསལ།

④ཏའི་སི་ཏུ་ཆུ་ཕོ་སྟག་གི་ལོ་སྟེ། སྤྱི་ལོ་༡༣༠༢ལོར་སྐུ་འཁྲུངས། དགུང་ལོ་ཞེ་དགུ་ལ་གཞིས་ཀ་གོང་དཀར་བརྩིགས། ང་གཅིག་ཆུ་ཕོ་འབྲུག་གི་ལོ་ལ་ཆོས་གྲྭ་ཆེན་པོ་རྩེད་ཐང་བཏབ། དེ་དང་དུས་མཉམ་པར་རིན་སྤུངས་བརྩིགས། དེ་ནས་རྟ་ལོ་ལ་བསམ་གྲུབ་རྩེ་དང་། མེ་སྤྲེལ་ལོ་ལ་སྣེའུ་དང་། བྱ་ལོ་ལ་བྲག་དཀར་དང་། དེ་ནས་འོལ་ཀ་སྟག་རྩེ། འཕྱོངས་རྒྱས་སྟག་རྩེ། གྲི་གུ་ལྕགས་རྩེ། ཐིལ་གྱི་རི་སྤྱི་གང་། ཤར་མངོན་དགའ་སོགས་གཞིས་ཀ་གོང་འོག་རྣམས་སྒྱུ་མས་སྤྲུལ་བ་ལྟར་བརྩིགས། དྲུག་ཅུ་རྩ་གསུམ་ཤིང་ཕོ་འབྲུག་གི་ལོ་སྟེ། སྤྱི་ལོ་༡༣༦༤ལོའི་ཟླ་བ་བཅུ་པའི་ཚེས་ཉེར་བདུན་ལ་མྱང་ངན་ལས་འདས་ཞེས་རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད་པ་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༤ལོར་དཔར་བའི་《ལྷོ་རོང་ཆོས་འབྱུང་》གི་ཤོག་གྲངས་༣༨༠ན་གསལ་བ་ལ་ཁུངས་བཅོལ་ཏེ་ཞུས་པ་ཡིན།

⑤(73)(76)(78)ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་ཁམས་སྡེ་དགེ་སྤར་མའི་པོད་ཁ་པའི་ལྡེབ་གྲངས་༢༩༡   ༡༩༢   ༢༠༡   ༣༤༡བཅས་སུ་གསལ།

⑥(26)(35)(39)(48)(58)(68)རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་《སྔགས་རིམ་ཆེན་མོ》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

⑦(49)(59)རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་《དཔལ་འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རིན་པོ་ཆེའི་བང་མཛོད་》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

⑧(28)(41)ནག་ཆུ་སོག་བཀྲ་ཤིས་ལྗོངས་དགོན་གྱི་《ཤེར་ཕྱིན་བརྒྱད་སྟོང་པ་》མཐིང་ཤོག་གསེར་བྲིས་པོད་ཀ་པའི་མཛད་བྱང་དངུལ་བྲིས་མའི་ལྡེབ་གྲངས་༤༢༣   ༤༢༣   ༤༢༣བཅས་ལས་དྲངས།

⑨⒅⒆(66)(71)རྒྱ་སྟོན་བྱང་ཆུབ་དཔལ། 《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》ཤང་ཀང་ཐེན་མཱ་དཔེ་སྐྲུན་ཁང་གིས་དཔར་བའི་ཤོག་གྲངས་༡༦   ༡༨   ༢༥   ༨༩   ༡༨བཅས་ན་གསལ།

⑩⒇ པཎ་ཆེན་བསོད་ནམས་གྲགས་པ། 《དེབ་ཐེར་དམར་པོ་གསར་མ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༢ལོར་དཔར་བའི་ཤོག་གྲངས་༡༠༤   ༡༠༤བཅས་ན་གསལ།

