མགོ་ལོག་གི་གེ་སར་རིག་གནས་དང་དམངས་ཁྲོད་དད་མོས་དབར་གྱི་འབྲེལ་བར་ཐོག་མར་དཔྱད་པ།

3.jpg

[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་གེ་སར་རྒྱལ་པོའི་གསོལ་མཆོད་དང་གེ་སར་གྱི་བླ་གནས་ལ་དད་མོས།གེ་སར་གྱི་ཤུལ་རྟེན་ལ་དད་མོས།གེ་སར་སྒྲུང་པར་དད་མོས་སོགས་དོན་ཚན་ཆེ་བ་དྲུག་གི་ཐོག་ནས་མགོ་ལོག་གི་གེ་སར་རིག་གནས་དང་དམངས་ཁྲོད་དད་མོས་དབར་གྱི་འབྲེལ་བ་ནི་ཇ་དང་འོ་མ་བཞིན་དམ་པོར་འདྲེས་ཡོད་ཚུལ་དང་།དེ་དག་སོ་སོའི་ཁྱད་ཆོས་གཙོ་བོ་འགར་དཔྱད་བརྗོད་ཀྱིས་མགོ་ལོག་གི་གེ་སར་རིག་གནས་ནི་དམངས་ཁྲོད་དད་མོས་ཀྱི་ཟུར་སོ་སོར་དམ་པོར་འདྲེས་པའི་ལོ་རྒྱུས་རྒྱབ་ལྗོངས་སམ་རྒྱུ་རྐྱེན་སྐོར་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།]མགོ་ལོགགེ་སར་རིག་གནས།དམངས་ཁྲོད་དད་མོས།འབྲེལ་བ།

2.jpg

    བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་རྨ་ཡུལ་མགོ་ལོག་ས་ཁུལ་ཡོངས་སུ་གནའ་ནས་བཟུང་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་ཅིང་།བོད་མི་རེའི་ངག་ནས་སྒྲུང་རེ་ཟེར་བ་ལྟར།ཡུལ་དེའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་གླིང་སྒྲུང་ཤོད་པར་སྤྲོ་བ་མ་ཟད།ངག་རྟ་མང་བའི་ལམ་ནས་བཤད་པའང་སྙན་ཞིང་འཇེབས་པ་འབའ་ཞིག་ཡིན།ཁོ་ཚོས་སྙིང་ཁོང་ནས་གེ་སར་རྒྱལ་པོ་ནི་རིགས་གསུམ་མགོན་པོའི་ཐུགས་སྲས་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་སྤྲུལ་ཡིན་པར་བསམས་ནས་མི་ཕྱེད་པའི་དད་མོས་ཟློག་མེད་བྱས་དང་བྱེད་བཞིན་མཆིས།དེ་མིན་གེ་སར་གྱི་རིག་གནས་དེ་ངག་ལས་བཤད་པ་ཙམ་མིན་པར་མང་ཚོགས་ཀྱི་འཚོ་བ་སོ་སོའི་ནང་དུ་ཇ་དང་འོ་མ་ཇི་བཞིན་ཟབ་མོར་འདྲེས་ཡོད་པས།དེ་ནི་མཐོ་སྒང་འབྲོག་པའི་རིག་གནས་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ཟས་རིགས་མངར་མོ་ཞིམ་པོ་ཞིག་ཀྱང་ཡིན་ལ།ཐ་ན་ཁྱིམ་རེའི་ཇ་མཆོད་བསང་མཆོད།གཉེན་བཤད་སྟོན་བཤད།རྟ་རྒྱུགས་གླུ་ལེན།གཏམ་དཔེ་གབ་ཚིགབཙས་སྟོན་འདས་མཆོད་ལ་སོགས་ཀྱི་ནང་དུའང་དམ་པོར་འདྲེས་འདུག་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།རྨ་ཡུལ་མགོ་ལོག་ལ་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་“ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས་”ཞེས་པའི་མཚན་སྙན་གནང་འདུག་པའང་ཁ་མིན་དོན་ལ་གནས་པ་རེད།ད་ལྟ་རྒྱལ་ཁབ་རིག་གནས་པུའུས་“ཀྲུང་གོའི་མགོ་ལོག་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་འཛུགས་སྐྲུན་གྱི་ས་ཁུལ་”དུ་བདམས་ཐོགམི་རྒྱུ་གཉིས་ཀྱི་ཐད་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་བཞིན་མཆིས།དངོས་གནས་མགོ་ལོག་གི་ཕྱི་སྣོད་ཀྱི་རི་ཀླུང་ནགས་གསུམ་དང་ནང་བཅུད་ཀྱི་སྐྱེ་བོའི་འགྲོ་འདུག་སྤྱོད་གསུམ་སོགས་ཕྱོགས་ཡོད་དོ་ཅོག་ཏུ་གེ་སར་རིག་གནས་ཀྱིས་ཡོངས་སུ་བརྒྱན་འདུག་མོད།འོན་ཏེ་རིན་ཐང་གཞལ་དུ་མེད་པའི་མགོ་ལོག་གི་གེ་སར་རིག་གནས་ལ་རྟོག་དཔྱོད་དང་ཞིབ་འཇུག་གནང་སྟེ་ཕྱོགས་ཀུན་ནས་ཉམས་པ་སོར་ཆུད་དང་མ་ཉམས་པ་རྒྱུན་འཛིན་བགྱིས་པའི་རླབས་ཆེན་གྱི་བྱ་གཞག་སྐོར་གྱི་ཡིག་ཆ་སྤེལ་བ་ཤིན་ཏུ་ཉུང་བས།དེ་ཐད་ཀྱི་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིགདབྱེ་ཞིབ།དྲིལ་བསྒྲགས་བགྱི་རྒྱུ་ནི་གལ་འགངས་ཆེ་བར་བསམས་ནས་རྩོམ་ཡིག་འདི་འབྲི་འགོ་བརྩམས་པ་ཡིན།

དང་པོ།གེ་སར་རྒྱལ་པོའི་གསོལ་མཆོད།

     བོད་པ་རྣམས་ཀྱི་ཡིད་དུ་གེ་སར་རྒྱལ་པོ་ནི་མི་ཡུལ་གྱི་སྐྱེས་བུ་ཕལ་པ་ཞིག་མིན་པར་གོང་མ་ལྷ་ནས་མི་ཡུལ་གྱི་བདུད་སྡེ་མ་ལུས་ཆམ་ལ་འབེབས་པར་ཆེད་དུ་མངགས་པའི་ལྷ་ཕྲུག་ཡིན་པར་སྙམ་ཞིང་།དུས་དང་རྣམ་པ་ཀུན་ཏུ་མགོ་ནག་མི་ཡི་སྐྱབས་མགོན་ཞིག་ཏུ་བརྩིས་ནས་མཆོད་བཀུར་དང་གསོལ་མཆོད་བྱེད་བཞིན་མཆིས།དེའི་རྒྱུ་མཚན་ཡང་གེ་སར་རྒྱལ་པོའི་རྟོགས་བརྗོད་《ཧོར་གླིང་གཡུལ་འགྱེད་》སྟོད་ཆ་ལས།“རྩེ་མོ་ཡར་ཟུག་ལྷ་ལ་ཟུག།ལྷ་ཚངས་པ་དཀར་བོའི་ཐུགས་སྲས་རེད།།སྐེད་པ་བར་ཟུག་གཉན་ལ་ཟུག།གཉན་སྐུ་ལྷ་གེར་མཛོའི་ཚ་བོ་རེད།།རྩ་བ་མར་ཟུག་ཀླུ་ལ་ཟུག།ཀླུ་གཙུག་ན་རིན་ཆེན་ཡང་ཚ་རེད།།ནག་པོ་བདུད་ཀྱི་ཁ་གནོན་རེད།།སེར་བོ་ཧོར་གྱི་གཉའ་ཤིང་རེད།།འདྲེ་སྲིན་རྣམས་ཀྱི་མགོ་གནོན་རེད།།འཛམ་བུ་གླིང་གི་སྐྱབས་མགོན་རེད།།”①ཅེས་བཀོད་པ་ལས་གེ་སར་རྒྱལ་པོའི་སྐྱེས་རབས་ལོ་རྒྱུས་ནི།དང་ཐོག་གོང་མ་ལྷ་ནས་འཁྲུངས་ཤིང་མཚན་ལ་ཐོས་པ་དགའ་ཟེར།དེ་ནས་མི་ཡུལ་ཁམས་སུ་སྐུ་འཁྲུངས་ཤིང་ཕ་གཉན་ནས་མཆེད་པ་དང་མ་ཀླུ་ནས་མཆེད་པས།《འཁྲུངས་གླིང་མེ་ཏོག་ར་བ་》ལས།“ཕ་རི་ནས་མཆེད་པ་རི་ལ་གཡོ་གཟུར་མེད་པ།མ་མཚོ་ནས་མཆེད་པ་མཚོ་ལ་གཏིང་ཞབས་མེད་པ་”②ཞེས་ཟེར་དོན་ཡང་གེ་སར་མཆོག་གི་ཕ་སེང་བློན་གྱི་རུས་རྒྱུད་གཉན་ནས་མཆེད་པ་དང་མ་འགོག་བཟའ་ལྷ་མོ་འོག་ཀླུ་ནས་མཆེད་པའི་རྒྱུ་མཚན་གྱིས་ཡིན།རྨ་ཡུལ་མགོ་ལོག་ས་ཁུལ་གྱི་ཡུལ་གང་ལ་བསྐྱོད་ནའང་མང་ཚོགས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་དུ་གེ་སར་རྒྱལ་པོ་ལ་ལུས་ངག་ཡིད་གསུམ་གྱིས་མཆོད་པ་བཅོས་མིན་འབུལ་བ་མཐོང་ཐུབ་ལ།ཆོ་གའི་གསོལ་ཚིག་གི་རིགས་སུ་སྔོན་བྱོན་སྐྱེས་བུ་དམ་པས་བརྩམས་པའི་གསོལ་འདེབས་རིན་ཐང་ཅན་སྣ་ཚོགས་དང་མང་ཚོགས་ཀྱི་ངག་ལས་ཁྱབ་པའི་གསོལ་འདེབས་ལེགས་པོ་སྣ་ཚོགས་ངག་ལ་གྱེར་ནས་འདོན་པ་ཀུན་གྱིས་མཐོང་བ་དང་ཐོས་པ་དེ་ལྟར་ཡིན།《གླིང་རྗེ་གེ་སར་སྐྱེས་བུའི་མཆོད་སྒྲུབ་ཕྱོགས་བསྡུས་བྱིན་རླབས་གཏེར་མཇོད་》③ཅེས་པའི་གླེགས་བམ་བཅུའི་བདག་ཉིད་ཅན་གྱི་ནང་དུ་བོད་རབ་བྱུང་གསུམ་པའི་ཤིང་བྱི་སྟེ།སྤྱི་ལོ་༡༢༠༤ལོར་སྐུ་འཁྲུངས་པའི་ཀརྨ་པ་སྐུ་ཕྲེང་གཉིས་པ་པཀྵ་ནས་ད་ལྟའི་བར་གྱི་སྐྱེས་ཆེན་དམ་པ་བརྒྱ་དང་ཉི་ཤུ་ལ་ཉེ་བའི་ལྗགས་རྩོམ་དང་གསོལ་ཚིག་བཀོད་ཡོད་པ་འདིས་བྱིན་རླབས་ཀྱི་ཚན་ཁ་མཐོ་བའི་གེ་སར་གྱི་གསོལ་མཆོད་ཕུན་སུམ་ཚོགས་པར་བཏང་ཡོད་པ་མ་ཟད།③དད་ལྡན་མང་ཚོགས་ཀྱི་རྒྱུད་ལའང་བག་ཆགས་ཟབ་མོ་བཞག་ཡོད།དེ་བས་མགོ་ལོག་གི་ཡུལ་ཚོ་གང་དུ་ཆས་ནའང་བོད་མི་རེའི་ངག་ན་གེ་སར་གྱི་མཆོད་གསོལ་རྒྱས་འབྲིང་བསྡུས་གསུམ་སྣ་ཚོགས་བཤད་སྲོལ་ཡོད་མོད།ཡིན་ཡང་གསོལ་མཆོད་དེ་དག་གང་འདོད་དུ་འདོན་ཆོག་པ་ཞིག་ག་ལ་ཡིན།དེ་ཡང་ཉིན་རེའི་སྔ་དྲོ་དང་བགེགས་བར་ཆད་སེལ་བའི་དགོས་དབང་གིས་གསོལ་མཆོད་ཀྱི་ཆོ་ག་སྤེལ་དུས་དབྱངས་ལ་གྱེར་ཏེ་འདོན་པ་ཡིན།《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་ཕྱོགས་བསྒྲིགས་》ཞེས་པའི་ནང་གེ་སར་གྱི་གསོལ་མཆོད་དང་སྒྲུབ་ཐབས།བསྐང་གསོ།བསང་མཆོད།འཕྲིན་བཅོལ།ཚོགས་མཆོད་བཅས་ཆོས་ཚན་ཉི་ཤུ་ལྷག་བཀོད་པ་ལས་གསལ་བ་ལྟར་ན།གསོལ་མཆོད་མང་ཆེ་ཤོས་གེ་སར་རྒྱལ་པོའི་སྐོར་ཡིན་ཡང་ད་དུང་གླིང་གི་དཔའ་རྟུལ་འབུམ་པའི་ཞལ་ལུ་དང་དགྲ་ལྷ་རྩེ་རྒྱལ།སྤྱི་དཔོན།ཁྲོ་ཐུང་།འདན་མ།སྐ་སྡེ།སེང་སྟགཤན་པ་རྨེ་རུ་རྩེ།གཡུ་ལྷ་ཐོག་འགྱུར་བཅས་པའི་གསོལ་མཆོད་ཀྱང་ཡོད།④དེ་ཡང་དགོས་དབང་གིས་རྒྱལ་པོ་དང་དཔའ་རྟུལ་གང་ལ་མཆོད་ན་དེའི་གསོལ་མཆོད་འདོན་སྲོལ་མཆིས།གསོལ་མཆོད་ཀྱི་རྩོམ་པ་པོའི་ཁྲོད་དུ།བན་བོན་གཉིས་ཀྱི་སྐྱེས་ཆེན་དམ་པ་ཡོད་ཅིང་།བརྩམས་ཆོས་ཚིག་བདེ་ཞིང་བློར་འཛིན་སླ་བའི་ཁྱད་ཆོས་ལྡན།གསོལ་མཆོད་བརྩམས་ཆོས་ཆེས་མང་བ་ནི་རྙིང་མའི་སྔོན་བྱོན་མཁས་ཆེན་དམ་པ་རྣམས་ཀྱི་ཁྲོད་དུ་བྱུང་ཞིང་།ཁོང་རྣམ་པས་གེ་སར་གྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ཕྱག་རྗེས་བླ་ལྷག་བཞག་གནང་འདུག་པར་སུས་ཀྱང་བསྙོན་དུ་མེད་ལ།གེ་སར་གྱི་གསོལ་མཆོད་དེ་རིགས་ཨ་མདོ་མགོ་ལོག་རྐྱང་རྐྱང་མིན་པར་གངས་ལྗོངས་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཤིན་ཏུ་ཆེ་བའང་མཁྱེན་པར་འཚལ་ལོ།

