ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུའི་སྐོར་བཀའ་སློབ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་ཆེད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུད་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་གནང་བ་དང་། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་གླིང་དང་། ཀྲུང་གུང་སྡེ་དགེ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་། ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་ཐུན་མོང་ཐོག་འགན་གཉེར་བྱས་པའི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་དེ་སྤྱི་ལོ་༢༠༡༩ལོའི་ཟླ་༨པའི་ནང་སྤེལ་ཡོད།
རྡོག་ཐོན་མཛད་སྒོ་དེ་གླིང་གེ་སར་གྱི་འཁྲུང་ཡུལ་སྡེ་དགེ་ཨ་ཕྱུག་རྩྭ་ཐང་དུ་སྤེལ་ཞིང་། ཀྲུང་གུང་སྡེ་དགེ་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡང་དྲུང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཤིས་ཚིག་གསུངས་པ་དང་། རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གསུང་བཤད་གནང་བ་མ་ཟད། གེ་སར་འཁྲུངས་ཡུལ་འགྲིམ་པའི་བྱེད་སྒོ་སྐབས་བཞི་པའི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་།
བསང་སྐོར་བྱེད་བཞིན་པ།
པེ་ཅིན་དང་། བོད་ལྗོངས། མཚོ་སྔོན། ཡུན་ནན། ཀན་སུའུ། སི་ཁྲོན་སོགས་ས་གནས་ནས་ཕེབས་པའི་གེ་སར་རིག་གནས་ཆེད་མཁས་དང་འབྲེལ་ཡོད་མི་སྣ་མི་གྲངས་བཞི་བཅུ་ལྷག་ཙམ་ཐེངས་འདིའི་བྱེད་སྒོའི་ནང་ཞུགས་ཡོད་ཅིང་། དེ་ཡང་ཚོ་ཆུང་གཉིས་སུ་བགོས་ནས་ཉིན་༡༡རིང་སྔ་རྗེས་སུ་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་ཞིང་ལྗོངས་༤དང་། དཀར་མཛེས་དང་། ཆབ་མདོ། ཡུལ་ཤུལ། མགོ་ལོག ཀན་ལྷོ། རྔ་པ་བཅས་གྲོང་ཁྱེར་དང་རང་སྐྱོང་ཁུལ་༦། སྡེ་དགེ་དང་སེར་ཤུལ། འཇོ་མདའ། ཡུལ་ཤུལ། རྨ་ཆེན། རྨ་ཆུ་སོགས་རྫོང་༡༩བཅས་བརྒྱུད་ཁྱོན་ལེ་བར་༧༠༠༠ཙམ་བསྐྱོད་ནས། གླིང་གེ་སར་དང་གླིང་གི་དཔའ་རྟུལ་སུམ་ཅུ་དང་མ་སྲུ་མོ་སྨན་རྣམས་ཀྱི་མཁར་ཤུལ་དང་། ཕོ་བྲང་། འབྲོག་ར། གཡུལ་ས་སོགས་མཁར་ཤུལ་དང་རྗེས་ཤུལ་བརྒྱ་ལྷག་ཙམ་ལ་ཡུལ་དངོས་ཀྱི་རྟོག་ཞིབ་བྱས་པ་དང་། འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་བྱས་ཡོད།
ཚབ་ཚ་དགོན་པའི་གེ་སར་གར་འཆམ།
