བོད་ཀྱི་ཟློས་གར་རྩོམ་རིག་ལས《འགྲོ་བ་བཟང་མོ》དང་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་མདོ་ཙམ་བརྗོད་པ།

[གནད་བཏུས]དཔྱད་རྩོམ་འདིར་ཟློས་གར་རྩོམ་རིག《འགྲོ་བ་བཟང་མོའི》ངོ་མཚར་བརྗོད་དོན་གཞིར་བཟུང་སྟེ། རྩོམ་རིག་གཞུང་ལུགས་ལ་རྣམ་པར་སྦྱར་ནས་གང་དེའི་བསམ་བློའི་རང་བཞིན་གནད་དུ་བསྡུས་ཏེ་བསྟན་ཡོད་པ་དང་། ཐུན་མིན་སྒྱུ་རྩལ་ཁྱད་ཆོས་རྣམ་པ་བཞིའི་སྒོ་ནས་སྤྲོས་འདུག་གོ །

[གནད་ཚིག] ཟློས་གར་རྩོམ་རིག། གཏམ་རྒྱུད། སྒྱུ་རྩལ་ཁྱད་ཆོས། བསམ་བློའི་རང་བཞིན།

དེ་ཡང་ཟློས་གར་རྩོམ་རིག《འགྲོ་བ་བཟང་མོ》ཞེས་པ་ནི་བོད་ལྗོངས་དབུས་སྟོད་མོན་ཡུལ་རྟ་དབང་ཞེས་བྱ་བ་རུ་བྱུང་བའི་དམངས་ཁྲོད་གཏམ་རྒྱུད་གཞིར་བཟུང་ནས་ལེགས་བསྒྲིགས་མཛད་པ་ཞིག་ཡིན་ཞིང། དུས་ཡུན་རིང་བོའི་འཁྲབ་སྟོན་ལག་ལེན་ཁྲོད་དུ་སྒྲིག་གཞི་ཚད་ལྡན་ཡིན་ལ། བརྗོད་དོན་ཕུན་སུམ་ཚོགས་པ། ཁྱད་ཆོས་འབུར་དུ་ཐོན་པའི་འཁྲབ་གཞུང་ཕུལ་དུ་ཕྱིན་པ་ཞིག་ཏུ་གྱུར་ཡོད། ལར་བོད་ཀྱི་ལྷ་མོའི་ཟློས་གར་ནི་བོད་མི་རིགས་ཀྱི་ངོ་མཚར་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཡིན་ཕྱིར། དེ་ནི་ཐོག་མར་བོད་རིགས་དམངས་ཁྲོད་ཀྱི་གླུ་གཞས་དང་། ཞབས་བྲོ། གཏམ་བརྗོད་ཟློས་གར་སོགས་ཀྱི་རྨང་གཞིའི་སྟེང་ནས་རིམ་བཞིན་བྱུང་ཞིང་འཕེལ་རྒྱས་སུ་སོང་བ་ཞིག་ཡིན་པ་དང་། བོད་ཀྱི་ལྷ་མོའི་ཟློས་གར་གྱི་འཁྲབ་སྟོན་སྒྱུ་རྩལ་ནི་བོད་ཀྱི་བཙན་པོའི་དུས་སྐབས་ནས་བཟུང་རིག་པའི་དཔལ་དུ་མཆིས་པ་ནི་ལོ་རྒྱུས་དེབ་ཐེར་དག་གི་ཟུར་དང་ངོས་སུ་ཅུང་ཟད་ཙམ་རེ་བསྟན་འདུག་པ་ལྟར་ཡིན་ཞིང་། གྲུབ་ཐོབ་པ་ཐང་སྟོང་རྒྱལ་བོས་སྐྱེས་འབྲས་ཡག་ཅིང་གླུ་གར་ལ་མཁས་པའི་བུ་མོ་སྤུན་བདུན་ལ་ཟློས་གར་འཁྲབ་སྟོན་སྒྱུ་རྩལ་བསླབ་ཁྲིད་མཛད་པ་ནས་བཟུང་བོད་ཀྱི་ལྷ་མོའི་ཟློས་གར་སྒྱུ་རྩལ་ནི་འཕེལ་རྒྱས་གསར་བ་ཞིག་གི་ལམ་དུ་བསྐྱོད་མགོ་བརྩམས་པ་དང། རིམ་བཞིན་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ལ་སོགས་པ་དར་རྒྱས་བྱུང་ངོ་། །

འདིར་དགོས་ཆེད་དུ་གསལ་ཁ་ཆོད་པར་བཤད་དགོས་པ་ཞིག་ནི། ལྷ་མོའི་ཟློས་གར་དང་དགོན་པའི་འཆམ་གཉིས་ནི་མཚོན་བྱ་དོན་དང་མཚོན་ཚུལ་ཐབས་གཉིས་ཀྱི་ཆ་ནས་ཐ་དད་པ་ཡིན་ཏེ། འཆམ་ནི་སྔོན་གྱི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ཆོས་འཁོར་བསྐོར་སྐབས། གསང་སྔགས་ཀྱི་ལྷ་སྐུའི་བཀོད་པ་སྣ་ཚོགས་ཤིག་མངོན་པར་བསྟན་པ་རྣམས་སྐུ་བརྙན་དུ་མཛད་པ་དང་། ཞལ་ཐང་དུ་བྱུང་བ། ཞལ་འབག་ཏུ་བཞེངས་པ་རྣམས་ནི་ཕྱིས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་དགོན་སྡེ་དག་གིས་གསང་སྔགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་མཛད་སྐབས་ཞི་ཁྲོའི་ལྷ་རྣམས་ཀྱི་ཆས་སུ་ཞུགས་ནས་སྦྱིན་བསྲེགས་ལྡུག་པ་དང་། ལྕགས་མཁར་བསྲེགས་པ། གཏོར་ཟོར་འཕེན་པ་བཅས་དང་ཉེ་བར་འབྲེལ་ནས་འཆམས་དང་འཆམ་གྱིན་པ་དེ་ཡིན་ཕྱིར། བོད་ཀྱི་ལྷ་མོའི་ཟློས་གར་དང་གཏན་ནས་མི་འདྲའོ། ། བོད་ཀྱི་ལྷ་མོའི་ཟློས་གར་དང་དགོན་པའི་འཆམ་གཉིས་ནི་ནང་དོན་དང་རྣམ་པ་གཉིས་ཀྱི་ཐད་ནས་ཐ་དད་ཡིན་པའི་སྐོར་ལ་མཁས་པ་བློ་བཟང་རྡོ་རྗེ་ལགས་ཀྱིས《བོད་ཀྱི་ལྷ་མོའི་ཟློས་གར་གྱི་སྒྱུ་རྩལ་སྐོར་གླེང་བ》ཞེས་པའི་དཔྱད་རྩོམ་དུ། འཆམ་ཞེས་པ་ནི་བོད་ཀྱི་བོན་པོའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་གཉིས་ཀར་ཡོད་པ་ཞིག་ཡིན་ཞིང་། དེ་དང་བོད་ཀྱི་དམངས་ཁྲོད་