⑿(67)རྒྱལ་ཆེན་གླིང་དུ་《མདོ་རྒྱ་ཆེར་རོལ་པ་》སོགས་བཞེངས་དུས་ཀྱི་དཀར་ཆག་བྲིས་མ་ཁྲུ་ཚད་མའི་ལྡེབ་གྲངས་༡   ༣བཅས་ན་གསལ།

⒀(22) སློབ་དཔོན་བསོད་ནམས་རྩེ་མོའི་གསུང་《དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ་ལོ་རྒྱུས་བསྡུས་དོན་རྒྱུད་ཆུང་གི་ཌིག་》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

⒁(57)སློབ་དཔོན་བསོད་ནམས་རྩེ་མོའི་གསུང་《སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་ཞབས་ཀྱི་རྗེས་སུ་འབྲངས་བ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

⒂སློབ་དཔོན་བསོད་ནམས་རྩེ་མོའི་གསུང《ཀྱེ་རྡོ་རྗེ་ལུགས་ཀྱི་དབང་བསྐུར་ཆོ་ག་》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

⒃(24)(51)(55)རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་《རྣམ་བཤད་ཉི་འོད་》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

⒄ གཟུངས་གྲ་ལྔ་ནི་སྟོང་ཆེན་པོ་རབ་ཏུ་འཇོམས་པ་དང་། རིགས་སྔགས་ཀྱི་རྒྱལ་པོ་རྨ་བ་ཆེན་མོའི་གཟུངས། འཕྱགས་པ་རིགས་སྔགས་ཀྱི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། བསིལ་བའི་ཚལ་ཆེན་མོ། གསང་སྔགས་ཆེན་མོའི་རྗེས་སུ་འཛིན་པ་བཅས་ཡིན་ཚུལ་ཡུང་ལོའི་བཀའ་འགྱུར་རྒྱུད་ཕ་པའི་གླེགས་ཤིང་མཚལ་རྩིས་བསྒྱུར་བར་གསལ། པོད་དེའི་ཕྱི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རྒྱན་རིས་དང་ནང་ངོས་ཀྱི་སྒོ་ཁྱིམ་དུ་བོད་རྒྱ་ཤན་སྦྱར་དུ་བཀོད་ཡོད།

(21)(38)(69)རྒྱལ་བ་ལྔ་པ་ངག་དབང་བློ་བཟང་གྲགས་པས་མཛད་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ལོ་༡༩༨༨ལོའི་སྤར་མའི་ཤོག་གྲངས་༡༧༩   ༡༧༩   ༡༧༩བཅས་ན་གསལ།

(23)(56)སློབ་དཔོན་བསོད་ནམས་རྩེ་མོའི་གསུང་《ཀྱེའི་རྡོ་རྗེའི་རྣམ་བཤད་ཉི་མའི་འོད་ཟེར་》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

(25)(34)《སྟོན་པའི་སྐྱེས་རབས་》གོང་དཀར་སྤར་མའི་སྤར་བྱང་ལྷོ་ཕྱོགས་བྱ་ཡུལ་སྤར་མའི་བུ་དཔེའི་ལྡེབ་གྲངས༤༢༢   ༤༢༢ལས་དྲངས།

(27)(42)(52)རྗེ་ཙོང་ཁ་པའི་གསུང་《རྡོ་རྗེ་ཐེག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་དག་པར་བྱ་བའི་ཚུལ་རྣམ་པར་བཤད་པ་དངོས་གྲུབ་ཀྱི་སྙེ་མ་》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

