བོད་ཡིག་གནའ་དཔེ་དག་སྒྲིག་དང་པར་ཞུས་བྱེད་སྐབས་ཕྲད་པའི་གནད་དོན་འགའ་གླེང་བ།

4.jpg

     དཔེ་སྐྲུན་བྱ་བའི་ཁྲོད་ཡིག་ནོར་དང་ཆད་ལྷག་གི་ནོར་སྐྱོན་སོགས་ལ་ཡིད་གཟབ་དང་། ཕྲད་ཀྱི་སྦྱོར་སྟངས་གཅིག་མཐུན་མིན་པ་སོགས་ཐག་གཅོད་བྱས་ཏེ། བོད་ཡིག་གི་དཔེ་ཆ་རྣམས་གྲ་དག་ཅིང་སྤུས་ལེགས་པོ་ཞིག་ཡོང་བར་བྱ་རྒྱུ་ནི་རྩོམ་སྒྲིག་པ་དང་པར་ཞུ་མཁན་ཚོའི་ཆེས་བླ་ན་མེད་པའི་འོས་འགན་ཉག་གཅིག་ཡིན་པས་ན། འདིར་ཁོ་བོས་བོད་ཡིག་རྩོམ་སྒྲིག་གི་བྱ་བ་བྱེད་མཁན་ཞིག་གི་ཆ་ནས་གནའ་དཔེ་དག་སྒྲིག་དང་པར་ཞུའི་སྐབས་སུ་རྒྱུན་དུ་ཕྲད་པའི་གནད་དོན་ཁ་ཤས་བགྲོ་གླེང་གི་ཚུལ་དུ་བརྗོད་པར་བྱ་སྟེ།

3.jpg

          གཅིག པ་པོ་བ་བོ་སོགས་ཀྱི་སྦྱོར་སྟངས།
          སྤྱིར་ན་པ་པོ་བ་བོ་བཞིའི་སྦྱོར་ཚུལ་ནི་ཐོབ་ཐང་དུ་གཏན་ལ་ཕབ་ཟིན་ནའང་། སྔར་གྱི་དཔེ་རྙིང་དང་ཤིང་དཔར་མང་པོ་ཞིག་གི་ནང་ཐོབ་ཐང་ལྟར་བྲིས་མི་འདུག་པས་དངོས་གནས་རྩོམ་སྒྲིག་པ་དང་པར་ཞུ་མཁན་རྣམས་ལ་དཀའ་ལས་མི་ཉུང་བ་ཞིག་བཟོས་འདུག    དཔེར་ན་ཐོབ་ཐང་དུ་“ག་ད་བ་ས་ན་མ་པ།།  ང་འ་ར་ལ་མཐའ་མེད་བ།། ”ཞེས་རྗེས་འཇུག་ག་ད་བ་ན་མ་རྣམས་ཀྱི་རྗེས་སུ་པ་འབྲི་དགོས་པ་དང་། ང་འ་ར་ལ་བཞི་དང་མཐའ་མེད་ཀྱི་རྗེས་སུ་བ་ཡིག་འབྲི་དགོས་སོ་ཞེས་བསྟན་ཡོད་ནའང་། མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་སོ་སོའི་དགོན་སྡེ་ཁག་ནས་ཐོན་པའི་དཔེ་རྙིང་དང་ཤིང་དཔར། མཁས་པ་རྣམས་ཀྱི་ཕྱག་རྒྱུན་དུ་དེ་ལྟར་བྲིས་མེད་པ་ནི་བགྲང་གིས་མི་ལང་སྟེ། དཔེར་ན། བའི་ཚབ་ཏུ་པ་བྲིས་པ། ནང་བ༷་སངས་རྒྱས་ལ་ནང་པ༷་སངས་རྒྱས་དང་།  རྐང་བ༷་ལ་རྐང་པ༷། མ་རུང་བ༷་ལ་མ་རུང་ པ༷། ལོང་བ༷་ལ་ལོང་པ༷། སྟོང་བ༷་ལ་སྟོང་པ༷། དབང་བ༷་ལ་དབང་པ༷། ཁང་བ༷་ལ་ཁང་པ༷། དང་བ༷  འདྲེན་པ་ལ་དང་པ༷་འདྲེན་པ། ཚོང་བ༷་ལ་ཚོང་པ༷་སོགས་རྗེས་འཇུག་ངའི་རྗེས་སུ་མིང་གཞི་པ་འབྲི་བའི་དཔེ་ནི་ཤིན་ཏུ་མང་ཞིང་། རྗེས་འཇུག་འའི་རྗེས་སུ་པ་འབྲི་བ་དེ་འདྲའི་མང་པོ་མི་འདུག་ཀྱང་རེ་གཉིས་ཡོད་པ་དཔེར་ན། དགའ་བ༷་ལ་དགའ་པ༷། དཔའ་བ༷་ལ་དཔའ་པ༷། ཚད་ལས་འདའ་བ༷་ལ་ཚད་ལས་འདའ་པ༷། དམའ་བ༷་ལ་དམའ་པ༷། བཟའ་བ༷་ལ་བཟའ་པ༷་ཞེས་བྲིས་ཡོད་པ་དང་།  རྗེས་འཇུག་ར་ལ་གཉིས་ཀྱི་རྗེས་སུ་པ་བྲིས་ཡོད་པ་དཔེར་ན།  ཟུར་འདུག་པ་སྟེ་ཟུར་བ༷་ལ་ཟུར་པ༷་དང་། ནོར་བ༷་ལ་ནོར་པ༷་།  དགར་བ༷་ལ་དགར་པ༷་།  ཤོར་བ༷་ལ་ཤོར་པ༷། མགར་བ༷་ལ་མགར་པ༷།  གཉེར་བ༷་ལ་གཉེར་པ༷།  འབྲེལ་བ༷་ལ་འབྲེལ་པ༷།  འགལ་བ༷་ལ་འགལ་པ༷། འགྲུལ་བ༷་ལ་འགྲུལ་པ༷། འབྲེལ་བ༷་ལ་འབྲེལ་པ༷། སྐལ་བ༷་ལ་སྐལ་པ༷།  སྤྲུལ་བ༷་ལ་སྤྲུལ་པ༷་བཅས་བྲིས་ཡོད་པར་མ་ཟད། རྗེས་འཇུག་དེ་གཉིས་ཀྱི་རྗེས་སུ་བ་བོ༷འི་ཚབ་ཏུ་པ༷་པོ༷་གཉིས་བྲིས་ཡོད་པ་ཡང་འདུག་སྟེ།  དཔེར་ན།  སྒྱུར་བ༷་བོ༷་ལ་སྒྱུར་པ༷་པོ༷། དགར་བ༷་བོ༷་ལ་དགར་པ༷་པོ༷་དང་། སྐུལ་བ༷་བོ༷་ལ་སྐུལ་པ༷་པོ༷། འདུལ་བ༷་བོ༷་ལ་འདུལ་པ༷་པོ༷་ཞེས་འབྱུང་ཞིང་། རྗེས་འཇུག་མེད་པའི་མཐའ་ལ་པ༷་སྦྱར་བ་ཡང་མང་སྟེ། དཔེར་ན།  ཉན་སྣ་བ༷་ལ་ཉན་སྣ་པ༷་དང་། བཟོ་བ༷་ལ་བཟོ་པ༷། རྟ་བ༷་ལ་རྟ་པ༷། འགྲོ་བ༷་ལ་འགྲོ་པ༷། གླུ་བ༷་ལ་གླུ་པ༷། བཞི་བ༷་ལ་བཞི་པ༷།  ལྔ་བ༷་ལ་ལྔ་པ༷། བ༷་བོ༷་ལ་འགྲོ་པ༷་པོ༷།  ཟ་བ༷་བོ༷་ལ་ཟ་པ༷་པོ༷། འབྲི་བ༷་བོ༷་ལ་འབྲི་པ༷་པོ༷་ཞེས་དཔེར་བརྗོད་ཧ་ཅང་མང་པོ་ཞིག་འདུག་ནའང་འདིར་དཔེ་མཚོན་ཙམ་བཀོད་པའོ། །
