ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་ཙོང་ཁ་པ་ལ་གནང་བའི་ཞལ་གདམས་ལས་འཕྲོས་ཏེ་དཔྱད་པ།

[གནད་བཏུས] འདིར་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་རྗེ་ཙོང་ཁ་པ་ཆེན་པོའི་ཐོག་མའི་ཡོངས་འཛིན་དུ་གྱུར་ཚུལ་དང་འབྲེལ་ཏེ། ཆོས་རྗེ་ཁོང་གིས་རྗེ་ཙོང་ཁ་པ་ཇི་ལྟར་བསྐྱངས་པ་དང་དབུས་གཙང་དུ་སློབ་གཉེར་ལ་བརྫངས་ཁར་གཞུང་ལུགས་གང་དག་ལ་གོ་རིམ་ཇི་ལྟར་སྦྱང་དགོས་པའི་བསླབ་བྱར་གནང་བའི་ཞལ་གདམས་ཚིགས་བཅད་མ་ལ་ཞིབ་འཇུག་གིས་ཕྱི་རབས་པ་དག་གི་སློབ་གཉེར་གྱི་སྔ་ཕྱི་རིམ་པ་བསྡུར་ནས་ངོ་སྤྲོད་དང་དཔྱད་འཇོག་མདོར་བསྡུས་ཙམ་བྱས་ཡོད།

[གནད་ཚིག] ཆོས་རྗེ་དོན་གྲུབ་རིན་ཆེན། རྗེ་ཙོང་ཁ་པ། ཞལ་གདམས། སློབ་གཉེར་གྱི་གོ་རིམ།

དང་པོ། གླེང་བསླངས་ཏེ་མཚམས་སྦྱར་པ།

དེ་ཡང་སྙན་པ་ཁམས་གསུམ་ན་གཡུ་འབྲུག་གི་སྐད་ལ་ཟ་བའི་འོ་སྐོལ་བོད་ཀྱི་དུས་གསུམ་མཁས་པའི་གཙུག་རྒྱན་དུ་གྱུར་པའི་རྗེ་བླ་མ་བློ་བཟང་གྲགས་པ་ཞེས་པ་གང་ཉིད་ལ་ཁོང་ཉིད་འདས་ནས་བགྲང་བྱ་དྲུག་བརྒྱ་ཐམ་པ་ཕྱིན་ནའང་ཁོང་གི་ལེགས་བཤད་བརྩམས་ཆོས་གཙོ་བྱས་མཛད་པ་ཕྲ་རགས་ཇི་སྙེད་དག་ལ་རྒྱུན་འཛིན་དར་སྤེལ་དང་ཞིབ་འཇུག་དཔྱད་འཇོག་གི་བགྱི་བ་དེང་གི་ཆར་ཡང་ཕྱོགས་ཀྱི་འཁོར་ལོ་ཀུན་ཏུ་ཁོང་ཉིད་སྐུ་དངོས་འཚོ་གཞེས་ཀྱི་ངང་ཚུལ་དང་མཚུངས་པར་མངོན་གསལ་དུ་འབར་བཞིན་པ་ནི་སུས་ཀྱང་བསྙོན་དུ་མེད་པའོ། ། དེའི་ཕྱིར་འདིར་ཡང་དམ་པ་གང་ཉིད་ཀྱི་ཞལ་ནས། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། ། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། ། ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། ། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། ། ཞེས་རང་གིས་གསུངས་ཤིང་གསུངས་པ་ལྟར་ཕྱག་བསྟར་དུ་གནང་ནས་སྤྱིར་བཏང་ཡོངས་སུ་གྲགས་པ་ལ་མིར་གྱུར་པ་དང། ལྷར་གྱུར་པ། གསུང་རབ་ཏུ་གྱུར་པའི་དགེ་བའི་བཤེས་གཉེན་མི་འདྲ་བ་ཤིན་ཏུ་མང་པོ་ཚུལ་བཞིན་དུ་བསྟེན་པ་རྣམ་ཐར་དད་འཇུག་སོགས་རྣམ་ཐར་ཆེ་ཆུང་ཀུན་ན་ཉི་མ་ལྟར་གསལ་བ་ལྟར་རོ། །

དེ་ལས་ཀྱང་འདིར་གླེང་བར་འདོད་པ་ནི་མིར་གྱུར་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་བཞི་ལྷག་དམ་ཚིག་གི་སེལ་གྱིས་ཀུ་ཤའི་རྩེ་མོའི་བརྒྱའི་ཆ་ཙམ་གྱི་ཞད་ཀྱང་ཤོར་པ་ལྟ་ཅི། ལེགས་ཚོགས་ཀུན་གྱི་འབྱུང་གནས་དང་རྟེན་འབྲེལ་གྱི་ཐོག་མ་ཉིད་དུ་དགོངས་ཏེ་བསམ་པ་དང་སྦྱོར་བས་བསྟེན་པ་དེ་དག་ལས། དང་པོའི་ས་མཁན་དུ་གྱུར་པ་སྟེ། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་གངས་རིའི་ཁྲོད་ན་ཡོངས་སུ་གྲགས་པ་ཆོས་རྗེ་དོན་གྲུབ་རིན་ཆེན་ཞུ་བ་གང་ཉིད་ཀྱིས་རང་གི་སྲས་ཀྱི་ཐུ་བོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དེ་ཉིད་བརྩེ་བ་ཆེན་པོས་ཇི་ལྟར་བསྐྱངས་ཚུལ་དང་འབྲེལ་བའི་ཁོང་གིས་རྗེ་བདག་ཉིད་ཆེན་པོ་དབུས་གཙང་དུ་སློབ་གཉེར་ལ་ཕེབས་ཁར་ལམ་སྟོན་དུ་གནང་བའི་ཞལ་གདམས་ཚིགས་བཅད་མ་དེ་ཡིན་ནོ། །

