རྐང་ཚ་ཞེས་པའི་མིང་དང་འབྲེལ་ཏེ་ལྡོང་དང་ཚ་ཆེན་བཅོ་བརྒྱད་ལ་དཔྱད་པ།

6.jpg

[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་བོད་ཀྱི་ཡིག་ཆ་གཞིར་བཟུང་སྟེ་ལྡོང་ལ་སྨུག་པོ་ལྡོང་དང་དཀར་ནག་ཁྲ་གསུམ་གྱི་དབྱེ་བ་ཡོད་པ་དང་།དེ་ལས་སྨུག་པོ་ལྡོང་སོགས་ནི་བཙན་པོའི་རྒྱལ་རབས་ཀྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་མ་བྱས་པའི་སྔོན་དུ་མདོ་ཁམས་སུ་གནས་ཆགས་ཤིང་།རྒྱལ་ཕྲན་ཚུགས་ཡོད་ཚུལ་དང་ཕྱིས་ཀྱི་བཙན་པོའི་དུས་སུ་ཚ་ཆེན་བཅོ་བརྒྱད་ཀྱི་ཐོག་མའི་མི་རྒྱུད་དག་མཐའ་མཚམས་སྲུང་བའི་དམག་མིར་བཏང་སྟེ།སྐབས་དེའི་ལྡོང་གཙོ་བའི་རྒྱལ་ཕྲན་མང་པོ་གཏོར་ནས་དབུས་གཙང་གི་མི་རྒྱུད་དང་མདོ་ཁམས་ཀྱི་ལྡོང་རིགས་འདྲེས་ཤིང་།མཐར་ལྡོང་གི་ཤུལ་ཆེན་དང་ཚ་ཆེན་བཅོ་བརྒྱད་གྲུབ་ཚུལ་གླེང་ཡོད།

[བརྡ་ཆད་གཙོ་བོ།] ལྡོང་། ཤུལ་ཆེན་བཅོ་བརྒྱད།ཚ་ཆེན་བཅོ་བརྒྱད། རྐང་ཚ།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281[ཡིག་ཚང་མཚན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-01-0003-13

    བོད་ཀྱི་ཡིག་ཆ་འགའ་རེར་རྐང་ཚ་ནི་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཀྱི་ཁོངས་སུ་བསྡུས་ཡོད།དེའི་ཕྱིར་རྐང་ཚའི་རུས་རྒྱུད་གླེང་བ་ལ་ཐོག་མར་ལྡོང་དང་ཚ་ཆེན་བཅོ་བརྒྱད་ཀྱི་འབྲེལ་བ་གླེང་དགོས།ལྡོང་གི་ཚ་ཆེན་བཅོ་བརྒྱད་ཀྱི་གྲངས་འདྲེན་ཙམ་ཞིག་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོར་སྣང་ཡང་།ཚུལ་འདིར་ཞིབ་འཇུག་གིས་ཕྱག་རྩོམ་གནང་མཁན་ཤིན་ཏུ་དཀོན།བོད་ཡིག་གི་ངོས་ནས་ལྡོང་ལ་སྨུག་པོ་ལྡོང་དང་དཀར་ནག་ཁྲ་གསུམ།གཞན་ལྡོང་གི་རུས་ཆེན་བཅོ་བརྒྱད་དང་ང་ཆེན་བཅོ་བརྒྱད། ཤུལ་ཆེན་བཅོ་བརྒྱད།ཚ་ཆེན་བཅོ་བརྒྱད་སོགས་ཀྱི་རིགས་དབྱེ་མང་པོ་ཞིག་དྲངས་ཡོད་ཀྱང་། དེ་དག་རེ་རེ་ནས་དཔྱད་པ་ཞིབ་འཇུག་གནང་མཁན་དཀོན་པས།རྐང་ཚ་དང་ཚ་ཆེན་བཅོ་བརྒྱད་ཀྱི་འབྲེལ་བ་བརྗོད་རྒྱུ་ནི་ཤིན་ཏུ་ཁག་པོ་རེད།ཐེངས་འདིར་འབྲེལ་ཡོད་ཀྱི་རྒྱུ་ཆ་ཁག་ཅིག་བསྡུ་བསྒྲིགས་ཀྱིས་རྐང་ཚ་ཞེས་པ་དམིགས་སྒོར་གཏད་དེ་ཚ་ཆེན་བཅོ་བརྒྱད་ཀྱི་གནས་སྟངས་ལ་ཐོག་མའི་བགྲོ་གླེང་ཙམ་ཞིག་འབུལ་བར་བྱའོ།།

དང་པོ།ཚ་ཆེན་བཅོ་བརྒྱད་ཅེས་པའི་མིང་དང་འབྲེལ་བའི་ཡིག་ཆའི་སྐོར།

རྐང་ཚ་ཞེས་པའི་མིང་དང་མི་རྒྱུད་དེ་ལྡོང་གི་ཚ་ཆེན་བཅོ་བརྒྱད་ལ་འབྲེལ་བར་གླེང་སྲོལ་གྱི་ཡིག་ཆ་ཁག་རིགས་གསུམ་དུ་བསྡུ་ཆོག་པར་སྙམ།རུས་རྒྱུད་དེ་ལྡོང་གི་ཚ་ཆེན་བཅོ་བརྒྱད་ལ་འབྲེལ་ཚུལ་གླེང་བའི་ཡིག་ཆ་དང་པོ་ནི་ཆོས་རྒྱ་མཚོ་①མཆོག་གིས་《ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》②ལས་བཏོན་པར་གསུངས་པའི་དུམ་ཚན་ཞིག་ཡིན།③གཉིས་པ་ནི་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་《མདོ་སྨད་ཆོས་འབྱུང་》④དང་དམུ་དགེ་བསམ་གཏན་མཆོག་གི་《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་》⑤ཡིན། གསུམ་པ་ནི་ཉེ་རབས་ཀྱི་ཆར་བརྩམས་པའི་《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》⑥ལྟ་བུ་ཡིན།དེ་དག་ནི་ལྡོང་གི་ཚ་ཆེན་བཅོ་བརྒྱད་བཀོད་པའི་ཡིག་ཆའང་ཡིན།ཡིག་ཆ་འདི་བཞིའི་གང་ཡིན་ཡང་ཚ་ཆེན་བཅོ་བརྒྱད་ཅེས་པའི་ཐ་སྙད་ཀྱི་བྱུང་ཁུངས་གསལ་བོར་གླེང་མེད།ཡིན་ནའང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་དང་དམུ་དགེ་བསམ་གཏན་གཉིས་གཅིག་མཐུན་གྱིས་《རྨ་ཁོག་པོ་ཏིའི་མདོ་》བྱ་བའི་དཔེ་ཆ་ཞིག་དཔྱད་གཞིར་བཟུང་ཡོད།ཁོ་བོས་བརྟགས་ན་དཔེ་ཆ་འདི་གཉིས་ལས་བྱུང་བའི་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཀྱི་གནས་ཚུལ་ནི་《རྨ་ཁོག་པོ་ཏིའི་མདོ་》ལས་བྱུང་བ་གཞིར་བཟུང་བ་ཡིན་སྙམ།ཡིད་ཕངས་པ་ཞིག་ལ་དཔེ་ཆ་དེ་འདྲ་ཞིག་མིག་སྔར་མཐོང་ཡུལ་དུ་མ་གྱུར་པས་དེའི་ཚིག་དོན་ཆ་ཚང་ལ་རྟོག་ཞིབ་ཀྱི་སྐལ་བ་སྨིན་མེད།《རྨ་ཁོག་པོ་ཏིའི་མདོ་》ཞེས་པའི་ཚིག་ཟུར་གྱི་རྨ་ཁོག་ནི་རྨ་ཆུའི་སྟོད་སྨད་བར་གསུམ་ལ་གོ་མིན་དོགས་པ་བྱས་ཆོགཚིག་དོན་འདི་ལྟར་ན་དཔེ་ཆ་དེའི་ནང་རྨ་ཆུའི་སྟོད་སྨད་བར་གསུམ་གྱི་རུས་རྒྱུད་ཚོ་བའི་ལོ་རྒྱུས་མེད་དམ་སྙམ།《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》ལས་ཀྱང་ཚ་ཆེན་བཅོ་བརྒྱད་ཀྱི་ལུང་ཁུངས་གསལ་བོར་དྲངས་མེད།རྩོམ་པ་པོའི་དྲངས་པའི་དཔྱད་གཞིའི་ཡིག་ཆར་བལྟས་ན།གོང་དུ་དྲངས་པའི་དཔེ་ཆ་འདི་དག་མ་ཡིན་པར་《རུས་མཛོད་པད་དཀར་སྐྱེད་ཚལ་》⑦དང་《འབྱུང་རྩིས་ཉེར་མཁོ་བུམ་བཟུང་》⑧བྱ་བ་སོགས་ཡིན།དཔེ་ཆ་དེ་དག་ལས་བྱུང་བའི་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཀྱི་གྲངས་འདྲེན་ཐད་མང་ཉུང་དང་ཁྱད་པར་ཅུང་ཟད་ཤོར་ཡོད་པས།དེར་བརྟགས་ན་དཔེ་ཆ་འདི་དག་གི་ལུང་ཁུངས་མི་འདྲ་བ་ཤེས་ཐུབ།གཤམ་དུ་བཀོད་པའི་རེའུ་མིག་འདི་ནི་དཔེ་ཆ་དེ་དག་ལས་བྱུང་བའི་ཚ་ཆེན་བཅོ་བརྒྱད་ཀྱི་གྲངས་འདྲེན་ཡིན།

རེའུ་མིག་ནང་གསལ་བ་ལྟར།དམུ་དགེ་བསམ་གཏན་མཆོག་གིས་ཚ་ཆེན་བཅོ་བརྒྱད་རེ་རེ་ནས་དྲངས་ཡོད་ཀྱང་།བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ལགས་ཀྱིས་ལྔ་ལས་དྲངས་མེད།ཆོས་རྒྱ་མཚོ་མཆོག་གིས་གསུངས་པའི་《ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ལས་བདུན་དང་། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》ལས་བཅུ་བདུན་བཀོད་ནས་གཅིག་ཆད་ཡོད།ཁོ་བོས་ཕན་ཚུན་གཅིག་གྱུར་གྱི་རུས་མིང་དག་གི་འོག་ཏུ་ཐིག་འཐེན་ནས་གསལ་བོར་བྱས་ཡོད།བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ལགས་ཀྱིས་ཚ་ཆེན་བཅོ་བརྒྱད་ལས་ལྔ་ལས་མི་འདྲེན་དོན་ད་ལྟའི་བར་ལྐོག་དོན་དུ་ལུས་ཡོད།གཅིག་བྱས་ན་《རྨ་ཁོག་པོ་ཏིའི་མདོ་》ལས་ལྔ་མ་གཏོགས་མེད་པའི་རྒྱུ་མཚན་ལྟ་བུའང་ཡིན་སྲིད་ལ།མིག་སྔར་དམུ་དགེ་བསམ་གཏན་མཆོག་གིས་དཔྱད་གཞི་གཞན་ཞིག་གཟིགས་མྱོང་མིན་འཁྲུལ་ཐག་གཅོད་དཀའ།རེའུ་མིག་ནང་འཁོད་པ་བཞིན་ཚ་ཆེན་བཅོ་བརྒྱད་ཀྱི་གྲངས་འདྲེན་ཐད་ལ་དོགས་གནས་ཆེན་པོ་ཞིག་ལྷག་ཡོད་དོ།།

གོང་དུ་གླེང་བའི་མཁས་པ་རྣམས་ཀྱིས་གསུངས་པའི་ཚ་ཆེན་བཅོ་བརྒྱད་ཀྱི་སྐོར་དེ་སྔོན་གྱི་ཡིག་ཚང་དག་ན་ཤིན་ཏུ་མཐོང་དཀོན།དུས་རབས་བཅུ་གསུམ་དང་བཅུ་བཞིའི་ནང་རིམ་གྱིས་བྱུང་བའི་《དབུ་ནག་མིའུ་འདྲ་ཆགས་》⑨དང་།《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》⑩《རྒྱ་བོད་ཡིག་ཚང་ཆེན་མོ་》⑾སོགས་ལས་རུས་ཆེན་བཅོ་བརྒྱད་དང་ང་ཆེན་བཅོ་བརྒྱད་ལྟ་བུ་ཞུས་པ་ལས།ལྡོང་ལ་ཤུལ་ཆེན་དང་ཚ་ཆེན་བཅོ་བརྒྱད་ཡོད་ཚུལ་ཞུས་མེད། ཡིན་ནའང་།ཤུལ་ཆེན་དང་ཚ་ཆེན་བཅོ་བརྒྱད་ཀྱི་གྲངས་འདྲེན་སྲོལ་དེ་དཔེ་ཆ་འདི་གསུམ་གྱི་བརྩམས་དུས་ལ་བལྟས་ནས་ཕྱིས་སུ་བྱུང་བ་རེད་ཅེས་ཞུ་མི་སྤོབས།དཔེ་ཆ་འདི་གསུམ་གྱི་ནང་དུ་འཁོད་པའི་རུས་རྒྱུད་ཀྱི་གནས་ཚུལ་དག་སྔོན་གྱི་ཡིག་ཚང་ངམ་གྲགས་རྒྱུན་གང་ཞིག་གཞིར་བཟུང་སྟེ་བྲིས་པ་ལས།རྩོམ་པ་པོའི་དུས་སྐབས་ཀྱི་སྔ་རྗེས་སུ་བྱུང་བའི་རུས་རྒྱུད་ཀྱི་གནས་ཚུལ་དག་ཟིན་འགོད་བྱས་འདུག་མི་བསམ།དེ་ལས་ལྡོང་གི་རིགས་རུས་བྱུང་ཚུལ་ལ་བརྟགས་ཚེ།རུས་ཆེན་དང་ང་ཆེན་བཅོ་བརྒྱད་ཀྱི་དགར་སྲོལ་ནི་ཤིན་ཏུ་སྔ་བའི་དུས་རབས་ཤིག་ནང་བྱུང་ཡོད་སྙམ་ལ།གནས་ཚུལ་མདོར་བསྡུས་ཤིག་ས་བཅད་ཕྱི་མའི་ནང་དུའང་རྟོགས་པར་འགྱུར།དེར་བརྟེན་དཔེ་ཆ་འདི་གསུམ་བརྩམས་དུས་འཕྱི་ནའང་ནང་དོན་གྱི་ཕྱི་མོ་ཤིན་ཏུ་སྔ་བར་འདོད།