1.jpg

གཉིས་པ།གེ་སར་གྱི་བླ་གནས་ལ་དད་མོས།

      སྤྱིར་རིགས་གཞུང་གི་ཆ་ནས་དཔྱད་ན།བླ་གནས་དེ་གང་ཟག་རེ་རེར་ཡོད་ཅིང་།མི་རེ་རེའི་བླ་གནས་ཀྱི་གནས་ཡུལ་དང་བླ་གནས་ཀྱི་རིགས་སོ་སོ་བ་ཡིན་པ་བདེན་དཔང་བྱེད་ཐུབ།བླ་གནས་ནི་དྲང་ཕྱོགས་ཀྱི་སྐྱེ་བོ་ཡོད་དོ་ཅོག་ལ་ཡོད་ལ།ལྡོག་ཕྱོགས་ཀྱི་མི་སྣ་ཐམས་ཅད་ལའང་མེད་པ་མ་ཡིན་ཏེ།ཐ་ན་བདུད་རྒན་ཀླུ་བཙན་ལ་མཚོན་ནའང་བླ་གནས་ཡོད།ཁོའི་བླ་གནས་ནི་འབྲོང་དང་ཤིང་།བླ་མཚོ་བཅས་ཡིན།གེ་སར་རྒྱལ་པོས་བདུད་ཀླུ་བཙན་འདུལ་སྐབས་སུ་ཐོག་མར་བླ་འབྲོང་བླ་མཚོ་བླ་ཤིང་མེད་པར་བཟོས་པ་དང་།མཐར་བདུད་ཀླུ་བཙན་དམ་ལ་བཏགས་པ་ཡིན།དེ་བཞིན་ཧོར་གྱི་གུར་དཀར་གུར་ནག་གུར་སེར་ལ་མཚོན་ནའང་གུར་དཀར་གྱི་བླ་གནས་ནི་འབྲོང་དཀར་པོ་དང་གུར་ནག་གི་བླ་གནས་ནི་འབྲོང་ནག་པོ།གུར་སེར་གྱི་བླ་གནས་ནི་འབྲོང་སེར་པོ་ཡིན་ལ།ཧོར་གྱི་བླ་གནས་ནི་ལྕགས་ནག་དམ་པའི་དག་བསྒྲིགས་ཡིན་པར་བཤད།⑤བླ་གནས་ཀྱི་ནུས་པ་ནི།གཅིག་ནས་བླ་གནས་དང་མི་སྲོག་གཉིས་མཉམ་དུ་འབྲེལ་ཡོད་པ་དཔེར་ན།མི་ཤི་ན་བླ་གནས་ཀྱང་མཉམ་དུ་ཤི་བ་དང་།བླ་གནས་དམ་ལ་བཏགས་ཟིན་ན་མི་ཡང་མཉམ་དུ་འཆི་འགྲོ་བ་ལྟ་བུ་ཡིན།གཉིས་ནས་བླ་གནས་དང་མི་སྲོག་གཉིས་སོ་སོར་གནས་ཡོད་དེ།བླ་གནས་མེད་པར་བཏང་ཡང་མི་འཆི་མི་ནུས།ཡིན་ནའང་མི་དེ་ལྔ་ལམ་དུ་འཇུག་དགོས་ན་ཐོག་མར་བླ་གནས་མེད་པར་བཟོ་དགོས།བླ་གནས་དེས་མི་སྲོག་སྲུང་སྐྱོབ་དང་རྒྱུན་བསྲིངས་ཀྱི་ཕན་ནུས་ཐོན་གྱི་ཡོད།

       རྨ་ཡུལ་མགོ་ལོག་ས་ཁུལ་གྱི་གེ་སར་གྱི་བླ་གནས་གཙོ་བོ་ནི།སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་རྨ་ཆེན་གངས་རི་རེད།ས་བཅུ་ཐོབ་པའི་རྨ་ཆེན་སྦོམ་ར་ནི་གེ་སར་རྒྱལ་པོའི་བླ་རི་ཡིན་པ་མ་ཟད།གླིང་དཀར་ལྷ་སྡེ་ཡོངས་ཀྱི་བླ་གནས་ཀྱང་ཡིན་པ་ཡིག་ཐོག་དང་ངག་ཐོག་ཏུ་རྗོད་བཞིན་ཡོད།དེ་བས་རྨ་ཆེན་གངས་རིའི་ཁོར་ཡུག་ཏུ་བསང་ཁྲི་མང་པོ་བཞེངས་ཤིང་མཆོད་གནས་འཛུགས་སྐྲུན་གང་ལེགས་བྱས་ཏེ་དུས་རྒྱུན་མི་ཚོས་བསང་མཆོད་དང་བསྐང་གསོ།དར་ལྕོག་འཐེན་པ་སོགས་ཀྱི་ཆོ་ག་མང་པོ་སྤེལ་དང་སྤེལ་བཞིན་མཆིས།དེ་ནི་བླ་གནས་མཆོད་པའི་ཆ་ནས་གེ་སར་རྒྱལ་པོར་མཆོད་པ་ཕུལ་བ་ཡིན།ངག་རྒྱུན་གྱི་བཤད་སྲོལ་ལྟར་ན།གེ་སར་གྱི་བླ་གནས་དང་གླིང་དཀར་སྟོད་ཀྱི་བླ་གནས་ནི་རྨ་ཆེན་སྦོམ་ར་ཡིན་པས།གྱད་མི་སྟོབས་ཆེན་ཅི་འདྲ་ཞིག་ཡོང་རུང་རྨེག་མེད་གཏོང་ཐུབ་རྒྱུ་ཕར་ཞོགསྤུ་ཉག་ཙམ་ཡང་བསྒུལ་མི་ཐུབ་སྐད།དེས་གེ་སར་རྒྱལ་པོ་ནི་གནམ་འོག་ཏུ་འགྲན་ཟླ་བྲལ་བ་མཚོན་ཡོད།རྨ་སྟོད་ཀྱི་མཚོ་སྐྱ་རེངས་དང་སྔོ་རེངས་གྲོ་རེངས་གསུམ་ཡང་གླིང་གི་མོ་སྨན་མཛངས་མ་སེང་ལྕམ་འབྲུག་མོ་དང་ནེའུ་ཆུང་མཚར་ཡགཔད་དཀར་ལྷ་མཛེས་གསུམ་གྱི་བླ་མཚོ་ཡིན་པར་བཤད་ཅིང་།མི་ཚོས་ནམ་རྒྱུན་མཚོ་དེ་གསུམ་གྱི་མཐའ་སྐོར་དུ་གླིང་གི་མཛེས་མ་དང་མཛངས་མ་གསུམ་ལ་མཆོད་པ་འབུལ་བཞིན་མཆིས།མོ་སྨན་དེ་གསུམ་གྱི་བླ་གནས་མཚོ་གསུམ་ཡིན་དོན་ཡང་གཅིག་ནས་མཚོ་མོ་མ་བསྐམ་ན་ཚེ་སྲོག་ལའང་གནོད་མི་ཐེབས་པས་ཡིན་པ་དང་།གཉིས་ནས་མོ་སྨན་དེ་གསུམ་གྱི་གཤིས་རྒྱུད་ནི་ཆབ་ཆུ་ལྟ་བུ་དྭངས་ཤིང་གཙང་བ་མཚོན་པས་དང་།གསུམ་ནས་མོ་སྨན་དེ་གསུམ་གྱི་བྱད་གཟུགས་ནི་ཆུ་བོའི་རླབས་རྒྱུན་བཞིན་ལྡེམ་ལྡེམ་གཡོ་ལ་སྔོ་ཞིང་དྭངས་པའི་ཁ་དོག་ལྟ་བུ་ལྟ་ན་སྡུག་པ་མཚོན་པས་ཡིན།གེ་སར་དང་དཔའ་རྟུལ་སུམ་ཅུའི་བླ་གནས་ལ་བཤད་པ་སྣ་ཚོགས་ཡོད་ཀྱང་རེ་རེ་བཞིན་ཞིབ་ཏུ་བརྗོད་པའི་དགོས་པ་མེད་པར་སེམས།འདིར་ངེད་ཅག་གིས་ཤེས་དགོས་པ་ནི།གང་ཟག་རེ་རེའི་བླ་གནས་གང་དང་གནས་ཡུལ་གང་དུ་ཡིན་པ་ཐམས་ཅད་གསང་བ་ཡིན་པས།དུས་རྒྱུན་གཞན་ལ་མི་སྒྲོག་པའི་རྒྱུ་མཚན་ཡང་མི་དེའི་བླ་གནས་ཤེས་ཟིན་ན་ཕ་རོལ་དགྲ་བོས་འཇབ་རྒོལ་བགྱི་བའི་ཉེན་ཁ་ཆེ་བར་འདོད་པ་དེ་ཡིན།
གསུམ་པ།གེ་སར་གྱི་ཤུལ་རྟེན་ལ་དད་མོས།