གཉིས་པ། ཆོས་རྗེ་གང་ཉིད་ཀྱིས་གཞོན་ནུ་བློ་བཟང་གྲགས་པ་ཇི་ལྟར་བསྐྱངས་པའི་ཚུལ།

དེ་ཡང་ཆོས་རྗེ་དམ་པ་དོན་རིན་པ་གང་ཉིད་ལ་རང་གི་དགེ་རྒན་སྣར་ཐང་པ་མཆིམས་བློ་བཟང་གྲགས་པ་མཆོག་གིས་ཁྱོད་རང་ཡུལ་མདོ་ཁམས་སྨད་ལ་ཕེབས་ན་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་འོངས་ཏེ་དེ་ཉིད་ལ་ངེད་རང་གི་མིང་འདི་གསོལ་བར་གསུངས་པ་བཞིན་རྗེ་ཙོང་ཁ་པ་རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་གྲགས་པ་ཞེས་བཏགས་པར་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་ལས། གང་ལྟར་མཆིམས་བློ་བཟང་གྲགས་པས་ཀྱང་ཆོས་རྗེ་དོན་གྲུབ་རིན་ཆེན་པ་ལ། ཁྱོད་མདོ་ཁམས་སུ་སོང་དང་སློབ་མ་ཁྱད་པར་ཅན་གཅིག་ཡོད། དེ་ལ་ངའི་མིང་འདི་ཐོགས་དང་བསྟན་པ་ལ་ཕན་ཐོགས་ཁྱད་པར་ཅན་ཞིག་འོང་ཞེས་ལུང་བསྟན་པར་བདག་གི་བླ་མ་འཇམ་མགོན་བློ་གྲོས་རྒྱ་མཚོས་གསུངས་པ་འདི་སྤྲུལ་བའི་གླེགས་བམ་ལས། རྭ་སྒྲེང་གི་ཆུ་མིག་རིང་བོ་ནས་གཙང་དུ་སོང་བ་དང་། དེ་ནས་གནས་དེར་འོད་ཟེར་འཕྲོ་ཚུལ་སོགས་མཐུན་ནམ་སྙམ་པ་ལགས།②ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ་སུམ་པའི་ཆོས་འབྱུང་དང་ཆ་ཧར་དགེ་བཤེས་ཀྱིས་མཛད་པའི་རྣམ་ཐར་ལས་ཀྱང་དེ་ཉིད་ལ་ཁུངས་གཏུགས་ཏེ་གསུངས་པ་བཞིན་ནོ། །③ འོན་ཀྱང་ཀུན་མཁྱེན་བླ་མས་གསུངས་པའི་འཇམ་མགོན་བློ་གྲོས་རྒྱ་མཚོ་ཞེས་ཞུ་བ་འདི་ནི། ཡོངས་གྲགས་ལ་དགའ་ལྡན་ཁྲི་ཐོག་ཞེ་བཞི་པ་སྟེ། ཁྲི་ཆེན་རྒྱ་ནག་པ་བློ་གྲོས་རྒྱ་མཚོ་ཞེས་གྲགས་པ་བོད་རབ་བྱུང་བཅུ་གཅིག་པའི་ཤིང་ཕག་སྤྱི་ལོ༡༦༣༥ལོར་ཨ་མདོ་སྟག་ཕྱུག་རྒྱུད་དུ་འཁྲུངས། རྗེ་ཙོང་ཁ་པའི་སྤྲུལ་བར་གྲགས། འབྲས་སྤུངས་སྒོ་མང་ཀླུ་འབུམ་དུ་བཞུགས། མཁས་གྲགས་ཤིན་ཏུ་ཆེ། རྒྱུད་སྨད་དུ་བྱོན། བདེ་ཡངས་གྲྭ་ཚང་། སྒོ་མང་གྲྭ་ཚང་། དཔལ་ལྡན་རྒྱུད་སྨད། བྱང་རྩེ་རྣམས་ཀྱི་མཁན་ཁྲིར་རིམ་བཞིན་བརྒྱུད་མཐར་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྟེ་སྤྱི་ལོ༡༦༨༢ལོར་དགའ་ལྡན་གསེར་ཁྲིར་བྱོན། གོང་མ་ཁང་ཤིས་རྒྱལ་མཆོག་ལྔ་པ་ལ་བསྟན་འགྲོར་ཕན་པའི་བླ་མ་ཞིག་དགོས་པའི་ཕོ་ཉ་བཏང་པར་གོང་ས་མཆོག་ནས་རྗེ་འདི་ལ་འོས་ཚུལ་གྱི་ཕྱག་ཐམ་ཕེབས་པ་སྤྱི་བོར་བླངས་ཏེ་ཁྲི་ལོ་བཞི་སོང་མཚམས་ཤིང་གླང་སྟེ་སྤྱི་ལོ༡༦༨༥ལོར་གོང་མའི་རྒྱལ་སར་བྱོན། ཧལ་ཧ་ཨོ་ལོད་འཁྲུགས་གྲབས་བྱེད་པ་ལོ་ཤས་ཞི་བར་བྱས། གོང་མ་ཁང་ཤིས་མཇལ་འཕྲད་ཀྱང་གནང་ཞིང་གོང་མས་ཐུགས་དགྱེས་པ་བྱུང་སྟབས་པེ་ཅིང་དུ་རྒྱུན་རིང་བཞུགས་པས་ཁྲི་རྒྱ་ནག་པར་གྲགས། རབ་བྱུང་བཅུ་གཉིས་པའི་ས་འབྲུག་སྟེ་སྤྱི་ལོ༡༦༨༨ལོར་སྙུན་ཟུག་སོགས་མེད་པར་ཆོས་དབྱིངས་སུ་གཤེགས་པར་མཛད། གསུང་སྐྱེས་ཀྱི་སློབ་མ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་དང་ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་བྱོན་ཞེས་དུང་དཀར་ཚིག་མཛོད་ལས་གསུངས། ④ དེ་ལ་ཁོང་གི་མཚན་གྱི་འབྱུང་ཚུལ་འདི་ནི་རྣམ་ཐར་དད་འཇུག་དང་རྒྱལ་དབང་ཆོས་རྗེའི་རྣམ་ཐར་ཆེན་མོ་སོགས་རྗེའི་རྣམ་ཐར་ཕལ་མོ་ཆེར་མི་གསལ་བས་སུམ་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་གི་གསུང་དེ་སུམ་བྷ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་རང་གི་བརྟེན་ཁུངས་ཀུན་མཁྱེན་འཇམ་བཞད་ཡིན་ལ། ཀུན་མཁྱེན་བླ་མ་རང་གིས་ཀྱང་རང་གི་བླ་མ་བློ་གྲོས་རྒྱ་མཚོའི་གསུང་སྒྲོས་བཀོད་པ་ཙམ་ལས་དེའི་ཡན་ཆད་ཀྱི་ཁུངས་གང་ལས་བྱུང་ཚུལ་མ་གསུངས་པས་ཞིབ་འཇུག་པ་དག་གིས་དཔྱད་ཅིང་ཐག་གིས་ཆོད་པ་བྱུང་ན་ད་གཟོད་བྱུང་བ་དེ་ལ་ངེས་ཤེས་སྔར་ལྷག་ཅིག་རྙེད་པར་གོར་མ་ཆག་གོ །

དེ་ནས་ཁོང་དགུང་ལོ་གཉིས་གསུམ་གྱི་དུས་ནས་བཟུང་ཆོས་རྗེ་དོན་རིན་པས་འཇམ་པའི་དབྱངས་དང་དབྱངས་ཅན་མ་སོགས་ལྷག་ལྷ་དུ་མའི་སྒོ་ནས་རྗེས་གནང་དང་གདམས་པ་གནང་སྟེ་ཤེས་རབ་འཕེལ་བའི་ཐབས་མང་དུ་མཛད་ཅིང་། དུས་དུས་སུ་སྐུ་ལུས་ལ་གཙང་སྦྲ་དང་སྲུང་མདུད་སོགས་མང་དུ་བསྩལ་ཏེ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཐུགས་བརྩེས་བསྐྱངས། དེ་དུས་ཙམ་ན་སོག་པོའི་རྒྱལ་པོ་ཐོ་གན་ཐེ་མུར་གྱིས་རྗེ་ཀརྨ་རོལ་པའི་རྡོ་རྗེ་གདན་དྲངས་པར་ཕེབས་པའི་ཚེ་ན་ཆོས་རྗེ་དོན་རིན་པས་བླ་མ་ཀརྨ་རོལ་རྡོར་ལ་ཞུས་པ་བཞིན་དེ་ཉིད་ལས་དགེ་བསྙེན་གྱི་སྡོམ་པ་བླངས་ཤིང་མཚན་ལའང་ཀུན་དགའ་སྙིང་པོ་ཞེས་གསོལ། འདིར་ཡང་རྗེ་བླ་མ་ཁོང་ཉིད་དགུང་ལོ་གསུམ་ལ་ཕེབས་རག་བར་ངེད་ཅག་བོད་ཀྱི་སྲོལ་རྒྱུན་ལྟར་ན་བྱིས་པ་སྐྱེས་ནས་བདུན་ཚིགས་སམ་ཟླ་ཁ་གང་དུས་མིང་འདོགས་སྲོལ་འདུག་པས་ཁོང་གི་མཚན་ལ་ཅི་ཞིག་གསོལ་ཡོད་པའང་རྣམ་ཐར་ཁག་ཕལ་མོ་ཆེ་ན་མི་གསལ་བ་ཕངས་པའི་གནས་སོ། །

དེ་ནས་བླ་མ་ཀརྨ་པས། ཁྱེའུ་འདི་དབུས་ཀྱི་ཕྱོགས་སུ་སློབ་གཉེར་ལ་ཕྱིན་ན་སངས་རྒྱས་གཉིས་པ་ལྟ་བུ་ཞིག་འོང་ཞེས་གསུངས་ཤིང་། ལོ་དེར་ཡབ་ཀླུ་འབུམ་པས་ཆོས་རྗེ་དོན་རིན་ཁྱིམ་ལ་གདན་དྲངས་པར་ཆོས་རྗེའི་ཞལ་ནས། རྟ་དང་གླང་ལུག་སོགས་ཕྱུགས་ཀྱི་རིགས་དང་གོས་དར་སོགས་རྫས་སྣ་དུ་མས་གཙོས་པའི་གནང་སྦྱིན་དཔག་ཏུ་མེད་པ་བསྩལ་ནས་བུ་འདི་ང་ལ་ཕུལ་ཅིག་ཅེས་བཀའ་གནང་བ་ལ། ཡབ་ཡུམ་གཉིས་དགྱེས་བཞིན་དད་པས་ཁྱེའུ་ཉིད་ཁོང་ཉིད་ལ་ཕུལ་ཏོ། །

དེ་ནས་དགུང་ལོ་བཞི་བར་ཆོས་རྗེ་དོན་རིན་པའི་དྲུང་དུ་བསྐྱལ་ནས་རྒྱུན་བཞུགས་མཛད་ཅིང་ཀློག་བསླབ་མགོ་བརྩམས། དེ་ནི་སྐུ་ཚེའི་ཐོག་མའི་རིག་པ་སློབ་པའི་དབུ་ཚུགས་པ་ཡིན་ནོ། ། དེ་ནས་དགུང་ལོ་བདུན་ལ་ཉེ་བར་བབས་པ་ན། ཆོས་རྗེ་དོན་རིན་པའི་ཞབས་དྲུང་དུ་རྒྱུད་སྡེ་བླ་ན་མེད་པ་དཔལ་བདེ་མཆོག་དྲིལ་བུ་པ་དང་ཀྱེ་རྡོ་རྗེ། ཕྱག་ན་རྡོ་རྗེ་སོགས་ཡི་དམ་མང་པོའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར། གསང་མཚན་ལ་དོན་ཡོད་རྡོ་རྗེ་ཞེས་གསོལ་ཏོ། །