དམུ་དགེ་བསམ་གཏན་མཆོག་གིས་དཔྱད་གཞིར་བཟུང་བའི་ཡིག་ཆ་གཞན་ཞིག་ནི་《བོད་མིའུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་》བྱ་བ་ཡིན།དཔེ་ཆ་དེའི་ནང་ལྡོང་ལ་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་⑿ཡོད་ཚུལ་གླེང་རྗེས་རེ་རེ་བཞིན་དྲངས་མེད།དཔེ་ཆ་དེའི་ནང་འཁོད་པའི་“རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ།ལྡོང་ཞྭ་མགོ་མཐོ་བ་དེ་ནས་བྱུང་།”⒀ལྟ་བུའི་ཚིག་ཟིན་རེ་འགའ་ནི་《མདོ་སྨད་ཆོས་འབྱུང་》དུའང་འཁོད་ཡོད་ཅིང་《རྨ་ཁོག་པོ་ཏིའི་མདོ་》ལས་བྱུང་བར་གསུངས་ཡོད་ཀྱང་།《བོད་མིའུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་》བྱ་བའི་རྩོམ་མཁན་གྱིས་གནའ་སྒྲུང་⒁དང་གནའ་མྱིའི་ངག་རྒྱུན་དུ་གྲགས་⒂ཞེས་བཀོད་ཡོད།ཚིག་ཟིན་འདི་ལས་ང་ཚོས་བཤད་སྟངས་འདིའི་ཁུངས་ནི་《རྨ་ཁོག་པོ་ཏིའི་མདོ་》གཅིག་པུ་མ་ཡིན་པ་ཤེས་ཐུབ་བོ།།

གོང་དུ་བཀོད་པའི་ཡིག་ཆ་དག་ལས་ཚ་ཆེན་བཅོ་བརྒྱད་ཅེས་པའི་ཐ་སྙད་ཀྱི་བྱུང་དུས་ནི་ཧ་ཅང་སྔ་བའི་དུས་རབས་ཤིག་ལ་གཏུགས་ཐུབ་མེད་བསམ་མོད།ཆོས་རྒྱ་མཚོ་མཆོག་གིས་《ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ལས་བཤུས་པ་ཡིན་པར་གྲགས་པའི་དུམ་ཚན་ཐུང་ངུ་དེ་ཡིས་ལྟ་ཚུལ་འདིར་འགྱུར་ལྡོག་ཅུང་ཟད་བཟོས་འོང་།སྤྱིར་བཏང་ཡིག་ཆ་འདི་ནམ་བྱུང་གླེང་རྒྱུ་ནི་ཤིན་ཏུ་ཁག་པོ་རེད།ཉེ་ཆར་དེབ་འདིའི་རྩོམ་པ་པོ་ཆོས་རྒྱ་མཚོ་མཆོག་ལའང་དེའི་སྐོར་གྱི་བཀའ་འདྲི་ཞུ་ཐབས་མ་སོང་།ཁོང་གིས་གསུངས་པའི་《ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ཞེས་པའི་ཡིག་ཆ་ཡི་རྩོམ་པ་པོ་ལ་ཡོངས་གྲགས་ཀྱིས་རྒྱ་བཟའི་དགེ་བཤེས་འཇམ་དབྱངས་གྲགས་པ་⒃ཞུ།ཡིག་ཆ་འདི་ནི་དོན་དངོས་ཀྱིས་རྒྱ་བཟའི་དགེ་བཤེས་ཀྱིས་བྲིས་པ་དང་《ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ལས་བྱུང་བ་ཡིན་མིན་ནི་ད་དུང་དོགས་གཞི་ཞིག་རེད།དེའི་ནང་དུ་ཚ་ཆེན་བཅོ་བརྒྱད་ནི་ལྡོང་ལས་གྱེས་པའི་རུས་ཚན་བཅོ་བརྒྱད་ཡིན་ཚུལ་དམིགས་བསལ་གྱིས་བསྟན་མེད་པར།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དམག་ཚ་ཆེན་བཅོ་བརྒྱད་དུ་ཕྱེས་ནས་མཐའ་མཚམས་སྲུང་བར་བསྐོས་ཚུལ་གསལ་ཞིང་།རྐང་ཚས་གཙོས་ཏོག་ཚ་དང་གཡི་ཚ། འགོ་ཚ། རྨོག་ཚ། ཕྱག་ཚ།རེབ་ཚ་སོགས་ནི་སྐབས་དེའི་ཚ་ཆེན་བཅོ་བརྒྱད་ཀྱི་གྲས་དང་དམག་གི་རུ་ཆེན་བདུན་ཡིན་ཚུལ་གསུངས་ཡོད།ཆོས་རྒྱ་མཚོ་མཆོག་གིས་དུམ་ཚན་དེ་མིག་སྔར་པར་སྐྲུན་བྱས་མེད་ཚུལ་གླེང་ཡོད།གཤམ་དུ་ཁོ་བོས་དུམ་ཚན་དེ་ཆ་ཚང་དྲངས་ན་འདི་ལྟར།

“རྒྱལ་བོ་ཁྲི་སྲོང་ལྡེའི་བཙན་གྱིས་བོད་དམག་ཚ་ཆེན་བཅོ་བརྒྱད་སོ་སོར་ཕྱེས་ནས།བོད་རྒྱལ་ཁམས་ཆེན་པོའི་མཐའ་མཚམས་སོ་སོ་སྲུང་བར་འགྲོ་དགོས་པའི་བཀའ་ལུང་འབྱོར་བས།དམག་དཔོན་ལྷ་དབང་གྲགས་པ་རྡོ་རྗེ་ཟེར་བ་བོད་དམག་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་རྐང་ཚ་ཞེས་པའི་དམག་དཔོན་དུ་བསྐོས།རྒྱ་བོད་གཉིས་ཀྱི་མཐའ་མཚམས་སྲུང་བར་ཏོག་ཚ་དང་། རྐང་ཚ། གཡི་ཚ། འགོ་ཚ། རྨོག་ཚ།ཕྱག་ཚ། རེབ་ཚ་སོགས་དམག་ཁག་ཆེ་བ་བདུན་ཙམ་དུ་བགོས་ནས།བོད་དམག་ཁྲི་ཉི་ཤུ་ལྷག་གིས་རྒྱ་དམག་དེད་དེ་ནག་རི་སྒང་དང་ཨ་ལ་ཤ་ནས་མར་ཕུད་པས།བོད་དམག་གིས་རྒྱལ་ཁ་ཆེན་པོ་བླངས། སུམ་པའི་ཡུལ་ནས་རྒྱལ་སྟོན་མཛད། ཏོག་ཚའི་དམག་གིས་ཤར་རྒྱལ་མོ་རོང་གི་མར་གཤམ་བཟུང་།གཡི་ཚ་དང་འགོ་ཚའི་དམག་གིས་སུམ་པའི་ཡུལ་དང་ཤར་སྡོང་གི་ཡུལ་བཟུང་།རེབ་ཚ་དང་ཕྱག་ཚའི་དམག་གིས་མཆོད་རྟེན་དཀར་པོ་ཡན་གྱི་འཕྲང་འགག་དང་རབ་ཁ་མཛོད་དགེ་མན་གྱི་མི་ཉག་གི་ཡུལ་གྲུ་སོ་སོ་བཟུང་།རྐང་ཚ་དང་རྨོག་ཚའི་དམག་གིས་རྨ་ཆུའི་རབ་ཁ་གོང་འོག་བར་གསུམ་བཟུང་ནས་ས་མཚམས་དཔྱ་ཁྲལ་བསྡུ་ལེན་མཛད།རྨ་ཆུའི་རབ་ཁ་གསུམ་ནི་སྟོད་ཀྱི་མདུང་སོའི་རབ་དང་། བར་གྱི་ཚ་ལྔ་འགགསྨད་ཀྱི་ཕྱེ་མའི་རབ་ཁ་གསུམ་ལ་ཟེར།(འདི་ནི་ད་ལྟ་པར་བསྐྲུན་བྱས་པའི་ནང་བཀོད་མེད་པས་དཔྱད།)”⒄ཞེས་འབྱུང་།འདིར་ཚ་ཆེན་བཅོ་བརྒྱད་ནི་བོད་བཙན་པོའི་སྐབས་ཀྱི་དམག་དཔུང་གི་སྒྲིག་འཛུགས་བཅོ་བརྒྱད་ལ་བཤད་པ་ལྟར།སྤྱིར་བཏང་ལོ་རྒྱུས་སྟེང་རྨོག་ཚ་དང་གཡི་ཚ་སོགས་བོད་བཙན་པོའི་དུས་སྐབས་སུ་མཐའ་མཚམས་ལ་མངགས་པའི་དམག་མིའི་རྒྱུད་པ་ཡིན་ཚུལ་ས་གནས་སོ་སོའི་ལོ་རྒྱུས་དང་དེབ་ཐེར་སྟེང་བཀོད་འདུག་པས།དེའང་ཞིབ་འཇུག་གི་དཔྱད་གཞི་ཞིག་རེད། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་《མདོ་སྨད་ཆོས་འབྱུང་》ལས་ཀྱང་།“བོད་ཀྱི་རུས་ཆེན་དགའ་ལྡོང་འབྲི་གསུམ་གྱི་ནང་ནས་ལྡོང་།དེ་ལ་ཚ་ཆེན་བཅོ་བརྒྱད་ཡོད་པའི་ནང་ཚན་གཡི་ཚ།ཁྲི་རལ་བ་ཅན་རྒྱ་ཡུལ་དུ་དམག་ལ་བྱོན་སྐབས་དམག་དཔོན་དུ་བསྐོས་པའི་གཡི་ཚ་དམག་དཔོན་ཐོགས།”⒅ཞེས་བཀོད་པས།གཡི་ཚའི་རྒྱུད་པ་དེ་སྔར་དམག་མིར་གཏོགས་པ་ཤེས་ཐུབ་པར་མ་ཟད།དེའི་རྒྱུད་པ་སྔར་བོད་བཙན་པོའི་སྐབས་སུ་མདོ་སྨད་རྨ་ཆུའི་ཉེ་འགྲམ་བཱ་ཡན་ཕྱོགས་ནས་བསྡད་པ་ཤེས་ལ།སྐབས་དེར་བཱ་ཡན་ཕྱོགས་ན་ཁ་གྱ་ཚོ་དྲུག་གི་མི་རྒྱུད་ཡོད་ལ།དེའི་གྲས་གཅིག་ནི་རྐང་ཚ་ཡིན་པར་གསུངས་ཡོད། ཁོ་བོས་དེ་སྔོན་ཁ་གྱ་ཚོ་དྲུག་ནི་ཀན་སུའུ་ཁོངས་གཏོགས་སུ་ཡོད་ཅིང་།གནས་དེར་ཆགས་དུས་ནི་ཅུང་ཟད་འཕྱི་འོང་སྙམ་མོད།དགེ་རྒན་ཆེན་མོ་འབྲུག་ཐར་ལགས་ཀྱིས་ཀྱང་ཁ་གྱ་ཚོ་དྲུག་ནི་ཐོག་མར་མཚོ་སྔོན་ཕྱོགས་སུ་ཆགས་ཤིང་རྗེས་སུ་ཀན་སུའུ་ཁོངས་ལ་སྤོས་བ་ཡིན་ཚུལ་གསུངས།⒆《མདོ་སྨད་ཆོས་འབྱུང་》ལས་བཀོད་པའི་རྨ་ཕར་ཁའི་བཱ་ཡན་⒇ཞེས་པའང་རྩོད་གཞི་ཞིག་ལ་གྱུར་ཡོད་མོད།འདིར་རྨ་ཕར་ཁའི་བཱ་ཡན་ཞེས་བསྟན་པར་བརྟགས་ན།དེ་ནི་གནའ་སྔ་མོ་ཞིག་ནས་ད་ལྟའི་བར་མཚོ་སྔོན་གྱི་རྨ་ཆུའི་ལྷོ་བྱང་གི་མི་རྣམས་ཀྱིས་ཕན་ཚུན་ལ་རྨ་ཕར་ཁ་ཞེས་བརྗོད་སྲོལ་ཞིག་ཡོད་པ་དེ་ཡིན་ཞིང་།ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་ན་བཱ་ཡན་ཐང་ཞེས་པ་ཞིག་ཡོད་པ་དེ་ཡིན་སྙམ།གནས་རི་དེ་དང་རྐང་ཚའི་མི་རྒྱུད་ཀྱི་བར་ན་འབྲེལ་བ་ཅི་ཞིག་ཡོད་མེད་སུས་ཀྱང་བཤད་མི་ཤེས་མོད།དུས་སྔ་མོ་ཞིག་ནས་རྐང་ཚའི་རུས་རྒྱུད་ཀྱིས་རི་དེ་སྐྱེས་རིར་བཀུར་ནས་ལབ་རྩེ་བསྟད་པར་མ་ཟད།ཕྱིས་སུ་རྐང་ཚའི་ཚོ་སྡེ་ཁག་ཅིག་མཚོ་སྔོན་པོའི་བྱང་ཕྱོགས་སུ་སྤར་ནས་གཞི་ཆགས་རྗེས།བཱ་ཡན་གནས་རིའང་ས་དེར་ངོས་བཟུང་ནས་ད་ལྟའི་བར་མཆོད་རྒྱུན་ཆད་མེད།ཆོས་རྒྱ་མཚོ་མཆོག་གིས་《ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ལས་བཤུས་པ་ཡིན་པར་གསུངས་པའི་ཡིག་ཆ་ལས་བསྟན་པའི།“རྐང་ཚ་དང་རྨོག་ཚའི་དམག་གིས་རྨ་ཆུའི་རབ་ཁ་གོང་འོག་བར་གསུམ་བཟུང་ནས་ས་མཚམས་དཔྱ་ཁྲལ་བསྡུ་ལེན་མཛད།”ཅེས་པའི་སྐབས་ཀྱི་རྨ་ཆུའི་སྟོད་སྨད་བར་གསུམ་བྱ་བའང་བྱེ་བྲག་གིས་ད་ལྟའི་རྨོག་རུ་དང་ཁྲི་ཀའི་རྐང་ཚའི་ཆགས་ཡུལ་འདིའི་ཕྱོགས་ཡིན་སྙམ་ཞིང་།མཚོ་སྔོན་པོའི་རྐང་ཚའི་ལོ་རྒྱུས་དང་བཤད་རྒྱུན་ལྟར་ན། རྐང་ཚའི་ཐོག་མའི་ཆད་ཁུངས་ནི་བཱ་ཡན་རི་དང་ཉེ་བའི་རྫ་དམར་ཞྭ་ཕུག་ཅེས་པ་ཡིན།རི་དེ་ནི་ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀའི་དར་རྒན་གཞུང་ན་ཡོད།བོད་བཙན་པོའི་སྐབས་སུ་མཐའ་མཚམས་སྲུང་བའི་དམག་གི་རྩ་འཛུགས་བསྐོས་པ་དང་སྐབས་དེར་བོད་ཐང་ཐེངས་མང་འཁྲུག་ནས་རྒྱ་དམག་ལ་ཕམ་ཁ་བྱིན་ཚུལ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཆ་སོགས་ལས་བཀོད་ཡོད་མོད།སྐབས་དེའི་དམག་དཔུང་གི་སྒྲིག་འཛུགས་དང་དམག་མིའི་རུས་མིང་སོགས་གསལ་བོར་བཀོད་མེད་པས་དེ་ནི་གླེང་དཀའ་བ་ཞིག་རེད།སྐབས་དེའི་གནས་ཚུལ་ཐོར་བུ་ཞིག་ཐང་རྒྱལ་རབས་ཀྱི་སྐབས་སུ་བྱུང་བར་གྲགས་པའི་《ཐང་ཡིག་གསར་རྙིང་》ལས་ཀྱང་བཀོད་ཡོད།གོང་གི་ཚིག་དོན་འདི་དག་ལས།ཚ་ཆེན་བཅོ་བརྒྱད་ཅེས་པ་བཙན་པོའི་སྐབས་སུ་མདོ་སྨད་དུ་སྒྲིག་འཛུགས་བྱས་པའི་དམག་དཔུང་བཅོ་བརྒྱད་ཡིན་མིན་རྟོགས་དཀའ་ནའང་།དེའི་ནང་ཚན་གཡི་ཚ་ལྟ་བུའི་རུས་རྒྱུད་མང་པོ་ཞིག་བོད་བཙན་པོའི་སྐབས་སུ་མདོ་སྨད་ཀྱི་མཐའ་མཚམས་སྲུང་བའི་དམག་མིའི་རྒྱུད་པར་གཏོགས་པ་ཤེས་ཐུབ།ཡིན་ནའང་།ས་གནས་ཀྱི་ལོ་རྒྱུས་འགའ་རེ་ན་འགོ་ཚ་དང་ཕྱག་ཚ་ནི་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ལས་མགོ་ཤུལ་དང་ཕྱག་ཤུལ་གྱི་རྒྱུད་པ་ཡིན་ཚུལ་ཡང་གསུངས་ཡོད་ལ།ཕྱག་ཤུལ་དང་ཕྱག་ཚ་རུས་གཅིག་ལས་གྱེས་ཚུལ་སོགས་ཀྱང་གསུངས།21དེར་བརྟགས་ཚེ་འགའ་ཞིག་ནི་ཕྱིས་སུ་རུས་རྒྱུད་གཞན་ལས་གྱེས་པ་ཡིན།དེ་བཞིན་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཅེས་པའི་རུས་རྒྱུད་དག་གི་བྱེ་བྲག་བྱུང་ཚུལ་ལ་བརྟགས་ཚེའང་ཡིག་ཆ་འདི་ནི་ཕྱིས་སུ་བཅོས་ཏེ་བསྒྲིགས་པ་ཞིག་རེད་སྙམ།དེར་བརྟེན་ཚ་ཆེན་བཅོ་བརྒྱད་ལས་རུས་རྒྱུད་འགའ་རེ་བོད་བཙན་པོའི་སྐབས་སུ་བྱུང་བའི་དམག་དཔུང་གི་སྒྲིག་འཛུགས་བཅོ་བརྒྱད་ལ་འབྲེལ་ཚུལ་ཅུང་ཟད་རྟོགས་དཀའ་ནའང་།ཡོད་ཚད་བོད་བཙན་པོའི་སྐབས་སུ་མཐའ་མཚམས་སྲུང་བར་མངགས་པའི་དམག་མིའི་རྒྱུད་དུ་གཏོགས་ཚུལ་ཞུ་དཀའ།དེ་བས་ཚ་ཆེན་བཅོ་བརྒྱད་ཀྱི་ཁོངས་སུ་སྦྱར་བའི་རུས་རྒྱུད་དག་མདོ་ཁམས་སུ་སྤོས་བ་དང་ཆགས་པའི་དུས་ནི་བོད་བཙན་པོའི་དུས་རབས་ནས་འགོ་བརྩམས་ཡོད་པ་ཁ་ཚོན་བཅད་ཆོག་མོད།ཚ་ཆེན་བཅོ་བརྒྱད་ཀྱི་འབོད་སྟངས་དེ་ནི་ཕྱིས་སུ་བྱུང་བ་ཞིག་རེད་སྙམ།