(29)《ཆོས་ལ་འཇུག་པའི་སྒོ་》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

(30)སྤྲེལ་ཞིང་ནི་རྣམ་རབ་སྤྲེའུ་ཞིང་ཡིན། དེ་ནི་གྲ་དོལ་གཞུང་གསུམ་ལས་གཞུང་གི་ལུང་ཤུར་དུ་ཆགས་པའི་བཀའ་བརྒྱུད་པའི་མཆོད་རྟེན་ཆེན་པོ་ཞིག་ཡོད་ས་དེ་ཡིན་པ་ནི བྱང་ཆུབ་དགེ་ལེགས་ཀྱིས་མཛད་པའི་《པཎ་ཆེན་བྱམས་གླིང་གི་རྣམ་ཐར་》ནང་དུ་གཞུང་སྤྲེལ་ཞིང་ཞེས་དང་། དེ་བཞིན་ས་དེར་སྔོན་རྔོག་ཆོས་སྐུ་རྡོ་རྗེ་འཁྲུངས་ནས་རྔོག་པའི་ཆོས་བརྒྱུད་ཀྱང་འཕེལ་ནས་དུས་རབས་བཅུ་གཅིག་པའི་ནང་དར་རྒྱས་ཆེན་པོ་བྱུང་ཡོད་སྐོར་《དེབ་ཐེར་སྔོན་པོ་》ཡི་འདུས་པ་མར་ལུགས་ཀྱི་ལེའུར་ཡང་གསལ།

(31)རྒྱལ་གྲུབ་གླིང་ཞེས་པ་ནི་ད་ལྟ་གོང་དཀར་གནམ་གྲུ་འབབ་ཐང་ཡོད་ས་དེ་ཡིན།

(32)སྒམ་བུ་ནི་དུས་རབས་བཅོ་ལྔ་པའི་ནང་བོད་ཀྱི་རི་མོ་མཁྱེན་ལུགས་ཀྱི་སྲོལ་གཏོད་མཁན་སྒམ་སྟོད་མཁྱེན་བརྩེ་ཆེན་པོ་སྐུ་འཁྲུངས་སའི་གནས་དེ་མིན་ནམ་སྙམ།

(33) གོང་དཀར་རྫོང་རྙིང་ལ་གོང་དཀར་བདེ་ཆེན་གཞིས་ཀ་ཞེས་ཀྱང་འབོད་སྲོལ་ཡོད།

(36)(37)《དུང་དཀར་ཚིག་མཛོད་ཆེན་མོ་》 ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གི་སྤར་མའི་ཤོག་གྲངས༥༢༩ ༥༣༠བཅས་ན་གསལ།

(40)(50)རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་གསུང་《རྩ་ལྟུང་གི་རྣམ་བཤད་ཆེན་མོ་》གོང་དཀར་སྤར་མའི་སྤར་བྱང་ལས་དྲངས།

(43)གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པར་གྲགས་པའི་《བཀའ་ཐང་སྡེ་ལྔ་》མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ལོ་༡༩༨༤ལོའི་སྤར་མའི་ཤོག་གྲངས་༡༣༥རུ་བོད་ཡུལ་རུ་བཞིར་འདྲེན་པའི་སྐབས་དང་《དབའ་བཞེད་》བྲིས་མ་སོགས་སུ་གྲ་དོལ་གཞུང་ཞེས་བཀོལ་བར་གཞི་བཅོལ་བ་ཡིན།

(44)(53)འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་《དེབ་ཐེར་སྔོན་པོ་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤར་མའི་ཤོག་གྲངས་༤༩༧དུ་རྔོག་རྒྱུད་ཀྱི་སྐོར་གསུང་སྐབས། གྲུམ་བུ་ལུང་ཞེས་ཐོན་པར་གཞི་བཅོལ་ཏེ་ཞུས་པ་ཡིན།

(47)པད་མ་བཀྲ་ཤིས། 《དུས་རབས་༩ནས་༡༩པའི་བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༨ལོར་དཔར་བའི་སྨད་ཆའི་ཤོག་གྲངས་༡༧༡ན་གསལ།

(54)མཁར་ནག་ལོ་ཙཱ་བ། 《དགའ་ལྡན་ཆོས་འབྱུང་》བོད་རང་སྐྱོང་ལྗོངས་ཡིག་ཚགས་ལས་ཁུངས་ཀྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་བའི་ཤོག་གྲངས་༢༨༣ན་གསལ།