དེ་ཡང་ཚོ་ཆུང་དང་པོའི་ནང་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སྡེ་དགེ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དཔལ་རྒྱལ་རིན་པོ་ཆེ་དང་། སི་ཁྲོན་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཡང་ཧྲེང་། དཀར་མཛེས་གེ་སར་རིག་གཞུང་ལྷན་ཚོགས་ཀྱི་ཆེད་མཁས་ལེའུ་ཨན་ཆོན་སོགས་དང་། ཚོ་ཆུང་གཉིས་པའི་ནང་སི་ཁྲོན་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་དབུ་ཁྲིད་འཇིགས་མེད་ཆོས་དབྱིངས་དང་། དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན། གངས་ལྗོངས་ཉི་གཞོན་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དཀོན་མཆོག་རྡོ་རྗེ། དཀར་མཛེས་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། གེ་སར་ཆེད་མཁས་པ་ལྕགས་རྡོ་སོགས་ཡོད།
སྡེ་དགེ་རྫོགས་ཆེན་གྱི་གེ་སར་གར་འཆམ།
རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གླིང་འགུ་ཟི་དགོན་དུ་རྟོག་ཞིབ་གནང་བཞིན་པ།
ཚོ་ཆུང་དང་པོས་སེལ་ཤུལ་རྫོང་ཝ་ཤུལ་ཤང་དང་། སེར་ཤུལ་རྫོང་གི་ཁྲོམ་རྫ་འགབ་མ་ཤང་། དབོན་པོ་ཤང་། ཨ་རིག་རྫ་ཤང་སོགས་སུ་ཇོ་རུས་ཨ་མྱེ་སྒོམ་པ་ར་ཙ་བཏུལ་སའི་རྗེས་ཤུལ་དང་། ཇོ་རུས་ཕྱུག་འཚོ་ས། ཇོ་རུའི་བེའུ་རྩག་གཏེར་དུ་སྦས་སའི་རྗེས་ཤུལ། རྒྱ་ཚ་ཞལ་དཀར་སྐུ་གཤེགས་ས། སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་སྲས་སྣང་ངུ་གཡུ་སྟག་སྐུ་གཤེགས་ས་སོགས་གླིང་རྗེ་བློན་གྱི་རྗེས་ཤུལ་རྟོག་ཞིབ་བྱས་པ།
རྒྱ་ཚ་ཞལ་དཀར་སྐུ་བཤེགས་ས།
ཚོ་ཆུང་གཉིས་པས་སྡེ་དགེ་རྫོང་གི་གླིང་འགུ་ཟི་ཤང་དང་། སེར་ཤུལ་རྫོང་གི་འདན་ཁོག་བཅས་སུ་འབུམ་པའི་དགྲ་ལྷ་རྩེ་རྒྱལ་གྱི་ཕོ་བྲང་དང་། གླིང་རྗེའི་སྐུ་མཁར་སེང་འབྲུག་སྟག་རྩེ་རྫོང་། རྒུ་རུའི་མཁར་རྫོང་དང་འདན་མ་བྱང་ཁྲའི་མཁར་རྫོང་དཀར་དམར་སོགས་རྗེས་ཤུལ་ལ་རྟོག་ཞིབ་བྱས་པ།
བོད་ལྗོངས་འཇོ་མདའི་འབྲུ་སྒ་བདེའི་མཁར་ཤུལ།
འབྲུ་སྒ་བདེ་དང་འདན་མས་བཞེངས་པའི་མཁར་ཤུལ།
རྒྱ་ཚ་ཞལ་དཀར་གྱི་གདུང་འབུམ།
ཚོ་ཆུང་གཉིས་པས་སེར་ཤུལ་རྫོང་གི་འདན་ཁོག་བརྒྱུད་བོད་ལྗོངས་འཇོ་མདའ་རྫོང་གི་འདན་སྲས་གཡུ་འོད་འབུམ་མེའི་ཕོ་བྲང་དང་། འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་ཕོ་བྲང་སོགས་ཀྱི་རྗེས་ཤུལ་ལ་རྟོག་ཞིབ་བྱས།
རྟོག་ཞིབ་ཚོགས་པས་རྟ་རྣ་དགོན་གྱི་གླིང་གི་གདུང་འབུམ་ལ་རྟོག་ཞིབ་གནང་བཞིན་པ།
ཚོ་ཆུང་གཉིས་པས་བྱང་རྟ་རྣ་དགོན་དུ་བཞུགས་པའི་གླིང་གི་སྐབས་ཀྱི་གནའ་རྫས་དང་གནའ་ཤུལ་དང་། གླིང་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་སོགས་འབྲེལ་ཡོད་རྗེས་ཤུལ་སྐོར་ལ་རྟོག་ཞིབ་བྱས་པ།
ཡུལ་ཤུལ་གདོང་ཚང་གི་དངོས་མང་བཤམས་སྟོན་ཁང་།
ཚོ་ཆུང་དང་པོས་ཡུལ་ཤུལ་གྲོང་བརྡལ་ཉེ་འཁོར་གྱི་འབྲེལ་ཡོད་གེ་སར་རིག་གནས་རྗེས་ཤུལ་ལ་རྟོག་ཞིབ་བྱས་པ།
ཚོ་ཆུང་དང་པོས་གླིང་དཀར་ཁྲ་མོའི་རྟ་རྒྱུག་རྒྱལ་འཇོག་བྱེད་ཡུལ་སོགས་རྗེས་ཤུལ་ལ་རྟོག་ཞིབ་བྱས་པ།