       རྨ་ཡུལ་མགོ་ལོག་གི་ས་ཁུལ་གང་དུ་བགྲོད་ཀྱང་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ།སྨན་མཆོག་བཅུ་གསུམ་དང་འབྲེལ་བའི་ཤུལ་རྟེན་མང་པོ་མཐོང་རྒྱུ་འདུགཁྱད་པར་དུ་ངོ་མཚར་བ་སྟེ།གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེའི་མཁར་ཤུལ་དང་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་རྫོང་མཁར།ཡབ་ཆེན་སེང་བློན་རྒྱལ་པོའི་ཕོ་བྲང་།ཨ་སྟག་ལྷ་མོའི་རུས་མཁར།ཁྲོ་ཐུང་གི་མཁར་ཤུལ།སྤྱི་དཔོན་གྱི་གནས་ཡུལ།གླིང་རུ་པདྨ་འབུམ་རྫོང་།རྡོ་གོང་མ་གེ་སར་པདྨ་ལྷ་རྩེ།གེ་སར་གའུ་གསེར་རྫོང་བཅས་སུ་གེ་སར་གྱི་དུས་ཆེན་ཐུག་དུས་མང་ཚོགས་ཁྲི་སྟོང་མང་པོ་རང་བཞིན་གྱིས་འདུས་ཏེ་བསང་འབུལ་བ་དང་དར་ལྕོག་བཏགས་ནས་ཕྱག་མཇལ་དང་རྟ་རྒྱུགས་འགྲན་བསྡུར་རམ་སྒྲུང་པས་སྒྲུང་བཤད།གླུ་ལེན་གར་རྩེད་བཅས་བྱེད་ཅིང་།ད་དུང་གཞི་རྒྱ་ཆེ་བའི་འཛམ་གླིང་སྤྱི་བསང་འབུལ་བའི་སྲོལ་ཡང་ཆགས་ཡོད།གཞན་ཡང་རྒྱལ་ཁབ་དང་མི་སྒེར་གྱི་དཔལ་འབྱོར་གྱི་སྟོབས་ལ་བརྟེན་ནས་སེང་འབྲུག་སྟག་རྩེ་ཕོ་བྲང་དང་ཡབ་ཆེན་སེང་བློན་གྱི་ཕོ་བྲང་བཅས་པ་གསར་བཞེངས་གནང་བའི་ནང་རྟེན་ལ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ།སྨན་མཆོག་གཙོ་གྲས་ཀྱི་སྐུ་བརྙན་བཞེངས་ཡོད་པ་མ་ཟད།གེ་སར་དང་དཔའ་རྟུལ་རྣམས་ཀྱི་མཚོན་ཆ་དང་སྒ་ཆས།སྣོད་ཆས་སོགས་རིན་ཐང་ཅན་མང་པོ་ཉར་ཚགས་བགྱིས་ཡོད་པར་བརྟེན།དད་ལྡན་མང་ཚོགས་རྣམས་རང་ཤུགས་སུ་ཉིན་རེར་ཆད་ལྷག་མེད་པར་མཆོད་མཇལ་ལ་ཡོང་བཞིན་འདུགཡུལ་ཕྱོགས་དེའི་རི་ལུང་སོ་སོར་གནས་པའི་གེ་སར་གྱི་ཕྱག་རྗེས་དང་ཞབས་རྗེས།རྟ་རྗེས་ཁྱི་རྗེས།དཔའ་རྟུལ་ཚོའི་མཚོན་ཆའི་རྗེས་ཤུལ།བཞུགས་ཡུལ།གཡུལ་འགྱེད་ཐང་།འདུ་ར་སྟག་ཐང་།འབྲུག་མོའི་གསས་མཁར།འབྲུག་མོའི་ཁྲུས་སྒོ།ཤན་པའི་བ་རྡོ།ཨ་ཡུ་དེའུ་ལྟ་བུའི་ཤུལ་རྟེན་མང་པོ་མཐོང་རྒྱུ་ཡོད་པས།དད་ལྡན་མང་ཚོགས་སུ་ཡིན་རུང་སེམས་གཏིང་ནས་དད་པའི་སྤུ་ལོང་ཆེར་རྒྱས་ཏེ་མཆོད་བཀུར་དང་སྲུང་སྐྱོབ་གང་ལེགས་བགྱིས་པ་མ་གཏོགས་གནོད་པ་ཏིལ་ཙམ་ཡང་མི་བྱེད།དེ་འདྲའི་དད་འདུན་བགྱིས་པའི་རྒྱུ་མཚན་གཙོ་བོ་ཡང་གེ་སར་རྒྱལ་པོ་ནི་གཉོམ་ཆུང་སྐྱོང་བའི་ཕ་མ་དང་བཙན་པོ་རྡུང་བའི་ཐོ་བ།མགོ་ནག་མི་ཡི་མགོན་སྐྱབས་ཏེ།སྐྱབས་དང་རེ་ས་ཁོང་ཉིད་འབའ་ཞིག་ཡིན་པ་སེམས་ལ་བརྣགས་པས་ཡིན།དད་ལྡན་མང་ཚོགས་ཀྱི་ཡིད་ན་གེ་སར་རྒྱལ་པོ་ཉི་མ་དང་སེང་ལྕམ་འབྲུག་མོ་ཟླ་བ་ལྟ་བུར་བཀུར་བཞིན་འདུག
བཞི་པ།གེ་སར་སྒྲུང་པར་དད་མོས།

       དེ་ཡང་རྨ་ཡུལ་མགོ་ལོག་གི་ཡུལ་ཕྱོགས་འདི་རུ་གནའ་ནས་ད་ལྟའི་བར་གེ་སར་སྒྲུང་པ་མང་པོ་འཚར་ལོངས་བྱུང་དང་འབྱུང་བཞིན་མཆིས་ཤིང་།རིན་ཐང་ལྡན་པའི་གླིང་སྒྲུང་མང་པོ་ཁོང་རྣམ་པའི་ངག་ལས་བརྡོལ་ཏེ་སྤྱི་ཚོགས་ཡོངས་སུ་ཁྱབ་ནས་ཕན་ནུས་གཞལ་དུ་མེད་པ་ཐོན་འདུག་པ་གདོན་མི་ཟ་སྟེ།གེ་སར་སྒྲུང་པར་མཚོན་ན་བབས་སྒྲུང་པ་དང་གཏེར་སྒྲུང་པ།པྲ་སྒྲུང་པ།བརྒྱུད་སྒྲུང་པ།ཐོས་སྒྲུང་པ་སོགས་གསང་བ་ལྐོག་གྱུར་དུ་གནས་པའི་སྒྲུང་མཁན་མང་པོ་ཡོད།སྒྲུང་པ་དེ་དག་ལ་རང་རང་གི་ལོ་རྒྱུས་དང་ཁྱད་ཆོས།གསོལ་འདེབས་ལ་སོགས་མི་འདྲ་བ་རེ་མཆིས།གང་ལྟར་ཡང་སྒྲུང་པ་རེ་རེའི་གསོལ་མཆོད་ཡུལ་དང་ཆོ་ག་སྤེལ་ལུགས་སྤྱིར་བཏང་དུ་གཅིག་མཚུངས་ཡིན།དཔེར་ན།གཏེར་སྒྲུང་པ་གྲགས་ཅན་མགོ་ལོག་གུ་རུ་རྒྱལ་མཚན་དང་།བསྟན་འཛིན་གྲགས་པ།སྨིན་དབུས་པོ་ལྟ་བུར་མཚོན་ན།ཉིན་རྒྱུན་སློབ་དཔོན་རིན་པོ་ཆེ་དང་གེ་སར་རྒྱལ་པོ་སོགས་ལ་གསོལ་མཆོད་བགྱིད་པ་ཆད་ལྷག་མེད་ཅིང་།སྐབས་རེ་གླིང་སྒྲུང་ཡིག་ཐོག་ཏུ་འབེབས་བའི་སྐབས་སུའང་མཆོད་པ་འབུལ་བ་དང་གསོལ་འདེབས་ཕུར་ཚུགས་སུ་བྱེད་པའི་སྲོལ་ཆགས་ཡོད།ཁོང་རྣམ་པས་སྒྲུང་དཔེ་ཕབ་ཐུབ་པའང་ལྷ་དང་གེ་སར་གྱིས་སྡོངས་གྲོགས་མཛད་ནས་བྱུང་བར་བསམ་བཞིན་མཆིས།མགོ་ལོག་པྲ་སྒྲུང་པ་གྲགས་ཅན་ཚེ་སྒྲུབ་ལ་མཚོན་ན།ཁོང་གིས་རྡོ་རྗེ་གཡུ་སྒྲོན་མ་དང་སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མ་བཅས་པ་གདན་འདྲེན་ཞུ་བའི་གསོལ་མཆོད་དང་ཆོ་ག་ལེགས་པར་བསྒྲུབས་པ་དང་།དེ་རྗེས་པྲ་སྒྲུང་གི་འགྲོ་རིམ་ལྟར་མེ་ལོང་ལ་གཟིགས་ནས་སྒྲུང་བཤད་སྲོལ་ཆགས་ཡོད།བཤད་སྲོལ་ལྟར་ན།གསོལ་མཆོད་ལེགས་པོ་མ་བསྒྲུབས་ན་མེ་ལོང་ནང་དུ་ཅི་ཡང་མཐོང་མི་ཐུབ་སྐད།⑥དེ་བཞིན་བབས་སྒྲུང་པ་དང་བརྒྱུད་སྒྲུང་པ།ཐོས་སྒྲུང་པ་གང་ཡིན་རུང་རང་རང་ལ་གསོལ་མཆོད་ཀྱི་འགྲོ་ལུགས་རེ་ཡོད་ཅིང་།གསོལ་མཆོད་ཀྱི་འགྲོ་ལུགས་དེ་མ་བསྒྲུབས་ན་སྒྲུང་བཤད་སྲོལ་མེད།འོན་ཀྱང་ཚོགས་ཆེན་ཚོགས་ཆུང་སོགས་ཀྱི་དུས་སུ་ཐོལ་བྱུང་དུ་འཆད་དགོས་བྱུང་ན་བློ་ཁོག་ནས་གསོལ་འདེབས་སྟབས་བདེ་རེ་བགྱིས་རྗེས་བཤད་ཆོག་ཟེར།སྒྲུང་པའི་རིགས་གང་དང་སུ་ཡིན་རུང་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུར་དད་མོས་བགྱིས་པའི་བསམ་པ་ནམ་ཡང་ཟློག་ཏུ་མེད།ད་དུང་སྒྲུང་པ་ངག་རིག་དང་ཚེ་རྡོར།ཐུབ་བསྟན་དར་རྒྱས།རྡོར་བཟང་།དབྱིངས་པོ།བསྟན་འཛིན་གྲགས་པ་བཅས་པ་གླིང་གི་དཔའ་རྟུལ་ཆེ་གེ་མོ་ཞིག་གི་རྣམ་སྤྲུལ་ཡིན་པས་སྒྲུང་དཔེ་གསར་པ་ཐོགས་མེད་དུ་འཆད་ཐུབ་པ་དང་འབྲི་ཐུབ་པའང་དེ་རྐྱེན་གྱིས་ཡིན་པར་འདོད།
ལྔ་པ།རྟ་རྒྱུགས་འདས་མཆོད་སོགས་དང་འབྲེལ་བའི་གེ་སར་གྱི་དད་མོས།