ནས་བྱུང་བའི་ལྷ་མོའི་ཟློས་གར་གཉིས་ནི་གཏན་ནས་མི་འདྲ་བའི་རྒྱུ་མཚན་བཞི་ཡོད་དེ། དེ་ནི་དེ་དག་གི་ཐོག་མའི་འབྱུང་ཁུངས་མི་འདྲ་བ་དང་། འཁྲབ་སྟོན་གྱི་སྒྱུ་རྩལ་མི་འདྲ་བ་དང་། གླུ་དབྱངས་ཀྱི་འགྱུར་ཁུགས་མི་འདྲ་བ་དང། རོལ་མོའི་ཆིངས་མི་འདྲ་བ་བཅས་སོ་ཞེས་དང་། སངས་རྒྱས་ཆོས་ལུགས་ཀྱི་གར་འཆམ་ནི་སྟོན་པ་ཤཱཀྱ་མུ་ནེས་གསུངས་པའི་གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་ནང་གི་རྣལ་འབྱོར་རྒྱུད་དང་བླ་མེད་རྒྱུད་འགའ་ཞིག་ལས་བྱུང་བའི་རྡོ་རྗེ་གར་ཞེས་པ་དེ་ཡིན། དེ་ཐོག་མར་བོད་དུ་དར་སྤེལ་མཛད་པ་པོ་ནི་སློབ་དཔོན་པདྨ་སམ་བྷ་ཝ་དང་མཁན་པོ་བོ་དྷི་ས་ཏྭ་གཉིས་ཡིན་ཞིང་། ཁོང་རྣམ་པ་གཉིས་བོད་དུ་ཕེབས་ནས་བསམ་ཡས་གཙུག་ལག་ཁང་ལ་རབ་གནས་མཛད་སྐབས་རྒྱུད་དང་མཐུན་པའི་རྡོ་རྗེའི་གར་མཛད་པ་དང་། བསྟན་པ་ཕྱི་དར་གྱི་སྐབས་སུ། མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་སྐུ་མཆེད་ཀྱིས་མཐོ་ལྡིངས་གཙུག་ལག་ཁང་བཞེངས་ཤིང་། གསང་སྔགས་ཀྱི་རྒྱུད་མང་པོ་རྒྱ་གར་ནས་བོད་སྐད་དུ་ལེགས་པར་བསྒྱུར་རྗེས། ལོ་ཙཱ་པ་རིན་ཆེན་བཟང་པོས་རྒྱུད་སྡེའི་དགོངས་པ་དང་མཐུན་པའི་རྡོ་རྗེའི་གར་གྱི་རིགས་དར་སྤེལ་མཛད་པ་དང་། དེ་བཞིན་དུ་ས་སྐྱ་པ་དང་། བཀའ་རྒྱུད་པ། རྙིང་མ་པ་སོགས་གྲུབ་མཐའ་མང་པོ་ཞིག་ལ་རང་རང་གི་ཕྱག་བཞེས་སུ་ཡོད་པའི་གར་འཆམ་མང་པོ་ཞིག་ཡོད་པ་རྣམས་ཀྱང་སྟོན་པ་ཤཱཀྱ་མུ་ནེས་གསུངས་པའི་རྒྱུད་སྡེའི་དགོངས་པ་དང་མཐུན་པར་མཛད་པ་ཡིན་པས། དེ་དག་ལ་རང་རང་སོ་སོའི་ཁུངས་རེ་ཡོད་པ་རེད་ཅེས་ཁུངས་ལུང་ལྡན་ལ་གསལ་ཁ་ཆོད་པར་གསུངས་པ་དེ་ལྟར་ཡིན་པ་རྟོགས་དགོས་སོ། །

དང་པོ། 《འགྲོ་བ་བཟང་མོའི》བརྗོད་དོན་མདོར་བསྟན་པ།