འབྲི་སྟོད་ཀྱི་གེ་སར་སྒྲུང་པ་དང་རྟོག་ཞིབ་ཚོགས་པའི་ཆེད་མཁས་པ་རྣམ་པ།
ཚོ་ཆུང་དང་པོས་བརྗིད་ཉམས་ལྡན་པའི་གེ་སར་རྒྱལ་པོའི་སྐུ་འདྲ་དང་། འབྲུག་མོ་ཐང་ཆེན། ནིས་ཆུང་མཚོ། ཨ་མྱེ་རྨ་ཆེན་སྤོམ་ར། སྐུ་མཁར་སེང་འབྲུག་སྟག་རྩེ་སོགས་མི་བཟོས་དང་རང་བྱུང་དངོས་དབྱིབས་ལ་རྟོག་ཞིབ་བྱས་པ།
དར་ལག་རྫོང་དུ་གསར་བཞེངས་གནང་བའི་སྐུ་མཁར་སེང་འབྲུག་སྟག་རྩེ།
རྟོག་ཞིབ་ཚོགས་པས་གླིང་འགུ་ཟི་རུ་རྟོག་ཞིབ་གནང་བཞིན་པ།
གསེར་རྟ་རྫོང་གི་གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས།
སྡེ་དགེ་རྫོང་ལམ་མདོ་ཤང་མཛེས་པ་གྲོང་ཆུ་ངོགས་དགོན་འགྲམ་དུ་གནས་པའི་གླིང་གི་རྗེས་ཤུལ།
གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ།
ཚོ་ཆུང་གཉིས་པས་སྡེ་དགེ་རྫོང་གི་རྫ་ཁོག་ཤང་དང་། ཉ་འགེ་ཤང་། དབོན་ཐོག་ཤང་། འཁོར་ལོ་མདོ་ཤང་སོགས་བརྒྱུད་ནས། འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་འཁྲུངས་ཡུལ། ཨ་ཁོད་ཐར་པའི་ཟོར་སྣའི་མཁར་ཤུལ། འོམ་བུ་ཨ་ནུ་དཔའ་སེང་གི་མཁར་ཤུལ། ཧོར་གུར་དཀར་རྒྱལ་པོ་དང་འབྲུག་མོའི་བུ་རོ་སྦས་ས་སོགས་རྗེས་ཤུལ་སྐོར་རྟོག་ཞིབ་བྱས་པ།
རྒྱ་ཚའི་མཁར་ཤུལ་དངུལ་ཆུ་ཁྲོ་རྫོང་།
ཚོ་ཆུང་དང་པོས་སྡེ་དགེའི་ལྕགས་ར་དཔའ་རྒྱ་ཚའི་སྐུ་མཁར་དངུལ་ཆུ་ཁྲོ་རྫོང་དང་། གླིང་གེ་སར་སྐུ་མཆེད་གསུམ་པོས་རྟ་ཆུ་བླུད་ས། ནུ་བོ་རོང་ཚ་དམར་ལེབ་ཀྱི་ཕོ་བྲང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་འཁྲུངས་ཡུལ། མགོན་ལྕེ་གཤིས། དཔེ་ཝར་དགོན་པའི་རྒྱབ་རིར་བཞུགས་པའི་སྟག་རོང་ཉ་ཚ་ཨ་བརྟན་གྱི་མཁར་ཤུལ། རོང་ཚ་དམར་ལེབ་ཀྱི་དུར་ས། དཔའ་ལ་སེང་སྟག་ཨ་དོམ་གྱི་འཁྲུངས་ཡུལ། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དང་འཇང་སྲས་གཡུ་ཁྲི་གོང་སྔོན་གྱི་སྒར་ཤུལ། གླིང་ཁྲ་མོའི་དགྲ་དམག་བཙོན་འཇུག་བྱེད་ས་སོགས་གྲངས་ལས་འདས་ཤིང་བརྗོད་ཀྱིས་མི་ལང་པའི་གླིང་རྗེ་བློན་གྱི་རྗེས་ཤུལ་ལ་རྟོག་ཞིབ་བྱས།
ཀ་ཐོག་དགོན་དུ་ཉར་ཚགས་གནང་བའི་རྒྱ་ཚའི་ཡ་ཟི་དཀར་ཕྲན།
ཚོ་ཆུང་གཉིས་པས་སྟག་རོང་ཨ་ནུ་གཟིགས་འཕེན་གྱི་ཕོ་བྲང་དང་། གླིང་དཀར་ཁྲ་མོའི་གོ་མཚོན་བཟོ་ས། ཀ་ཐོག་དགོན་དུ་བཞུགས་པའི་དཔའ་རྒྱ་ཚ་ཞལ་དཀར་གྱི་རལ་གྲི་ཡ་ཟི་སྐར་ཕྲན་སོགས་གླིང་རྗེ་བློན་གྱི་རྗེས་ཤུལ་ལ་རྟོག་ཞིབ་བྱས།
ཁམས་ཁུལ་དུ་བསྐྱོད་ནས་གེ་སར་གྱི་རྗེས་ཤུལ་འཚོལ་བའི་རྟོག་ཞིབ་ཚོགས་པའི་ཕྱོགས་བསྡོམས་ཚོགས་འདུ་འཚོགས་པ།