      རྨ་ཡུལ་མགོ་ལོག་ས་ཁུལ་གྱི་དམངས་སྲོལ་རིག་གནས་ཀུན་ཏུ་གེ་སར་གྱི་རིག་གནས་ཉ་དང་ཆུ་བོ་བཞིན་དུ་དམ་པོར་འདྲེས་འདུག་པ་དེའང་།ནམ་རྒྱུན་འཚོ་བའི་ཁྲོད་དུ་བྱུང་དང་འབྱུང་བཞིན་པའི་བྱིས་པའི་བཙས་སྟོན་དང་མནོལ་སྟོན།བག་སྟོན་མག་སྟོན།གཤིན་པོའི་འདས་མཆོད།རྟ་རྒྱུགས་འགྲན་བསྡུར།ལྷ་ཀླུའི་གསོལ་མཆོད།གླུ་གར་སྤྲོ་ཚོགས།རྒྱན་གོས་ཟབ་སྤྲོས་བཅས་ལས་མངོན་གྱི་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།འདིར་མགོ་ལོག་ཁག་གསུམ་གྱི་ཐུན་མིན་གྱི་རྟ་རྒྱུགས་དང་འདས་མཆོད།གཉེན་སྟོན་བཅས་པར་གེ་སར་གྱི་རིག་གནས་ཅི་ལྟར་འབྲེལ་འདུག་པའི་སྐོར་གཙོ་བོར་བརྗོད་པར་བྱ། 

       གཅིགམགོ་ལོག་ས་ཁུལ་དུ་གནའ་ནས་ད་ལྟའི་བར་རྟ་རྒྱུགས་འགྲན་བསྡུར་གྱི་སྲོལ་ཞིག་ཆགས་ཡོད།མི་ཚང་མའི་འདུ་ཤེས་ནང་རྟ་རྒྱུགས་པ་ནི་བྱ་དགའ་རྐྱང་པའི་དོན་མིན་པར།ཡུལ་ཚོ་དང་ཡུལ་ཚོའི་དབར་དང་།ཚོ་པ་དང་ཚོ་པའི་དབར་རྟ་རྒྱུགས་འགྲན་བསྡུར་བརྒྱུད།ཡུལ་ཚོ་དང་ཚོ་པ་དེ་ཡི་ལོ་འཁོར་གཅིག་གི་ཁ་ལས་རླུང་རྟ་དར་མིན་དང་མི་ཕྱུགས་རྟག་ཏུ་རྒྱས་མིན་སོགས་ལ་བརྟག་པ་བྱེད་ཐུབ་པར་འདོད་པས་ཤིན་ཏུ་མཐོང་ཆེན་བྱེད་དེ།ཕལ་ཆེར་ཟླ་གཅིག་གི་སྔོན་ནས་བསང་མཆོད་དང་རྟར་བདག་གཉེར་གང་ལེགས་ཀྱིས་སྟ་གོན་བྱེད་པའི་སྲོལ་གོམས་འདུགཁྱད་པར་དུ་ཡུལ་ཚོའི་དབར་གྱི་རྟ་རྒྱུགས་འགྲན་བསྡུར་ཡིན་ན་ཡུལ་ཚོ་ཡོངས་ཀྱི་ཁ་ལས་རླུང་རྟ་དང་ལ་རྒྱ་སོགས་དང་འབྲེལ་བ་ཡོད་པས།ཡུལ་ཚོ་སོངས་ཀྱི་སྡེ་མི་ཁྱིམ་ཚང་མས་གསོལ་མཆོད་བྱེད་པ་དང་།སྒྲུང་ཤོད་པ།གེ་སར་གྱི་གཡང་འབོད་སོགས་བྱེད།སྡེ་མི་ནང་ཁུལ་གྱི་འགྲན་བསྡུར་ཡིན་ན་ཁྱིམ་ཚང་རང་རང་གི་ཁ་ལས་རླུང་རྟ་དང་འབྲེལ་བ་ཡོད་པས།རང་རང་སོ་སོ་ནས་ལྷ་མཆོད་ཀླུ་མཆོད་དང་།ལྷག་པར་དུ་གེ་སར་རྒྱལ་པོ་གླིང་དཀར་ལྷ་སྡེའི་རྟ་རྒྱུགས་རྒྱལ་འཇོག་སྐབས་སུ་རྣམ་པར་རྒྱལ་ཏེ་གླིང་གི་གསེར་ཁྲི་མཐོན་པོར་མངའ་གསོལ་བའི་སྐོར་གྱི་སྒྲུང་གཏམ་མང་པོ་ཤོད་པ་དང་ཆབས་ཅིགགེ་སར་རྒྱལ་པོ་ལ་གསོལ་འདེབས་དང་བསང་མཆོད་གཡང་འབོད་སོགས་བྱེད་སྲོལ་མཆིས།དེ་བཞིན་རྟ་རྒྱུགས་ནང་ཞུགས་པའི་མི་ལའང་ཉིན་རེ་བཞིན་བཅའ་བ་རིམ་གྲོ་སྒྲུབ་པ་དང་ཕྱི་ནང་གསང་གསུམ་གྱི་བགེགས་བར་ཆད་སེལ་ཕྱིར།བླ་སྤྲུལ་མངོན་མཁྱེན་ཅན་དུ་འབོད་པ་རྣམས་གདན་འདྲེན་ཞུས་ནས་མོ་འདེབས་པ་དང་གཡང་འབོད།རྟ་བཤད་སྐ་བཤད་ལ་སོགས་བགྱི་པའི་སྲོལ་ཡང་མཆིས་སོ།ད་ལྟ་ཁུལ་དེའི་མི་རྣམས་རྟ་རྒྱུགས་ལ་དགའ་པའི་རྒྱུ་མཚན་ཡང་གླིང་གི་རྟ་རྒྱུགས་རྒྱལ་འཇོག་གི་ལོ་རྒྱུས་རྣམ་ཐར་གྱི་རྗེས་བསྐྱངས་པའང་ཡིན་སྙམ་སྟེ།ཡུལ་ཤུལ་དང་རྨ་ཆུ་རྫོང་མགོ་ལོག་ཁག་གསུམ་སོགས་སུ་གེ་སར་གྱི་རྟ་རྒྱུགས་ཀྱི་མཚན་བཀོལ་ནས་རྟ་རྒྱུགས་རྒྱ་ཆེན་པོ་སྤེལ་བ་ལས་ཀྱང་ཤེས་ཐུབ་བོ།