དེ་ནས་བར་སྐབས་དེའི་རྣམ་ཐར་ན། རྗེ་ཙོང་ཁ་པ་སྐུ་འབྲུམ་བསྙེལ་པ་སྟེ་འབྲུམ་ནད་ཅིག་བྱུང་བའི་ཚེ་ན་ཆོས་རྗེ་དོན་རིན་པས་བསྙུང་གཡོག་མཛད་ཅིང། ཁོང་གི་ཞལ་ནས། གཞོན་ནུ་འདིའི་དྲི་ཆེན་དང་དྲི་ཆུ་ལ་དྲི་ངན་བྲོ་བ་ཕར་ཟད། དྲི་བཟང་བྲོ་བར་འདུག་ཅེས་གསུངས་པ་ལ། གཞན་རྣམས་ཀྱིས་བློ་ལ་མི་ལྡན་པ་བྱུང་།⑤ཞེས་གསལ་བ་ནི་བླ་ན་མེད་པའི་སྐྱོང་ཚུལ་ཞིག་སྟེ། དེ་ནི་དད་པ་དག་སྣང་དང་སེམས་དཔའི་སྤྱོད་པ་ལྟར་གྱིས་འགྲེལ་ན་དེ་ཙམ་མཚར་དུ་མི་ཆེ་མོད། འོན་ཀྱང་འཇིག་རྟེན་ན་ཕ་མས་བུ་ཕྲུག་ལ་བརྩེ་བ་དང་མི་གཉིས་པའི་ངང་ཚུལ་ལ་བསམས་ན་དེ་ནི་བརྩེ་འདང་ཞིག་གི་ཟབ་ཚད་མཚོན་པ་ལས་མ་འདས་པ་ཉིད་དོ། ། ཆོས་རྗེ་གང་ཉིད་ཀྱིས་རྗེ་ཙོང་ཁ་པའི་ཡབ་ཡུམ་ལ། ཁོང་དགུང་ལོ་གསུམ་ནས་བདུན་རག་བར་ལ་བུ་ཆུང་བསྐྱང་ལུགས་ཀྱི་ཡི་གེ⑥ཞེས་པ་བརྩམས་ཏེ་བསྐུར་པ་དང་དེ་ནས་དགུང་ལོ་བཅུ་དྲུག་གི་བར་ཏེ་ལོ་ངོ་མཐོང་བཅུ་ཕྲག་གཅིག་ལྷག་ལ་སྤྱན་གྱི་འབྲས་བུ་བཞིན་བསྐྱངས་ཚུལ་ཞིབ་པ་ནི་རྒྱས་པར་རྗེའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཕལ་མོ་ཆེར་གསལ་བས་དེ་དག་ལ་བལྟ་བ་ལས་འདིར་ཡིག་ཚོགས་ཀྱི་ཁུར་བསྐྱུང་བར་བྱའོ། །

མདོར་ན་ཆོས་རྗེ་དོན་རིན་པ་དེ་ཉིད་རྗེ་ཙོང་ཁ་པའི་དངོས་སློབ་མཁས་གྲུབ་རྗེའི་ཞལ་ནས། དེ་ལ་རྗེ་རིན་པོ་ཆེ་འདི་ཉིད། ཐོག་མར་ཡོངས་སུ་འཛིན་པ་དང། རབ་ཏུ་འབྱིན་པར་མཛད་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་ནི། གོང་དུ་བརྗོད་པ་ཆོས་རྗེ་དོན་གྲུབ་རིན་ཆེན་པ་ཞེས་གྲགས་པ་དེ་ཉིད་ཡིན།⑦ཞེས་གསུངས་པ་བཞིན་ཁོང་གི་སྐུ་ཚེའི་ཐོག་མའི་ཡོངས་སུ་འཛིན་པ་སྟེ། དགེ་རྒན་དང་རབ་བྱུང་གི་མཁན་པོ་ཡིན་པས་རྗེ་ཙོང་ཁ་པའི་ཐུགས་ཀྱི་དབྱིངས་རིམ་ན་འོད་འཚེར་པའི་གོང་བུ་ཞིག་ཡིན་པ་གོར་མ་ཆག་གོ ། གོང་གི་རྣམ་པར་ཐར་པ་ལས་རྗེས་སུ་དཔོག་ཐུབ་པ་ནི་རྗེ་ཙོང་ཁ་པ་ཁོང་ཉིད་ཀྱིས་ད་ལྟའི་དུས་ནའང་ས་ཆེན་པོ་ལ་ཡུག་གཅིག་གིས་ཁྱབ་པའི་རིང་ལུགས་ཏེ། དཔལ་མཉམ་མེད་རི་བོ་དགེ་ལུགས་པ་འདི་ཉིད་ཁ་བ་གངས་རིའི་ལྗོངས་ན་ལྷམ་ལྷམ་དུ་དར་པའི་གྲུབ་པའི་མཐའ་སྤྱི་དང་སྒོས་སུ་དཔལ་མཉམ་མེད་ཇོ་བོ་ཨ་ཏི་ཤ་ཡབ་སྲས་ཀྱི་བཀའ་སྲོལ་དྲི་མ་མེད་པ་སྟེ་ཇོ་བོ་བཀའ་གདམས་པའི་རིང་ལུགས་སྐྱོང་པ་ལ་འགྲན་པའི་ཟླ་དང་བྲལ་བའི་མཁས་མཆོག་ཆོས་རྗེ་དོན་རིན་པ་ཡབ་སྲས་ཀྱི་ཐུགས་བརྩེའི་རྟེན་འབྲེལ་ཐོག་མར་འགྲིགས་པ་ལ་བརྟེན་ནས་བྱུང་བ་དང་བཀའ་གདམས་གསར་མ་ཞེས་ཡོངས་སུ་གྲགས་པའང་དོན་དང་ལྡན་པ་དེ་ལྟར་དུ་གསལ་བ་བསྙོན་དུ་མེད་པའོ། །

དེ་བས་ཆོས་རྗེ་དོན་རིན་པ་རང་གིས་ཕྱག་བཏབ་པའི་གདན་ས་བྱ་ཁྱུང་དགོན་པ་ལ་དགེ་ལྡན་བསྟན་པའི་ཆུ་མགོ་ཞེས་རྩོད་མེད་མཁས་པ་དག་གིས་བསྟོད་ཅིང་བསྔགས་པའང་རང་བཞིན་བརྗོད་པ་ཉིད་ལས་རབ་བཏགས་ཀྱི་རྒྱན་ཙམ་མིན་པ་ཤེས་པར་བྱའོ། །

དེ་ནས་ད་དུང་དཔྱད་པར་བྱ་བ་ཞིག་ནི་ཆོས་རྗེ་དོན་རིན་པས་རྗེ་ཙོང་ཁ་པ་ཆུང་ངུའི་དུས་ནས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས་པ་དང་། རྗེ་ཙོང་ཁ་པ་ཁོང་གི་ཡབ་ཡུམ་ལ་རྟ་ལུག་གོས་དར་སོགས་ཀྱི་ཡོན་བསྩལ་ཏེ་བླུས་བྱུང་བས་ཆོས་རྗེ་དོན་རིན་པ་རང་གི་སློབ་མ་རུ་གྱུར་པ་ཡིན་པ་མ་ཟད་རིགས་སྲས་སུའང་བཤད་ཆོག་ཅེས་འདོད་པ་ནི་བསམ་པར་བྱ་སྟེ། དེ་ཡང་སྤྱིར་ལུགས་གཉིས་གང་གི་དབང་དུ་བྱས་ཀྱང་ཆོས་ཀྱི་སྲས་དང་རིགས་ཀྱི་སྲས་གཉིས་ཀར་གྱུར་པ་ཡོད་པ་ཤིན་ཏུ་མང་ནའང་འདིར་ནི་དེ་དང་མཚུངས་པ་མིན་ཏེ། ཆོས་རྗེ་དོན་རིན་པ་ཁོང་ཉིད་གཙང་གི་སྣར་ཐང་དུ་ཚོགས་ཞུགས་གནང་ནས་བཅོམ་ལྡན་རིགས་རལ་གྱི་སློབ་མའི་གཙོ་བོ་ལྡོང་སྟོན་རིགས་པའི་སེང་གེ་ལ་ཚད་མ་གསན་པའི་རྣམ་ཐར་ལ་དཔྱད་ན་ཆོས་འདུལ་བའི་གནང་བཀག་ལ་ཐུགས་གཙིགས་ཆེ་བ། བསླབ་གསུམ་རྒྱན་གྱིས་མཛེས་པ། བཀའ་གདམས་པའི་སྤྱོད་པ་ལ་མཐའ་གཅིག་ཏུ་གནས་ཤིང་། བསྟན་པ་ཁོ་ན་ཐུགས་ལ་བརྣག་པ་ཞིག་ཏུ་གསལ་བས་འཇིག་རྟེན་ཁྱིམ་པ་ནང་བཞིན་དགྲ་འདུལ་གཉེན་སྐྱོང་གི་སླད་དུ་བུ་ཕྲུག་སྐྱོང་བ་ཞིག་ཡིན་མི་སྲིད་པས་རྗེ་ཙོང་ཁ་པ་རང་ཉིད་ཀྱི་བུ་སྐལ་དུ་བླངས་ཞེས་གཏན་ནས་སྨྲ་བར་མི་རུང་ངོ་། །