དེ་ཡང་ཡུལ་མཎྜལ་སྒང་ཞེས་བྱ་བ་ན། བྲམ་ཟེ་རིགས་ཀྱི་རྒན་རྒོན་གཉིས་བཞུགས་པ་ལ། ཡབ་ཀྱི་མཚན་ལ་བྲམ་ཟེ་བློ་བོ་དང་། ཡུམ་གྱི་མཚན་ལ་བྲམ་ཟེ་མཛེས་མ་ཟེར་ཞིང་། ཡབ་ཡུམ་འདི་གཉིས་ལ་བཀྲ་ཤིས་པའི་ལྟས་དང་བཅས་པར་སྲས་མོ་ཞིག་འཁྲུངས་ཏེ་ཞལ་ནས་མ་ཎི་ཡིག་དྲུག་གསུངས་བྱུང་བ་དང་། བར་སྣང་ཁམས་སུ་འཇའ་འོད་ཀྱི་གུར་ཁང་ཕུབ་ཅིང་། མ་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་འདུས་ནས་མགྲིན་གཅིག་ཏུ་མཚན་ལ་མཁའ་འགྲོ་མ་འགྲོ་བ་བཟང་མོ་ཞེས་གསོལ།

དེ་ནས་དུས་ནམ་ཞིག་གི་ཚེ། ཡུལ་མཎྜལ་སྒང་གི་རྒྱལ་པོ་ཀཱ་ལ་དབང་པོས། མདའ་གཞུ་ནི་བཏགས། བློན་འབངས་རྣམས་དང་། ཁྱི་མོ་ལྕགས་ཕྲ་འབ་ཤེས་དེ་ཁྲིད་ནས་རི་དྭགས་རྔོན་པར་སོང་ངོ་། ། ཉིན་དེར་རི་ལུང་གང་མང་མྱུལ་ནས་རི་དྭགས་ཁ་ཤ་མང་པོ་ཞིག་བསད་པ་དང། དེ་ནས་ཉི་མ་ནུབ་ནས་གྲིབ་མ་ས་གཞི་ལ་གོན་པའི་མཚམས་དེ་ལ། ཁྱི་མོ་ལྕགས་ཕྲ་འབ་ཤེས་དེ་ཉིད་གར་སོང་ཆ་མེད་དུ་གྱུར་པ་ལ། བློན་འབངས་རྣམས་ཀྱིས་ཕྱོགས་ཀུན་ཏུ་བཙལ་ནས་མ་རྙེད་དོ། ། ཕྱིའི་ཉིན་མོའི་ནམ་མཁའ་ལངས་པའི་ཚེ། ཉི་མ་ཤར་ཕྱོགས་ཀྱི་ནགས་གསེབ་སྟུག་པོ་ཞིག་ཏུ་ཕྱིན་པ་ན། ཁང་པ་ཆུང་ཆུང་བཀོད་པ་ལེགས་པ་ཞིག་མཐོང་ནས། རྒྱལ་པོ་དང་མཉམ་དུ་དུད་ཁྱིམ་དེར་ཕེབས་ནས་ཁྱི་མོ་བཙལ་བ་ལ། ཁྱི་མོ་མ་རྙེད་པར། དུད་ཁྱིམ་དེའི་གཟིམ་ཆུང་ནང་དུ་བྱོན་པའི་ཚེ། གཡུ་ཁྲིའི་སྟེང་ན། མིའི་བུ་མོ་མི་འདྲ་བ་ལྷའི་སྲས་མོ་འདྲ་བ། མཐོང་བ་ཙམ་གྱིས་ཡིད་འཕྲོག་པ། ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཞིག་བཞུགས་པ་མཐོང་བས། རྒྱལ་པོས་རང་གི་བཙུན་མོར་འདོད་ནས་བྲམ་ཟེ་རྒན་རྒོན་གཉིས་ལ། བུ་མོ་འགྲོ་བ་བཟང་མོ་འདི་ཉིད་ཅིས་ཀྱང་ང་རྒྱལ་པོའི་བཙུན་མོར་སྟེར་དགོས་ཞེས་བཀའ་གསུང་བཙན་པོ་གནང་སྟབས། འགྲོ་བ་བཟང་མོ་རྒྱལ་པོའི་བཙུན་མོ་བྱེད་འདོད་མེད་ན་ཡང་། ཡབ་ཡུམ་གཉིས་ཀྱི་བཀའ་གསུང་ཇི་བཞིན་རྒྱལ་པོའི་ཁྱིམ་ལ་བྱོན་རྒྱུ་ཞལ་གྱིས་བཞེས་སོ། །

དེ་ནས་འགྲོ་བ་བཟང་མོར་སྲས་མོ་ཞིག་འཁྲུངས་ཏེ། མཚན་ལ་ལྷ་ཅིག་ཀུན་ཏུ་བཟང་མོ་གསོལ། སྲས་མོ་དགུང་ལོ་གསུམ་ལ་བཞེས་པ་དང་། རྒྱལ་བུ་ཞིག་འཁྲུངས་ཏེ། མཚན་ལ་ལྷ་སྲས་རྒྱལ་བུ་ཀུན་ཏུ་ལེགས་པ་གསོལ་ཏོ། ། ཡབ་ཡུམ་སྲས་བཅས་དགའ་བདེའི་དཔལ་ལ་རོལ་ཅིང་འདོད་དགུ་ལོངས་སུ་སྤྱད་ནས་བཞུགས་པའི་ཚེ། རྒྱལ་པོ་ཀཱ་ལ་དབང་བོ་ལ་བཙུན་མོ་ཧ་ཅང་ཟེར་བ་ཞིག་ཡོད་པ་དེས། ད་ནི་རྒྱལ་པོ་ཀཱ་ལ་དབང་བོས་འགྲོ་བ་བཟང་མོ་བཙུན་མོར་བཞེས་ནས། རྒྱལ་རྒྱུད་འཛིན་པའི་རྒྱལ་སྲས་འདུག གཉེན་ཚན་སྤེལ་བའི་སྲས་མོའང་འདུག འོན་ཀྱང་ང་བཙུན་མོ་ཧ་ཅང་ཟེར་བ་ལ། ཁྱོད་འགྲོ་བ་བཟང་མོ་དགྲ་རུ་བྱུང་། ཁྱོད་འགྲོ་བ་བཟང་མོ་མ་བུ་གསུམ་པོ་ངས་ཟ་མ་ཐུབ་ན། ང་བཙུན་མོ་ཧ་ཅང་མིན་པའི་རྟགས། ། ཞེས་བསམ་ངན་ཡིད་ལ་བཅངས་ནས་སྦྱོར་ངན་ལག་ཏུ་བསྟར་བར་བརྩམས་པས་ན། འགྲོ་བ་བཟང་མོས་བདུད་ཀྱི་བར་ཆད་ཡོང་བ་མཁྱེན་ནས། སྲས་དང་སྲས་མོ་གཉིས་ལ་ཞལ་ཏ་སློབ་གསོ་ནན་མོར་གནང་རྗེས། མཁའ་འགྲོའི་གླིང་ལ་འཕུར་སོང་ངོ་། ། དེ་ནས་སྲས་དང་སྲས་མོ་གཉིས་ཡབ་རྒྱལ་པོ་ཀཱ་ལ་དབང་བོའི་གམ་ལ་སོང་ནས་ཡུམ་འགྲོ་བ་བཟང་མོ་མཁའ་འགྲོའི་གླིང་ལ་འཕུར་སོང་བའི་གནས་ཚུལ་ཞུས་པས། རྒྱལ་པོོ་དྲན་མེད་དུ་བརྒྱལ་ཏོ། ། དེ་ནས་འཁོར་འབངས་རྣམས་ཀྱིས་ཙན་དན་གྱི་ཆུ་ཞལ་ལ་གཏོར་བ་དང་རྒྱལ་པོའི་ཐུགས་དྲན་སོས་པར་གྱུར་ཏེ། སྤྱན་ཆབ་བསིལ་ནས་སྡུག་བསྔལ་ལ་ལྷུང་ནས་བསྡད་དོ། །