       གཞན་གེ་སར་རྟ་འཆམ་སྐབས་སུའང་བསང་མཆོད་དང་གཡང་འབོད་སོགས་ཀྱི་ཆོ་ག་སྤེལ་བ་རྒྱུན་དུ་མཐོང་རྒྱུ་ཡོད་པ་དཔེར་ན།ལོ་རེའི་ཁུལ་དང་རྫོང་གི་དགའ་སྟོན་དུས་སུ་ཤ་ཤིང་གེ་སར་རྟ་འཆམ་ཚོགས་པ་དང་ལུང་སྐྱ་གེ་སར་རྟ་འཆམ་ཚོགས་པ།ཨ་བཟོད་གེ་སར་རྟ་འཆམ་ཚོགས་པ་སོགས་ཀྱིས་སྔོན་གྱི་མེས་པོའི་སྲོལ་ལུགས་ལྟར།ཐོག་མར་རྟ་འཆམ་ལ་ཞུགས་པའི་མི་རྟ་གཉི་ག་ཚོགས་བརྡའི་མཁར་རྔ་བརྡུངས་པ་དང་བསྟུན་ནས་འདུ་ར་སྟག་ཐང་ཁྲ་མོར་འདུས་ཤིང་།དེ་རྗེས་ཨ་ཁུ་སྤྱི་དཔོན་གྱི་ཚབ་བྱེད་མི་སྣའི་བཀའ་བཀོད་ལྟར་འཛམ་གླིང་སྤྱི་བསང་ཕུལ་ནས་གུ་རུ་པད་འབྱུང་དང་གེ་སར་རྒྱལ་པོ།ཡུལ་ལྷ་གཞི་བདག་སོགས་ལ་གསོལ་བ་འདེབས་པ་དང་གཡང་འབོད་པ་བཅས་བྱས་ཏེ་གེ་སར་རྟ་འཆམ་བདེ་བླག་ངང་ནས་ལེགས་གྲུབ་ཡོང་བར་སྨོན་ལམ་རྒྱག་པ་དང་།དེ་ནས་ཨ་ཁུ་སྤྱི་དཔོན་གྱི་ཚབ་བྱེད་མི་སྣའི་བཀའ་བཀོད་ལྟར།རྒྱ་ཚ་དང་།འདན་མ།སེང་སྟགསྐ་སྡེ།གཟིག་འཕེན།ཉ་ཚ།ཁྲོ་ཐུང་སོགས་ཀྱི་ཚབ་བྱེད་མི་སྣ་སོ་སོས་ཁེར་རྒྱུགས་དང་ཁེར་རྩེད་བྱེད་འགོ་བརྩམས་ཏེ།ལ་ལས་རལ་གྲི་འཕར་བ་དང་ལ་ལས་མདུང་གཡུག་པ།ལ་ལས་མདའ་འཕེན་པ།ལ་ལས་སྒྱོགས་རྡོ་བསྣམས་པ།ལ་ལས་ཕུབ་བཅངས་པ།ལ་ལས་ཞགས་པ་འཕེན་པ་ལ་སོགས་ཀྱི་འཁྲབ་སྟོན་གྱ་ནོམ་པ་བྱེད་པའི་སྲོལ་ཡོད་པ་ཀུན་གྱི་སྤྱན་ལམ་དུ་ཤར་མྱོང་བ་ཇི་བཞིན་ནོ། 

       གཉིས།མི་ཚོའི་ངག་རྒྱུན་དུ།མགོ་ལོག་ས་ཁུལ་འདིར་གནའ་སྔ་མོ་མི་ཚེལས་འདས་རྗེས་གེ་སར་སྒྲུང་བཤད་སྲོལ་ཡོད་ཟེར།དེ་བདེན་མིན་ཁོ་བོས་ཡིག་ཚང་གང་དུའང་མ་རྙེད་པས།མགོ་ལོག་གི་པྲ་སྒྲུང་པ་གྲགས་ཅན་ཚེ་སྒྲུབ་དང་རྡོར་བཟང་གཉིས་དང་གེ་སར་ཆེད་མཁས་པ་དབྱིངས་པོ་བཅས་པར་བཅར་འདྲི་ཞུས་པ་ཡིན།པྲ་སྒྲུང་པ་ཚེ་སྒྲུབ་ཀྱིས་གསུངས་པ་ལྟར་ན།ཁོང་གི་ཕ་རྒན་ནི་སྔགས་པ་ཞིག་ཡིན་ཞིང་།སྔར་མགོ་ལོག་པདྨ་རྫོང་དང་གསེར་རྟ་རྫོང་གི་ས་ཆ་ལ་ལར་མི་འདས་རྗེས་གཤིན་པོའི་མཐའ་སྐོར་དུ་ཐལ་བླུགས་ཏེ་བདེ་བདེ་བསྙོམས་རྗེས་གླིང་སྒྲུང་བཤད་དེ་གེ་སར་གྱི་ཆིབས་པ་རྐྱང་རྒོད་གཡེར་བའི་རྨིག་རྗེས་བབས་པ་ན་རྣམ་ཤེས་དག་ཞིང་ལ་སོང་བས་གཤིན་པོ་སྒོར་བསྐྱལ་ཆོག་པར་འདོད་ཚུལ་དངོས་སུ་མཐོང་མྱོང་འདུགཔྲ་སྒྲུང་པ་རྡོར་བཟང་གིས་ཀྱང་གནའ་སྔ་མོར་མགོ་ལོག་གི་ས་ཁུལ་ལ་ལར་མི་ཤི་ཚེ་བམ་པོའི་མཐའ་སྐོར་དུ་ཕྱེ་དང་རྩམ་པ།ཐལ་བཅས་བླུགས་ཤིང་།དེ་ནས་གེ་སར་གྱི་སྒྲུང་《ཨ་སྟག་ལྷ་མོ་》དང་《དམྱལ་གླིང་རྫོགས་པ་ཆེན་པོ་》སོགས་ཉིན་ཞག་དུ་མར་བཤད་ནས་རྟ་རྗེས་དང་ཁྱི་མོ་དམར་ལུ།སྦ་ལྕག་བསམ་པའི་དོན་གྲུབ་ཀྱི་རྗེས་སོགས་ཕྱེ་དང་རྩམ་པ།ཐལ་སོགས་ཀྱི་སྟེང་དུ་བབས་ཚེ་རྣམ་ཤེས་དག་ཞིང་དུ་སོང་བས་བམ་པོ་སྒོར་བསྐྱལ་ཆོག་པའི་སྲོལ་ཡོད་པར་གསུངས།གེ་སར་ཆེད་མཁས་པ་མགོ་ལོག་དབྱིངས་པོས།མི་ཤི་ན་སྒྲུང་བཤད་པའི་སྲོལ་དེ་གནའ་སྔ་མོ་ཞིག་ལ་ཡོད་ནའང་ད་ལྟ་གཏན་ནས་མེད།དེ་ནི་འཛེམ་བྱ་ཞིག་ཡིན་པར་གསུངས།གང་ལྟར་ཡང་སྒྲུང་གི་ནང་དུ།གེ་སར་རྒྱལ་པོ་གཉོམ་ཆུང་སྐྱོང་བའི་ཕ་མ་དང་ཕྱི་མ་འདྲེན་པའི་བླ་མ་ཡིན་པར་གསུངས་པ་དང་།ཨ་སྟག་ལྷ་མོ་དང་མ་ཡུམ་འགོག་བཟའ་བཅས་པ་དམྱལ་ཡུལ་ཁམས་སུ་ལྟུང་བ་ཡར་དག་ཞིང་ལ་དྲངས་པ་མ་ཟད།ཤི་བོ་དུང་ཕྱུར་མང་པོའང་ལྷན་དུ་འདྲེན་པའི་རྟོགས་བརྗོད་ལ་དཔྱད་ན།མི་འདས་རྗེས་གླིང་སྒྲུང་བཤད་སྲོལ་ཡོད་ཟེར་བ་དེ་གནས་ལུགས་དང་མཐུན་པར་འདོད།

      གསུམ།ཨ་མདོའི་ཡུལ་ཕྱོགས་མང་ཆེ་ཤོས་སུ་ན་གཞོན་ཕོ་མོའི་གཉེན་སྟོན་གྱི་སྐབས་གེ་སར་སྒྲུང་བཤད་པ་ཤིན་ཏུ་ཉུང་།ཡིན་ནའང་རྨ་ཡུལ་མགོ་ལོག་ཁག་གསུམ་གྱི་ས་ཆ་ཕལ་མོ་ཆེར་བག་སྟོན་དང་མག་སྟོན་གྱི་དུས་སུ་གེ་སར་རྒྱལ་པོ་དང་འབྲུག་མོ་སོགས་ལ་གསོལ་མཆོད་བྱེད་པའི་སྲོལ་མཆིས་ཤིང་།དེ་ནི་ལུང་པ་རེ་ལ་ཆུ་མགོ་རེ།ས་ཆ་རེ་ལ་ལུགས་སྲོལ་རེ་ཟེར་བ་ཇི་བཞིན་གཉེན་གྱི་འགྲོ་སྟངས་མི་འདྲ་བ་རེ་ཡོད་མོད།རྩ་བའི་ཆ་ནས་འདྲ་མཚུངས་ཡིན་ཟེར་ཆོགམགོ་ལོག་ས་ཆ་མང་ཤོས་ཀྱིས་གཉེན་སྟོན་ཐུག་ལ་ཉེ་བའི་སྐབས་ནས་བསང་མཆོད་འབུལ་བ་དང་རིམ་གྲོ་སྒྲུབ་པ་སོགས་བྱེད་ལ།ད་དུང་གེ་སར་དང་འབྲུག་མོ་གཉིས་ཀྱི་གཉེན་སྟོན་བཅས་པའི་བཀྲ་ཤིས་པའི་སྒྲུང་མང་དུ་ཤོད་པ་སོགས་བྱེད།ལྷག་པར་དུ་གླིང་སྒྲུང་《འཁྲུངས་གླིང་མེ་ཏོག་ར་བ་》དང་《རྟ་རྒྱུགས་དཔྱིད་ཀྱི་ཉི་མ་》ལ་སོགས་གྱེར་ལེན་བྱེད་པར་ཤིན་ཏུ་དགའ།ཁྱད་པར་གཉེན་སྟོན་གྱི་ཉིན་མོར་བསླེབ་ལ་ཉེ་བའི་སྐབས་སུ་སྔ་མོ་ནས་གེ་སར་གྱི་བསང་མཆོད་དང་གཡང་འབོད།གཉེན་མདའ་མགོར་བསྐོར་བའི་གཉེན་གྱི་ཆོ་ག་སྤེལ་སྲོལ་ཡོད།དེ་ཡང་སྔགས་པ་མངོན་མཁྱེན་ཅན་དུ་འབོད་པ་སྤྱན་དྲངས་ནས་ནམ་སྐྱ་རེངས་ཤར་བ་ནས་བཟུང་རྟེན་འབྲེལ་གྱི་ཆོས་འདོན་པ་དང་གཡང་འབོད་བྱེད་པ།བསང་གཏོང་བ་སོགས་བྱེད་ལ།དེ་ནས་རིམ་བཞིན་སྟོན་བཤད་དང་སྐྲ་བཤད་བཅས་ཀྱི་ཆོ་ག་སྤེལ་ཞིང་།གླུ་ལེན་གར་རྩེད་ཀྱི་འགྲོ་རིམ་སོགས་ཡུན་གྱིས་བསྐྱངས་མཐར།མ་འབྲུག་མོ་འདྲ་བའི་བག་མ་དང་།ཕོ་གེ་སར་འདྲ་བའི་མག་གསར།རྟ་རྐྱང་རྒོད་འདྲ་བའི་མག་རྟ།འཇའ་དར་ཚོན་འདྲ་བའི་སྐེད་རགས།བྱ་རྨ་བྱ་འདྲ་བའི་མགྲིན་རྒྱན་ཞེས་བཀྲ་ཤིས་པའི་སྨོན་ལམ་འདེབས་པ་དང་བསྔགས་བརྗོད་ཀྱི་དབྱངས་རྟ་འཐེན་པ་རྣམས་གཉེན་སྒྲིག་གི་གོ་རིམ་སོ་སོའི་ནང་ནས་གསལ་པོར་མཚོན་གྱི་ཡོད།
དྲུག་པ།གེ་སར་གྱི་དམངས་ཁྲོད་དད་མོས་ཀྱི་ཁྱད་ཆོས།