ཐེངས་འདིའི་གེ་སར་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་ནི་ཧ་ཅང་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་ཞིང་། སྐད་གྲགས་ལྡན་པའི་གེ་སར་རིག་གནས་ཞིབ་འཇུག་པ་སྐུ་ཞབས་ནོར་སྡེ་ལགས་ཀྱིས་གསུངས་པ་ལྟར། བྱེད་སྒོ་འདིས་གེ་སར་རིག་གནས་པས་ས་གནས་དངོས་སུ་བརྟག་དཔྱད་བྱེད་པ་བརྒྱུད་གསོན་ཉམས་ལྡན་པའི་རྒྱུ་ཆ་འཚོལ་བསྡུ་བྱས་ནས་གེ་སར་རིག་གནས་ལ་ཞིབ་འཇུག་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་གེ་སར་རིག་གནས་འབྱུང་ཁམས་སྣེ་མང་རང་བཞིན་གྱིས་གོང་འཕེལ་འགྲོ་རྒྱུར་ཞིང་ས་གཤིན་པོ་མཁོ་འདོན་བྱུང་བ་མ་ཟད། རྒྱལ་ཡོངས་ཀྱི་གེ་སར་རིག་གནས་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོང་། གོང་འཕེལ་བཅས་གཏོང་རྒྱུར་ཡང་ལག་ལེན་དངོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་མཁོ་འདོན་བྱུང་ཡོད།
གླིང་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྱི་མཚན་སྙན་ཐོབ་པ་ཞིག་ཡིན་ཞིང་། སྤྱི་ལོ་༢༠༠༩ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་འཐུས་ཚབ་མིང་ཐོའི་ནང་བཅུག་ཡོད། ཁམས་ཁུལ་ནི་གེ་སར་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པའི་ཡུལ་གྲུ་ཞིག་ཡིན་ཞིང་། གང་སར་གླིང་གེ་སར་སྐོར་གྱི་ངག་རྒྱུན་གཏམ་རྒྱུད་དང་། གནའ་ཤུལ་གནའ་རྫས་ཀྱིས་ཁེངས་པ་དང་། གྲགས་ཅན་སྒྲུང་པ་མང་པོ་ཕེབས་པའི་ཡུལ་གྲུ་ཞིག་ཡིན་པས། ད་རེས་གླིང་གེ་སར་གྱི་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན། དེ་ཡང་ཀྲུང་དབྱང་གི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། རིག་གནས་བློ་སྤོབས་ཆེ་རུ་གཏོང་བ་དང་། རིག་གནས་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཀྱང་ཡིན་པས། ཁམས་ཁུལ་འབྲེལ་ཡོད་ས་གནས་ཀྱི་ལས་བྱེད་མང་ཚོགས་ཀྱི་མི་རིགས་རིག་གནས་ཀྱི་རང་རྟོགས་དང་རིག་གནས་བློ་སྤོབས་སྔར་བས་ཆེ་རུ་སོང་བ་དང་། གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།
དེ་ཡང་རྟོག་ཞིབ་ཚོ་ཆུང་གི་ཁོངས་མི་མཁས་དབང་ཀརྨ་རྒྱལ་མཚན་ལགས་ཀྱིས་གེ་སར་གྱི་རྗེས་ཤུལ་རིག་གནས་ནི་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་གལ་སྲིད་ཡུལ་དངོས་སུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་མ་བྱས་ན་གླིང་གི་རྗེས་ཤུལ་གཏམ་རྒྱུད་ལ་རྒྱུས་མངའ་ཡང་དག་པར་མི་ཡོང་བས་ད་ཐེངས་ཀྱི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་གྱི་རྗེས་ཤུལ་འཚོལ་བའི་བྱ་འགུལ་འདི་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་ཞིག་རེད་ཅེས་གསུངས་པ་ལྟར་ལགས།
དཀར་མཛེས་རྫོང་གི་གེ་སེར་མཁར་གྲོང་།