གཉིས་པ།ལྡོང་དང་ཚ་ཆེན་བཅོ་བརྒྱད་ཀྱི་ཁྱད་པར་དང་འབྲེལ་བའི་སྐོར།

སྤྱིར་བཏང་ཚ་ཞེས་པའི་ཐ་སྙད་ཀྱི་ངོས་ནས་དམག་དང་འབྲེལ་བའི་གོ་བ་ཅི་ཡང་བསྟན་མེད་པས།ཐ་སྙད་དེའི་བྱུང་ཁུངས་དངོས་ནི་དམག་དང་འབྲེལ་བ་མེད་ཅེས་བརྗོད་ཆོགདེ་བཞིན་ཏོག་དང་རྨོག ཕྱག དམུ་སོགས་ནི་དམག་དང་འབྲེལ་བའི་ཐ་སྙད་ཅིག་མ་ཡིན་པར།གནའ་བོའི་བོད་ཀྱི་རུས་རྒྱུད་རྙིང་བ་འགའ་ཡི་མིང་ཡིན་ཚུལ་དེ་དག་དང་འབྲེལ་བའི་ཚོ་བ་དང་མི་རྒྱུད་སྐོར་གྱི་ལོ་རྒྱུས་དག་བཀླགས་ན་ཤེས་ཐུབ།ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་བརྡ་དང་ཐ་སྙད་དེ་དག་ལ་འགྱུར་བ་བྱུང་མེད་ཅེས་སྨྲ་མི་ཐུབ་ཀྱང་།རུས་མིང་དེ་དག་ལྡོང་གི་ཁོངས་སུ་བསྡུས་པ་དེ་ལ་དཔྱད་པར་བྱ་བ་ཅུང་ཟད་ཅིག་ཡོད་སྙམ།བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་ལྟར་ན།ཚ་ཆེན་ཞེས་པའི་ཚ་ནི་ཚ་བོ་སྟེ་དབོན་པོའི་དོན་ལ་འཇུག ཚིག་དོན་འདིའི་སྟེང་ནས་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཅེས་ཚེ་དེ་ནི་ལྡོང་གི་ཚ་བོའམ་དབོན་པོའི་རིགས་ལྟ་བུར་གོ་མོད།བྱེ་བྲག་ཐ་སྙད་རེ་རེ་ཡི་ངོས་ཚིག་ལྟར་ན། དེ་ལྟར་མ་ཡིན་པར་ཏོག་ཚ་དང་རྨོག་ཚ།གཡི་ཚ།དམུ་ཚ། འགོ་ཚ། རྐང་ཚ་ཞེས་རུས་ཏོག་དང་རྨོགགཡི། དམུ། འགོ། རྐང་སོགས་ཀྱི་ཚ་བོ་ཡིན་ཚུལ་དེ་ཡིན།རུས་རྒྱུད་དེ་དག་མང་ཤོས་ནི་བོད་བཙན་པོའི་སྐབས་སུ་མདོ་སྨད་དུ་ས་མཚམས་སྲུང་བའི་དམག་མིའི་རྒྱུད་པ་ཡིན་ལ།མདོ་སྨད་དུ་གནས་ཆགས་རྗེས་ཡུན་གྱིས་ཏོག་ཚ་དང་རྨོག་ཚ། གཡི་ཚ།རྐང་ཚ་ལྟ་བུར་གྱུར་བ་རེད། དེང་སྐབས་ཀྱི་འགྲེལ་བ་ལྟར་ན།ཚ་ཆེན་བཅོ་བརྒྱད་ནི་རུས་ལྡོང་དང་འབྲེལ་བའི་ཚ་བོའི་རྒྱུད་པ་བཅོ་བརྒྱད་ལ་ངོས་འཛིན་གནང་བཞིན་ཡོད།ཆེན་པོ་ཞེས་པ་དེའི་ཤུགས་བསྟན་ནས་ཚ་ཆེན་བཅོ་བརྒྱད་ཀྱི་ནང་དུ་མ་འདུས་པའི་ལྡོང་གི་ཚ་རྒྱུད་གཞན་ཡོད་པའང་བསྟན་པས།དེ་ལྟར་ན་ཚ་ཆེན་བཅོ་བརྒྱད་ནི་དམིགས་བསལ་གྱིས་རྒྱུ་མཚན་ཞིག་ལ་བརྟེན་ཏེ་རིགས་ཕྱེས་པ་གསལ་བོར་རྟོགས་ཐུབ།དེ་ནི་ཚོ་སྡེ་ཆེན་པོའམ་ཡང་ན་དམག་དཔུང་གི་རྩ་འཛུགས་ཤིག་ལ་འབྲེལ་སྟབས་ཕྱེས་པའང་ཡིན་སྲིད་དེ།གནའ་བོའི་སྐབས་ཀྱི་ཚོ་སྡེ་སྐད་གྲགས་ཅན་མང་ཤོས་ནི་དམག་དང་ཇག རྒྱུ་འབྱོར།ཆོས་སོགས་ཀྱི་ཐད་ནས་སྟོབས་འབྱོར་དང་མངའ་ཐང་དར་བ་ཡིན།ལྡོང་དང་ཚ་ཆེན་བཅོ་བརྒྱད་ཀྱི་འབྲེལ་བ་གླེང་ན།མདོ་སྨད་ཀྱི་མི་རྒྱུད་ཡོད་ཚད་ནི་བོད་བཙན་པོའི་སྐབས་ཀྱི་དམག་མི་མ་ཡིན་པར།ཐོག་མ་ནས་གནས་པའི་རུས་རྒྱུད་འ་ཞ་དང་སུམ་པ་སོགས་མང་པོ་ཞིག་ཕྱོགས་སོར་འཐོར་ཡོད།དེ་ལས་སྙན་གྲགས་དང་སྟོབས་ཤུགས་སོགས་ཕྱོགས་ཡོངས་ནས་སྐད་གྲགས་ཆེ་བ་ནི་ལྡོང་གི་རུས་རྒྱུད་ཡིན་ཞིང་།དཔྱད་གཞིའི་ཡིག་ཆ་ཁག་ལས་སྐབས་དེར་ལྡོང་ལ་ང་ཆེན་དང་ཤུལ་ཆེན་བཅོ་བརྒྱད་དུ་གྲགས་པ་ཡོད་ཅིང་།《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་》བྱ་བ་ལས།“དབུས་གཙང་དང་བར་ཁམས་ཨ་མདོ་སོགས་སུ་སྔར་ནས་ལྡོང་རིགས་འདི་མང་པོ་ཡོད་ཅིང་།གནའ་སྒྲུང་ལས། ལྡོང་ཞྭ་དམར་ཅན་དེ་བསྒྲིགས་ན་མཛེས། ཞེས་རིགས་འདི་ལ་བོན་པོ་མང་དུ་བྱུང་བ་དང་།”22ཞེས་དང་། “མདོ་ཁམས་འདིར་ལྡོང་ཤུལ་ཆེན་བཅོ་བརྒྱད་དུ་གྲགས་པ་ནི།དབལ་ཤུལ། རག་ཤུལ། ཕྱག་ཤུལ་སོགས་ཟེར་བ་དང་། ཏོག་ཚ། རྨོག་ཚ། འགོ་ཚ།ཕྱག་ཚ་སོགས་ཚ་ཆེན་བཅོ་བརྒྱད་ཡོད་པ་ཡིན་ཟེར་བ་གནའ་མྱིའི་ངག་རྒྱུན་དུ་ཡོད།”23ཅེས་བཀོད་པའི་ཚིག་ཟུར་ལས་ཀྱང་། ལྡོང་གི་རུས་རྒྱུད་དེ་གནའ་སྔ་མོའི་དུས་ནས་མདོ་ཁམས་ཀྱི་ཕྱོགས་འདིར་ཡོད་པར་མ་ཟད།ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་ཀྱི་བགར་སྲོལ་དེའང་མདོ་ཁམས་ཀྱི་ཕྱོགས་འདིར་ཡོད་པ་ཤེས་ཐུབ་ཅིང་།སྐབས་དེར་མི་ཉག་དང་གྱི་ཐན་ལྟ་བུ་ལྡོང་གི་རྒྱལ་ཕྲན་མང་པོ་བྱུང་ཡོད་པ་སོགས་ལྡོང་གི་དབང་ཤུགས་ཆེ་བ་ཤེས་ཐུབ།དཔྱད་གཞིའི་ཡིག་ཆ་འདི་དག་གུང་བསྒྲིགས་ཏེ་བརྟགས་ན།ལྡོང་གི་རུས་རྒྱུད་ལས་འགའ་ཞིག་གནའ་སྔ་མོའི་དུས་ནས་མདོ་ཁམས་ཡུལ་ན་གནས་གཞི་ཆགས་ཡོད་ཅིང་།ཕྱིས་ཀྱི་བོད་བཙན་པོའི་དུས་སྐབས་འགོ་བརྩམས་ཏེ་ཏོག་དང་རྨོགགཡི། འགོ།རྐང་གིས་མཚོན་པའི་རུས་རྒྱུད་ཁག་ཅིག་མདོ་སྨད་དུ་གནས་སྤར་ནས་ཡུན་གྱིས་ལྡོང་དང་འབྲེལ་བ་བྱུང་རྗེས།ད་གཟོད་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཀྱི་རིགས་དགར་སྲོལ་བྱུང་བ་རེད་སྙམ།དེ་དག་ལ་ཚ་བོའི་མིང་གིས་བཏགས་པ་ནི་རང་གི་རུས་རྒྱུད་སྔོན་མའི་རྒྱུད་རྣལ་མ་ཡིན་པ་དང་།མདོ་ཁམས་སུ་སླེབས་རྗེས་ལྡོང་གི་ཁོངས་སུ་བསྡུས་པ་དང་འགའ་རེས་ལྡོང་དང་གཉེན་བསྲེས་ཏེ་རུས་རྒྱུད་འཕེལ་བ་དང་།ཡང་འགའ་རེ་ལྡོང་རིགས་ཀྱི་ཚོ་དཔོན་དང་སྡེ་དཔོན་གྱི་མངའ་འོག་གི་ཚུད་པ་ཡིན་ལ།འགའ་རེ་ལོ་རྒྱུས་འབྲི་མཁན་གྱིས་ལྡོང་གི་ཁོངས་སུ་བསྡུས་པའང་ཡིན་སྲིད་དེ། ཇི་སྐད་དུ་“རུས་པ་གཙང་མར་མ་ཤེས་ན། དེ་ཡང་ལྡོང་ལ་བསྡུ་”24ཞེས་གསུངས་པ་ལྟ་བུའོ།། ཚིག་ཟུར་འདི་ལས་ཀྱང་སྐབས་དེར་མདོ་ཁམས་ནས་ལྡོང་གི་དབང་ཤུགས་ཆེ་བ་རྟོགས་ཐུབ།དེ་བས་ཚ་ཆེན་བཅོ་བརྒྱད་ཀྱི་ཁོངས་སུ་བསྡུས་པའི་རུས་རྒྱུད་མང་ཤོས་ནི་རུས་རྒྱུད་སྔོན་མའི་ཚ་རྒྱུད་དུ་གཏོགས་པའི་ཆ་ནས་ཏོག་ཚ་དང་རྨོག་ཚ།རྐང་ཚ་སོགས་བཏགས་པ་རེད་སྙམ། སྤྱིར་བཏང་མདོ་ཁམས་ཡུལ་དུ་གནས་སྤར་བའི་རུས་རྒྱུད་མང་པོ་ཞིག་ཡོད་ཅིང་དེ་དག་གི་རུས་རྒྱུད་ད་དུང་མ་འགྱུར་བར་ཡོད་ཚུལ་《དེབ་ཐེར་དཀར་པོ་》ལས་ཀྱང་གསུངས་ཡོད།དེ་དག་ཚ་ཆེན་བཅོ་བརྒྱད་ཀྱི་ཁོངས་སུ་བསྡུས་མེད་པའི་ཆ་ནས།གོང་དུ་བཀོད་པའི་དཔྱད་གཞིའི་ཡིག་ཆ་ཁག་ལས་དྲངས་པའི་ཚ་ཆེན་བཅོ་བརྒྱད་པོའི་ཐད་གོ་ནོར་ཐེབས་ཡོད་པ་ངེས་སྙམ།