          གཞན་ཡང་བོའི་ཚབ་ཏུ་པོ་འབྲི་བའི་དཔེ་དེ་ལས་ཀྱང་མང་སྟེ་དཔེར་ན། དང་བོ༷་ལ་དང་པོ༷། དབང་བོ༷་ལ་དབང་པོ༷། མང་བོ༷་ལ་མང་པོ༷། རིང་བོ༷་ལ་རིང་པོ༷། བཟང་བོ༷་ལ་བཟང་པོ༷། སྲོང་བོ༷ར་སྨྲ་བ་ལ་སྲོང་པོ༷ར་སྨྲ་བ། རྩིང་བོ༷ར་སྤྱོད་པ་ལ་རྩིང་པོ༷ར་སྤྱོད་པ། སྡོང་བོ༷་ལ་སྡོང་པོ༷།  ཞང་བོ༷་ལ་ཞང་པོ༷། ཕུང་བོ༷་ལ་ཕུང་པོ༷།  འགོང་བོ༷་ལ་འགོང་པོ༷་ཞེས་དཔེར་བརྗོད་མཐའ་ཡས་པ་ཡོད། རྗེས་འཇུག་འའི་རྗེས་ སུ་པོ༷་འབྲི་བ་ཡོད་ཀྱང་དེ་འདྲའི་མང་པོ་མེད་པས་དཔེར་བརྗོད་གཅིག་ལས་མི་འགོད་སྟེ།  དཔེར་ན། དགའ་བོ༷་བྱུང་བ་ལ་དགའ་པོ༷་བྱུང་ཞེས་འབྱུང་བ་ལྟ་བུ། རྗེས་འཇུག་ར༷་ལ༷་གཉིས་ཀྱི་རྗེས་སུ་པོ༷་བྲིས་ཡོད་པ་འདི་ལྟ་སྟེ། དཀར་བོ༷་ལ་དཀར་པོ༷།  དམར་བོ༷་ལ་དམར་པོ༷། སེར་བོ༷་ལ་སེར་པོ༷།  ཧུར་བོ༷་ལ་ཧུར་པོ༷།  འཆལ་བོ༷་ལ་འཆལ་པོ༷་ཞེས་རྒྱུན་དུ་མཐོང་གི་འདུག་པས་རྩོམ་སྒྲིག་པ་དང་པར་ཞུ་པ་དག་ལ་དེ་དག་གི་སྦྱོར་ཚུལ་གཅིག་གྱུར་མི་ཡོང་བའི་དཀའ་ལས་བཟོ་གི་འདུག  སྦྱོར་ཚུལ་འདིའི་རིགས་ནི་དབུས་དཔར་དང་དབུས་བྲིས་ཁོ་ན་ལ་ཡོད་པ་མ་ཡིན་པར་ཁམས་སྡེ་དགེ་གཙོ་བོར་གྱུར་བའི་ཁམས་ཕྱོགས་ཀྱི་དགོན་ཁག་མང་པོ་ནས་ཐོན་པའི་དཔེ་རྙིང་དག་ན་དེ་ལྟར་བཀོད་ཡོད་པ་མ་ཟད། ཨ་མདོའི་སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ། མགོ་ལོག་རྭ་རྒྱ་དགོན་པ་སོགས་གྲུབ་མཐའ་སོ་སོིའི་དགོན་ཁག་ནས་ཐོན་པའི་དཔེ་རྙིང་ཕལ་ཆེ་བའི་ནང་དུའང་དེ་ལྟར་བཀོད་ཡོད་པས།  དེ་དག་གི་སྦྱོར་སྟངས་མཐའ་གཅིག་ཏུ་ནོར་འཁྲུལ་དུ་རྩིས་ཏེ་རང་དགར་བཅོས་ན་ཧ་ཅང་གིས་འགྲིག་པ་དང་འཕྲོད་པོ་ཞིག་ཡིན་པར་མི་འདོད་པས། རང་གིས་ལོ་མང་པོའི་རིང་ལ་བསགས་པའི་ཉམས་མྱོང་གི་སྟེང་ནས་ལྟ་ཚུལ་ཙམ་བརྗོད་ན། མཁས་པ་དང་ཞིབ་འཇུག་མི་སྣ།  རྩོམ་སྒྲིག་པ་རྣམས་ཀྱིས་གཟུ་བོའི་བློ་ཡིས་དཔྱད་པར་འཚལ།
          གོང་གསལ་གྱི་པ༷་པོ༷་བ༷་བོ༷་བཞིའི་སྦྱོར་སྟངས་ཕལ་ཆེ་བ་ནི་གཙོ་བོ་ལྷ་ས་བའི་སྐད་ཆ་དང་བསྟུན་པ་ཞིག་ཡིན་པར་འདོད་དེ།  ལྷ་ས་བ་རྣམས་ཀྱིས་བ༷་དང་བོ༷་གཉིས་པ༷་དང་པོ༷་ལྟར་ཀློག་པས་པ༷་པོ༷་བ༷་བོ༷་བཞིའི་སྦྱོར་སྟངས་རྙོག་འཛིང་ཅན་དུ་གྱུར་པ་ཞིག་རེད།  དཔེར་ན། མཐོང་བ༷་ལ་ལྷ་ས་བས་མཐོང་པ༷་རེད་ཟེར་ཞིང་། དགའ་བོ༷་བྱུང་བ་ལ་དགའ་པོ༷་བྱུང་སོང་ཟེར་བས་བ༷་བོ༷་གཉིས་ཀྱི་ཚབ་ཏུ་པ༷་པོ༷་གཉིས་སྦྱོར་བའི་དཔེའི་འདི་བྱུང་བ་ཡིན་པས་ང་ཚོ་གནའ་དཔེ་དག་སྒྲིག་བྱེད་མཁན་རྣམས་དང་རྩོམ་སྒྲིག་པ།  ཁྱད་པར་དུ་པར་ཞུས་པ་དག་གིས་འདི་དག་གི་སྦྱོར་སྟངས་ཐོབ་ཐང་ལྟར་འོངས་མེད་པར་བསམས་ནས་ཐམས་ཅད་རང་དགར་བཅོས་ན་གནའ་དཔེ་དག་སྒྲིག་གི་རིན་ཐང་ལ་ཅུང་གནོད་ངེས་པས། དེ་དག་སོར་བཞག་བྱས་ན་གནའ་དཔེ་དྲོ་བ་མ་ཉམས་པར་ཡོད་ཕྱིར་གནའ་དཔེ་ལ་ཞིབ་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་དང་ཞིབ་འཇུག་མི་སྣ་ཚོའི་བློ་ཁ་དང་འཚམས་ཤིང་ཞིབ་འཇུག་གི་རིན་ཐང་ཡང་ལྡན་ཕྱིར།  