       གཅིགརྨ་ཡུལ་མགོ་ལོག་ས་ཁུལ་གྱི་སྐྱེས་ཕོ་མོ་རྒན་གཞོན་མ་མཆིས་པས་གེ་སར་རྒྱལ་པོ་ལ་དད་མོས་འགྱུར་མེད་བྱེད་ཅིང་།གེ་སར་དང་དཔའ་རྟུལ་སོ་སོའི་གསོལ་མཆོད་དང་གཡང་འབོད་བཅས་པ་མི་ཕལ་ཆེར་གྱིས་བརྗོད་ཤེས་པ་ལས་གཞན་ཉིན་རེའི་སྔ་མོར་གེ་སར་གྱི་བསང་མཆོད་དང་ཇ་མཆོད་བྱེད་པའང་གོམས་སྲོལ་ཞིག་ཏུ་ཆགས་ཡོད།འདི་འདྲའི་དམངས་ཁྲོད་ཆོས་ལུགས་ཀྱི་སྲོལ་རྒྱུན་ཞིག་མདོ་སྨད་ཡུལ་ཁམས་མང་ཆེ་བར་མཐོང་དཀོན་ཏེ།ཁོ་བོས་བརྟག་དཔྱད་བགྱིས་པ་ལྟར་ན།མགོ་ལོག་ལས་གཞན་ཁུལ་གྱི་ས་ཆ་རུ་དགོས་དབང་གིས་གེ་སར་དང་དཔའ་རྟུལ་ཚོར་མཆོད་གསོལ་བགྱིས་པ་མ་གཏོགས་ཉིན་རྒྱུན་ཆད་ལྷག་མེད་པར་མཆོད་འབུལ་བྱེད་པ་མཐོང་བ་ཅུང་ཉུང་།

     གཉིས།ཡུལ་ཚོ་སོ་སོ་དང་ཁྱིམ་ཚང་རེ་རེས་དོན་རྐྱེན་སྣ་ཚོགས་དང་བགེགས་བར་ཆད་གང་ཞིག་འཕྲད་སྐབས་རི་མཐོན་པོའི་སྐང་དང་གནས་འགངས་ཆེན་བཅས་སུ་ཆས་ནས་བསང་འབུལ་བ་དང་དར་ལྕོག་རྒྱལ་མཚན་རྩེ་མོ་དང་མ་ཁྲི་ཡིག་དྲུག་སོགས་བཏགས་ཏེ་གེ་སར་དང་དཔའ་རྟུལ་ཆེ་གེ་མོར་གསོལ་འདེབས་ཕུར་ཚུགས་སུ་བཏབ་ནས་ཕྱི་ནང་གསང་གསུམ་གྱི་བར་ཆད་སེལ་བ་དང་བསམ་དོན་མ་ལུས་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས་སྲོལ་ཡོད།བཤད་རྒྱུན་དུ།དུས་རྒྱུན་གེ་སར་རྒྱལ་པོར་མཆོད་འབུལ་དང་གསོལ་འདེབས་བགྱིས་ན་བསམ་དོན་ཐམས་ཅད་མིག་ཐོག་ཏུ་འགྲུབ་ཐུབ་ཅེས་བརྗོད།ད་ལྟ་མགོ་ལོག་ས་ཁུལ་དུ་ཡིག་ཐོག་དང་ངག་ཐོག་ནས་ཁྱབ་བཞིན་པའི་བསང་འབོད་དང་བསྐང་གསོ།གཡང་འབོད།འཕྲིན་བཅོལ།སྨོན་ཚིག་ལ་སོགས་ཕལ་ཆེར་ཉིས་བརྒྱ་ཡས་མས་ཡོད་པར་འཆད།
གསུམ།གེ་སར་རྒྱལ་པོར་མཆོད་པའམ་རྗེས་དྲན་གྱི་ཆེད་དུ་བསང་ཁ་ཞེས་པའི་ཉག་ག་ན་རྨ་ཆེན་གངས་རིའི་མཆོད་གནས་བསང་ཁྲི་མཐོན་པོ་ཞིག་དང་ལབ་ཙེ་བཏོད་ཡོད་པ་དེར།དུས་རྒྱུན་གེ་སར་གྱི་འཁྲུངས་སྐར་དང་ཆོས་ལུགས་ཀྱི་དུས་ཆེན་སྐབས་སུ་འཛམ་གླིང་སྤྱི་བསང་འབུལ་བ་དང་ལབ་ཙེ་བསྟོད་པའི་གོམས་སྲོལ་ཡོད་ཅིང་།རྨ་ཆེན་རྫོང་ཁོངས་གེ་སར་གྱི་གནས་མཆོག་པདྨ་འབུམ་རྫོང་དུའང་གེ་སར་གྱི་ལྷ་ཁང་དང་རྟེན་བཞེངས་སུ་དཔའ་རྟུལ་སུམ་ཅུའི་འདྲ་སྐུ་དང་དགྲ་ལྷ་ཝེར་མ་བཅུ་གསུམ་གྱི་ལྡེབས་རིས་བཞེངས་ཡོད།འབུམ་རྫོང་ལྷ་ཁང་གི་གོང་ན་གེ་སར་གྱི་ལབ་ཙེ་བརྗིད་ཉམས་ལྡན་པ་ཞིག་ཡོད་པ་དེར་དུས་རྒྱུན་དད་ལྡན་མང་ཚོགས་ཀྱིས་མཇལ་ཕྱག་ཞུ་བཞིན་བདོགད་དུང་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཁ་ནའང་གེ་སར་ལབ་ཙེ་ཞེས་འབྲོང་རྭའི་མདུན་དུ་རྡོ་འབུམ་མང་པོ་སྤུངས་པའི་ལབ་ཙེ་ཞིག་ཡོད་ལ།དེར་མི་ཚོས་འབྲོང་རྭའི་ལབ་ཙེ་ཞེས་ཀྱང་འབོད།འབྲོང་རྭའི་ལབ་ཙེ་དེའི་ལོ་རྒྱུས་ཅུང་རིང་ལ་བསང་མཆོད་ཀྱང་ཆད་མེད་བྱེད་བཞིན་ཡོད་པར་བཤད།གཞན་པདྨ་རྫོང་དང་དར་ལག་རྫོང་།དགའ་བདེ་རྫོང་སོགས་སུའང་གེ་སར་གྱི་ལྷ་ཁང་དང་གེ་སར་གྱི་རིག་གནས་སྲུང་སྐྱོབ་ལྟེ་གནས།གེ་སར་གྱི་བཤམས་སྟོན་ཁང་།གེ་སར་དང་འབྲུག་མོ་བཅས་ཀྱི་སྐུ་བརྙན་བཞེངས་ནས་མཆོད་བཀུར་དང་རྗེས་དྲན་བྱེད་བཞིན་མཆིས།འདི་ཡང་ཁུལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ངོ་མཚར་བ་ཞིག་གོ
བཞི།གེ་སར་གྱི་དམངས་ཁྲོད་དད་མོས་ནི་གྲུབ་མཐའ་རིས་མེད་ཡིན་ལ།ས་དགེ་རྙིང་གསུམ་དང་ཇོ་ནང་བཀའ་བརྒྱུད་སོགས་ཀྱིས་ཀྱང་གེ་སར་གྱི་སྒྲུང་བཤད་པ་དང་གེ་སར་གྱི་ཟློས་གར་འཁྲབ་པ།གེ་སར་ལ་མཆོད་འབུལ་བྱེད་པ་ལས།དགག་པ་རྒྱག་མཁན་གྲུབ་མཐའ་གཅིག་ཀྱང་མེད་ཟེར་ན་ཆོག་པར་སྙམ།འོན་ཏེ་འདིར་གསལ་བཤད་ཅིག་དགོས་པ་ནི།གྲུབ་མཐའ་ལ་ལས་རང་གི་དགོན་སྡེའི་དགེ་སྒྲུབ་ལ་བར་ཆད་ཡོང་བར་དོགས་པ་དང་ཆོས་གཞུང་གི་དགོངས་པའི་ཉམས་ལེན་དང་འགལ་བར་དོགས་ནས་སེར་མོ་བས་གེ་སར་གྱི་སྒྲུང་མི་བཤད་པའི་སྲོལ་ཡོད་པ་དེ་ཡིན།སྤྱིར་བཏང་དགོན་པ་སོ་སོས་བསང་མཆོད་དང་གསེར་སྐྱེམས་འབུལ་བའི་སྐབས་སུ་གེ་སར་རྒྱལ་པོ་ལ་མཆོད་འབུལ་བྱེད་པ་ནི་མེད་དུ་མི་རུང་།འདི་ཡང་མགོ་ལོག་ས་ཁུལ་གྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་རེད།
བདུན་པ།མཐའ་དཔྱོད།

      གོང་དུ་ཞུས་པའི་དོན་ཚན་དྲུག་གི་ཐོག་ནས་མགོ་ལོག་མང་ཚོགས་ཀྱིས་གེ་སར་རིག་གནས་ལ་དད་མོས་ཤིན་ཏུ་ཆེ་ཞིང་།འབྲོག་པའི་དམངས་ཁྲོད་འཚོ་བའི་ནང་དུའང་སོ་སོར་འབྱེད་ཐབས་མེད་པའི་འབྲེལ་བ་ཟབ་མོ་ཞིག་ཆགས་འདུག་པ་གསལ་པོར་རྟོགས་ཐུབ།འོ་ན་གེ་སར་གྱི་རིག་གནས་དང་མགོ་ལོག་དམངས་ཁྲོད་དད་མོས་དབར་དེ་འདྲའི་འབྲེལ་བ་ཟབ་མོའམ་དམ་པོ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན།དེར་འོས་ཤིང་འཚམ་པའི་དྲིས་ལན་ལེགས་པོ་ཞིག་འདེབས་རྒྱུ་དཀའ་མོ་ཡིན་རུང་།ནུས་ཚོད་ཀྱིས་དབྱེ་ཞིབ་དང་ལན་ཞིག་མ་བཏབ་ན་མི་འགྲིག་པས།གཤམ་དུ་དོན་ཚན་འགའི་སྒོ་ནས་རགས་ཙམ་བརྗོད་ན་འདི་ལྟ་སྟེ།