རུས་རྒྱུད་དེ་དག་མདོ་ཁམས་སོགས་ལ་གནས་སྤོ་བའི་གོ་རིམ་ཁྲོད་ཐ་སྙད་ཀྱི་ཐོགས་མའི་སྒྲ་གདངས་ལ་འགྱུར་བ་བྱུང་མེད་ཅེས་ཞུ་དཀའ་ནའང་།མིག་སྔར་དུས་རབས་བཅུ་གསུམ་ཕྱིས་ཀྱི་ཡིག་ཆ་ལས་མ་གཏོགས་དེའི་སྔོན་གྱི་ཡིག་ཆ་ལས་རྐང་ཚ་ཞེས་པའི་ཐ་སྙད་ཅིག་མཐོང་དཀོན།དེས་ཐ་སྙད་འདིའི་ཐོགས་མའི་གདགས་གཞི་དང་སྒྲ་གདགས་སྔོན་ཆད་བྱུང་མེད་ཅེས་སྒྲུབ་ཐབས་མེད།ལོ་རྒྱུས་སྟེང་ཐ་སྙད་དེ་ནི་ཀོང་པོ་ཞེས་པའི་ཐ་སྙད་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད་སྙམ།ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་ལས།ཀོང་པོ་ཞེས་པའི་ཐ་སྙད་དེ་ལ་རྐོང་པོ་དང་ཀོང་པོ་ཞེས་པའི་འབྲི་སྟངས་གཉིས་ཡོད་ཅིང་།རྐོང་པོའམ་ཀོང་པོའི་རིགས་ཀྱི་ཚ་བོ་དང་དབོན་པོའི་རྒྱུད་པ་ལ་རྐོང་ཚ་དང་ཀོང་ཚ་ཞེས་བྲིས་ཡོད།དེ་གཉིས་ལས་བཙན་པོའི་དུས་སྐབས་སུ་བྱུང་བའི་ཡིག་ཆ་ཁག་ལས་རྐོང་པོ་དང་རྐོང་ཚ་ཞེས་བྲིས་ཡོད་ལ།བན་གྱི་བསྟན་པ་ཕྱི་དར་རྗེས་ཀྱི་ཡིག་ཆ་ཁག་ལས་བོན་གྱི་ཡིག་ཆའི་སྟེང་རྐོང་པོ་དང་ཀོང་པོ།རྐོང་ཚ་དང་ཀོང་ཚ་ཞེས་འབྲི་སྟངས་གཉིས་དང་།བན་གྱི་ཡིག་ཆ་ཕར་ཆེར་ནང་ཀོང་པོ་དང་ཀོང་ཚ་ཞེས་བྲིས་ཡོད།ལྷག་པར་ཏུ་རྐོང་ཚ་ཞེས་པར་སྐབས་སྐབས་སུ་རྐང་ཚ་ཞེས་བྲིས་ཡོད་པ་དང་རྐོང་ཡུལ་ཞེས་པ་དེ་ལ་རྐང་ཡུལ་ཞེས་བྲིས་ཡོད་དེ།དཔེར་ན། སྟོན་པ་གཤེན་རབ་ཀྱི་སྲས་ཀོང་ཚ་དབང་ལྡན་ལ་རྐང་ཚ་དབང་ལྡན་དང་རྐང་ཚ་འཕྲུལ་ལྡན་25ཞེས་པ་ལྟ་བུའོ།། འོན་ཀྱང་།ཐ་སྙད་དེ་དག་གི་ཐོག་མའི་སྒྲ་གདངས་མ་གོ་བར་རྐང་ཚ་ནི་རུས་པའི་རྐང་དང་ཏོག་ནི་དབུ་ཞྭའི་ཏོགརྨོག་ནི་ཁྲབ་རྨོག་ཡིན་ཚུལ་དང་རུས་ནི་ལྡོང་ཡིན་ཚུལ་སོགས་སྨྲས་ཡོད།རྐོང་པོའམ་ཀོང་པོའི་མི་རྒྱུད་དེ་མདོ་ཁམས་སུ་སླེབས་དུས་ནི་བོད་བཙན་པོའི་སྐབས་ཡིན་ཞེས་ལོ་རྒྱུས་ཡིག་ཆ་རེ་འགའི་སྟེང་འཁོད་ཡོད་ཀྱང་།དེ་དང་རྐང་ཚའི་བར་འབྲེལ་བ་ཡོད་ཚུལ་སུས་ཀྱང་ཞུས་མེད།