དཔེ་སྐྲུན་ཁང་སོ་སོས་གནའ་དཔེ་དག་སྒྲིག་གི་སྐབས་སུ་པ༷་པོ༷་བ༷་བོ༷་བཞིའི་སྦྱོར་སྟངས་གནའ་དཔེ་དང་ཤིང་དཔར་སོ་སོའི་ཁྱད་ཆོས་ལྟར་སོར་བཞག་བྱེད་རྒྱུ་ལས་རང་དགར་བཅོས་ནས་དཀའ་ལས་རྒྱག་དགོས་དོན་མི་འདུག་སྙམ། གལ་ཏེ་བཅོས་རྒྱུ་ལས་རྒྱུ་མང་དྲགས་ན་མདོ་དབུས་ཁམས་གསུམ་གྱི་དཔེ་རྙིང་དང་དཔར་ཤིང་གཅིག་གྱུར་མིན་པའི་སྣང་བ་ཞིག་སྟེར་ཞིང་། དཔེ་སྐྲུན་ཁང་སོ་སོ་ཡང་རང་རང་གི་ཕལ་སྐད་གཙོ་བོར་འཛིན་པའི་ས་གནས་རང་བཞིན་གྱི་དཔར་ཁང་ཆུང་ཆུང་རེ་ཡིན་པའི་སྣང་བ་ཞིག་མི་སྟེར་བའི་ངེས་བ་མེད། དེ་བས་གནའ་དཔེ་དང་དཔེ་རྙིང་གང་ཡང་ཡིན་ཀྱང་དེ་དག་གི་ཕྲད་ཀྱི་སྦྱོར་སྟངས་དེ་སྔའི་སྲོལ་རྒྱུན་གྱི་འབྲི་སྟངས་ལྟར་འཇོག་པ་ལས་བཅོས་ན་མི་ལེགས་སྙམ། ད་ལྟ་མདོ་དབུས་ཁམས་གསུམ་གྱི་ལས་གནས་སོ་སོ་ན་ཕྱག་ལས་གནང་བཞིན་པའི་མཁས་པ་རྒན་གཞོན་རྣམས་དང་དགོན་ཁག་སོ་སོ་ན་རིག་པའི་གནས་ལ་བརྩོན་བཞིན་པའི་གྲྭ་པ་ཕལ་ཆེ་བ་རྣམས་ཀྱིས་དེ་སྔའི་འབྲི་སྟངས་ལྟར་དང་བོ༷་ལ་དང་པོ༷་ཞེས་འབྲི་ལ། དེ་བཞིན་དུ་རིང་པོ༷། མང་པོ༷། བཟང་པོ༷། དཀར་པོ༷།  དམར་པོ༷།  གྲུང་པོ༷།  སྙིང་པོ༷།  རྒྱལ་པོ༷་ཞེས་འབྲི་བཞིན་ཡོད་པས་རྗེས་འཇུག་ང་ར་ལ་གསུམ་གྱི་རྗེས་སུ་པོ༷་འབྲི་བ་འདི་ཧ་ཅང་གིས་དར་སོ་ཆེ་བས་དེ་ལྟར་སོར་བཞག་བྱས་ན་ལེགས་པར་སྙམ། དེ་ལྟར་མིན་ཚེ་དཔེར་ན།  “ལན་མང་བསྐལ་པར་དམ་པའི་ལམ་བཟང་པོ༷ར།།”  ཞེས་པ་དཔེ་སྐྲུན་ཁང་ཞིག་གིས་བསྐྲུན་པའི་དཔེ་ཆའི་ནང་དུ་ལན་མང་བསྐལ་པར་དམ་པའི་ལམ་བཟང་བོ༷ར།།” ཞེས་བཅོས་ཡོད་པས་འདི་ལྷོང་རེར་གོ་ ལོག་ཏུ་མི་འགྲོ་བའི་ངེས་པ་ཡང་མེད་དེ། “ལམ་བཟང་པོར་”ཞེས་པའི་སྐབས་སུ་ལམ་བཟང་པོ་ལ་ཞེས་པའི་དོན་དང་། “ལམ་བཟང་བོར་”ཞེས་པའི་སྐབས་སུ་བོ༷ར་འདི་ལམ་བཟང་བོ༷ར་བའམ་དོར་བ་ལ་གོ་ལོག་ཏུ་འགྲོ་སྲིད་པས་བོ༷འི་ཚབ་ཏུ་པོ༷་འབྲི་བ་འདི་མི་འགྲིག་པ་དང་མི་ལེགས་པ་ཞིག་གཏན་ནས་མ་རེད་སྙམ།  ཡང་དཔེར་ན།  རྒྱལ་བོ༷་ལ་རྒྱལ་པོ༷་ཞེས་འབྲི་བ་འདིའང་གནད་དམ་པ་ཞིག་ཡོད་པར་སྙམ་སྟེ། རྒྱལ་མོ༷་དང་རྒྱལ་པོ༷།  བཙན་མོ༷་དང་བཙན་པོ༷་ཞེས་སྐབས་འདིའི་པོ༷་ནི་སྒྲ་ཅུང་དྲག་པས་ཕོ་ལ་འཇུག་པའི་སྣང་བ་ཞིག་སྟེར། འོ་ན་རྒྱལ་པོ་མོ་ཞིག་ཡིན་ཚེ་དེ་ལ་ཚང་མས་གོང་མ་རྒྱལ་མོའམ་བཙན་མོར་འབོད་ལ་ཕོ་ཞིག་ཡིན་ན་གོང་མ་རྒྱལ་པོ༷འམ་བཙན་པོ༷ར་འབོད་པས་སྐབས་འདིར་པོ༷་ཕོ་མོ་ལས་ཕོ་ཡིན་པའི་མཚོན་བྱེད་དུ་འགྲོ་བས་བོ༷་འབྲི་བ་ལས་པོ༷་ཞེས་བྲིས་ན་ཅུང་འགྲིག་གོ་སྙམ།
          བདག་སྒྲ་པ༷་བ༷་གཉིས་ཀྱི་སྦྱོར་སྟངས་ལ་འདི་ལྟ་བུའི་རྩ་ཚིག་ཅིག་མཐོང་མྱོང་སྟེ། “བདག་པོའི་སྒྲ་ལ་པ་ཉིད་དོ།།”ཞེས་པའོ།།  རྩ་ཚིག་འདི་ནི་ཤིན་ཏུ་ལེགས་པར་སེམས་ཏེ། རྩ་ཚིག་འདི་ལྟར་དུ་བདག་སྒྲ་ཡོད་ཚད་ལ་པ༷་སྦྱར་ན་གནའ་དཔེ་དག་དང་ཡོངས་སུ་མཐུན་ཞིང་ཨ་མདོ་བས་བདག་སྒྲ་ཡོད་ཚད་ལ་བ༷་འབྲི་བ་དང་ལྷ་ས་བས་པ༷་འབྲི་བའི་བདག་སྒྲ་གཅིག་མཐུན་མི་ཡོང་བའི་རྣམ་པ་འདིའང་ཐག་གཅོད་ཐུབ་སྟེ།  དཔེར་ན།  རོང་པ༷།  འབྲོག་པ༷།  བཟོ་པ༷།  ལྷོ་པ༷། ཤར་པ༷།ཞེས་སྦྱར་ན་མཐོང་མ་ཐག་ཏུ་ཅུང་མི་ལོབ་པ་དང་ངག་ལ་ཀློག་མི་བདེ་བའི་སྣང་ཞིག་སྟེར་མོད་ཀྱི་ཡུན་རིང་འགོར་ན་མི་ལོབ་རྒྱུ་ཅི་ཡང་མེད་དོ།།  དེ་བས་ན་ང་ཚོ་རྩོམ་སྒྲིག་པ་དང་གནའ་དཔེ་དག་སྒྲིག་མཁན། གཞན་ཡང་དཔེ་སྐྲུན་ཁང་སོ་སོའི་པར་ཞུས་མཁན་རྣམས་ཀྱིས་གནས་དཔེ་དང་ད་དཔེ་གང་ཡིན་ཡང་དེ་དག་ལྷ་ས་བ་དང་བསྟུན་ཐུབ་ས་ནས་བསྟུན་ཅི་ཐུབ་བྱས་ན་བོད་སྐད་གཅིག་མཐུན་དང་བོད་ཡིག་རྙོག་འཛིང་ཅན་དུ་མི་གཏོང་བའི་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད།