(60)(63)《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་སྤྱི་ལོ་༡༩༩༧ལོའི་སྤར་མའི་ཤོག་གྲངས༤༢༢   ༤༢༢ན་གསལ།

(61)(75)(77) (德国)大卫 •杰克逊著、王启龙译:《萨迎派文献的两个早期版本》载《国外藏学研究译文集》第七辑,西藏人民出版社,第181、181、201 页。

(62)(79)《འཕྱགས་བོད་དུ་བྱོན་པའི་མཁས་པ་དང་གྲུབ་པའི་སྐྱེས་མཆོག་འབུམ་ཕྲག་གི་ལེགས་པར་བཤད་པའི་དཀར་ཆག་རིན་དབང་གི་རྒྱལ་པོའི་ཕྲེང་བ》བྲིས་མ་གླེགས་བམ་ཁྲུ་ཚད་མ་སྟེ། འོན་བཀྲ་ཤིས་ཆོས་སྡིངས་སུ་བཞུགས་སུ་གསོལ་བའི་དཀར་ཆག་ལྡེབ་གྲངས་༡༣   ༡༦དང་། དེ་བཞིན་《དབུས་གཙང་གི་དགོན་སྡེ་ཁག་ཏུ་བཞུགས་པའི་བོད་ཡིག་སྤར་ཐོ་》ཞེས་པར། “དགའ་ལྡན་དགོན་ཟུང་འཇུ་ཁམས་ཚན་དུ་དགའ་ལྡན་སྤར་རྙིང་སྔགས་རིམ་ཆེན་མོ་དང་། ལམ་རིམ་ཆེ་ཆུང་སོགས་རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་གྲས་སྡེབ་གྲངས་༢༠༠༠ཡོད་”ཅེས་སྤར་མ་དེའི་ལྡེབ་གྲངས་༡༦རུ་གསལ་བ་སོགས་ལ་སྣེ་ཁུངས་བཅོལ་ནས་ཞུས་པ་ཡིན།

(64)པད་མ་བཀྲ་ཤིས། 《བོད་དཔེ་ཧོར་སྤར་མའི་སྤྱིའི་ཁྱད་ཆོས་ལ་དཔྱད་པ་》ཞེས་པ་《བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཐེངས་གཉིས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་》ནང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ལོ་༢༠༡༩ལོའི་སྤར་མའི་ཤོག་གྲངས་༡༣ལ་གཟིགས།

(65)རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་《རྣམ་འགྲེལ་ཐར་ལམ་གསལ་བྱེད་》དགའ་ལྡན་རྩེའི་སྤར་མའི་སྤར་བྱང་ལས་དྲངས།

(70)ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི《བོད་ཀྱི་ཁོངས་རྒྱུད་འགའི་བརྗེད་ཐོ》ཞེས་པ་རྒྱ་ནག་སྤར་མའི་ལྡེབ་གྲངས་༧ལས་དྲངས།

(72)རྒྱལ་བ་གཉིས་པ་བློ་བཟང་གྲགས་པ། ཆོས་རྒྱལ་གྲགས་པ་རྒྱལ་མཚན། 《གཞིས་པ་སོགས་མཆོད་ཡོན་རྣམས་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པའི་དཀར་ཆག་མཆོད་སྤྲིན་རྒྱ་མཚོའི་ཟིན་བྲིས་》ཞེས་པའི་ཡིག་ཚང་ལྡེབ་གྲངས་༡༧ཅན་དེ་ལ་གཞི་བཅོལ་ཏེ་ཞུས་པ་ཡིན།

(74)གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་གསུང་པོད་གསུམ་པའི་ལྡེབ་གྲངས་༣༠༡ན་གསལ།

(80)རྗེ་ཙོང་ཁ་པའི་གསུང་《རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད། སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན་》སྤྱི་ལོ་༡༦༢༤ལོའི་སྤར་མའི་སྤར་བྱང་ལས་དྲངས།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།