ཤུལ་ཆེན་བཅོ་བརྒྱད་ཅེས་པའི་ཚིག་ཟུར་གྱི་ཤུལ་ནི་རྗེས་ཤུལ་ཞེས་པའི་དོན་ལ་ཉེ།ལྡོང་གི་ཤུལ་ཆེན་ཞེས་པའི་དོན་ནི་སྔོན་གྱི་ལྡོང་གི་རུས་རྒྱུད་ཀྱི་རྗེས་ཤུལ་ལམ་ཤུལ་འཛིན་ཆེན་པོ་བཅོ་བརྒྱད་ལ་ངོས་འཛིན་བཞིན་ཡོད།དེའི་ཟུར་ནས་ལྡོང་གི་རུས་རྒྱུད་ཀྱི་ཤུལ་འཛིན་བྱེ་བྲག་པ་མང་པོ་ཡོད་ཀྱང་གྲགས་ཆེན་བཅོ་བརྒྱད་ཟུར་དུ་བསྟན་པ་རེད་སྙམ།ཤུལ་ཆེན་བཅོ་བརྒྱད་ཀྱི་གྲངས་འདྲེན་ཐད་ཀྱང་གོང་དུ་འཁོད་པའི་ཡིག་ཆ་ཁག་གཅིག་གྱུར་མིན།ཚ་ཆེན་དང་ཤུལ་ཆེན་བསྡུར་ཏེ་བརྟགས་ན།ཤུལ་ཆེན་ནི་ལྡོང་རིགས་དངོས་མ་དང་ཚ་ཆེན་ནི་ལྡོང་དང་འབྲེལ་བའི་རུས་རྒྱུད་ཟུར་གཏོགས་ཡིན་པ་ཤེས་ཐུབ།འོན་ཀྱང་། 《བོད་མིའུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་》བྱ་བ་ལས་“ཕྱག་ཤུལ་ནི་ཕྱག་ཚ་དང་གཅིག་ཟེར་”26ཞེས་ཚིག་ཤུགས་ནས་དེ་གཉིས་ཕྱག་གི་རུས་རྒྱུད་ལས་གྱེས་ཚུལ་བསྟན་པས།ཤུལ་ཆེན་བཅོ་བརྒྱད་ལས་གྱེས་པ་ཡིན་ཚུལ་གྱི་རུས་རྒྱུད་དག་ལའང་མུ་མཐུད་དུ་དཔྱད་དགོས།རྐང་ཚ་ཞེས་པ་ས་གནས་རང་གི་ངག་རྒྱུན་ལྟར་ན་ཐོག་མར་ཁམས་ཕྱོགས་ནས་ཚུར་མཆེད་དེ་འོང་བ་ཡིན་ཟེར།དེ་དང་མཚུངས་པའི་གནས་ཚུལ་ཞིག་ཤ་བོ་བཀྲ་ཤིས་ཀྱིས་《ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ལས་བཏོན་པ་ཡིན་པར་གསུངས་པའི་ཡིག་ཆ་ལས་རྐང་ཚའི་མི་རྒྱུད་དེ་ཐོག་མར་ཁམས་བདེ་དགེ་སོགས་སུ་ལོ་མང་པོར་འཁྱམ་ཉུལ་བྱས་ཤིང་།ཡུན་གྱིས་མགོ་ལོག་ལ་སྤར་ནས་བསྡད་ཅིང་རིམ་གྱིས་རྨ་ཕར་ཁའི་དར་རྒན་གཞུང་དུ་སྤར་བ་ཡིན་གསུངས།27རྐང་ཚའི་མི་རྒྱུད་དར་རྒན་གཞུང་དུ་ཆགས་པའི་དུས་ནི་ས་སྐྱའི་དུས་སྐབས་ཏེ་དུས་རབས་བཅུ་གསུམ་པའི་ནང་ཡིན།སྐབས་དེར་རྐང་ཚར་ཚོ་སྡེ་དྲུག་གམ་ཡོངས་གྲགས་སུ་རྐང་ཚ་ཚོ་སྒོ་དྲུག་28ཅེས་པ་ཡོད།དུས་རབས་བཅུ་གསུམ་གྱི་ཡར་སྔོན་གྱི་རྐང་ཚའི་མི་རྒྱུད་དང་དེའི་ཆད་ཁུངས་གསལ་བོ་ཞིག་མིག་སྔར་ལག་སོན་མ་བྱུང་ཡང་།ཉེ་ཆར་གྱི་དཔྱད་རྩོམ་རེ་གཉིས་ལས་རྐང་ཚ་ཞེས་པའི་རུས་རྒྱུད་ཅིག་བོད་དབུས་གཙང་ཕྱོགས་སུའང་ཡོད་པར་གསུངས་ཡོད་མོད་གནས་ཚུལ་གསལ་བོ་ཞིག་ཞུས་མེད།29 རྐང་ཚའི་སྐྱེས་ལྷ་གཙོ་བོ་ཨ་མྱེས་རྫ་དམར་ནི་རྐང་ཚའི་མི་རྒྱུད་ཀྱིས་བསྟེན་པའི་ལྷ་གཙོ་བོ་ཞིག་ལ་ངོས་འཛིན་པར་མ་ཟད།སྐྱེས་ལྷ་དེའི་བསང་ཆོག་མང་པོའི་ནང་དུ་རྫ་དམར་བན་བརྒྱ་བོན་སྟོང་གི་བདག་པོ་དང་བན་གྱིས་བསྟེན་པའི་ཆོས་སྐྱོང་།བོན་གྱིས་བསྟེན་པའི་བོན་སྐྱོང་ཞེས་འཁོད་ཡོད།དེ་བཞིན་དུ་སྐྱེས་ལྷ་དེའི་བསང་ཆོག་ཁག་ཏུ་བོན་སྐྱོང་ཨ་བསེ་རྒྱལ་བོ་ཡིན་ཚུལ་ཡང་གསུངས་ཡོད།མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཨ་བསེ་རྒྱལ་པོ་ཞེས་པའི་ཐ་སྙད་དེ་ཏུན་ཧོང་ཡིག་ཆ་ལས་བྱུང་བར་མ་ཟད།དེ་བསྟེན་མཁན་གྱི་མི་སྡེ་ཞིག་བོད་ལྗོངས་ན་ཡོད་པར་གསུངས།30 འདི་ལྟར་བརྟགས་ན།མི་རྒྱུད་འདིའི་རྩ་བ་ནི་བོན་དང་དབུས་གཙང་ཕྱོགས་ནས་ཆད་པ་མིན་ནམ་སྙམ།རྐང་ཚའི་མི་རྒྱུད་མགོ་ལོག་ཏུ་སྡོད་སྐབས་ཀྱི་དཔོན་རིགས་དང་ཁོང་ཚོས་རུས་རྒྱུད་ནི་ལྡོང་ཡིན་པར་མ་ཟད།ཤུལ་ཆེན་བཅོ་བརྒྱད་ཀྱི་གྲས་གཅིག་ཡིན།རྐང་ཚའི་མི་རྒྱུད་དེ་རྨ་ཕར་ཁའམ་ཁྲི་ཀར་སྡོད་རིང་སྐབས་དེའི་ཚོ་རྒྱུད་དང་རུས་རྒྱུད་མང་པོ་ཞིག་ལས་སྟོབས་ཤུགས་དང་བཙན་ཤུགས་ཆེས་ཆེ་བའི་ཁོངས་སུ་གཏོགས་ཤིང་།རྐང་ཚ་དང་རྨོག་ཚའི་དམག་གིས་རྨ་ཆུའི་རབ་ཁ་གོང་འོག་བར་གསུམ་བཟུང་ནས་དཔྱ་ཁྲལ་བསྡུས་པ་དང་།དཔོན་རབས་ཁག་ཅིག་མིང་དང་ཆིང་རྒྱལ་རབས་ཀྱི་གོང་མར་མཇལ་ནས་གོ་ཐོབ་བླངས་པར་གྲགས།ཡུན་གྱིས་མཚོ་སྔོན་པོའི་བྱང་ཕྱོགས་སུ་སྤར་ནས་ས་བཟུང་ལ།དེ་ལྟར་མི་རབས་མང་པོ་ཞིག་འདས་མཐར་གློ་བུར་སོག་དམག་གི་བཙན་འཛུལ་བྱུང་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་སྡེ་ཡོངས་རྨ་ཆུའི་ལྷོ་ཕྱོགས་ལ་མདའ་འདེད་བྱས་ཤིང་།ཕྱིས་སུ་རྐང་ཚ་གཙོས་སྔོན་གྱི་མཚོ་སྔོན་པོའི་མཐའ་སྡེ་ཁག་གིས་མནའ་འབྲེལ་བྱས་ཏེ་ཆིང་རྒྱལ་རབས་ཀྱི་དམག་ཤུགས་ལ་མགོ་མ་སྒུར་བར་མཚོ་སྔོན་པོའི་མཐའ་ལ་བུད་དེ་སོག་པོའི་ལག་ནས་ཕ་ས་ཕྱིར་བླངས་ཤིང་།རྐང་ཚའི་དཔོན་པོ་བླ་མ་རབ་བརྟན་གྱིས་སྐབས་དེའི་མཚོ་སྔོན་པོའི་མནའ་མཐུན་ཚོ་བ་བརྒྱད་ཀྱི་སྤྱི་ཁྱབ་སྟོང་དཔོན་ཆེན་མོའི་འགན་བཞེས།གནས་ཚུལ་འདི་ལ་བརྟགས་ན།ལྡོང་གི་ཚ་བོའམ་ཁོངས་སུ་བསྡུས་པའི་ཚ་ཆེན་བཅོ་བརྒྱད་ཀྱི་སྟོབས་ཤུགས་ནི་ཚ་རྒྱུད་གཞན་དག་དང་ཅུང་ཟད་མི་འདྲ་བའི་གནས་ཚུལ་ཤེས་ཐུབ།ཡིན་ནའང་། གྲངས་གནས་བཅོ་བརྒྱད་འདི་ཤིན་ཏུ་བློ་གཏད་རུང་བའི་སྐད་ཆའི་ཁུངས་ལུང་ཞིག་མ་རེད་སྙམ།བོད་ཀྱི་ལོ་རྒྱུས་སྟེང་རྒྱལ་རབས་དང་ཡུལ་ཁམས་བཅོ་བརྒྱད་དུ་ཕྱེ་སྲོལ་ཤིག་བོད་ཡུལ་ཧྲིལ་བོར་ཁྱབ་ཡོད།དེ་ནི་སྲིད་གཞུང་དང་དམག་དཔུང་གི་སྒྲིག་འཛུགས་དངོས་ཤིག་ལས་བྱུང་བ་ཡིན་མིན་ཤིན་ཏུ་བཤད་དཀའ་ལ།ལོ་རྒྱུས་དང་གཏམ་རྒྱུད་བརྗོད་མཁན་གྱི་མི་རྣམས་ཀྱིས་ཕན་ཚུན་ལ་འགྲན་ཟླའི་ཚུལ་གྱིས་རྩི་སྲོལ་ཞིག་ཆགས་པ་རེད་སྙམ།དཔེར་ན། ཞང་ཞུང་རྒྱལ་རབས་བཅོ་བརྒྱད་དང་བོད་ཁམས་བཅོ་བརྒྱད།ཙོང་ཁ་བདེ་ཁམས་བཅོ་བརྒྱད། ལྡོང་གི་ང་ཆེ་བཅོ་བརྒྱད། ཤུལ་ཆེན་བཅོ་བརྒྱད།ཚ་ཆེན་བཅོ་བརྒྱད། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལྟ་བུའི་རྩི་ལུགས་ཤིག་དར་ཡོད་མོད།དེ་ཡིས་ལོ་རྒྱུས་སྟེང་ཞང་ཞུང་རྒྱལ་རབས་བཅོ་བརྒྱད་དང་ཙོང་ཁ་བདེ་ཁམས་བཅོ་བརྒྱད།ལྡོང་གི་ང་ཆེན་བཅོ་བརྒྱད་ལྟ་བུ་བྱུང་མེད་ཅེས་ཁུངས་མེད་ཀྱི་གཏམ་སྨྲ་མི་ཐུབ།ལྷག་པར་དུ་དེ་ནི་མི་སྣ་གཅིག་གིས་དུས་རབས་གཅིག་ནང་གསར་གཏོད་བྱས་པ་མ་ཡིན་པར་བྱུང་བར་མ་ཟད།ད་དུང་ལོ་རྒྱུས་སུ་རྒྱལ་རབས་དང་རྒྱལ་ཁག་དེ་འདྲ་བྱུང་བ་ལ་ཁུངས་བཅོལ་ནས་སྨྲས་ཡོད་པའང་ཤེས་ཐུབ།ཁོ་བོས་སྨྲ་འདོད་པ་ནི་འགའ་རེ་ནང་ཨུ་ཚུགས་ཀྱིས་བཅོ་བརྒྱད་ཀྱི་གྲངས་ཚད་ཟིན་ཏུ་བཅུག་པའང་ཡོད་སྲིད་ཅེས་པའི་དོན་ཏེ།དཔེ་ཐུང་ངུ་ཞིག་འགོད་ན། ལྡོང་གི་ནང་ཚན་སྨུག་པོ་ལྡོང་ལ་སྤྱིར་བཏང་བཙུན་དྲུག་དང་ཆེ་དྲུག་ཅེས་པའི་རྩི་སྟངས་ཤིག་ཡོད།དེ་ནི་རུས་རྒྱུད་ཀྱི་བྱུང་བ་དངོས་ལྟར་གྲངས་འདྲེན་ཚུལ་ཡིན་སྲིད་མོད།ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད།ལོ་རྒྱུས་ཟིན་ཐོ་འགོད་མཁན་གྱིས་བརྡ་དང་རུས་རྒྱུད་ཀྱི་དབྱེ་སྲོལ་ཅི་བཞིན་མ་གོ་བར།རང་བློར་གང་བདེ་ལྟར་བཟོ་བཅོས་བརྒྱབ་པར་མ་ཟད་བཙུན་བརྒྱད་དང་ཆེ་བརྒྱད་སོགས་སྔར་ཡོད་ཀྱི་གོ་རིམ་གཏོར་བ་དང་མེད་པ་གསར་བསྣོན་སོགས་རང་བཟོ་བྱས་ཡོད།

གསུམ་པ།ལྡོང་གི་རིགས་རུས་མདོ་ཁམས་ཡུལ་དུ་ཆགས་ཚུལ་སྐོར། 

ལྡོང་གི་རུས་རྒྱུད་དེ་མདོ་ཁམས་ཡུལ་དུ་ཆགས་ཚུལ་ལ་རྒྱ་བོད་ཀྱི་ཡིག་ཆའི་འགོད་སྟངས་སོ་སོ་ཡིན།བོད་ཀྱི་ཡིག་ཚང་ཁག་ལས་བཀོད་པ་ནི་རྒྱའི་ཡིག་ཆ་ལ་བལྟོས་ཏེ་ཅུང་ཟད་ཞིབ་ཚགས་ཤིག་ཡིན་པར་སྨྲས་ཆོག་པར་མ་ཟད།རུས་རྒྱུད་ཆད་སྟངས་ཀྱི་རྒྱུད་རིམ་ཡང་ཅུང་གསལ་བོ་དང་ཞིབ་ཚགས་ཡིན།གོང་དུ་བསྟན་པ་ལྟར། ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་ཀྱི་གནས་ཚུལ་དེ་སྤྱིར་བཏང་མདོ་ཁམས་ནས་བྱུང་བ་ཡིན་ཡང་།ལྡོང་གི་རུས་རྒྱུད་ཀྱི་ཐོགས་མའི་ཆད་ཁུངས་ནི་དབུས་གཙང་དང་དེའི་ནང་ནས་ཀྱང་ཡར་ལུང་ཡིན་ཞེས་ཡིག་ཆ་མང་པོར་སྣང་།མདོ་ཁམས་ཡུལ་དུ་ལྡོང་གི་རུས་རྒྱུད་ཅི་ལྟར་འཕེལ་ཚུལ་ཐད་བོད་ཀྱི་ཡིག་ཆ་ཁག་གཅིག་མཐུན་མིན།དེའི་གནས་ཚུལ་སྐོར་ཅུང་ཟད་ཞུ་རྒྱུ་ནི་མདོ་ཁམས་ཀྱི་མི་རྒྱུད་ཆད་ཁུངས་ལ་འབྲེལ་བ་ཡོད་སྙམ།མདོ་ཁམས་ཀྱི་མི་རྒྱུད་ལས་རུས་རྒྱུད་ཆེས་ཆེ་ཞིང་འཐོར་བ་ནི་ལྡོང་གི་རུས་རྒྱུད་ཡིན།བན་བོན་གྱི་ཡིག་ཆ་ཁག་གཅིག་མཐུན་གྱིས་ལྡོང་ཞེས་པའི་རིགས་རུས་དེའི་ཐོག་མའི་བྱུང་ཁུངས་ནི་བོད་མིའུ་གདུང་དྲུག་གི་གྲས་གཅིག་ཡིན་ལ།བོད་མིའུ་གདུང་དྲུག་གི་བྱུང་ཚུལ་ཐད་ཨ་མྱེས་ཁྲི་དོ་ཆེན་མོ་ཞེས་པའི་གནའ་མི་དེའི་སྔ་རྗེས་སུ་བཙུན་མོ་གསུམ་བཞེས་ཤིང་།བཙུན་མོ་ཆེ་བའི་རུས་གཉན་ཡིན།ཁྲི་དོ་ཆེན་མོ་དང་གཉན་བཟའ་གཉིས་ལ་སྲས་གསུམ་བྱུང་བ་ལས་ཆེ་བ་ལྡོང་དང་འབྲིང་བ་དབྲ།ཆུང་བ་འབྲི་ཡིན། ཁྲི་དོ་ཆེན་མོའི་བཙུན་མོ་འབྲིང་བའི་རུས་དམུ་ཡིན་ཞིང་།ཁྲི་དོ་ཆེན་མོ་དང་དམུ་བཟའ་གཉིས་ལ་སྲས་གཅིག་ལས་མེད་ཅིང་། དེའི་རུས་མིང་དགའ་ཡིན་ལ།ཡོངས་གྲགས་ཀྱིས་དམུ་ཚ་དགའ་སྟེ་དམུའི་རིགས་ཀྱི་ཚ་བོ་ཞེས་པའི་དོན་ཡིན།ཁྲི་དོ་ཆེན་མོའི་བཙུན་མོ་ཆུང་བའི་མིང་ལ་བྲག་སྲིན་གདུང་དམར་མོ་ཟེར་ཞིང་།ཁྲི་དོ་ཆེན་མོ་དང་ཁོང་གཉིས་ཀྱི་སྲས་ནི་དབའ་དང་ཟླ་གཉིས་ཡིན།འདི་དག་ལ་ཡོངས་གྲགས་ཀྱིས་བོད་མིའུ་གདུང་དྲུག་ཅེས་ཟེར་ཞིང་མི་རྒྱུད་དེ་ཡར་ལུང་ནས་བོད་ཡུལ་སྟོད་སྨད་བར་གསུམ་ལ་མཆེད་པ་ཡིན་ཞེས་གསུངས།ཁྱིམ་རྒྱུད་འདི་ནི་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་རུས་རྒྱུད་ཀྱི་གོ་ས་ཤིན་ཏུ་མཐོ་བའི་ཁྱིམ་རྒྱུད་ཆེན་མོ་ཞིག་ཡིན་ལ།ཡོངས་གྲགས་ལྟར་བོད་ཅེས་པའི་ཐ་སྙད་ཀྱང་ཐོག་མར་ཁྱིམ་རྒྱུད་འདིའི་རུས་མིང་ལ་གྲུབ་ཡོད།ཁྱིམ་རྒྱུད་འདི་དང་འབྲེལ་ཏེ་བོད་མིའུ་གདུང་དྲུག་གི་ཆད་ཁུངས་དང་མི་རྒྱུད་སྐོར་ནི་ཁོ་བོས་ཤེས་རམས་པའི་མཐར་ཕྱིན་དཔྱད་རྩོམ་བྱས་ཏེ།《བོད་མིའུ་གདུང་དྲུག་ལ་དཔྱད་པ་》ཞེས་པའི་དཔེ་ཆ་ཞིག་བྲིས་ཡོད་ལ་མི་འགྱངས་པར་པར་སྐྲུན་གྱི་འཆར་གཞི་བཟོས་ཡོད།དེའི་ནང་དུ་ལྡོང་གི་ཐོག་མའི་བྱུང་ཁུངས་ལ་རང་ཚོད་ཀྱིས་ཞིབ་འཇུག་བྱས་ཡོད་པས་འདིར་ཤིན་ཏུ་རྒྱས་པ་ལྟར་བྲིས་མེད།