          གོང་གསལ་གྱི་ཕྲད་དེ་དག་གི་སྦྱོར་སྟངས་ཐད་ལ་དེ་སྔ་མཁས་པ་རྒན་གཞོན་མང་པོ་ཞིག་ལ་བཀའ་འདྲི་གནང་མྱོང་ལ་ཞིབ་བསྡུར་ཀྱང་བྱས་མྱོང་མོད་ཀྱི། ཁོ་ཚོ་ལས་ལ་ལ་ཞིག་ཁོ་བོའི་ལྟ་ཚུལ་འདི་ལ་འཐད་པ་བྱུང་ཞིང་ལ་ལ་ཞིག་མི་འཐད་པར་ཐོབ་ཐང་ལྟར་འོངས་ན་འགྲིག་ཟེར་ལ།  འགའ་རེས་དེ་ནི་གང་སྦྱར་ཡང་རུང་སྟེ་དོན་གྱི་ཆ་ལ་མི་གནོད་པས་གནད་དོན་ཞིག་མ་རེད་ཅེས་ཀྱང་ཟེར།  འོན་ཀྱང་དཔེ་སྐྲུན་གྱི་བྱ་བ་སྒྲུབ་མཁན་ཞིག་དང་རྩོམ་སྒྲིག་པ་དག་ལ་མཚོན་ན་འདི་དག་སྣང་མེད་དུ་འཇོག་ག་ལ་རུང་སྟེ་མི་རུང་ངོ་། །  དཔེར་ན།  དེང་སྐབས་ལྷ་ས་དང་པེ་ཅིན་ཕྱོགས་ནས་ཐོན་པའི་བོད་ཡིག་གི་དཔེ་ཆ་དང་དུས་དེབ་མང་ཆེ་བའི་ནང་དུ་པ༷་པོ༷་བ༷་བོ༷་བཞིའི་སྦྱོར་སྟངས་སྔར་གྱི་གནའ་དཔེ་དང་དཔེ་རྙིང་ལྟར་སོར་བཞག་དང་དེ་ལྟར་དུ་བཀོད་ཡོད་པ་དང་། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་ཕྱོགས་ནས་ཐོན་པའི་དཔེ་ཆ་དང་དུས་དེབ་སོགས་ཀྱི་ནང་དུ་དེ་ལྟར་སྦྱར་མེད་པར་མ་ཟད།  ཐ་ན་གནའ་དཔེ་དག་གི་ནང་དུའང་པོ༷་ཐམས་ཅད་བ༷་རུ་བཅོས་ཡོད་པ་དང་པ༷་ཐམས་ཅད་བ༷་རུ་བཅོས་ཡོད་པས།  འདི་ནི་ཧ་ཅང་མི་ལེགས་པར་གནའ་དཔེ་ཞིབ་འཇུག་གི་རིན་ཐང་ཆུད་ཟོས་སུ་བཏང་བ་ཞིག་རེད། ང་ཚོ་ཚང་མས་བོད་ཀྱི་སྐད་ཆ་དང་མཁྲེགས་བཟུང་བྱས་ན་ལེགས་པོ་རང་མི་འདུག   པ༷་པོ༷་བ༷་བོ༷་བཞིའི་སྦྱོར་སྟངས་འདི་ལྷ་ས་དང་བསྟུན་རུང་ཚིག་གི་དོན་གྱི་ཆ་ལ་གནོད་པ་གང་ཡང་མེད་པས་ཨ་མདོ་བས་ཨུ་ཚུགས་རང་བྱེད་དགོས་དོན་མི་འདུག་སྟེ།  ཨ་མདོ་ནི་པ༷འི་ཚབ་ཏུ་བ་འབྲི་རྒྱུར་དགའ་དྲགས་ན་ད་ལྟ་མཁས་པ་མི་ཉུང་བ་ཞིག་གིས་དཔེར་ན། གྱུར་པ༷་རེད་ཅེས་པར་གྱུར་བ༷་རེད་ཅེས་གྱུར་འདི་ལ་ད་དྲག་ཐོབ་ཀྱང་ཁོ་ཚོ་བ་འབྲི་རྒྱུར་གོམས་པའི་དབང་གིས་ཕལ་སྐད་དང་ཡུལ་སྐད་ཀྱི་དབང་དུ་ཤོར་བ་ཞིག་རེད།  དེ་བཞིན་དུ་བསྐལ་པ༷་ལ་ བསྐལ་བ༷་དང་། བསྒྱུར་ཟིན་པ༷་ལ་བསྒྱུར་ཟིན་བ༷། ཕ་རོལ་པ༷་ལ་ཕ་རོལ་བ༷། ཕྱི་རོལ་པ༷་ལ་ཕྱི་རོལ་བ༷་( འདི་གཉིས་ལ་ད་དྲག་ཐོབ་པའི་དབང་གིས་ཕ་རོལ་ཏུ་ཕྱིན་པ་དང་ཕྱི་རོལ་ཏུ༷་ཞེས་དུ༷་མི་འབྲི་བར་ཏུ༷་འདི་འབྲི་གིན་ཡོད་པ་དང་། འོན་ཀྱང་ཕ་རོལ་གྱི༷་ཕྱི་རོལ་གྱི༷་ཞེས་པའི་སྐབས་སུ་ཀྱི༷་འདི་མི་འབྲི་བར་གྱི༷་འདི་འབྲི་བ་ལ་དོགས་པ་ཆེ་ནའང་མ་དག་རྒྱུན་འབྱམས་ཀྱི་གྲས་སུ་སོང་བ་ཨེ་ཡིན་ནམ་སྙམ་པ་ཙམ་ལས་ཐག་ཆོད་དཀའ་བར་འདུག)ཞེས་འབྲི་ཞིང་། མཁས་དབང་ཚེ་ཏན་ཞབས་དྲུང་ལགས་ཀྱིས་དག་ཡིག་ཐོན་མིའི་དགོངས་རྒྱན་དུ་སྤྲུལ་བའི་སྤྲུལ་ལ་ད་དྲག་ཐོབ་པས་སྤྲུལ་པ༷་ཞེས་པ༷་འབྲི་དགོས་པར་བསྟན་ནའང་ད་ལྟ་མི་མང་ཆེ་བས་(ཁྱད་པར་དུ་ཨ་མདོ་བ་)སྤྲུལ་པ༷་ཞེས་པ༷་མི་འབྲི་བར་སྤྲུལ་བ༷་ཞེས་བ་འབྲི་ལ།  དེ་བཞིན་དུ་ཐར་པ༷་ལའང་ད་དྲག་འཐོབ་ཚུལ་སྔོན་བྱོན་མཁས་པ་དག་གིས་བཞེད་ནའང་ད་ལྟ་དེ་དགོས་མིན་དུ་བཅོས་ནས་ཐར་བ་ཞེས་བ་འབྲི་བཞིན་པ་འདི་ནི་ཚང་མ་རང་གི་ཕལ་སྐད་ལ་ཞེན་ཞིང་དེའི་ཤུགས་རྐྱེན་གྱི་དབང་དུ་སོང་བ་ཞིག་ལོས་ཡིན་སེམས།  དེ་ལྟར་འདི་དང་འདི་ལྟ་བུའི་དཔེ་མང་པོ་འདུག་ནའང་འདིར་དཔེ་བརྗོད་རེ་གཉིས་བཀོད་དེ་ཀུན་གྱི་བློ་ཁ་འབྱེད་པར་བསམ་པ་ལས་རང་གིས་དཀྲུགས་ཤིང་འཕངས་པ་ཞིག་མིན་པས་གཟུར་གནས་བློ་ལྡན་དག་གིས་དགོངས་ཡངས་གནང་བར་ཞུ།
          གཉིས། ཀྱང་ཡང་གཉིས་ཀྱི་སྦྱོར་སྟངས།