      གཅིགགེ་སར་རྒྱལ་པོ་དང་དཔའ་རྟུལ་བརྒྱད་ཅུ་པོ་ཐམས་ཅད་སྐྱེས་བུ་ཕལ་པ་མིན་པར་གོང་མ་ལྷས་བསྐོས་པའི་ལྷ་མི་དང་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུའི་སྤྲུལ་པ་འབའ་ཞིག་ཡིན་པར་བཤད་ལ།སེང་ལྕམ་འབྲུག་མོ་ཡང་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཡིན་པ་དང་།ལྷ་རྟ་རྐྱང་རྒོད་གཡེར་པའམ་དཔའ་རྟུལ་ཚོའི་ཆིབས་པ་ཐམས་ཅད་ཀྱང་རྒྱ་གར་གྱི་བྱ་རྒོད་རྣམས་ཀྱི་སྤྲུལ་པར་ངོས་འཛིན་པ་ནི་《བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ལྦང་》ཞེས་པ་ལས།“གླིང་བུ་སྤུན་ཁག་གསུམ་གྱིས་རྨ་ཡུལ་དུ་ས་བཟུང་།རྒྱུད་པ་རུ་བྱུང་བ་རྣམས་ཕོ་སྐྱེས་སྐྱེས་ཐམས་ཅད་རྒྱ་གར་གྱི་གྲུབ་ཆེན།བུད་མེད་བྱུང་བྱུང་ཐམས་ཅད་ཌཱཀྐི་མ་ཡི་སྤྲུལ་པ།རྟ་བྱུང་བྱུང་ཐམས་ཅད་རྒྱ་གར་གྱི་བྱ་རྒོད།ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པ་ཤ་སྟག་ཏུ་བྱུང་”⑦ཞེས་པ་ལྟར་ཡིན།མགོ་ལོག་གི་མི་རྣམས་ཀྱིས་ཀྱང་ཁོང་ཚོ་ལྷའི་རིགས་ལ་བརྩིས་ནས་སེམས་སུ་དམ་པོར་བཅངས་པ་མ་ཟད།གེ་སར་རྒྱལ་པོ་གོང་མ་ལྷ་ནས་མི་ཡུལ་གྱི་ཁམས་སུ་མངགས་དོན་ཡང་བཙན་པོ་གཉའ་ནས་གནོན་པ།གཉོམ་ཆུང་མཐའ་ནས་སྐྱོང་བ།དྲང་བདེན་གྱིས་འབངས་མི་སྐྱོང་བ་དང་འོད་ཟེར་གྱིས་མུན་པ་སེལ་བ།བདེན་བཟང་མཛེས་གསུམ་གྱི་ཡ་རབས་སྤྱོད་པར་བསྔགས་བརྗོད་དང་རྫུན་གཡོ་ངན་གསུམ་གྱི་མ་རབས་ངན་སྤྱོད་ལ་འགོག་རྒོལ།ནག་ཕྱོགས་ཐམས་ཅད་དཀར་པོ་ཆོས་ལ་བསྒྱུར་བའི་རླབས་ཆེན་གྱི་འགན་འཁྲི་འདི་འདྲ་གེ་སར་རྒྱལ་པོའི་ཕྲག་ཏུ་བཞེས་པར་ངོས་འཛིན་གྱི་ཡོད་པས།གནའ་དེང་གི་མགོ་ལོག་གི་འབངས་མི་རྣམས་ཀྱིས་དགའ་བསུ་དང་མཆོད་བཀུར་བྱ་ཡུལ་དུ་གྱུར་ཏེ།མི་རབས་ནས་མི་རབས་རྒྱུན་འཛིན་དང་ཁྱབ་གདལ་དུ་བཏང་ནས་རིམ་གྱིས་མི་ཚོའི་འཚོ་བའི་ཟུར་ཡོངས་སུ་འཐིམས་པ་འདི་ཡང་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་སེམས།

     གཉིས།རྨ་ཡུལ་མགོ་ལོག་གི་དགོན་སྡེ་ཁག་གིས་གེ་སར་གྱི་སྒྲུང་བཤད་པ་དང་གེ་སར་གྱི་ཟློས་གར་འཁྲབ་སྟོན་བགྱིས་པ་འདིས་ས་གནས་མང་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།སྤྱིར་དགོན་སྡེ་མང་ཆེ་བས་གེ་སར་རིག་གནས་ལ་མཆོད་བཀུར་བགྱིས་པ་དང་ཁྱད་པར་དུ་གསང་སྔགས་སྔ་འགྱུར་རྙིང་མའི་དགོན་པས་དེ་ལས་ལྷག་པའི་མཆོད་སྲོལ་ཡོད་པའི་རྐྱེན་གྱིས་གེ་སར་གྱི་རིག་གནས་ཁྱབ་གདལ་འགྲོ་བར་ནུས་པ་བླ་ལྷག་ཐོན་འདུག《མགོ་ལོག་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས་》ཞེས་པ་ལས།“ད་ལྟ་ཁུལ་ཡོངས་ལ་དགོན་སྡེ་དྲུག་ཅུ་རེ་དྲུག་ཡོད་པ་ལས་གསང་སྔགས་སྔ་འགྱུར་བའི་དགོན་སྡེ་བཞི་བཅུ་ཞེ་བདུན་དང་ཇོ་ནང་བའི་དགོན་སྡེ་དགུརི་བོ་དགེ་ལུགས་པའི་དགོན་སྡེ་དགུཀརྨ་བཀའ་བརྒྱུད་པའི་དགོན་སྡེ་གཅིག་བཅས་ཡོད་”⑧ཅེས་བྱུང་བས།སྔ་འགྱུར་རྙིང་མའི་དགོན་སྡེ་ལྔ་བཅུར་ཉེ་བ་དེ་རྣམས་ཀྱིས་གེ་སར་གྱི་སྒྲུང་བརྒྱུད་བསྒྲགས་བྱེད་པའི་ཐད་ཕན་ནུས་བསམ་གྱིས་མི་ཁྱབ་པ་ཐོན་ཡོད་པ་གསལ་པོ་ཡིན་ལ།དད་ལྡན་མང་ཚོགས་ཁྲོད་དུའང་བརྒྱ་ཆ་བདུན་ཅུ་ནས་བརྒྱད་ཅུ་རྙིང་མའི་ལྷ་སྡེའི་དད་ལྡན་མང་ཚོགས་ཡིན་པས།ཁུལ་དེར་གེ་སར་གྱི་རིག་གནས་དང་བླངས་དང་འཕེལ་རྒྱས་བཏང་དང་གཏོང་བཞིན་མཆིས།ད་དུང་སྔ་འགྱུར་རྙིང་མའི་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་དང་ད་ལྟ་འཚོ་གཞེས་གནང་བཞིན་པ་སྟེ།རྫོགས་ཆེན་པདྨ་རིག་འཛིན་དང་འཇུ་མི་ཕམ།པདྨ་སྐལ་བཟང་།གསེར་རྟའི་ལྔ་རིག་སློབ་གླིང་གི་མཁན་ཆེན་འཇིགས་མེད་ཕུན་ཚོགས།ཚུལ་ཁྲིམས་བློ་གྲོས།བསོད་ནམས་དར་རྒྱས།མགོ་ལོག་གི་སྤྲུལ་སྐུ་བསྟན་པའི་ཉི་མ།སྤྲུལ་སྐུ་པདྨ་གཏུམ་པོ།སྤྲུལ་སྐུ་རྡུ་དཀར་རྡོ་རྗེ་དང་བཅས་པས་དུས་སྔ་མོ་ནས་ད་ལྟའི་བར་རྒྱུན་མ་ཆད་པར་གེ་སར་གྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ཕག་རྗེས་གང་ལེགས་བཞག་གནང་འདུག་པ་འདིས་མང་ཚོགས་ཁྲི་འབུམ་མང་པོར་སྣེ་ཁྲིད་ཀྱིས་དམངས་ཁྲོད་ཀྱི་འཚོ་བའི་ཕྱོགས་ཀུན་ཏུ་གེ་སར་གྱི་རིག་གནས་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་བར་ནུས་པའང་ཐོན་འདུག 

      གསུམ།གླིང་སྒྲུང་རང་སྟེང་ནས་བཤད་ན།མང་ཚོགས་ཀྱིས་དགའ་བསུ་ཞུ་བའི་གེ་སར་གྱི་གཏམ་རྒྱུད་སྙན་མོ་ཤིན་ཏུ་མང་པོ་མཆིས་པ་དཔེར་ན།མང་ཚོགས་ཀྱི་ནམ་རྒྱུན་འཚོ་བ་དང་དམ་པོར་འདྲེས་པའི་ཆོས་ལུགས་དད་མོས་དང་དམངས་སྲོལ་རིག་གནས།དམངས་ཁྲོད་རིག་གནས།ཆབ་སྲིད་དཔལ་འབྱོར།དཔའ་བོའི་གཡུལ་འགྱེད།རྟ་རྒྱུགས་རྩལ་འགྲན།ཕོ་མོའི་བརྩེ་དུང་།མ་བུའི་བརྩེ་སེམས།དགྲ་འདུལ་གཉེན་སྐྱོང་ལ་སོགས་པ་ལྟ་བུའོ།དེ་དག་ལས་ཀྱང་ནང་ཆོས་ཀྱི་འདུ་ཤེས་དང་དམ་དུ་སྦྲེལ་བའི་སྒྲུང་སྣ་《ཨ་སྟག་ལྷ་མོ་》དང་《དམྱལ་གླིང་རྫོགས་པ་ཆེན་པོ་》《ཆོས་སྒྲུང་བདུད་རྩི་བསིལ་མ་》བཅས་ཀྱི་ནང་འཁོད་པའི་འཆི་བ་མི་རྟག་པ་དང་དམྱལ་ཁམས་བཅོ་བརྒྱད།ལས་རྒྱུ་འབྲས།རྣམ་སྨིན།བཟང་ལན་བཟང་དང་ངན་ལན་ངན་གྱིས་འཇལ་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་དག་ལ་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་བགྱིད་བཞིན་གདའ།ཕོ་མོའི་བརྩེ་དུང་མཚོན་པའི་གཏམ་རྒྱུད་ཀྱང་དཔེར་ན།གེ་སར་རྒྱལ་པོ་དང་སེང་ལྕམ་འབྲུག་མོའི་འགྱུར་མེད་བརྩེ་དུང་དང་།མེ་བཟའ་འབུམ་སྐྱིད་བདུད་ཀླུ་བཙན་གྱིས་འཕྲོག་པའི་གཏམ་རྒྱུད།སེང་ལྕམ་འབྲུག་མོ་ཧོར་གྱིས་འཕྲོག་པའི་ལོ་རྒྱུས།མགར་བཟའ་ཆོས་སྒྲོན་གྲོགས་སུ་བཀུག་པའི་བརྒྱུད་རིམ།ནེའུ་ཆུང་མཚར་ཡག་འབྲུག་མོར་བརྫུས་ནས་ཧོར་ལ་མངགས་པའི་གསང་གཏམ་བཅས་པ་ནི་མང་ཚོགས་ཚོས་ཤིན་ཏུ་ཉན་པར་སྤྲོ་ལ་བཤད་པར་དགའ་བ་དང་།དར་ཁྱབ་ཀྱང་ཧ་ཅང་ཆེའོ།གཞན་《ཧོར་གླིང་གཡུལ་འགྱེད་》ཀྱི་སྟོད་ཆ་ལས།“དཔའ་ཆེན་འདན་མས་མདའ་གཅིག་གིས།།རྨེ་རུ་རྩེ་ཡི་ཀླད་ཕོར་བཀོག།”⑨ཅེས་པ་དང་།“ཁྲོ་ཐུང་ཕུང་འདྲེའི་གཡོ་ཐབས་ཀྱིས།།སྣང་ངུ་གཡུ་སྟག་དགྲ་ཁར་བརྫངས།།”⑩ཞེས་པ།“ཞལ་ལུ་དཀར་བོས་གུར་དཀར་སྲས།།བཀྲོངས་མཐར་རང་གི་སྐུ་སྲོག་བཏང་།།”⑾ཞེས་པ་ལྟ་བུའི་གཏམ་རྒྱུད་བཅས་ལ་ལྟ་བ་དང་ཉན་འདོད་ཤིན་ཏུ་ཆེའོ།འདི་ཐམས་ཅད་ཀྱང་མང་ཚོགས་ཀྱི་ནང་དུ་གེ་སར་རིག་གནས་རྐང་ཟུག་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་སྙམ།ད་དུང་རྗོད་བྱེད་ཚིག་གི་ཆ་ནས་ཀྱང་ཡིད་དབང་འགུག་ཐུབ་པ་དང་གསོན་ཉམས་ལྡན་པའི་རིགས་མང་དུ་མཆིས་པ་དཔེར་ན།“སོ་འཛུམ་དཀར་བསྟན་ན་ལུག་བརྒྱའི་རིན།།ཤེལ་མུ་ཏིག་ཕྲེང་ཆུང་བསྒྲིགས་པ་འདྲ།།”ཞེས་དང་།“མི་སྨུག་པོ་དུང་གི་སོ་སྒོ་ཅན།།ཡང་སྨུག་པོ་བྱུ་རུའི་ཤ་མདངས་ཅན།།”ཞེས་པ།“རལ་གྲིའི་ཁ་ནས་རྟ་ཞིག་རྒྱུགས།།མདུང་མོའི་རྩེ་ན་གར་ཞིག་བསྒྱུར།།”ཞེས་པ།“ཉག་ཕྲན་འཇག་སྐྱ་ཡར་ཡར་གྱིས།།སྡང་དགྲ་བོ་ཤིང་སྡོང་འགྱེལ་འགྱེལ་བྱས།།”ཞེས་པ་ལྟ་བུ་རྗོད་ཚིག་སྙན་ཞིང་འཇེབས་པས་གླིང་སྒྲུང་གི་ཐོག་མཐའ་བར་གསུམ་དུ་ཡོངས་སུ་སྤྲས་ཡོད་པས།འདི་ཡང་མང་ཚོགས་རྣམས་སྤྲོ་བ་རབ་ཏུ་རྒྱས་བྱེད་ཀྱི་རྒྱུ་ཡིན་ནོ།འདིའི་ཐད་ད་དུང་བརྗོད་ན་གསོན་ཉམས་ལྡན་པའི་གཏམ་དཔེ་དང་བཤད་པ་རྣམ་གསུམ།རྒྱན་ཚིག་ལ་སོགས་ཤིན་ཏུ་མང་ཡང་འདི་ཙམ་གྱིས་ཆོག་པར་བྱའོ།