ཐེངས་འདིའི་རྟོག་ཞིབ་བྱེད་སྒོའི་རིང་ད་དུང་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་ཙམ་འཚོགས་པ་དང་། ཆེད་མཁས་རྣམ་པས་རང་རང་སོ་སོའི་མྱོང་ཚོར་དངོས་ཀྱི་ཐོག་ནས་དྲན་ཚོར་དང་གྲོས་འཆར་མང་པོ་གསུངས་ཡོད་ཅིང་། གེ་སར་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་འདི་འདྲ་ཞིག་སྤེལ་བའི་ཐོག་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་སྤེལ་གཏང་རྒྱུར་མཐོང་ཆེན་གནང་བ་གང་ལེགས་མངོན་པའི་ངོས་འཛིན་གཅིག་གྱུར་གནང་ཡོད། དེ་དང་ཆབས་ཅིག་སི་ཁྲོན་དཀར་མཛེས་ཁུལ་དང་ཁྱད་པར་དུ་གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེ་ནས་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་སྔོག་འདོན་དང་རྒྱུན་འཛིན་བྱ་རྒྱུའི་ཐད་དགོངས་འཆར་དང་གྲོས་འགོ་ཡང་མང་པོ་བཏོན་ཡོད།
རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གྱིས་ཕྱོགས་བསྡོམས་གནང་བཞིན་པ།
གེ་སར་རིག་གནས་ནི་ཁམས་ཁུལ་གྱི་རིག་གནས་མཚོན་རྟགས་གྲགས་ཅན་ཞིག་ཡིན་པ་དང་། ཁམས་ཁུལ་གྱི་གཟུགས་མེད་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། མཚོན་རྟགས་དེ་དོན་གཉེར་ཡག་པོ་བྱས་ན་ཁམས་ཁུལ་གྱི་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་དོན་སྙིང་ཟབ་མོ་ལྡན་པ་ཞིག་ཡིནཔས། ད་ཐེངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་སྒྲིག་འཛུགས་གནང་བའི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་བའི་བྱེད་སྒོ་ནི་གེ་སར་རིག་གནས་ཀྱི་མཚོན་རྟགས་མངོན་པར་བྱེད་པའི་དཔེ་མཚོན་ཡག་པོ་ཞིག་ཏུ་གྱུར་ཡོད།
ཉིན་བཅུ་གཅིག་རིང་གི་འཚོལ་ཞིབ་བྱེད་སྒོ་བྲེལ་བྲེལ་འཚུབ་འཚུབ་ངང་ནས་མཇུག་འགྲིལ་ཞིང་། དུས་ཡུན་ཐུང་ཡང་ནང་དོན་ཕུན་སུམ་ཚོགས་པའི་འཚོལ་ཞིབ་བྱས་པར་བརྒྱུད། གེ་སར་རིག་གནས་ཀྱི་ཆེད་མཁས་རྣམ་པར་མྱོང་ཚོར་ཆེན་པོ་བྱུང་བ་དང་གྲུབ་འབྲས་ཀྱང་མང་པོ་ཐོབ་ཡོད། གལ་སྲིད་ཐེངས་འདིའི་གེ་སར་ཞབས་རྗེས་འཚོལ་ཞིབ་བྱེད་སྒོར་མཇུག་བསྡོམས་ཞིག་བཟོས་པ་ཡིན་ན། གཟབ་རྒྱས་ཆེ་ལ་སྤྲོ་སྣང་འཕེལ་བའི་རྡོག་ཐོན་མཛད་སྒོ་དང་། བཀོད་སྒྲིག་ཞིབ་ཚགས་ལུགས་མཐུན་གྱི་འཚོལ་ཞིབ་བཅར་འདྲིའི་བརྒྱུད་རིམ། ལྗིད་ཏིག་ཏིག་གྲུབ་འབྲས་ཀྱི་ཐོག་ནས་མཇུག་བསྒྲིལ་བ་བཅས་ཡིན་ལ། དེ་བས་ཀྱང་འགན་གཉེར་སྡེ་ཚན་གྱིས་འཐུས་སྒོ་ཚང་ཞིང་ཞིབ་ཚགས་ལྡན་པའི་བཀོད་སྒྲིག་དང་སེམས་རྩ་འཁོལ་བའི་སྣེ་ལེན་གནང་བ་དང་། འཚོལ་ཞིབ་བྱེད་སྒོར་ཞུགས་མཁན་ཆེད་མཁས་རྣམས་ཀྱི་དཀའ་སྤྱད་སྙིང་རུས་དང་། རྩེར་སོན་གྱི་ཆེད་ལས་བྱང་ཚད། གཟབ་ནན་ཆེ་བའི་རིག་གནས་བརྩོན་ཞིབ་ཀྱི་སྙིང་སྟོབས་བཅས་ཀྱིས་བག་ཆགས་ཟབ་མོ་དང་མིག་དཔེ་བཟང་པོ་བཞག་པ་དེ་ཡིན། །
རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།
གླིང་གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་བ།