          ཀྱ༷ང་ཡ༷ང་གཉིས་ཀྱི་སྦྱོར་སྟངས་ཀྱང་ཐོབ་ཐང་གི་སྐབས་སུ་“ག༷་ད༷་བ༷་ས༷་དྲག་མཐར་ཀྱང་།། ང༷་ན༷་མ༷་ར༷་ལ༷་མཐར་ཡང་།།”ཞེས་རྗེས་འཇུག་ག༷་ད༷་བ༷་ས༷་བཞི་དང་ད་དྲག་ཅན་གྱི་རྗེས་སུ་ཀྱ༷ང་དང་། རྗེས་འཇུག་ང༷་ན༷་མ༷་ར༷་ལ༷་སོགས་ཀྱི་རྗེས་སུ་ཡ༷ང་ཐོབ་བོ་ཞེས་བསྟན་ཡོད་ཀྱང་། དོན་དངོས་སྟེང་དེ་ལྟར་སྦྱར་མེད་ས་ཧ་ཅང་མང་སྟེ། དཔེར་ན། ལྡན་ཡང༷་ཞེས་པར་ལྡན་ཀྱ༷ང་ཞེས་ཡང་གི་ཚབ་ཏུ་ཀྱང༷་བྲིས་ཡོད་པ་དང་། ལྡན་ཡང༷་ཞེས་པ་དཔེར་ན་འབྱོར་བ་ལྡན་ནའང་ལྟ་བུ་ཡིན་པས་ཀྱང༷་སྒྲ་སྦྱར་ན་འགྲིག་མིན་ལ་དཔྱད་དགོས་ལ། སྟོབས་འབྱོར་དམན་ཡང༷་ཞེས་པར་སྟོབས་འབྱོར་དམན་ཀྱང༷་ཞེས་བྲིས་ཡོད་པ་དང་།  བཤད་པ་བདེན་ཡང༷་ཞེས་པར་བཤད་པ་བདེན་ཀྱང༷་ཞེས་ཡང་གི་ཚབ་ཏུ་ཀྱང༷་བྲིས་ཡོད་པ་དང་། དེ་བཞིན་དུ་དེ་ལྟར་མིན་ཡང༷་ལ་དེ་ལྟར་མིན་ཀྱང༷་དང་རྩོམ་མཁན་ཡང༷་དང་འབྲི་མཁན་ཡང༷་ལྟ་བུ་ལ་དཔེ་རྙིང་དག་ན་རྩོམ་མཁན་ཀྱང༷་། འབྲི་མཁན་ཀྱང༷་ཞེས་ཡང་གི་ཚབ་ཏུ་ཀྱང༷་བྲིས་པ་སོགས་མང་བས་འདི་དག་ནི་ངེས་པར་དུ་དཔེ་སྐྲུན་སྐབས་སུ་རྩོམ་སྒྲིག་པ་རྣམས་ཀྱིས་བཅོས་ན་ལེགས་ཀྱི་དེ་ལྟར་སོར་བཞག་བྱས་ན་མ་དག་རྒྱུན་འབྱམས་དང་ཕྲད་ཀྱི་སྦྱོར་སྟངས་རྙོག་འཛིང་་ཅན་དུ་འགྱུར་བར་ཉེན་ཁ་ཆེའོ།། གཞན་ཡང་འདི་འདྲའི་དཔེར་བརྗོད་ཁ་ཤས་འགོད་ན། གསལ་ཀྱ༷ང་། བསྐྱེལ་ཀྱང༷་དང་། ཕམ་ཀྱང༷་། དམ་ཀྱང༷་། བསམ་ཀྱང༷་། བསྐོར་ཀྱང༷་། བསྡུར་ཀྱང༷་། གང་ལྟར་ཀྱང༷་སོགས་ཡང༷་གི་ཚབ་ཏུ་ཀྱང༷་བྲིས་ཡོད་ས་ཤིན་ཏུ་མང་བས་ང་ཚོ་རྩོམ་སྒྲིག་པ་དག་ལ་མཚོན་ན་འདིའི་རིགས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད། དེ་ལྟར་མིན་ཚེ་ཀློག་མཁན་ཚོས་དཔེ་རྙིང་དང་ཤིང་དཔར་གྱི་སྐྱོན་མི་བརྗོད་པར་ད་ལྟའི་རྩོམ་སྒྲིག་མཁན་དང་པར་ཞུས་པ་དག་གི་སྐྱོན་དུ་ལྟ་ལ། ཁྱད་པར་དུ་འདིའི་རིགས་ལ་ནོར་བཅོས་ མ་བརྒྱབ་པར་བསྐྱུར་ན་མ་དག་རྒྱུན་འབྱམས་སུ་སོང་ནས་ཀྱང༷་ཡང༷་གཉིས་ཀྱི་སྦྱོར་སྟངས་རྙོག་འཛིང་ཅན་དང་། དེ་སྔའི་མཁས་པ་དག་གིས་བརྩམས་པའི་ཐོབ་ཐང་ཡང་མཁོ་མེད་རྩིས་མེད་དུ་འགྲོ་ཉེན་ཆེ་བར་གདའ་འོ།།  དཔེ་ཆ་ལྟ་མཁན་དང་ཀློག་མཁན་ཞིག་ལ་མཚོན་ན་གཙོ་བོ་དོན་གྱི་ཆ་ལ་བསམ་བློ་གཏོང་བ་ལས་ཕྲད་ཀྱི་སྦྱོར་སྟངས་ཐད་ལ་བསམ་བློ་ཆེན་པོ་མི་གཏོང་བས། ཚིག་ཕྲད་འདིའི་རིགས་མ་དག་རྒྱུན་འབྱམས་སུ་སོང་བ་ཤ་སྟག་རེད། འོན་ཀྱང་དཔེ་སྐྲུན་སྐབས་སུ་རྩོམ་སྒྲིག་པ་ཚོས་ཡིག་འབྲུ་རེ་རེ་བཞིན་ཐར་ཆགས་འབྲུ་འདེད་བགྱིད་དགོས་པས་འདི་དག་མིག་ལ་ཤིན་ཏུ་བརྣག་པར་སེམས།  དེ་བས་གོང་གི་ དཔེར་བརྗོད་འདི་དག་ནི་ངེས་པར་དུ་ཡང༷་འཐོབ་དགོས་སར་ཀྱང༷་འབྲི་བ་དར་ཆེ་ན་མི་ལེགས་པར་སེམས་པ་ལས་མཐའ་གཅིག་ཏུ་ཐམས་ཅད་ལ་ཡང༷་འཐོབ་དགོས་ཞེས་པ་མིན་ཏེ། དཔེར་ན་འདས་པ་སྟེ་འདས་ཚིག་གི་སྐབས་སུ་ད་དྲག་ཐོབ་པས་ཀྱང༷་འབྲི་དགོས་པ་ནི་སྨོས་མ་དགོས་སོ།། དཔེར་ན། བསྒྱུར་ཀྱང༷་། བསྐོར་ཀྱང༷་། གཏོར་ཀྱང༷་། གཡར་ཀྱང༷་། བཏུལ་ཀྱང༷་། བརྒལ་ཀྱང༷་། བསྐོལ་ཀྱང༷་དང་། ཀུན་ཀྱང༷་། ཐར་ཕྱིན་ཀྱང༷་། ཕྱི་རོལ་ཏུ་བཏོན་ཀྱང༷་། དེ་ལྟར་ཡིན་ཀྱང༷་སོགས་ལ་ད་དྲག་ཐོབ་པའི་དབང་གིས་ཀྱང༷་སྦྱར་དགོས་ཤིང་།  ལྷོང་རེར་མཁས་པ་དང་པར་ཞུས་པ་དག་གིས་ཐུགས་མཉམ་མ་བཞག་པའི་རྐྱེན་གྱིས་ཀྱང༷་སྦྱོར་དགོས་སར་ཡང༷་བྲིས་ཡོད་ས་ཡང་མང་བས་དེའི་རིགས་ངེས་པར་དུ་མ་བཅོས་ན་འགྲིག་གི་མ་རེད་སྙམ། ཀྱང༷་ཡང༷་གཉིས་ཀྱི་སྦྱོར་སྟངས་འདི་དང་འདི་འདྲ་བའི་དཔེར་བརྗོད་མཚར་བོ་མང་ཡང་གཅིག་ཤེས་ཀུན་གྲོལ་གྱི་དཔེ་ལྟར་འདི་ཙམ་གྱིས་ཆོག་པར་བྱའོ།།