ཚུལ་འདི་ཉིད་ལ་ཐུགས་མཉམ་དང་ཞིབ་ཆ་མ་མཛད་པས་ངེད་ཅག་རིག་གཞུང་གི་སྐབས་སུ་ཆོས་ཀྱི་སྲས་དང་རིགས་ཀྱི་སྲས་གཉིས་གོ་བ་ཐ་དད་ཡིན་པ་མ་གོ་སྟེ་སྔོན་གྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོའང་རྒྱལ་དབང་ལྔ་བ་མཆོག་གི་རིགས་སྲས་ཏེ་བུ་ཡིན་པར་རྒྱའི་བོད་རིག་པ་སྨྲ་བ་འགའ་ཞིག་གི་བརྩམས་ཆོས་ལས་མ་དག་རྒྱུན་འབྱམས་སུ་འབྱུང་བ་མཐོང་གསལ་ལྟར་རོ། །

ཆོས་ཀྱི་དབང་དུ་བྱས་པའི་བརྩེ་འདང་ལ་ཡང་འཇིག་རྟེན་གྱི་ཕ་མ་ལྟ་བུའི་བརྩེ་དགས་དམ་དུ་འཁྱུད་པ་མང་དུ་སྣང་བ་ནི་དཔེར་ན། ཕོ་ཉ་གཞོན་ནུ་དོན་གྲུབ་ལས། འདི་ནས་བྱང་དུ་དཔག་ཚད་ཁྲི་ཕྲག་ན། ། རྒྱལ་ཀུན་ཡེ་ཤེས་ཐིག་ལེ་ལྟར་ཆགས་པ། ། བདག་གི་དཔྲལ་བའི་མིག་དང་ཁོང་པའི་སྙིང་། ། མཚན་ཙམ་གྱིས་ཀྱང་རྣ་བའི་བཅུད་ལེན་ཡོད། ། ཅེས་པ་ལྟར་ཕོ་ཉ་རང་གི་མགོ་མཇུག་བར་གསུམ་ཀུན་ན་རང་གི་ཐུགས་སྲས་དམ་པ་འཇིགས་མེད་དམ་ཆོས་རྒྱ་མཚོ་གང་ཉིད་དྲན་པའི་བརྩེ་དུང་དྲོན་མོ་ཁོལ་ཁོལ་གྱིས་ཟིན་ཡོད་པ་རྩོམ་རིག་སྨྲ་བ་ཀུན་གྱིས་ཤེས་པ་སྨྲ་མི་དགོས་ལ། དེ་ལྟར་དུ་ཆོས་རྗེ་ཡབ་སྲས་འདི་གཉིས་དང་། ཇོ་འབྲོམ་ཡབ་སྲས། རྒྱལ་དབང་ལྔ་བ་ཡབ་སྲས། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ཡབ་སྲས། སྒེའུ་རྟིང་ཡོངས་འཛིན་ཡབ་སྲས་སོགས་ཀྱིས་མཚོན་ནོོ།།

དེས་ན་དེང་སང་གཞུང་ཆེན་ཕར་ཚད་དབུ་གསུམ་སོགས་ཆེད་གཉེར་གྱིས་སྦྱངས་པ་ལྟ་ཅི། གོ་རིགས་ཀྱི་འགྲོ་ཕྱོགས་ཙམ་ཡང་མི་ཤེས་བཞིན་རྒྱལ་བའི་གཞུང་ལུགས་བཀའ་བསྟན་གྱི་སྐོར་དང་། རྗེ་ཡབ་སྲས་ཀྱི་གཞུང་ལུགས་སོགས་ཡིག་རིགས་གཞན་ལ་བསྒྱུར་དང་སྒྱུར་བཞིན་པའི་ངལ་བ་བསྟེན་པ་དང་། ཡང་འགའ་ཞིག་གིས། ཡིག་རིགས་གཞན་གྱི་ཐོག་ནས་བོད་ཀྱི་རིག་གཞུང་གི་ལྟ་བ་དང་བསམ་བློ། ཉམས་ལེན་སོགས་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་ཚུར་ལ་བསྒྱུར་པ་སོགས་མང་དུ་འདུག་ན། དེ་ནི་བོད་རིག་པའི་སྙིང་དོན་བརླག་པར་བྱེད་ཅིང་རྫོད་པའི་ངལ་བ་རུ་གསལ་ལ། དེ་རང་ཅག་གིས་ཕར་སྐྱེལ་རིང་ལུགས་ལག་ཏུ་བསྟར་པ་ལས་ཚུར་ལེན་རིང་ལུགས་ཉམས་སུ་བླང་བ་གལ་ཆེ་བས། འུ་ཅག་བོད་རིག་པ་འཛིན་སྐྱོང་གི་ལས་སུ་ཞུགས་པའམ་དེ་ལ་གཅེས་སྤྲས་བྱ་འདོད་ཀྱི་ལས་འགན་ཁུར་དུ་འཁྱེར་པ་དག་གིས་རང་ཉིད་ཀྱིས་རང་གི་བློའི་འཇོན་ཚད་ཀྱི་འོས་བབ་དང་བསྟུན་ནས་ཚུལ་དེ་ལ་དོ་སྣང་དང་གཟབ་ནན་བྱ་བར་རིགས་སོ། །