       བཞི།མཛེས་སྡུག་འབྱོར་ཕྱུག་ལྡན་པའི་རང་བྱུང་ཁམས་ཀྱི་རི་ཀླུང་ནགས་གསུམ་དང་།མེ་ཏོག་སྣ་བརྒྱས་བརྒྱན་པའི་མཐའ་ཡས་རྩྭ་ཐང་།མུ་ཏིག་ས་ལ་འཐོར་འདྲའི་རྐང་བཞི་ཕྱུགས་རིགས་སྣ་མང་།རི་སྐྱེས་སྲོག་ཆགས་བག་ཡངས་སུ་རྒྱུ་བའི་ཞིང་ཁམས་བཅས་པ་ནི་གེ་སར་གྱི་སྒྲུང་འདི་བཞིན་འབྱུང་སའི་ཁོར་ཡུག་གཙང་མ་ཞིག་ཡིན་ལ།དུས་གཏན་དུ་གནས་སའི་རྟེན་གཞི་ཡང་ཡིན་པ་སྨྲོས་མི་དགོས་སོ།གལ་སྲིད་ཁོར་ཡུག་འདི་འདྲ་ཞིག་མེད་པའི་དབང་དུ་བཏང་ན།གེ་སར་གྱི་རིག་གནས་འབྱུང་མི་ཐུབ་ཅིང་གནས་ཀྱང་ག་ལ་ཐུབ།རྨ་ཡུལ་མགོ་ལོག་ས་ཁུལ་ལ་མཚོན་ན།གཞན་དང་མི་མཚུངས་པའི་གེ་སར་གྱི་རིག་གནས་དང་བཅས་པའི་སྲོལ་རྒྱུན་རིག་གནས་བྱུང་བ་དང་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི།ཁོར་ཡུག་དྲི་མས་མ་གོས་པ་ཕུན་སུམ་ཚོགས་པ་ཞིག་མཆིས་པས་ཡིན་ཏེ།དཔེར་ན།མིང་དུ་གྲགས་པའི་ཨ་མྱེས་རྨ་ཆེན་དང་གཉན་པོ་གཡུ་རྩེ།རྫ་ཆེན་གསེར་ཁྲབ།གཡུང་དྲུང་ལྕགས་རྩེ།ཨ་མྱེས་ཁྱུང་མགོན།ཨ་མྱེས་གེ་ཐོ་སོགས་རབ་དཀར་ཤེལ་གྱི་ལྷུན་པོ་དགུང་ལ་བསྙེགས་འདྲའི་རྡུལ་བརྩེགས་ཀྱི་ཕྲེང་བས་བསྐོར་བ་དང་།ཆུ་བོ་ཆེན་པོ་རྨ་ཆུ་དང་སྨྲ་ཆུ།དྷི་ཆུ།གཤགས་ཆུ།སྐལ་ཆུ།རྡོ་ཆུ།ཁོ་ཆུ།ཁྲེབ་ཆུ་ལ་སོགས་དལ་གྱིས་འབབ་པ།གཞན་ཡང་ཀུན་གསལ་ལེ་ལོང་ས་ལ་འཕོས་འདྲའི་མཚོ་སྐྱ་རེངས་དང་སྔོ་རེངས།སྟོང་རི་མཚོ་ནགབེ་རུ་དུག་མཚོ།སྔོ་མཚོ།བྱིས་མཚོ།རཀ་ཁའི་མཚོ་བཅས་པ་མང་དུ་ཡོད་པ།⑿ད་དུང་རྩྭ་སྨན་དང་གཏེར་ཁའི་རིགས་ཀྱང་གང་དགོས་ཡོད་པ་བཅས།འདི་ཐམས་ཅད་མགོ་ལོག་ཡུལ་ཁམས་འདི་རུ་གེ་སར་གྱི་རིག་གནས་བྱུང་བ་དང་གནས་ཐུབ་པའི་རྨང་གཞི་ཡིན།དེས་ན་རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་འདི་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི་སྐྱེ་འགྲོ་ཐམས་ཅད་ཡུན་རིང་གནས་ཐུབ་མིན་གྱི་གནད་འགག་ཡིན་པ་མ་ཟད།གླིང་སྒྲུང་འདི་དུས་གཏན་དུ་གནས་ཐུབ་མིན་གྱི་གནད་འགག་ཀྱང་ཡིན་པར་བརྟེན།ངེས་པར་དུ་མཐོང་ཆེན་བྱ་དགོས་པའི་དོན་ཆེན་ཞིག་ཡིན་པར་སྙམ།

      སྤྱིར་མགོ་ལོག་ས་ཁུལ་དུ་གེ་སར་གྱི་རིག་གནས་དང་དམངས་ཁྲོད་དད་མོས་དབར་ཇ་དང་འོ་མ་ཇི་བཞིན་དམ་པོར་འདྲེས་འདུག་པའི་རྒྱུ་རྐྱེན་གོང་དུ་མདོར་བསྡུས་ཙམ་དང་སྙིང་པོ་ཙམ་བརྗོད་པ་དེ་ཙམ་གྱིས་ཆོག་པར་འདོད་མོད།ད་དུང་འདི་ཕྱོགས་སུ་སྤྲོ་བ་མཆིས་པའི་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་པའི་མཁས་པ་ཚོས་མུ་མཐུད་དཔྱད་བརྗོད་གནང་རྒྱུར་སྙིམ་པ་བྲང་ཁར་སྦྱར་ནས་རེ་སྒུག་བྱེད་བཞིན་ཡོད་དོ།།

མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①མཚོ་སྔོན་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཚོགས་པས་བསྒྲིགས《ཧོར་གླིང་གཡུལ་འགྱེད་》སྟོད་ཆ།༡༩༦༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།ཤོག་ངོས་༡༢ལ་གསལ།
②ཐུབ་བསྟན་ཉི་མས་ལེགས་སྒྲིག་བྱས།《འཁྲུངས་གླིང་མེ་ཏོག་ར་བ་》༡༩༨༠ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།
③མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་བསྒྲིགས།《གླིང་རྗེ་གེ་སར་སྐྱེས་བུའི་མཆོད་སྒྲུབ་ཕྱོགས་བསྡུས་བྱིན་རླབས་གཏེར་མཛོད་》དེབ་དང་པོ།༢༠༡༥ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།ཤོག་ངོས་༣ནས་༡༧བར་གསལ།
④འཇམ་དབྱངས་ཆོས་སྒྲོན་དང་ཀརྨ་རྒྱལ་མཚན་གཉིས་ཀྱིས་བསྡུ་སྒྲིག་བྱས།《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་ཕྱོགས་བསྒྲིགས་》༢༠༡༦ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར།ཤོག་ངོས་༢༣༩རུ་གསལ།
⑤⑨⑩⑾གཅོད་པ་དོན་གྲུབ་ཀྱིས་བསྒྲིགས།《ཧོར་གླིང་གཡུལ་འགྱེད་》སྟོད་ཆ།༢༠༠༠ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར།ཤོག་ངོས་༤༩༨༧༤༡༥༦༦༥༩བཅས་ལ་གསལ།
⑥གཅོད་པ་དོན་གྲུབ་ཀྱིས་བརྩམས།《བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག་》༢༠༡༣ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར།ཤོག་ངོས་༨༠ནས་༡༠༣བར་གསལ།
⑦གཅོད་པ་དོན་གྲུབ་དང་རྡོ་རྗེ་ཚེ་རིང་གིས་དག་སྒྲིག་བྱས།《བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ལྦང་》༡༩༨༨ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།ཤོག་ངོས་༧དུ་གསལ།
⑻⑿འཕྲིན་ལས་ཀྱིས་རྩོམ་སྒྲིག་བྱས།《མགོ་ལོག་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས་》༢༠༠༨ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།ཤོག་ངོས་༣ན་གསལ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།