          གསུམ། ཅི་དང་ཇི་གཉིས་ཀྱི་སྦྱོར་སྟངས།
          ཐོབ་ཐང་ལྟར་ན་“དྲི་བར་ཅི༷་དང་དཔེ་ལ་ཇི༷།།”ཞེས་བཀོད་ཡོད་ནའང་དོན་དངོས་སྟེང་དེ་ལྟར་སྦྱར་མེད་པར་ཕན་ཚུན་བསྲེས་ནས་རྙོག་འཛིང་ཅན་ཞིག་ཏུ་གྱུར་འདུག་སྟེ། དཔེར་ན། ཇི༷་ལྟ་བུ་ལ་ཅི༷་ལྟ་བུ་ཞེས་དང་། ཇི༷་ལྟར་ལ་ཅི༷་ལྟར།  ཇི༷་འདྲ་ལ་ཅི༷་འདྲ་ཞེས་ཇི༷་དང་ཅི༷་གཉིས་རྙོག་བསྲེས་བྱས་འདུག   ཇི༷་ལྟ་བུ་ཞེས་པའི་སྐབས་སུ་དཔེ་དེ་ཇི༷་མ་ཇི༷་བཞིན་ལྟ་བུ་དང་དཔེ་དེ་ཇི༷བཞིན་དུ་ལྟ་བུར་གོ་བ་ལས་དེ་སྐབས་སུ་དྲི་བ་བཏོན་པའི་ནང་དོན་ཞིག་མེད་པ་དང་། ཇི༷་འདྲ་བ་ལྟ་བུར་མཚོན་ན་ཡང་གོང་ལྟར་དཔེ་ཁྱོད་ཇི༷་འདྲ་བ་བཞིན་དུ་བདག་དཔེ་ཅན་ཡང་དེ་འདྲ་བའོ་ཞེས་འགྲེལ་ན་འགྲིག་ལ། དེ་ལས་དྲི་བ་བཏོན་པའི་སྣང་བ་ཞིག་གཏན་ནས་མི་སྟེར་རོ།། དེས་ན་རྗེ་བཙུན་སྒྲོལ་མའི་འདོད་དོན་གསོལ་འདེབས་ལས། “རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི༷་འདྲ་དང་། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།། ཁྱེད་ཀྱི་མཚན་མཆོག་ བཟང་པོ་ཅི༷་འདྲ་བ།། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།།”ཅེས་པའི་ནང་དུ་“ཁྱེད་སྐུ་ཅི༷་འདྲ་དང་། མཚན་མཆོག་བཟང་པོ་ཅི༷་འདྲ་བ།  ཞེས་ཇི༷་འདི་འབྲི་དགོས་རྒྱུ་ལ་ཅི་འདི་བྲིས་འདུག་པ་ཆོས་ཀྱི་གོ་བ་གཞན་ཞིག་མེད་ན་འདི་ནི་དཔར་གྱི་སྐྱོན་ཞིག་ཨེ་ཡིན་ནམ་སྙམ། གལ་ཏེ་འདི་ལ་ཡི་གེ་ཁོ་ནའི་སྟེང་ནས་འགྲེལ་ཤིན་ཏུ་རགས་པ་ཞིག་རྒྱག་དགོས་ཚེ། རྒྱལ་བ་མ་ལུས་པ་བསྐྱེད་པའི་ཡུམ་གཅིག་པུར་གྱུར་པ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཁྱེད་ཀྱི་སྐུའི་གཟི་བྱིན་འབར་བ་ཇི་འདྲ་བ་དེ་བཞིན་དང་། འཁོར་ཉན་རང་བྱང་སེམས་མང་པོ་དང་བསྐལ་པ་ཇི་སྲིད་བར་དུ་མི་འཇིག་པའི་སྐུ་ཚེའི་ཚད་དང་གཡུ་ལོ་བཀོད་པའི་ཞིང་ཁམས་ལ་སོགས་པའི་ལོངས་སྤྱོད་ཇི་འདྲ་བ་ལྡན་པ་དེ་བཞིན་དང་། མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་མཛེས་པའི་ཁྱེད་ཀྱི་སྐུ་མཆོག་ཇི༷་འདྲ་བ་དེ་བཞིན་དུ་ཁྱེད་ལ་སྙིང་ནས་སྐྱབས་སུ་འགྲོ་བའི་བདག་སོགས་མར་གྱུར་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བ་ཁོ་ན་ཉིད་དུ་གྱུར་ཅིག་ཅེས་པའི་དོན་ཡིན་པ་ལས། ཁྱེད་ཀྱི་སྐུ་དང་འཁོར།  སྐུ་ཚེའི་ཚད།  རབས་འབྱམས་ཀྱི་ཞིང་ཁམས། མཚན་བཟང་དང་དཔེ་བྱད་ཀྱི་སྐུ་སོགས་ཅི་ཞིག་རེད་ཅེས་པའི་དོན་གཏན་ནས་མིན་པས་ཅི༷་འདྲ་ཞེས་བྲིས་ཡོད་པ་འདི་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་རེད་སྙམ།  དེ་བས་འདི་དང་འདི་ལྟ་བུའི་གནད་དོན་གང་མང་མང་ཞིག་འདུག་པ་རྣམས་ང་ཚོས་དེངསྐབས་འཚོ་བཞིན་པའི་མཁས་པ་རྣམས་ཀྱི་ཞབས་ལ་གཏུགས་ནས་ཐག་གཅོད་མ་བྱས་ཚེ། མ་དག་རྒྱུན་འབྱམས་མང་དྲགས་ན་ནམ་ཞིག་གི་ཚེ་ཅི༷་དང་ཇི༷་གཉིས་ཁྱད་མེད་དུ་འབྲི་བའི་གནས་ཚུལ་འབྱུང་ངེས་ལ། ཡང་ན་དེ་གཉིས་ཀྱི་སྦྱོར་སྟངས་ལུགས་མང་པོར་མི་འགྱུར་བའི་ངེས་པ་ མེད།  དེ་བས་གཟུར་གནས་བློ་དང་ལྡན་པའི་མཁས་པ་རྒན་གཞོན་རྣམས་དང་རྩོམ་སྒྲིག་པ་དང་པར་ཞུས་པ། ཁྱད་པར་དུ་གནའ་དཔེ་དག་སྒྲིག་གི་བྱ་བ་བྱེད་མཁན་གྱི་དཔེ་སྐྲུན་ཁང་སོ་སོས་གནད་དོན་འདིའི་རིགས་ལ་ཡིིད་གཟབ་མ་བྱས་ན།  ལོ་བརྒྱ་ཕྲག་ཕར་ཞོག  ལོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་སུ་ཐོབ་ཐང་སྐོར་ཞིག་ཏུན་ཧོང་གཏེར་ཡིག་བཞིན་ཞིབ་འཇུག་གི་རིན་ཐང་ཙམ་ལས། བཀོལ་སྤྱོད་ཀྱི་ནུས་པ་ཟད་པའི་ཕུང་པོ་ལྟ་བུར་འགྱུར་བ་གདོན་མི་ཟའོ།།