གསུམ་པ། ཞལ་གདམས་ཚིགས་བཅད་མ་དང་འབྲེལ་གཞུང་ཆེན་དག་སྦྱོང་པའི་གོ་རིམ་ལ་དཔྱད་པ།

དེ་ནས་རྗེ་ཙོང་ཁ་པ་དགུང་ལོ་བཅུ་དྲུག་ལ་བུད་པའི་ཚེ་ན། ཆོས་རྗེ་དོན་རིན་པ་མཆོག་གིས་བོད་རིག་པ་སྤྱི་དང་རྒྱལ་བའི་བསྟན་པ་ཐུགས་ལ་བརྣགས་ནས་གངས་རིའི་ཁྲོད་ཀྱི་གཙུག་ལག་རྣམ་གཉིས་ཀྱི་ལྟེ་བའམ་ཕ་ས་ལྟ་བུ་སྟེ་དབུས་གཙང་ལ་འབྱོན་དགོས་པའི་བཀའ་གནང་། རྗེ་ཙོང་ཁ་པ་རང་ཉིད་ཀྱང་སྤྲོ་ཤུགས་དྲག་པོས་འབྱོན་པར་བརྩམས་སོ། ། དེའི་ཚེ་ཆོས་རྗེ་དོན་རིན་པའི་ཞལ་ནས། ངས་ཁྱོད་ལ་ཆོས་ཤིག་འཆད་པ་ཡིན། ཅི་འདྲ་ཞིག་འདོད་ཅེས་གསུངས་པ་ལ། སེམས་ལ་ཕན་པའི་ཞལ་ཏ་ཞིག་ཐུགས་ལ་འདོགས་འཚལ་ཞུས་པས། ཆོས་རྗེ་ཁོང་ཉིད་འབྱུང་འགྱུར་གཟིགས་པའི་མངོན་པར་རྟོགས་པ་མངའ་བས་འབྱུང་འགྱུར་དང་མཐུན་པར་དང་པོར་ཐོས་བསམ་འདི་ལ་གྱིས། དེའི་རྗེས་སུ་འདི་ལ་གྱིས་ཞེས་སོགས་ཀྱི་རིམ་པ་དང་། དེ་ནས་དེ་དག་གི་དོན་ཉམས་སུ་ལོངས་ལ་དེ་རྗེས་གདུལ་བྱ་རྣམས་སྨིན་པར་གྱིས་ཤིག་ཅེས་པ་ཚིགས་སུ་བཅད་པའི་སྒོ་ནས་གསུངས། གདམས་པ་དེ་རྗེ་ཙོང་ཁ་པས་ཟིན་བྲིས་སུ་མཛད་ནས་བྱོན་པས་དབུས་སུ་ཕེབས་ཙམ་ནས་ཟིན་བྲིས་དེ་བོར། རྩར་བཅད་ཀྱང་མ་རྙེད། དུས་ཕྱིས་ཕལ་ཆེ་བའི་ཚིག་བསྙེལ་འདུག་ནའང་། ཐོས་བསམ་སོགས་མཛད་པའི་རིམ་པ་ཐམས་ཅད་ཆོས་རྗེའི་གསུང་དང་མཐུན་པར་བྱུང་འདུག་ཅེས་ཐུགས་སྲས་མཁས་གྲུབ་སྨྲ་བའི་ཉི་མ་ལ་གསུངས་ཤིང་།⑧ གདམས་པ་དེའི་ཚིག་ཕྱིས་ཀྱང་ཁོང་གི་ཐུགས་ན་བཞུགས་པ་ཐོ་རེ་བ་འདུག་པ་དེ་ནི་འདི་ལྟར། གཞོན་ནུ་བློ་བཟང་གྲགས་པ་ཁྱོད། ། སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན། ། སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། ། འཐུངས་པའི་བག་ཆགས་ཡོད་པར་ངེས། ། ཞེས་དང་། ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། ། རྒྱན་དུ་གྱུར་བའི་མངོན་རྟོགས་རྒྱན། ། ཐོག་མར་བསླབ་ཅིང་ནན་ཏན་བྱ། ། དེ་ལ་མཁས་པར་གྱུར་པ་ན། ། ལུང་ཆོས་ཀུན་ལ་འཕྲིགས་ཚུད་འགྱུར། ། དེ་ཡང་སེམས་ཀྱི་ཟུར་ལ་ཞོག ། དེ་ནས་བྱང་ཆུབ་སེམས་དཔའ་ཡི། ། ལམ་དང་སྤྱོད་པའི་རྣམ་གཞག་དག ། སྟོན་པར་བྱེད་པའི་མདོ་སྡེ་རྒྱན། ། མཁས་པའི་ཡན་ལག་དག་ཏུ་བསླབ། ། འཁོར་བ་མྱ་ངན་འདས་པ་ཡི། ། རྟེན་དུ་སྟོན་པའི་ཆོས་དང་ནི། ། ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང་། ། ཐོག་མ་མཐའ་མ་རྣམ་སྤངས་པའི། ། དབུ་མའི་ལམ་ནི་སྟོན་པས་ན། ། དབུས་དང་མཐའ་ནི་རྣམ་འབྱེད་དང་། ། སེམས་ཀྱི་ཆོས་ཉིད་དག་པ་ནི། ། སེམས་ཅན་ཀུན་ལ་ཡོད་པ་སྟེ། ། དེ་ཉིད་བདེ་གཤེགས་སྙིང་བོར་ནི། ། སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ། ། བྱམས་ཆོས་ལྔ་བོ་དེ་དག་ལ། ། མཁས་པར་བྱེད་པའི་གོ་ཆ་གྱིས། ། རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་། ། འབྲིང་དུ་སྟོན་པའི་རྣམ་ངེས་དང་། ། ཤིན་ཏུ་བསྡུས་པའི་རིགས་ཐིགས་ཏེ། ། ལུས་དང་འདྲ་བའི་བསྟན་བཅོས་གསུམ། ། གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་། ། རྒྱུད་གཞན་སྒྲུབ་པ་རྩོད་རིགས་ཏེ། ། འཕྲོས་པ་ཡན་ལག་ལྟ་བུ་ཟེར། ། ཆོས་ཀྱི་གྲགས་པ་ལས་བྱུང་བའི། ། ཚད་མ་སྡེ་བདུན་འཛམ་གླིང་ན། ། སངས་རྒྱས་བསྟན་པ་གསལ་བྱེད་པ། ། ཉི་མ་ཟླ་བ་ལྟ་བུར་གྲགས། ། འདི་ཡི་འོག་ཏུ་དེ་རྣམས་སློབས། ། ཞེས་དང་། དེ་ནས་འགའ་ཞིག་བསྙེལ་འདུག་ཚུལ་གསུངས། མཚམས་ཤིག་ནས། བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི། ། མཐའ་བྲལ་ཆེན་པོའི་ལྟ་བ་ལ། ། གལ་ཏེ་མོས་པ་ཡོད་གྱུར་ན། ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། ། དབུ་མ་རིགས་པའི་ཚོགས་རྣམས་དང་། ། དེ་ཡི་རྗེས་འབྲང་ཟེར་པ་ཞིག་ཡོད་དེ། ལྷག་མ་རྣམས་བསྙེལ་འདུག ། ཅེས་བཀའ་སྩལ་ཏོ། །

དེ་ལྟར་ཞལ་གདམས་འདི་ཉིད་རྗེ་རང་གི་དངོས་སློབ་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་པ་བཞིན་ཕལ་ཆེ་བའི་ཚིག་ད་ལྟ་མཇལ་དུ་མི་བཞུགས་ནའང་དེ་དག་ནི་ཞལ་གདམས་ཀྱི་རྩོམ་པའི་ཡན་ལག་ཏུ་གྱུར་པའི་མགོ་བརྗོད་དང་མཇུག་གི་རིམ་པ་རྣམས་ཡིན་ཤས་ཆེ་སྟེ། སྤྱིར་ཁོང་ཉིད་ལ་མཚོན་ན་ཞལ་གདམས་ཉིད་ཆོས་རྗེ་དོན་རིན་པས་གསུངས་རིམ་ལྟར་རྗེ་རང་གིས་ཟིན་བྲིས་སུ་བཏབ་པ་དང་། དེ་ནས་ཞལ་གདམས་ཀྱི་བརྗོད་དོན་སྙིང་པོ་ཐུགས་ལ་ཟིན་པར་གྱུར་པ་ཡིན་ངེས་པ་གཞིར་བཞག་ན་ཞལ་གདམས་གང་ཉིད་ཀྱི་གདམས་དོན་གཙོ་བོ་ཐོན་འདུག་པ་རྗེས་སུ་དཔོགས་སོ། །

གལ་ཏེ་ཆད་ཡོད་ན་མདོ་རྒྱུད་ཀྱི་གཞུང་གཉིས་ལས་རྒྱུད་ཀྱི་སྐོར་ཨེ་ཡིན་སྙམ་པ་འཆར་ཡང་རྣམ་པ་གཞན་དུ་ན་ཁོང་གི་ཐུགས་ནའང་ཟུར་ཙམ་མི་བཞུགས་པ་ག་ལ་སྲིད་སྙམ་སྟེ་དཔྱད་དོ། ། འོན་ཀྱང་དེ་དུས་ཇོ་བོ་བཀའ་གདམས་པའི་ལུགས་ལ་བཀའ་གདམས་གཞུང་དྲུག་སོགས་འཆད་མཉན་དང་ལག་ལེན་གཙོ་བོར་གནང་པའི་ཕྱིར་རྒྱུད་སྡེའི་སྐོར་གྱི་ཞལ་གདམས་མ་གསུངས་པ་ཡང་ཡིན་ཤས་ཆེ། དེ་ནས་ད་ལྟ་ངེད་ཅག་གི་མཇལ་སྐལ་དུ་ཡོད་པའི་ཞལ་གདམས་འདིར་རྐང་པ་ཞེ་བཞི་དང་ཚིགས་བཅད་བཅུ་གཅིག་བཞུགས། དེ་ཡང་ཚིགས་བཅད་དང་པོའི་ནང་དུ་ཆོས་རྗེ་དོན་རིན་པས་རང་གི་སློབ་བུས་རང་ལ་བྱིན་པའི་མྱོང་ཚོར་དང་བག་ཆགས་གསལ་བར་བསྟན་ནས་འབྱུང་འགྱུར་གྱི་རེ་བཞག་ཆེན་པོ་བཅངས་པ་གོང་དུ་བཤད་པ་ལྟར་གདུལ་བྱ་རྣམས་སྨིན་པར་གྱིས་ཤིག་ཅེས་གསུངས་པའི་ཤུགས་ལས་གོ་ནུས་སོ། །