བོད་མིའུ་གདུང་དྲུག་ནི་ཡབ་གཅིག་ལས་མཆེད་པའི་བུ་སྤུན་དྲུག་ཡིན་ལ་དེ་ལས་ལྡོང་ནི་བུ་ཆེ་བ་ཡིན་པས།ལོ་རྒྱུས་སྟེང་ཁོང་ལ་ཕུ་བོ་ལྡོང་དང་སྤོ་བོ་ལྡོང་།ཨ་སྤོ་ལྡོང་ཞེས་འབྲི་སྟངས་འགའ་བྱུང་ཡོད། 《རྒྱ་བོད་ཡིག་ཚང་ཆེན་མོ་》ལས་“བོད་མི་(མ)གསུམ་བུ་དྲུག་ས་དགོས་(བགོས)བྱས།།ལྡོང་གིས་པ་མ་ལེ་པང་ཐོབ།། དབྲ་ཡིས་དབྲ་མོ་རབ་བཀྲ་ཐོབ།།འབྲུ་ཡིས་འབྲུ་མོ་ཕྲོམ་ཕྲོམ་ཐོབ།། ལྒ་ཡིས་ལྒར་མ་མེ་པོ་ཐོབ།།དབས་བརྡས་རྒྱ་བོད་ས་མཚམས་སུ།།མཚམས་ཀྱི་མདའ་དར་གོང་མ་བཟུང་།།”31ཞེས་བོད་མིའུ་གདུང་དྲུག་གི་ཕ་རྒན་ཁྲི་དོ་ཆེན་མོ་ཡིས་མཐར་བུ་དྲུག་པོར་ཡུལ་ཕྱོགས་དྲུག་ལ་ས་བགོས་པར་གསུངས་ཡོད།གནས་ཚུལ་དེའི་སྐོར་ནི་《དབུ་ནག་མིའི་འདྲ་ཆགས་》བྱ་བའི་བོན་གྱི་དཔེ་རྙིང་ནང་དུའང་ཐོན་ཡོད་དེ།“བོད་མ་གསུམ་བུ་དྲུག་ས་བགོས་བྱས།ལྡོང་སེ་བོ་ལ་རྒྱ་དེ་ཤར་ནས་འགྲིགས། གངས་ལ་སེང་ཆེན་འགྱིང་བ་འདྲ།དབྲ་ཆེ་བརྒྱད་ཀྱི་ཁོང་ཐོག་ལྷོ་ནས་འབྲེལ། གྲིབ་སོ་ནུབ་ནས་ལྷག་པ་འདྲ།འགྲུ་བུ་དགུའི་ཁོག་པ་གང་ནས་འགྲིགས། སྟག་ལྤགས་གདང་ལ་གཟར་བ་འདྲ།སྒ་མི་མཚོ་དམར་མོ་སྨད་ན་འཁྱིལ། དངུལ་གཞོང་མར་ཁུས་བལྟམས་པ་འདྲ།ནུ་བོ་དབལ་ལྡ་གཉིས་ཀྱི་སྐལ་བ་བཅད། ཡི་ཆད་བྱས་ནས་འཁྱམས་སུ་སོང་།འཁྱམས་སུ་སོང་བས་མཚམས་སུ་ཕྱིན། མཚམས་ཀྱི་མདའ་བར་གོང་མ་བཟུང་།”32ཞེས་འབྱུང་ངོ་།།ཡིག་ཚང་འདི་གཉིས་ལས་བཀོད་པའི་ས་མིང་ནི་རེ་ཞིག་བསྡུར་ཐབས་བྲལ་ནའང་།དེའི་ལྡོང་གི་ཐོག་མའི་མཆེད་ཡུལ་ལ་འཇུག་པར་དཔྱད་གཞི་གསར་བ་ཞིག་སྐྲུན་ཡོད་བསམ་མོ།།

ལྡོང་གི་ཐོག་མའི་མི་རྒྱུད་ཐད་བན་བོན་གྱི་ཡིག་ཆ་ཀུན་གཅིག་མཐུན་ལྟར།བོད་མིའུ་གདོང་དྲུག་ལས་ཆེ་བ་ནི་ལྡོང་ཡིན་ཞེས་འཁོད།དེ་བས་ལོ་རྒྱུས་སྟེང་ཁོང་ལ་ཕུ་བོ་ལྡོང་ཞེས་སྦྱར་ཡོད། ཕུ་བོ་ལྡོང་གི་མི་རྒྱུད་མཆེད་ཚུལ་《དབུ་ནག་མིའུ་འདྲ་ཆགས་》ལས་ཅུང་ཟད་གསལ་བོ་ཞིག་འཁོད་ཡོད།གཤམ་དུ་ལྡོང་གི་མི་རྒྱུད་འཕེལ་ཚད་དེ་ཅུང་ཟད་གླེང་ན།(1)ཕུ་བོ་ལྡོང་གི་འབྲི་སྣ་མ་ཞེས་པ་ཁབ་ཏུ་བཞེས་པའི་སྲས་མིང་ལ་(2)གངས་ཆེན་ཕྱུག་དྲག་ཟེར། དེའི་སྲས་ནི་(3)སྨུག་པོ་དི་རྩེ་ཡི། དེའི་སྲས་(4)དུང་གི་མི་ཕོ་དཀར་པོ་ལ།གཡུའི་སྨིན་མ་དུང་གི་ཐོར་གཙུག་ཅན། བན་དཀར་པོ་ཕྱག་ན་བསྣམས་པ།སྦ་ལྕག་དཀར་པོ་གླད་ལ་གཡུག་པ་ཅན་ཞིག་ཡིན།(མི་སྣ་འདིའི་སྣང་བརྙན་ལས་མིང་མི་གསལ་བས་གཤམ་དུ་དུང་གི་མི་ཕོ་ཞེས་བཏགས་ཡོད།)དེའི་སྲས་(5)སྤོ་ན་འགོ་རོ་ཡིན། དེའི་སྲས་(6)ལྷ་ཆེན་ཐིས་པོ་ཡིན། དེ་ལ་སྲས་གསུམ་ཡོད་པ།(7) སྨུག་པོ་ལྡོང་དང་ང་ཆེ་ལྡོང་།ཐོག་ཐོག་ལྡོང་ཡིན། བུ་འདི་གསུམ་ཡུལ་ཕྱོགས་གསུམ་ལ་གྱེས་ཤིང་།དེ་ལས་བྱང་ཟླ་ཤོད་ཀྱི་ཡུལ་ནས་ང་ཆེ་ལྡོང་བསྡད་པ་དང་།བོད་ངམ་ཤོད་ཀྱི་ཡུལ་ནས་ཐོག་ཐོག་ལྡོང་།ཤར་གངས་སྐྱའི་ཞོལ་ནི་སྨུག་པོ་ལྡོང་གི་ཡུལ་ཡིན། དེ་ལ་ལྡོང་སྟོད་པ་དང་བར་བ། སྨད་པ་གསུམ་ཞེས་ཀྱང་བརྗོད།33《དབུ་ནག་མིའི་འདྲ་ཆགས་》ནང་དུ་ལྡོང་གི་ཐོག་མའི་མི་རྒྱུད་ནི་མཚམས་འདི་ནས་བཞག་ཡོད།དེའི་འོག་ཏུ་ལྡོང་ལ་ལྡོང་མིང་ཐོག་པའི་མི་བཞི་ཡོད་ཚུལ་གླེང་ཡོད། དེ་དག་ནི་“དཀར་པོ་ལྡོང་ལ་རྒྱལ་བཞི་ཡོད།ཁྲ་བོ་ལྡོང་ལ་བཙུན་བཞི་ཡོད། ནག་པོ་ལྡོང་ལ་དཔའ་བཞི་ཡོད་”ཅེས་པའོ།།དེའི་འོག་སྨུག་པོ་ལྡོང་ལ་ཆེ་དྲུག་ཡོད་ཚུལ་རྩིས་ཤིང་། དེ་ནི་“སྟོད་ན་ཚབ་འབྲི་གཡག་གཉིས་དབུ་ནག་བོད་ཀྱི་འགོ་འཛིན་བྱེད།བར་ན་ཁ་བོ་བེ་རི་གཉིས། དབུ་ནག་བོད་ཀྱི་གཞུང་འཛིན་བྱེད། སྨད་ན་མི་ཉག་ཁྱི་ཐན་གཉིས།ཁམས་ཀྱི་འགོ་ལོ་རྡོག་པས་མནན་”ཞེས་བཀོད་ཡོད། དེའི་འོག་ཆེ་བརྒྱད་མཚན་གྱི་བཙུན་བརྒྱད་ཅེས་པ།“རག་ཤི་ལ་གཙང་སྡེ་དང་རྨང་སྡེ་གཉིས།རོ་འཛེ་ལ་སྟོང་དཔོན་དང་བློན་པོ་གཉིས། ཁ་བོ་ལ་རྩེ་པ་དང་སྒོང་པ་གཉིས།བེ་རི་ལ་མདོ་པ་དང་གླིང་པ་གཉིས། དེ་ཆེ་བརྒྱད་མཚན་གྱི་བཙུན་བརྒྱད་ཡིན།”ཞེས་པ་ལྟ་བུའོ།།དེའི་འོག་ལྡོང་ལ་བབས་པའི་རྒྱལ་བཞིའམ་མཁས་པའི་རྩིས་ན་རྒྱལ་དྲུག་ཅེས་རིམ་གྱིས་རྩིས་ཡོད།དེའི་འོག་ཁྲ་བོ་ལྡོང་ལ་བཙུན་བཞིན་ཡོད་པ་རེ་རེ་ནས་“ལྷ་མགོ་དགུང་དང་མཉམ་མི་དེ།ལྡོང་ཟི་ན་རྡོ་རྗེ་རྒྱལ་མཚན་ཡིན། དགྲ་ངོ་ནག་ཆམ་ལ་འབབ་མི་དེ།ལྡོང་སྐྱ་དང་པོའི་ལྷ་རྒོད་ཡིན། རྒྱ་ལ་བྱིལ་ཏ་སྐྱལ་མི་དེ།སེང་བློན་ནོར་བུ་གེ་སེར་ཡིན། ཁུངས་མི་ཤེས་གང་གླུ་ལེན་མི་དེ།གཡུ་ཡག་སྦྲང་ཚ་སྒ་སྡེ་ཡིན།མཁས་པས་རྩིས་ན་བཙུན་དྲུག་ཡོད། སྟག་མ་ཤི་འགུལ་ཆ་བཏང་མི་དེ། ཅོག་རོ་མ་སང་ཁང་ཁྲི་ཡིན།འབྲོང་མ་ཤི་རྐང་རློན་གཅོག་མི་དེ། ཨ་སྟག་ལྕམ་ཀླུ་མོ་ཡིན།དེ་ཁྲ་བོ་ལྡོང་གི་བཙུན་དྲུག་ཡིན།”34ཞེས་བཀོད་ཡོད། དེའི་འོག་ལྡོང་གི་ང་ཆེན་བཅོ་བརྒྱད་ཡོད་ཚུལ་གླེང་ཡང་རེ་རེ་ནས་གྲངས་འདྲེན་བྱས་མེད།གོང་དུ་དྲངས་པའི་ཚིག་དོན་འདི་ལས་དཀར་པོ་ལྡོང་དང་ཁྲ་བོ་ལྡོང་།ནག་པོ་ལྡོང་གསུམ་གྱི་ཐོག་མའི་མཆེད་ཁུངས་གསལ་བོ་ཞིག་སྨྲས་མེད་ཀྱང་།ཁྲ་བོ་ལྡོང་གི་བཙུན་བཞིའམ་དྲུག་ནི་གླིང་གི་དཔའ་རྟུལ་འགའ་ཞིག་གི་མིང་དྲངས་ཡོད། གླིང་སྒྲུང་ལས་གླིང་གི་མི་རྒྱུད་ནི་ལྡོང་ཡིན་ཚུལ་བརྗོད་པར་མ་ཟད།དེ་ལ་ཁྲ་མོ་གླིང་ཞེས་ཀྱང་འབྱུང་བས་དེར་བརྟགས་ན་གླིང་གི་མི་རྒྱུད་ནི་ཁྲ་བོ་ལྡོང་ལ་གཏོགས་པ་ཤེས་ཐུབ་པས།གླིང་ལ་ཞིབ་འཇུག་གིས་མི་རྒྱུད་དེའི་མཆེད་ཡུལ་ངོས་བཟུང་ན་ཁྲ་བོ་ལྡོང་གི་ས་ཁོངས་ཀྱང་ངོས་འཛིན་བྱེད་ཐུབ་སྙམ།སྨུག་པོ་ལྡོང་ལ་སྟོད་པ་དང་བར་བ། སྨད་པ་གསུམ་ཡོད་ཅིང་།མི་ཉག་དང་གྱི་ཐན་ནི་སྨུག་པོ་ལྡོང་ལས་མཆེད་པའི་ལྡོང་སྨད་པ་ཡིན་པར་གླེང་ཡོད།སྨུག་པོ་ལྡོང་ལས་མཆེད་པའི་ལྡོང་སྟོད་སྨད་བར་གསུམ་གྱི་གནས་ཚུལ་ནི་《རྒྱ་བོད་ཡིག་ཚང་ཆེན་མོའི་》ནང་དུ་གསལ་བ་འདི་ལྟར་ཏེ།“ད་ཕོ་བོ་ལྡོང་ལ་ཆེ་དྲུག་ཡོད།སྟོད་ན་སྤ་ཚབ་འབྲིང་ཡས་གཉིས།། བར་ན་རོ་འཛེ་རག་ཤི་གཉིས།།སྨད་ན་མི་ཉག་གྱི་ཐན་གཉིས།།”35ཞེས་འབྱུང་ངོ་།།འདིར་བཀོད་པའི་ཆེ་དྲུག་ཅེས་པ་དེ《དབུ་ནག་མིའུ་འདྲ་ཆགས》ལས་སྨུག་པོ་ལྡོང་ལས་གྱེས་པ་ཡིན་པར་བཤད་ཅིང་།ཚབ།འབྲི་གཡག ཁ་བོ། བེ་རི། མི་ཉག ཁྱི་ཐན་དྲུག་ཡིན་ལ། 《རྒྱ་བོད་ཡིག་ཚང་ཆེན་མོའི་》ལས་སྤ་ཚབ་དང་འབྲིང་ཡས།རོ་འཛེ། རག་ཤི མི་ཉག གྱི་ཐན་དྲུག་ཡིན། 《དབུ་ནག་མིའུ་འདྲ་ཆགས》ལས་ཆེ་བརྒྱད་མཚན་གྱི་བཙུན་བརྒྱད་ཅེས་པ་ནི་རག་ཤི་ལ་གཙང་སྡེ་དང་རྨང་སྡེ་གཉིས།རོ་འཛེ་ལ་སྟོང་དཔོན་དང་བློན་པོ་གཉིས། ཁ་བོ་ལ་རྩེ་པ་དང་སྒོང་པ་གཉིས།བེ་རི་ལ་མདོ་པ་དང་གླིང་པ་གཉིས་ཏེ་བརྒྱད་པོ་ཡིན་ལ།དེ་ལས་བེ་རི་ནི་སྨུག་ལྡོང་ལས་ལྡོང་བར་བའི་གྲས་ཡིན། 《རྒྱ་བོད་ཡིག་ཚང་ཆེན་མོ་》ལས་“ཆེ་དྲུག་མཚན་ལ་བཙུན་དྲུག་དེ།།བི་རི་འ་མདོ་དང་གླིང་པ་གཉིས།། རོ་མཛེ་ལ་ཕུ་པ་དང་མདའ་པ་གཉིས།།གྱི་ཐན་ལ་རྒྱས་བསྡུས་ཆེ་ཆུང་གཉིས།། དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན་”36ཞེས་བཀོད་ཡོད།འདི་ལྟར་བསྡུར་ཙམ་བྱས་ཚེ་ཡིག་ཚང་གཉིས་ལས་བྱུང་བ་ཅུང་ཟད་འདྲ་བཞིན་མེད།དེའི་ཐད་ཡིག་ཆ་གཉིས་གཅིག་གྱུར་གྱིས་སྤྱིར་བཏང་གི་རྩི་སྟངས་དང་མཁས་པའི་རྩི་སྟངས་གཉིས་ཡོད་ཚུལ་གླེང་ཡོད།ཆེ་དྲུག་དང་བཙུན་དྲུག་གི་དགར་ཚུལ་དེ་ལྡོང་མ་ཡིན་པའི་རུས་རྒྱུད་དབྲ་དང་འབྲི།དགའ་བཅས་ཀྱི་སྐབས་སུ་བྱུང་ཡོད།འདི་ལྟར་བརྟགས་ན་དེ་ནི་གོམས་སྲོལ་ཤིག་ལ་འབྲེལ་བ་མེད་ཅེས་ལན་འདེབས་མི་ཐུབ་བོ།།