          ཚིག་ཕྲད་ཀྱང༷་ཡང༷་གཉིས་དང་ཅི༷་ཇི༷་གཉིས་ཀྱི་སྦྱོར་སྟངས་ནི་གོང་གསལ་པ༷་པོ༷་བ༷་བོ༷་བཞི་དང་གཏན་ནས་མི་མཚུངས་ཏེ། ཚིག་གཉིས་ཀྱི་སྦྱོར་སྟངས་ནི་གོང་གསལ་དང་གཏན་ནས་མི་མཚུངས་པར་དེ་གཉིས་གང་འདོད་དུ་སྦྱར་ན་ཚིག་གི་དོན་གྱི་ཆ་ལ་གནོད་པ་ཆེན་པོ་འདུག་སྟེ། དཔེར་ན། བསྒྱུར་ཀྱང༷་ལྟ་བུར་མཚོན་ན་དོན་དང་བློ་ཁ་གང་ཡིན་ཀྱང་བསྒྱུར་ཚར་བའམ་ལས་ཟིན་པ་སྟོན་པ་དང་།  བསྒྱུར་ཡང༷་ལྟ་བུར་མཚོན་ན་ལས་དང་དོན་གང་ཡིན་ཡང་མ་བསྒྲུབས་པ་དང་མ་བསྒྱུར་པ་སྟོན་པས་སྔ་མ་ལ་ཡང་དང་ཕྱི་མ་ལ་ཀྱང༷་བྲིས་ན་ཚིག་གི་ནང་དོན་ལ་གནོད་པས་དེ་གཉིས་གང་འདོད་འདོད་དུ་སྦྱར་ན་མི་འགྲིག་ཟེར་དོན་ཡང་དེ་ཡིན་ནོ།།  དེ་བཞིན་དུ་གསལ་ཀྱང༷་དང་བསྒྱེལ་ཀྱང༷་ལྟ་བུ་ཡང་སྐབས་འདིར་ཀྱང༷་གི་ནུས་པས་འདས་པ་ལ་གོ་ཞིང་གསལ་ཡང་དང་བསྐྱེལ་ཡང་ལྟ་བུར་མཚོན་ན། ཡང་གི་ནུས་པས་མ་འོངས་པར་གོ་ ངེས་པས་འདི་ནི་ཚིག་ཕྲད་ཀྱི་ནུས་པ་ཡིན་ཕྱིར་རང་སྣང་གང་ཤར་གྱིས་བྲིས་ན་མཁས་པས་ཐུགས་མཉམ་མ་བཞག་པའི་སྐྱོན་འབྱུང་བ་དང་གཅིག   ཚིག་ཕྲད་སྦྱོར་སྟངས་ལ་རྙོག་དྲ་བཟོས་པ་དང་གཉིས། ཚིག་གི་དོན་གྱི་ཆ་ལ་གནོད་པ་འབྱུང་བ་དང་གསུམ་བཅས་ཀྱི་སྐྱོན་འབྱུང་བས་འདི་ལ་ཡིད་གཟབ་གནང་ན་འགྲིག་གོ་སྙམ། གཞན་རྗེས་འཇུག་མའི༷་རྗེས་སུ་ཀྱང༷་འབྲི་བ་ནི་ནོར་འཁྲུལ་གྱི་ཕུང་པོ་ཤ་སྟག་ཡིན་པས་དེ་ལ་འཛེམ་དོགས་ཅི་ཡང་གནང་མི་དགོས་པར་བློ་ཐག་རྦད་ཆོད་ཀྱིས་ཐོབ་ཐང་ཇི་བཞིན་ནོར་བཅོས་རྒྱག་དགོས་པ་ལས་རྒྱ་ཡན་ཏུ་བཏང་ན་གཏན་ནས་མི་འགྲིག ཚིག་ཕྲད་ཅི༷་ཇི༷་གཉིས་ཀྱི་སྦྱོར་སྟངས་ནོར་ན་དེ་བས་ཀྱང་ཚབས་ཆེ་བས་རྩོམ་སྒྲིག་པ་ཚོས་འདི་དག་ལ་གུ་ཡངས་གཏན་ནས་མི་གཏོང་བར་ཐོབ་ཐང་དང་བསྟུན་གང་ཐུབ་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཉན་ཅིག་ཏུ་འཁུམས་སོ།།
          བཞི། ཅིང་ཞིང་གཉིས་ཀྱི་སྦྱོར་སྟངས།
          ཚིག་ཕྲད་ཅིང༷་ཞིང༷་གཉིས་ཀྱང་ཐོབ་ཐང་ལྟར་ན།  རྗེས་འཇུག་ང༷་ན༷་མ༷་འ༷་ར༷་ལ༷་སོགས་དང་མཐའ་རྟེན་མེད་པའི་མཐར་ཞིང༷་ཐོབ་པ་དང་། རྗེས་འཇུག་ག༷་ད༷་བ༷་གསུམ་དང་ད་དྲག་ཅན་གྱི་མཐར་ཅིང༷་སོགས་ཐོབ་པར་བཤད་ཀྱང་། དོན་དངོས་ཀྱི་སྦྱོར་སྟངས་གནའ་དཔེ་དག་ན་རྙོག་བསྲེ་བྱས་ཡོད་པར་མ་ཟད། ལྷག་པར་དུ་ད་ལྟའི་རྩོམ་པ་པོ་དང་སྙན་ངག་མཁན་མང་ཆེ་བ་ཞིག་གིས་ཀྱང་དོན་གྱི་གོ་བ་ལ་མི་སེམས་པར་ཕྲད་དེ་གཉིས་གང་འདོད་འདོད་ཀྱིས་སྦྱོར་བཞིན་ཡོད་ཕྱིར།  རྩོམ་སྒྲིག་པ་ཚོས་ཐུགས་མཉམ་མ་བཞག་ན་ཅིང༷་ཞིང༷་གཉིས་ཀྱི་སྦྱོར་སྟངས་རྙོག་བསྲེ་བྱེད་པའི་རྣམ་པ་འདི་ད་ལྟ་ནད་ཡམས་བཞིན་དུ་ཁྱབ་ཀིན་འདུག་སྟེ། དཔེར་ན། གྱུར་ཅིང༷་ལ་གྱུར་ཞིང༷་ཞེས་འབྲི་ལ།  ཡིན་ཅིང༷་ལ་ཡིན་ཞིང༷་དང་།  ཞེན་ཅིང༷་ལ་ཞེན་ཞིང༷་དང་། དོར་ཅིང༷་ལ་དོར་ཞིང༷་དང་།  