དེ་ཡང་མཁས་པའི་ཞལ་ནས། ཆོས་མཐུན་གྲོགས་དང་དགེ་བའི་བཤེས་རྣམས་ཀྱིས། ། བསྟན་འཛིན་ཆེན་པོར་རེ་ནས་བུ་བཞིན་བསྐྱངས། ། ཞེས་པ་ལྟར་ཡིན་པ་ལས་འཇིག་རྟེན་རྒད་པོས་དགྲ་འདུལ་གཉེན་སྐྱོང་གི་སླད་དུ་བུ་ཕྲུག་གཉོར་པ་ལྟ་བུ་མིན་པ་ནི་བཤད་མ་དགོས། ཚིགས་བཅད་འདིའི་རྗེས་ན་ཆད་པ་ལྟར་སྣང་བ་ནི་གོང་དུ་ཞལ་གདམས་གནང་ཡུལ་ངོས་བཟུང་མ་ཐག་ཡིན་པས་འདིར་མཐུད་དེ་བསླབ་བྱའི་དགོས་པ་དང་བློ་ལྡན་མཉན་སྐུལ་སོགས་ཡིན་སྙམ་སྟེ། དེའི་རྗེས་དེ་མ་ཐག་ཏུ་ཞལ་གདམས་གནང་ཡོད་པ་ནི་ཡུམ་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་སྟོན་པའི་གཞུང་མཆོག་མངོན་རྟོགས་རྒྱན་དེ་ཐོག་མར་བསླབ་དགོས་པར་གདམས་ཡོད་པའི་ཕྱིར།དེ་ལ་ཅི་ཕྱིར་བསླབ་དགོས་ཤེ་ན། དེ་ལ་མཁས་པར་གྱུར་པ་ན། ། ལུང་ཆོས་ཀུན་ལ་འཕྲིག་ཚུད་འགྱུར། ། ཞེས་ཕར་ཕྱིན་གཞུང་གི་དགོས་དོན་ནི་ལུང་ཆོས་ཏེ་གཞུང་བཀའ་པོད་ཡོངས་རྫོགས་ཕར་ཕྱིན་གྱི་ཡན་ལག་དང་འཕྲོས་སུ་དོན་གྱིས་བསྟན་ཡོད་པ་ནི། ཕར་ཕྱིན་ཤེས་ན་པཎྜི་ཏའི་གྲལ་མགོ་དབང་། གསང་འདུས་ཤེས་ན་གྲུབ་ཆེན་གྱི་གྲལ་མགོ་དབང་ཞེས་རྒྱ་གར་དུ་གྲགས་ཤིང་། བོད་འདིར་ཡང་། རྣམ་འགྲེལ་ཕར་ཕྱིན་གྱི་རིགས་པ། དབུ་མ་ཕར་ཕྱིན་གྱི་ལྟ་བ། མངོན་པ་ཕར་ཕྱིན་གྱི་རྣམ་གྲངས། འདུལ་བ་ཕར་ཕྱིན་གྱི་ལག་ལེན་ཞེས་གྲགས་པ་ལྟར་གྱི་གཏན་ཚིགས་དང་བཅས་ཏེ། དེ་ཡང་སེམས་ཀྱི་ཟུར་ལ་ཞོག་ཅེས་གདམས་པའོ། །

དེའི་གྲུབ་འབྲས་ལ་ཁོང་གིས་རྒྱ་བོད་ཀྱི་གཞུང་ལུགས་སྤྱི་དང་སྒོས་སུ་རྒྱ་འགྲེལ་ཉེར་གཅིག་ཏུ་གྲགས་པ་ལ་ཞིབ་འཇུག་དཔྱད་འཇོག་གིས་སྔོན་མེད་ཀྱི་འགྲེལ་བ་ལེགས་བཤད་གསེར་གྱི་འཕྲེང་བ་ཞེས་པ་བརྩམས་ཏེ་གངས་ཅན་མཁས་པ་ཀུན་གྱི་ཐུགས་འཕྲོག་པར་བྱས་སོ། །

དེ་ནས་མདོ་སྡེ་རྒྱན་གྱི་བརྗོད་དོན་ངོས་བཟུང་ནས་དེ་ཉིད་མཁས་པའི་ཡན་ལག་ཏུ་བསླབ་དགོས་པར་གདམས། དེ་ནས་ཆོས་དང་ཆོས་ཉིད་རྣམ་འབྱེད། དེ་ནས་དབུས་མཐའ་རྣམ་འབྱེད། དེ་ནས་སེམས་ཅན་ཀུན་གྱི་རྒྱུད་ན་སེམས་ཀྱི་ཆོས་ཉིད་དེ་རང་བཞིན་གནས་རིགས་ཡོད་པ་དེ་ཉིད་ཁམས་བདེ་གཤེགས་སྙིང་བོར་སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ་སྟེ་བྱམས་ཆོས་ལྔ་བོར་ཡ་མ་བྲལ་བར་རང་རང་གི་བསྟན་དོན་སྡོམ་དུ་བསྡུས་ཏེ་བསྟན་ནས་མཁས་པར་བྱེད་པའི་གོ་ཆ་ལྟ་བུ་གྱིས་ཞེས་གདམས་པའོ། །

འདིར་ནི་ཆོས་རྗེ་དོན་རིན་པ་ཁོང་ཉིད་ཀྱིས་བོད་སྔ་རབས་པའི་མཁས་པ་དག་ཁམས་བདེ་གཤེགས་སྙིང་པོ་འགྲེལ་སྟངས་ལ་རྟ་མོག་མོག་གི་སྤུ་ལྟར་གྱུར་ཡོད་པ་ལས་རང་གི་ཐུན་མོང་མ་ཡིན་པའི་བཞེད་སྟངས་གང་ཡིན་གསལ་བར་གསུངས་ཤིང་དེ་ཉིད་ཀྱི་དགོངས་པ་དང་མཐུན་པར་རྗེ་ཙོང་ཁ་པས་ཀྱང་ལེགས་བཤད་གསེར་འཕྲེང་དུ་དེ་ལྟར་རྩལ་བཏོན་ནས་བཀྲལ་ཡོད་པའི་ཕྱིར་ཏེ། ལེགས་བཤད་གསེར་གྱི་འཕྲེང་བ་ལས། དེ་ལ་སྤྱིར་སེམས་ཅན་གྱི་ཤེས་རྒྱུད་ལ་ཡོན་ཏན་སྐྱེར་རུང་ཞིང་། སྒྲིབ་པ་སྤང་དུ་རུང་བའི་རྒྱུ་ཙམ་ཞིག་རིགས་སུ་འཇོག་པར་དབུ་སེམས་གཉིས་ཀ་བཞེད་པ་མཐུན་ཞིང་།⑨ ཞེས་དང་། དེས་ན་དབུ་མ་པ་ནི་སེམས་ཀྱི་རང་བཞིན་གཤིས་ལ་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་དེ་རྟོགས་པ་ན་ཐ་སྙད་དུ་སྒྱུ་མ་ལྟ་བུའི་འཛིན་པ་མཐའ་དག་ཞི་བར་འགྱུར་ཞིང་སྒྱུ་མ་ལྟ་བུའི་གཉེན་པོ་མཐའ་དག་སྐྱེ་བར་འགྱུར་བས། སེམས་ཀྱི་རང་བཞིན་དེ་ཉིད་ལ་ཀུན་རྫོབ་ཀྱི་ངོས་ནས་སྒྲོ་བཏགས་ཏེ་འདི་ནི་རང་བཞིན་དུ་གནས་པའི་རིགས་སོ་ཞེས་འཇོག་གོ །⑩ ཞེས་གསུངས་པ་བཞིན་རིགས་འཇོག་ཚུལ་འདི་ལ་ཡབ་སྲས་དགོངས་པ་གཅིག་ཏུ་བབས་ཡོད་པ་ཤེས་ཐུབ་པ་ཡིན་ནོ།།

དེས་ན་ཐེག་ཆེན་རྒྱུད་བླ་མ་ལ་འགྲེལ་པ་རྨད་དུ་བྱུང་བ་མཛད་ཡོད་པ་ཡང་ཕྱིས་སུ་བྱ་ཁྱུང་དུ་པར་དུ་བཀོད་མོད། སྐབས་དེར་མ་ཕྱི་ཡང་རྗེ་ཐར་ཤུལ་རིན་པོ་ཆེའི་ཕྱག་དཔེ་ལས་གདན་དྲངས་པར་བཤད་ཅིང་། འགྲེལ་བ་དེར་བཀའི་དགོངས་འགྲེལ་ཇི་ལྟར་བྱུང་ཚུལ་བཤད་སྐབས། བཀའ་སོ་སོའི་འགྲེལ་བ་ཇི་ལྟར་བྱུང་ཚུལ་ནི་ཁོ་བོས་བྱས་པའི་རིན་ཆེན་ཐེམ་སྐས་སུ་ཅུང་ཟད་བརྗོད་ཟིན་པས་དེར་བལྟ་བར་བྱའོ། ། ཞེས་ཀྱང་འབྱུང་བས་བཀའ་རྩོམ་འདི་འདྲ་གཞན་ཡང་བརྩམས་ཡོད་པ་གསལ་མོད་དིང་སང་མཇལ་དུ་མེད་པས་ད་དུང་རྩར་གཅོད་གནང་དགོས་པ་འུ་ཅག་ཕྱི་རབས་པ་དག་གི་ལས་སུ་ཆེའོ། །