《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ལས་ཀྱང“ཆེ་བ་སྤོས་ཆུ་ལྡོང་། ལྡོང་ལ་ང་ཆེན་བཅོ་བརྒྱད།རུས་ཆེན་བཅོ་བརྒྱད།སྨུག་པོ་ལྡོང་གི་ཆེ་དྲུག བཙུན་དྲུག་”37ཅེས་བཀོད་ཡོད།འདིར་བཀོད་པའི་ང་ཆེ་བཅོ་བརྒྱད་ཅེས་པ་ནི་ལྷ་ཆེན་ཐིས་པོའི་སྲས་ང་ཆེན་ལྡོང་ལས་གྱེས་པ་ཡིན་སྙམ།རུས་ཆེན་བཅོ་བརྒྱད་ཅེས་པ་དམིགས་བསལ་གྱིས་ངོས་འཛིན་དཀའ།སྨུག་པོ་ལྡོང་གི་ཆེ་དྲུག་དང་བཙུན་དྲུག་བྱ་བ་ནི་གོང་དུ་བསྟན་པ་ལྟར་ཡིན་སྙམ།དཔྱད་གཞིའི་ཡིག་ཆ་འདི་དག་གུང་བསྒྲིགས་ཏེ་བརྟགས་ན།ལྡོང་གི་མི་རྒྱུད་དང་མངའ་ཁོངས་ནི་བོད་ཡུལ་ཧྲིལ་བོར་ཁེངས་ཡོད་པ་གསལ་བོར་རྟོགས་ཐུབ།དེ་ལས་བྱེ་བྲག་མདོ་ཁམས་ཡུལ་དུ་མཆེད་པའི་ལྡོང་རིགས་གང་ཡིན་ནི་ཅུང་ཟད་རྟོགས་དཀའ་ནའང་།ཁྲ་བོ་ལྡོང་དང་སྨུག་པོ་ལྡོང་གི་མི་རྒྱུད་ནི་མདོ་ཁམས་ཡུལ་དུ་མཆེད་ཡོད་པ་ཧ་ཅང་གསལ་བོ་ཡིན་པས།བོད་བཙན་པོའི་རྒྱལ་རབས་མ་ཚུགས་པའི་སྔོན་ནམ་བཙན་པོའི་དམག་དཔུང་མདོ་ཁམས་ཡུལ་དུ་མ་བསྐོས་པའི་སྔ་རོལ་ནས་མདོ་ཁམས་ཡུལ་ལ་ལྡོང་གི་མི་རྒྱུད་མཆེད་ཡོད་པ་གསལ་བོར་རྟོགས་ཐུབ་སྙམ།དུས་འགྱུར་གྱི་དབང་གིས་བཙན་པོའི་དུས་སྐབས་ནས་བཟུང་མདོ་ཁམས་ཀྱི་ཡུལ་གྲུ་ན་གཞི་ཆགས་པའི་ལྡོང་གི་རུས་རྒྱུད་ཁྲོད་ལ་དབུས་གཙང་ནས་མངགས་པའི་དམག་མིའི་རྒྱུད་པ་འདྲེས་ཤིང་།རིམ་གྱིས་མགར་གྱི་ཁྱིམ་རྒྱུད་དང་ཙོང་ཁ་རྒྱལ་པོའི་རྒྱལ་རབས།དེ་ནས་ས་སྐྱའི་སྐབས་ཧོར་དམག་སོགས་བྱུང་བར་བརྟེན་ནས་ལྡོང་གི་ཡུལ་ཁམས་དང་ས་ཁམས་བཅད་བགོས་བྱས་ཏེ་གདོད་མའི་སྲིད་ཀྱི་སྒྲིག་འཛུགས་གཏོར་ཞིང་།དུས་དེ་ནས་བཟུང་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་ལྟ་བུའི་མི་རྒྱུད་མཆེད་པ་ཡིན་ནམ་སྙམ།

སྤྱིར་བཏང་ཁོ་བོའི་ལྟ་ཚུལ་ལྟར་ན།བོད་མིའུ་གདུང་དྲུག་གི་རུས་རྒྱུད་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྲིད་དབང་མ་ཚུགས་པའི་ཡར་སྔོན་གྱི་དུས་རབས་ཤིག་ནས་དར་ཞིང་མཚན་སྙན་ཕྱོགས་བཅུར་རྒྱས་ཡོད།སྐབས་དེའི་བོད་ཁམས་ཡོངས་ཀྱི་གནས་སྟངས་ནི་རྒྱལ་ཕྲན་སིལ་མ་མང་པོ་ཕྱོགས་སོར་འཐོར་ནས་ཕན་ཚུན་གཅིག་གིས་གཅིག་བརླག་སྟེ་སྲིད་དབང་གཅིག་གྱུར་བྱུང་མེད།དུས་སྐབས་དེའི་སྔ་རྗེས་སུ་མདོ་ཁམས་ཡུལ་འདིར་ལྡོང་གི་མེས་པོ་དག་མཆེད་ཡོད་པ་མ་ཟད་རྒྱལ་ཕྲན་དང་མངའ་ཁོངས་ཡང་གང་ཙམ་རེ་ཆགས་ཡོད།དེ་དག་ནི་འ་ཞ་དང་སུམ་པ། མི་ཉག གྱི་ཐན་སོགས་ལྟ་བུའོ།།འདིའི་གནས་ཚུལ་ལོ་རྒྱུས་ནི་རྒྱའི་ཡིག་ཆར་ཡང་ཟིན་འགོད་བྱས་ཡོད། དེ་བས་མདོར་ན།ལྡོང་གི་རུས་རྒྱུད་མདོ་ཁམས་སུ་ཆད་ཚུལ་ནི་དང་པོ་ལྡོང་གི་རུས་རྒྱུད་མདོ་ཁམས་ཡུལ་དུ་ཁྱབ་ནས་རྒྱལ་ཕྲན་དང་མངའ་ཁོངས་ཆགས་ལ།བར་དུ་བོད་བཙན་པོའི་སྐབས་ཀྱི་དབུས་གཙང་གི་བོད་དམག་སླེབས་ནས་རུས་རྒྱུད་འདྲེས་ཤིང་།མཐར་ལྡོང་གི་ཐོག་མའི་རྒྱལ་ཕྲན་དང་མངའ་ཁོངས།རྒྱུད་པ་ཆེན་པོ་དག་ཉམས་ནས་ཤུལ་ཆེན་དང་ཚ་ཆེན་བཅོ་བརྒྱད་སོགས་འཕེལ་བ་རེད་སྙམ།