བརྡལ་ཅིང༷་ལ་བརྡལ་ཞིང༷་། རོལ་ཅིང༷་ལ་རོལ་ཞིང༷་སོགས་ཅིང༷་གི་ཚབ་ཏུ་ཞིང༷་འབྲི་བའི་གོམས་སྲོལ་ངན་པ་ཞིག་དར་འདུག་པ་འདི་ད་ལྟ་ནས་མ་བསྒྱུར་ན། ནམ་ཞིག་འདིས་ཀྱང་གཞུང་ཆ་ལག་དང་བཅས་པ་ཚང་བའི་བོད་ཀྱི་ཡི་གེ་འདིར་གནོད་པ་ འབྱུང་ངེས་རེད། དེ་ལྟར་ཕྲད་ཀྱི་སྦྱོར་སྟངས་མང་པོ་ཞིག་ཕན་ཚུན་རྙོག་བསྲེ་བྱེད་བཞིན་པའི་སྣང་ཚུལ་དེ་མཐོང་ནའང་རེ་རེ་བཞིན་གླེང་ན་ཡིག་ཚོགས་མང་བར་དོགས་ནས་གོང་གསལ་གྱི་གནད་དོན་བཞི་བོ་འདི་ལས་མི་གླེང་སྟེ།  གཞན་དག་གི་སྦྱོར་སྟངས་རང་རང་གིས་མྱོང་ཐོག་ནས་དཔྱད་དེ་སྦྱོར་ཚུལ་ཐོབ་ཐང་དང་བསྟུན་ཅི་ཐུབ་བྱེད་རྒྱུ་ནི་ཧ་ཅང་གིས་གལ་ཆེ་བར་འདོད་དོ།།
          ལྔ། ཞར་བྱུང་གི་གཏམ།གོང་ནས་བཤད་ཟིན་པའི་གནད་དོན་དེའི་རིགས་ལ་ཡིད་འཇོག་མ་བྱས་ན།
          དོན་གྱི་གོ་བའི་ཆ་ལ་གནོད་པར་དོགས་ནས་ཐོབ་ཐང་དང་བསྟུན་ཅི་ཐུབ་སྒོས་ཕྲད་ཀྱི་སྦྱོར་སྟངས་གཅིག་མཐུན་ཡོང་བར་བྱེད་དགོས་ཞེས་བསྟན་པ་ལས། གནའ་དཔེ་ནང་གི་མིང་ཚིག་མི་འདྲ་བ་ཐམས་ཅད་ལ་ནོར་བཅོས་ལྟ་བུ་བརྒྱབ་སྟེ་གཅིག་གྱུར་བྱེད་དགོས་ཞེས་པ་མིན།  གདམ་ང་ཅན་དང་བརྡ་རྙིང་གི་ཡི་གེ་ཐམས་ཅད་དེང་སྐབས་ཀྱི་འབྲི་སྟངས་ལྟར་བཅོས་ན་གཏན་ནས་འགྲིག་གི་མ་རེད། དཔེར་ན། མཐུན་པའི་མཐུན༷་ལ་ 《ལས་བརྒྱ་པ་》དང་( རྟོགས་བརྒྱ་པ་ ) སོགས་ལས་འ་འཐུན༷་བྲིས་ཡོད་པ་དང་། རྗེ་བཙུན་མི་ལ་རས་པའི་མིང་ལ་«རྗེ་གསུང་འབུམ་»(སྐུ་འབུམ་པར་མ)ལས་མིད༷་ལ་ཞེས་རྗེས་འཇུག་ད་ཅན་བྲིས་ཡོད་པ་དང་། དཔེ་རྙིང་ལ་ལ་ཞིག་ན་ཙོང༷་ཁ་ལ་བཙོང་ཁ་ཞེས་བ་སྔོན་འཇུག་ཅན་བྲིས་ཡོད་པ་དང་། པོ༷་ཏི་ལ་པུ༷་ཏི་ཞེས་དང་། འབོ༷ད་པའི་སྒྲ་ལ་བོ༷ད་པའི་སྒྲ་དང་། བར་གྱི་ལེགས་དྲུག་ནང་གི་ཨི༷་ཤོ་ལེགས་ལ་ཨེ༷་ཤོ་ལེགས་དང་ཐི༷་ཤོ་ལེགས་དང་ཐོ༷་ཤོ་ལེགས་སོགས་འབྲི་སྟངས་སྣ་ཚོགས་འབྱུང་བས་དེ་དག་ནི་གནའ་དཔེ་རང་རང་གི་ཁྱད་ཆོས་གཞིར་བཟུང་ནས་དག་སྒྲིག་བགྱིད་དགོས་པ་ལས།  དེ་སང་གི་རྩོམ་ནང་བཞིན་བཅོས་ན་མི་འགྲིག      རྒྱུ་མཚན་ནི་རྒྱལ་བའི་བཀའ་བསྟན་མང་པོ་ཞིག་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་ནས་ཀྱང་མི་ལོ་སྟོང་ཕྲག་ལྷག་སོང་ཡོད་པ་དང་། གནའ་དཔེ་མང་ཆེ་བ་ཞིག་ཀྱང་བརྩམས་ནས་ལོ་བརྒྱ་ཕྲག་མང་པོ་ཕྱིན་ཡོད་པས་སྐབས་དེའི་འབྲི་སྟངས་དང་བཤད་སྟངས་ད་ལྟ་དང་མཐུན་པ་ཞིག་ཡིན་མི་སྲིད་པས་དེ་དག་ལ་བཟོ་བཅོས་བརྒྱབ་ནས་ད་ལྟ་དང་བསྟུན་ན།  གནའ་དཔེ་དག་སྒྲིག་གི་རིན་ཐང་ཉམས་པ་དང་ཞིབ་འཇུག་གི་རིན་ཐང་དེ་བས་ཀྱང་ཉམས་སྲིད་པས་མ་བཅོས་ན་ལེགས་སྙམ། གལ་ཏེ་བྱེད་འབྲེལ་དང་འདས་མ་འོངས་ད་ལྟ་སོགས་མངོན་སུམ་དུ་ནོར་བ་རྣམས་དོན་གྱི་གོ་བ་ལྟར་བཅོས་ན་འགྲིག་ཀྱང་། རབ་ཡིན་ན་དཀའ་ཚེགས་ལ་མི་ལྟ་བར་མཁས་པའི་ཞབས་ལ་གཏུགས་ནས་བཅོས་དགོས་ལ། ཐག་མི་ཆོད་པ་རྣམས་ཡི་གེ་གང་གི་རྗེས་སུ་སྒོར་རྟགས་བརྒྱབ་ནས་དེའི་ནང་དུ་རང་གི་ལྟ་ཚུལ་གྱི་ཡི་གེ་དེ་བྲིས་ན་ཤིན་ཏུ་ལེགས་མོད་ཀྱི་ད་ལྟ་དེ་འདྲ་བྱེད་མཁན་མེད་པ་འདྲ། གནའ་མི་ལ་གནའ་མིའི་ཁྱད་ཆོས་ལྡན་པ་བཞིན་དུ་གནའ་དཔེ་ལ་ཡང་གནའ་དཔེ་ཡི་ཁྱད་ཆོས་ལྡན་པས་ང་ཚོས་དེ་དག་གི་ཁྱད་ཆོས་ལ་བརྩི་འཇོག་བྱེད་དགོས་ལ་དེ་དག་གི་རིན་ཐང་ལ་ཡིད་ཆེས་གནང་སྟེ་གནའ་དཔེ་པར་སྐྲུན་གྱི་བྱ་བ་བསྒྲུབས་ན་ནམ་ཡིན་ཡང་རྒྱ་ཆེའི་ཀློག་པ་པོ་དང་ཞིབ་འཇུག་མི་སྣ་རྣམས་ཀྱིས་བླ་ལྷག་གིས་དགའ་བསུ་འཐོབ་ངེས་སོ།།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།