དེ་ནས་ཚད་མ་རྣམ་འགྲེལ་རྣམ་ངེས་རིགས་ཐིགས་ཏེ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གཏན་ཚིགས་ཐིགས་པ་འབྲེལ་བ་བརྟག་པ་རྒྱུད་གཞན་སྒྲུབ་པ་རྩོད་པའི་རིགས་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་དུ་གྲགས་པ་ནི་འཛམ་གླིང་རིགས་པའི་རྒྱལ་པོོ་དཔལ་ཆོས་ཀྱི་གྲགས་པ་མཆོག་གིས་ཐུབ་པའི་བསྟན་པ་གསལ་བར་བྱེད་པ་ལ་འཛམ་བུའི་གླིང་ན་ཉི་ཟླ་ལྟར་གྲགས་པ་ལ་སློབས་ཞེས་གདམས་པའོ། ། གདམས་དོན་ལྟར་ཁོང་གིས་སྐབས་དེ་དུས་ཙམ་ན་འུ་ཡུག་པ་རིགས་པའི་སེངྒེས་མཛད་པའི་རྣམ་འགྲེལ་རིགས་མཛོད་ཞིབ་པར་གཟིགས་ནས་ཡིད་ཆེས་དང་དགའ་ཚོར་དཔག་མེད་བྱུང་སྟེ་སྤྱན་ཆབ་མང་དུ་ཤོར་པ་ལ་དགོངས་གཞི་རྒྱ་ཆེན་འདུག །

འདི་ནི་སྐབས་དེར་རྗེ་བླ་མ་ཙོང་ཁ་པ་ལ་དངོས་སུ་གདམས་པ་ཡིན་མོད་དོན་གྱིས་ངེད་ཅག་བོད་རིག་པ་ལ་དོན་གཉེར་བྱ་མཁན་སྤྱི་དང་བྱེ་བྲག་ཀུན་ལ་གདམས་པའི་དོན་པོར་ཤེས་པར་བྱ་དགོས་ཏེ། ཆེས་རྟོགས་དཀའ་ཞིང་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་སྟོན་པའི་རྒྱལ་བའི་བསྟན་པའི་གསལ་བྱེད་དམ་ལྡེ་མིག་ལྟ་བུར་གྱུར་ན། རིག་པའི་གནས་གཞན་ཏེ་བརྡ་སྤྲོད་དང་བཟོ་རིག གསོ་རིག་དང་སྐར་རྩིས་སོགས་འཆད་རྩོད་རྩོམ་པ་གང་ལ་ཡང་རིགས་ལམ་དང་གཏན་ཚིགས་ཀྱིས་ཕྱུག་པ་མེད་མི་རུང་བ་དང་། དེ་ལས་ཀྱང་དེང་གི་རྩིས་དངོས་རྫས་གསུམ་དང་ཚན་རིག་ལོ་རྒྱུས་ས་ཁམས་རིག་པ་གང་ལ་ཡང་རིགས་ལམ་འདིས་མ་ཁྱབ་པ་དང་མི་འཁྲོལ་པ་ཞིག་མ་མཆིས་པ་བཤད་མ་དགོས་ལ། དེ་ལྟར་དེང་གི་སློབ་གྲྭ་ཆེ་འབྲིང་འགར་བསྡུས་གྲྭ་ནས་བཟུང་བསླབ་མགོ་ཚུགས་ཏེ་རིམ་བཞིན་དེ་ཉིད་རིག་ཚན་གཞན་པར་བེད་སྤྱོད་གཏོང་བཞིན་པ་འདིས་རིག་གནས་དོན་གཉེར་མཁན་ལ་བློ་སྒོ་ཕྱེ་བྱུང་བ་དངོས་ཐོག་བདེན་དཔང་བྱས་ཡོད་པ་མཐོང་གསལ་ལོ། །

དེས་ན་དེང་གི་ཞིབ་འཇུག་པར་རློམ་པ་དང་མཁས་གྲལ་དུ་འཚང་པ་འགའ་རེས་རིག་གཞུང་འདི་ཉིད་རང་གིས་མ་སྦྱངས་པའི་གནོངས་འགེབ་ཏུ་སྲོལ་རྒྱུན་གྱི་རྩོད་རིག་རྐྱང་བ་དང་དེང་གི་ལོ་རྒྱུས་དང་རྩོམ་རིག་སོགས་ལ་འབྲེལ་མེད་དོན་གཞན་ཞེས་བཟུང་ཞིང་བསྒྲགས་ནས་བསྡུས་གྲྭ་སྦྱང་མི་དགོས་པ། ཚད་མ་སྦྱང་མི་དགོས་པར་མ་ཟད། དེ་ཉིད་བསླབ་ཁྲིད་འཆར་གཞི་ལས་ཕྱིར་སྐྲོད་ཀྱི་ངལ་བ་བསྟེན་མཁན་དག་ལ་ཞལ་གདམས་གང་ཉིད་ཅོང་བརྡའི་ཚུལ་དུ་རྗེས་ཟློས་བྱས་པ་ལ་དགྱེས་བཞེས་མཛད་པར་ཅི་གནང་།

དེ་ནས་བར་འདིར་འགའ་ཞིག་ཆད་འདུག་པ་ནི་གོང་གི་གཞུང་རྣམས་ལ་དཔགས་ཏེ་རིམ་པ་བྱས་ན་ཆོས་མངོན་པ་གོང་འོག་ལ་བསླབ་པར་གདམས་ཡོད་ཤས་ཆེ་སྟེ། དེ་ཡང་རྗེ་བླ་མ་རང་གི་སློབ་གཉེར་རྣམ་ཐར་ལས་ཤེས་པའི་ཕྱིར། དེ་ཡང་མངོན་པ་གོང་འོག་ལ་མཁས་པ་ཆེན་པོ་ཉ་དབོན་པ་ཡབ་སྲས་ཀྱི་མདུན་ནས་སྦྱངས་ཤིང་མཐར་ཕྱིན་ཏེ་འབྲས་རྟགས་ཀྱི་བརྩམས་ཆོས་གནང་བར་དགོངས་པ་ན་རེ་ཞིག་མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ཉིད་ཐུགས་ལ་བབས་ནས་དེ་ཉིད་ཀྱིས་ཆོག་པར་མཛད་ལ། མངོན་པ་འོག་མ་མཛོད་ལ་སྲས་ཀྱི་ཐུ་བོ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་ཁོང་གིས་ཁྲིད་པ་ཇི་ལྟ་བར་རིམ་བཞིན་ཟིན་བྲིས་མཛད་པ་སྟེ། མཛོད་འགྲེལ་ཐར་ལམ་གསལ་བྱེད་ཅེས་པ་དང་། མངོན་པ་གོང་མ་ལ་རང་གིས་ཁྲིད་པ་བཞིན་རྒྱལ་ཚབ་ཀྱིས་ཟིན་བྲིས་མཛད་པ་གཞི་བྱས་ནས་བརྩམས་པའི་ཀུན་བཏུས་དར་ཊཱིཀ་ཏུ་གྲགས་པ་དེའོ། །

དེ་ནས། བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི། ། ཞེས་རྗེ་བླ་མའི་མཚན་ཡིག་དང་བཅས་ཏེ་རྒྱལ་བའི་གཞུང་གི་མཐར་ཐུག་གི་དགོངས་པ་མཐའ་བྲལ་དབུ་མའི་ལྟ་བ་སློབ་པ་ལ་མོས་པ་ཡོད་ན་ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་པའི་ཚོགས་ལྔའམ་དྲུག་སྟེ། (བོད་སྔ་རབས་པའི་མཁས་པ་རྣམས་ཀྱིས་རིགས་ཚོགས་ལྔར་འདོད། བུ་སྟོན་གྱིས་སྟོང་ཉིད་བདུན་ཅུ་པ་རྩ་བར་འདོད་ཅིང་རྩ་ཤེ་འཕྲོས་སུ་བཞེད། རྗེ་ཙོང་ཁ་པས་རིན་ཆེན་ཕྲེང་པ་བསྣན་ཏེ་དྲུག་ཏུ་བཞེད་ཅེས་མཁས་གྲུབ་རྗེས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་དུ་གསལ་ལོ། །)དེ་དག་དང་། དེ་ཡི་རྗེས་འབྲང་ཞེས་པས་དབུ་མ་རིགས་ཚོགས་ཀྱི་ཁར་དེའི་དགོངས་འགྲེལ་དབུ་མ་བཞི་བརྒྱ་པ་སྟེ་གཞུང་ཕྱི་མོའི་དབུ་མ་དང་། དེ་ནས་འགྲེལ་བ་སངས་རྒྱས་བསྐྱངས། ཟླ་བའི་ཚིག་གསལ་དང་འཇུག་པ་རྩ་འགྲེལ། ལེགས་ལྡན་གྱི་ཤེས་རབ་སྒྲོན་མེ་དང་དབུ་མ་སྙིང་བོ། རྟོག་གེ་འབར་བ། ཞི་བ་འཚོའི་དབུ་མ་རྒྱན། ཀ་མ་ལ་ཤཱི་ལའི་དབུ་མ་སྣང་བ་དང་ཡེ་ཤེས་སྙིང་བོའི་དབུ་མ་བདེན་གཉིས་སོགས་དབུ་མའི་རྫོང་ཆེན་བཅུ་བདུན་ལ་བསླབ་པར་གདམས་པ་གོང་ལྟར་གཏན་ཚིགས་ཀྱིས་བསྒྲུབས་ཏེ་བཤད་པ་ཤེས་སོ། །