མཇུག་བསྡུ་བ།

ལྡོང་ནི་བོད་མིའུ་གདུང་དྲུག་ལས་ཕུ་བོ་ལྡོང་ཞེས་པའི་རྒྱུད་པ་ཡིན་ཞིང་།རུས་རྒྱུད་དེའི་རྩ་བའི་མི་རྒྱུད་ནི་སྲིད་པ་མཐིང་གེ་ཅེས་པའི་གནའ་བོའི་མེས་པོ་ཞིག་ལ་གཏུགས་ཐུབ།ལྡོང་གི་རིགས་རྒྱུད་འཕེལ་རྒྱས་བྱུང་བའི་གོ་རིམ་ཁྲོད་ལྡོང་སྨུག་པོ་དང་དཀར་ནག་ཁྲ་གསུམ་སོགས་ཀྱི་དབྱེ་བ་བྱུང་ཞིང་མདོ་དབུས་ཁམས་ཀྱི་གནས་གང་ཡིན་ལ་ཁྱབ་ཡོད།དེའི་ཁྲོད་སྨུག་པོ་ལྡོང་དང་ཁྲ་བོ་ལྡོང་གི་རུས་རྒྱུད་མདོ་ཁམས་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད་པ་ལས།ཁྲ་བོ་ལྡོང་གི་རྒྱུད་ལས་གླིང་གེ་སེར་རྒྱལ་པོའི་གདུང་རྒྱུད་བྱུང་ཞེས་གླེང་སྲོལ་ཡོད།སྨུག་པོ་ལྡོང་དེ་ལ་སྟོད་སྨད་བར་གསུམ་གྱི་དབྱེ་བ་བྱུང་ཡོད་ཅིང་ཡོངས་གྲགས་ལྟར་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་མ་བྱས་པའི་ཡར་སྔོན་དུ་མདོ་ཁམས་སུ་མི་ཉག་དང་གྱི་ཐན་སོགས་ལྡོང་གི་རྒྱལ་ཕྲན་མང་པོ་བྱུང་ཡོད།རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་རྗེས་དབུས་གཙང་ནས་དམག་མི་མང་པོ་མདོ་ཁམས་སུ་བཏང་སྟེ་མཐའ་མཚམས་སྲུང་དུ་བཅུག་ཡོད།དེའི་ཁྲོད་དུ་ཕྱིས་སུ་བྱུང་བའི་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཀྱི་མི་རྒྱུད་འདུས་ཡོད།དེ་དག་དང་སྔར་གྱི་ལྡོང་གི་རུས་རྒྱུད་བར་གཉེན་དང་མངའ་བདག་སོགས་ཀྱི་འབྲེལ་བ་བྱུང་སྟེ་ཕན་ཚུན་གཅིག་འདྲེས་བྱུང་ཡོད།བོད་སིལ་བུར་འཐོར་རྗེས་རིམ་གྱིས་ལྡོང་གི་རྒྱལ་ཕྲན་སོགས་ཀྱང་ཉམས་རྒུད་དུ་གྱུར་ནས་ཤུལ་དུ་ཤུལ་ཆེན་བཅོ་བརྒྱད་སོགས་བྱུང་ཡོད།གོ་རིམ་དེའི་ཁྲོད་སྔ་རྗེས་སུ་མདོ་ཁམས་སུ་བྱུང་བའི་མི་རྒྱུད་ཁག་ལས་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཅེས་པ་ཞིག་ཀྱང་བྱུང་ཡོད་ལ།དེའི་ཁྲོད་ཀྱི་རྐང་ཚ་ནི་རྨ་ཆུའི་སྟོད་སྨད་བར་གསུམ་དུ་བསྡད་ནས་རྒྱ་སོག་ལ་དམག་འཁྲུག་བྱས་ཏེ་སྙན་གྲགས་རྒྱས་ཡོད་ཅིང་།ཕྱིས་སུ་མཚོ་སྔོན་པོའི་བྱང་ཕྱོགས་སུ་སྤོས་བ་ནས་ལོ་མང་པོར་སོག་པོ་དང་དམག་འཐབ་ཀྱིས་ས་རྩད་མཐར།མཚོ་སྔོན་པོའི་ཉེ་འཁོར་གྱི་ཚོ་བ་ཁག་ལ་མནའ་འབྲེལ་གྱིས་སོག་པོའི་ལག་ནས་ས་ཕྱིར་བླངས་ཏེ་མུ་མཐུད་དུ་མཚོ་སྔོན་པོའི་བྱང་ཕྱོགས་དང་རྨ་ཆུའི་ལྷོ་ཕྱོགས་བཅས་ལ་ཆགས་ཡོད་དོ།།

མཆན་འགྲེལ།

①མི་སྣ་འདི་ནི་མདོ་སྨད་ཁྲི་ཀའི་ཐོས་པ་དགོན་གྱི་དགེ་སློང་ཞིག་ཡིན་ལ།ཕ་ཡུལ་ནི་མདོ་སྨད་ཁྲི་ཀའི་རྐང་ཚ་གོང་མ་ཡིན། ཁོང་གི་བརྩམས་ཆོས་གཙོ་བོ་ནི་《མདོ་སྨད་ཁྲི་ཀའི་རྐང་ཚའི་ལོ་རྒྱུས་པད་དཀར་ཆུན་པོ་》བྱ་བ་ཡིན།དེའི་ནང་ཁྲི་ཀའི་རྐང་ཚ་དང་མཚོ་སྔོན་པོའི་རྐང་ཚ་སོགས་ཀྱི་རིགས་རུས་དང་བྱུང་འཕེལ་གྱི་ལོ་རྒྱུས་གནས་ཚུལ་འཁོད་ཡོད།

②དཔེ་ཆ་འདི་སྤྱི་ལོ་2010ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་།མིང་ལ་《རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ཞེས་བཀོད་ཡོད།

③ཆོས་རྒྱ་མཚོ་མཆོག་གིས་དུམ་ཚན་དེ་《མདོ་སྨད་ཁྲི་ཀའི་རྐང་ཚའི་ལོ་རྒྱུས་པད་དཀར་ཆུན་པོ་》བྱ་བའི་ནང་འཁོད་དེ་ནང་ཁུལ་རྒྱུ་ཆའི་ཚུལ་གྱིས་བཀྲམ་ཡོད།ཤོག་ངོས་8ནས་9བར་གསལ། འོན་ཀྱང་།དུམ་ཚན་དེ་པར་དུ་བསྐྲུན་པའི་《རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》དུ་བསྡུས་མེད།དེར་མ་ཟད་དཔེ་ཆ་དེའི་ནང་《ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ལས་བཏོན་པར་གསུངས་པའི་རྐང་ཚ་དང་འབྲེལ་བའི་ཡིག་ཆ་གཞན་ཞིག་ཡོད་པ་དེའང་བཀོད་མེད།འདིའི་རྒྱུ་མཚན་ནི་མིག་སྔར་རྩད་ཞིབ་དཀའ་ནའང་། 《རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ལས་སྐབས་དོན་དང་འབྲེལ་བ་མེད་པའི་ཡིག་ཆ་སྐོར་ཞིག་པར་སྐྲུན་བྱས་མེད་ཞེས་འབྱུང་།

④བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོར། ཤོག་ངོས་547ན་གསལ།

⑤དམུ་དགེ་བསམ་གཏན། 《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》མི་རིགས་དཔེ་སྐྲུན་ཁང་། 2010ལོར། ཤོག་ངོས་208ན་གསལ།

⑥⑦⑧ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར། ཤོག་ངོས་19ན་གསལ། ཤོག་ངོས་17ན་གསལ། ཤོག་ངོས་18ན་གསལ།

⑨མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས། 《དབུ་ནག་མིའུ་འདྲ་ཆགས་》ནི་《ཁུ་བྱུག་སྔོན་མོའི་གསུང་སྙན་》དུ་གསལ།ཉི་ཧོང་གི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་། 2002ལོར། ཤོག་ངོས་106ན་གསལ།

⑩ཏཱ་སི་བྱང་ཆུབ་རྒྱལ་མཚན། 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986ལོར། ཤོག་ངོས་8ན་གསལ།

⑾དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར། ཤོག་ངོས13ན་གསལ།

⑿⒀⒁⒂གྱི་ལང་བཀྲ་ཤིས་རྒྱ་མཚོ། 《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོར། ཤོག་ངོས་93ན་གསལ། ཤོག་ངོས་86ན་གསལ། ཤོག་ངོས་86ན་གསལ། ཤོག་ངོས་93ན་གསལ།

⒃《རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ》གྱི་དབུ་རུ།རྒྱ་བཟའི་དགེ་བཟའི་དགེ་བཤེས་འཇམ་དབྱངས་གྲགས་པ་ནི་སྤྱི་ལོ་1486ལོར་མདོ་སྨད་རེབ་ཀོང་དུ་སྐུ་འཁྲུངས་ཞེས་འཁོད་པ་དང་ཆབས་ཅིགརུས་མཛོད་འདིའི་བྱུང་ཚུལ་ཐད་ཀྱང་གསལ་བཤད་མདོར་བསྡུས་ཤིག་བྲིས་ཡོད། ཤོག་ངོས་1ན་གསལ། མི་རིགས་དཔེ་སྐྲུན་ཁང་། 2010ལོར།

⒄ཆོས་རྒྱ་མཚོ། 《མདོ་སྨད་ཁྲི་ཀའི་རྐང་ཚའི་ལོ་རྒྱུས་པད་དཀར་ཆུན་པོ》མཚོ་སྔོན་སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིས་དཔར།(ནང་ཁུལ་རྒྱུ་ཆ།)2013ལོར། ཤོག་ངོས་8ན་གསལ།

⒅བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོར། ཤོག་ངོས་547ན་གསལ།

⒆འབྲུག་ཐར། 《མདོ་སྨད་རྨ་ཁུག་ཚ་འགྲམ་ཡུལ་གྲུའི་ལོ་རྒྱུས་དེབ་ཐེར་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་། 2005ལོར། ཤོག་ངོས་49ན་གསལ།

⒇བཱ་ཡན་ཞེས་པའི་དོན་གང་ཡིན་རྩོད་གཞི་ཞིག་ཏུ་ལུས་ཡོད།ཁ་ཅིག་གིས་དེ་ནི་སོག་སྐད་ཅིག་ལ་འདོད་ཅིང་།ལ་ལས་གནས་དེར་བ་ཕྱུགས་རང་ཡན་གྱི་འཁོར་བསྐྱོད་བྱེད་ཆོག་པའི་ཐང་ཆེན་པོ་ཞིག་ཡིན་སྟབས།བཱ་ཡན་ཐང་ཟེར་ཞེས་བརྗོད། ཡོངས་གྲགས་ལྟར་ན། དེ་ལ་དཔལ་ལུང་བཱ་ཡན་དང་བ་ཡན་ཐང།བ་ཡན་ཧ་རི་གསུམ་ཡོད།

21 གྱི་ལང་བཀྲ་ཤིས་རྒྱ་མཚོ། 《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོར། ཤོག་ངོས་110ན་གསལ།

22 23 24 གྱི་ལང་བཀྲ་ཤིས་རྒྱ་མཚོ། 《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོར། ཤོག་ངོས་86དང་ཤོག་ངོས་93 ཤོག་ངོས་6བཅས་སུ་གསལ།

25 རིག་འཛིན་ཀུན་གྲོལ་གྲགས་པ། 《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1993ལོར། ཤོག་ངོས་293ན་གསལ།

26 གྱི་ལང་བཀྲ་ཤིས་རྒྱ་མཚོ། 《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོར། ཤོག་ངོས་110ན་གསལ།

27 ཤ་བོ་བཀྲ་ཤིས། 《མཚོ་སྔོན་པོ་རྐང་ཚའི་ལོ་རྒྱུས་ཁུངས་བཙུན་ཤེལ་གྱི་མེ་ལོང》(ནང་ཁུལ་རྒྱུ་ཆ། དཔེ་སྐྲུན་ཁང་མི་གསལ)2005ལོར། ཤོག་ངོས་18ན་གསལ།

28 འདི་ལ་བཤད་ཚུལ་མི་མཐུན་པ་ཁ་ཤས་ཡོད་ཀྱང་།ཤ་བོ་བཀྲ་ཤིས་ཀྱིས་《ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ལས་བཏོན་པ་ཡིན་པར་གསུངས་པའི་ཡིག་ཆ་གཞིར་བཟུང་ན།རྐང་ཚའི་མི་རྒྱུད་མཚོ་སྔོན་གྱི་མཚོ་ལྷོའི་དར་རྒན་གཞུང་དུ་ཆགས་དུས་ཐོགས་མའི་སྦྲ་ཁྱིམ་དྲུག་ཡོད་ཅིང་།ཡུན་གྱིས་ཁྱིམ་སྒོ་དྲུག་དང་དེ་ནས་ཚོ་བ་དྲུག་ཏུ་གྱུར་བ་ཡིན།

29王文泸:《徜徉在历史的画卷》,载于《青海湖》,1995年,第49页。

30 དོན་འགྲུབ་ལྷ་རྒྱལ་གྱིས་བསྒྱུར། 《ས་ཁུལ་གཉིས་ཀྱི་ཡུལ་ལྷའི་གསོལ་མཆོད་ལ་དཔྱད་བསྡུར་བྱས་ནས་དེ་ཚོའི་འཇིག་རྟེན་ཆགས་རབས་ཀྱི་ལྟ་བར་བརྟག་པ་》ཞེས་པ་《ཕྱི་གླིང་པས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར་》ནང་གསལ།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2005ལོར། ཤོག་ངོས་328ན་གསལ།

31 དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར། ཤོག་ངོས་13ན་གསལ།

32 མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས། 《དབུ་ནག་མིའུ་འདྲ་ཆགས་》ནི་《ཁུ་བྱུག་སྔོན་མོའི་གསུང་སྙན་》དུ་གསལ།ཤོག་ངོས་106ན་གསལ། ཉི་ཧོང་གི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་།2002ལོར།

33 མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས། 《དབུ་ནག་མིའུ་འདྲ་ཆགས་》ནི་《ཁུ་བྱུག་སྔོན་མོའི་གསུང་སྙན་》དུ་གསལ།ཤོག་ངོས་108ན་གསལ།ཉི་ཧོང་གི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་། 2002ལོར།

34 མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས། 《དབུ་ནག་མིའུ་འདྲ་ཆགས་》ནི་《ཁུ་བྱུག་སྔོན་མོའི་གསུང་སྙན་》དུ་གསལ།ཉི་ཧོང་གི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་། 2002ལོར། ཤོག་ངོས་108ན་གསལ།

35 36 དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར། ཤོག་ངོས་13ན་གསལ། ཤོག་ངོས་13ན་གསལ།

37 ཏཱ་སི་བྱང་ཆུབ་རྒྱལ་མཚན། 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986ལོར། ཤོག་ངོས་8ན་གསལ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།