དེ་ནས་ལྷག་མ་རྣམས་བརྗེད་འདུག་ཅེས་གསུངས་པ་ནི་གོང་ནས་ཞུས་པ་བཞིན་རྒྱལ་བསྟན་ནང་མཛོད་དམ་པ་འདུལ་བའི་གཞུང་འདུལ་བ་མདོ་རྩ་རྒྱ་ཆེར་འགྲེལ་དང་། ཀུན་མཁྱེན་མཚོ་སྣ་པ་ཤེས་རབ་བཟང་པོས་མཛད་པའི་འདུལ་ཊཱིཀ་ཉི་མའི་འོད་ཟེར་བཅས་ལ་བསྐུལ་པ་ཡིན་སྙམ་སྟེ་འདུལ་བ་རྒྱ་ཆེར་འགྲེལ་ཐུགས་ལ་བཟུང་ནས་སྐུ་བསྙེལ་བ་སོགས་འོ་བརྒྱལ་ཚད་མེད་པ་བཞེས་ཚུལ་ཁོང་གི་རྣམ་ཐར་དག་ཏུ་ཞབས་རྗེས་ཀྱི་རི་མོ་འུ་ཅག་གི་ཆུ་བུར་མིག་གི་དགའ་སྟོན་དུ་གསལ་བ་ལྟར་རོ། ། དེ་ནས་དངོས་སློབ་དག་གིས་རྗེ་ཉིད་ལ་འདུལ་གཞུང་རྩོམ་སྐུལ་ཕུལ་བར་ཁོང་གིས་འདུལ་བ་མཚོ་ཊཱིཀ་གང་ཉིད་ཞལ་བཞེས་རང་ལུགས་ལ་བཟུང་རིགས་པར་གདམས་པ་ལྟར་རོ། །

ཞལ་གདམས་ཀྱི་དོན་བཞིན་སྦྱངས་པའི་རིམ་པ་དེ་ལྟར་དུ་མཛད་པ་རྣམ་ཐར་ལས་གསལ་བ་བཞིན་རྗེ་ཙོང་ཁ་པ་ཁོང་ཉིད་ཀྱི་བར་རག་ཏུ་བོད་ཀྱི་ནང་དོན་རིག་པ་བསླབ་པའི་གོ་རིམ་ནི་ཐོག་མར་བྱམས་ཆོས་ནས་ཡིན་པ་གསལ་ཅིང་། རྗེ་ཙོང་ཁ་པ་རང་ཉིད་ཀྱིས་ཉམས་མྱོང་ཚད་མ་ལག་ལེན་བྱས་པའི་རྐྱེན་གྱིས་ཁོང་གིས་ཕྱི་རབས་སློབ་གཉེར་པ་དག་ལ་དེང་ཕྱིན་ནས་བཟུང་ཐོག་མར་ཚད་མ་སྡེ་བདུན་གྱིས་རིགས་པའི་གསང་གནད་ཕྱེ། དེ་ནས་ཕར་ཕྱིན་དབུ་མ་མཛོད་འདུལ་སྔགས་སོགས་ལ་རིམ་གྱིས་བསླབས་དང་སློབ་བཞིན་པའི་སྲོལ་འདི་བཏོད་ཅིང་བསྐྱངས་པ་ཡིན་པར་སེམས་སོ། །

དེ་ལྟར་ཡང་བོད་ཀྱི་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གིས་གཙོ་མཛད། དེའི་རྗེས་འཇུག་ཏུ་གྱུར་པའི་མཐའ་དབུས་ཀྱི་མཚན་ཉིད་གྲྭ་ས་ཐམས་ཅད་ཀྱི་སློབ་གཉེར་གྱི་སྔ་ཕྱིའི་གོ་རིམ་དེ་ལྟར་ཡིན་ནོ། །

དེ་ལ་བརྟེན་ནས་གངས་རིའི་ཁྲོད་ཀྱི་ཆོས་བརྒྱུད་ཆེན་མོ་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་ཇོ་ནང་སོགས་སུ་ཡང་འདི་ལུགས་བཞིན་སློབ་གཉེར་གྱི་རྣམ་ཐར་བསྐྱང་དང་སྐྱོང་བཞིན་པ་བཅས་འདི་དག་ཡོད་ཚད་ཆོས་རྗེ་དོན་རིན་པའི་སྲས་མཆོག་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་སློབ་གཉེར་སྲོལ་ལུགས་ལས་བརྒྱུད་དེ་འོངས་པའི་འཕྲིན་ལས་ཉག་གཅིག་ཏུ་ངེས་པས་སྐུ་དྲིན་དེ་ཉིད་ཁ་བ་རི་པ་རྣམས་ཀྱིས་བསྐལ་བའི་མཐར་ཡང་གཞལ་དཀའ་བ་ཉིད་དོ། །

དེ་ལྟ་ན་ཆོས་རྗེ་ཉིད་ཀྱི་ཞལ་གདམས་ངོ་སྤྲོད་དེ་ཙམ་བྱས་ནས་ད་ནི་ཞལ་གདམས་གང་ཉིད་ཀྱི་གོ་རིམ་དང་བརྗོད་དོན་ལ་དཔྱད་ན་མི་ལོ་དྲུག་བརྒྱ་ལྷག་གི་ཡར་སྔོན་གྱི་སློབ་གཉེར་འགྲོ་ཕྱོགས་རགས་ཙམ་ཤེས་ཤིང་། དེ་ལ་བརྟེན་ནས་སྐབས་དེའི་གངས་ཅན་ཡུལ་གྱི་རིག་གནས་ཀྱི་མངའ་ཐང་དང་དར་རྒྱས་ཀྱང་ཇི་ཙམ་ཡིན་པ། ཤེས་རིག་གི་རིན་ཐང་ག་ཙམ་ཡིན་པ་སོགས་ཀྱང་བློ་ལ་ཅུང་ཟད་འབབ་ཐུབ་བོ། ། དེ་བས་སྐབས་དེའི་རིག་གནས་དང་དེང་གི་ཤེས་རིག་གི་གནས་བབ་ལ་ཡང་བསྡུར་ན་བར་ཁྱད་ཇི་འདྲ་བྱུང་བ། འགྱུར་བ་ག་ཙམ་བྱུང་ཡོད་པ་གསལ་བོར་རྟོགས་པས་སྔོན་བྱོན་མཁས་པ་དག་གི་རིག་པའི་གནས་ཀྱི་དགོས་དོན་དང་སྦྱངས་པའི་གོ་རིམ་གྱི་ཉམས་མྱོང་བཤུལ་ལམ་དག་ལ་ཨ་ཕའི་ཕོར་བ་གཙང་ཞེན་ལྟ་བུ་མིན་པར་བླང་དོར་ཡོད་པའི་སྒོ་ནས་འཇུག་ལྡོག་ལ་བརྩོན་དགོས་པར་འདོད་དོ། །

① ཁྱུང་ཕྲུག་བློ་བཟང་དར་རྒྱས།  མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ན་ཕྱག་ལས་གནང་བཞིན་ཡོད།

② ཀུན་མཁྱེན་འཇམ་དབྱངས་བཞད་པ། འཇིགས་བྱེད་ཆོས་འབྱུང་། གསུང་འབུམ་ཅ་དུམ་པ། [M].བླ་བྲང་ཤིང་པར་མ། ;103

③ ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། རྗེ་ཙོང་ཁ་པའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་བཞུགས། [M].ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011 ;42

④ དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད།[M]. ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002:365.

⑤མཚོ་སྔོན་མི་རིགས་སློབ་ཆེན་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས། དེབ་དང་པོ།[M].ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:507.

⑥ མཚོ་སྔོན་མི་རིགས་སློབ་ཆེན་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས། དེབ་གསུམ་པ།[M].ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:44.

⑦ མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །[M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982:10.

⑧ མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་པའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །[M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982:16.

⑨ རྗེ་ཙོང་ཁ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །[M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986:339.

⑩ རྗེ་ཙོང་ཁ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །[M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986:339-340.

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།