དེའི་སྐབས་སུ། བདུད་མོ་ཧ་ཅང་གིས་བློན་པོ་རྣམས་ལ་བཀའ་བསྒོས་ནས་རྒྱལ་པོ་ཀཱ་ལ་དབང་བོ་ལ་གཡོ་ཐབས་ཀྱིས་ཨ་རག་རྒུན་ཆང་འདྲེན་ཁུལ་གྱིས་སྨྱོ་ཆུ་ཡང་ཡང་དྲངས་པ་ལ། རྒྱལ་པོོ་སྨྱོས་པར་གྱུར་ནས་མཚམས་མཚམས་ལ་ངའི་འགྲོ་བ་བཟང་མོ་ཟེར་བཞིན་བར་སྣང་ལ་སྤྱན་གྱིས་ཅེ་རེ་གཟིགས་ཤིང་། མཚམས་མཚམས་ལ་གླུ་ལེན་པ་དང་། མཚམས་མཚམས་ལ་གར་བྱེད་པར་གྱུར་པས། མུན་པའི་བཙོན་ལ་བཅུག་གོ ། དེའི་ཚེ། བདུད་མོ་ཧ་ཅང་གི་བསམ་པ་ལ། འགྲོ་བ་བཟང་མོའི་སྲས་དང་སྲས་མོ་འདི་གཉིས། ལོ་ན་ཆུང་དུས་མེད་པར་མ་བཏང་ན། ན་སོ་དར་ལ་བབས་དུས་མི་ཐུབ་པར་འདུག་པས། ད་ནི་གསོད་པའི་ཐབས་ཤེས་ཤིག་འཐེན་དགོས་སྙམ་སྟེ། ནད་ཀྱིས་མནར་ནས་འཆི་བ་ལྟར་མལ་ཁྲིར་ཉལ་བསྡད་པ་ལ། བློན་པོ་རྣམས་ཀྱིས་ཅི་བྱུང་གང་གི་གཏམ་དྲིས་ཚེ། བདུད་མོ་ན་རེ། བློན་པོའི་ཚོགས་རྣམས་ང་ལ་ཚུར་ཉོན་དང་། ང་ལ་དྲག་རྒྱུ་མེད་པའི་ལྗི་མོ་ནད་ཀྱིས་ཐེབས། ང་ལ་ཕན་པའི་སྨན་ནི་འདི་འདྲ་འདུག འགྲོ་བ་བཟང་མོའི་སྲས་དང་སྲས་མོ་གཉིས། ང་ཡི་ལོ་ཁམས་ཀུན་ནས་མི་མཐུན་པས། མིང་སྲིང་གཉིས་ཀྱི་སྙིང་དམར་མ་ཟོས་ན། ང་བཙུན་མོའི་ནད་འདི་དྲག་ཐབས་མེད། ཅེས་སྨྲས་པ་ལ། འགྲོ་བ་བཟང་མོའི་སྲས་མོ་ལྷ་ཅིག་ཀུན་ཏུ་བཟང་མོ་དང་། སྲས་རྒྱལ་བུ་ཀུན་ཏུ་ལེགས་པ་གཉིས་ཤན་པ་རྒན་གཞོན་གཉིས་ལ་སྤྲད་ནས། དེ་གཉིས་ཀྱི་དོན་སྙིང་དམར་པོའི་ཚ་དྲོད་མ་ཡལ་བར་བདུད་མོ་ཧ་ཅང་ལ་ཁྱེར་ཤོག་ཅེས་བཀའ་བསྒོས་སོ། །

ཡིན་ན་ཡང་། ཤན་པ་རྒན་གཞོན་དེ་གཉིས་སྲས་དང་སྲས་མོ་གཉིས་ལ་ཁོང་ནས་སྙིང་རྗེ་སྐྱེས་ནས། དེ་གཉིས་ཚེ་ཐར་ལ་བཏང་རྗེས། ཕོ་བྲང་རྒྱ་སྒོའི་འདབས་རོལ་གྱི་ཁྱི་ཕྲུག་གཉིས་བསད་ནས་དེ་གཉིས་ཀྱི་དོན་སྙིང་བཙུན་མོ་ལ་ཕུལ་བས་ན། བདུད་མོ་ཧ་ཅང་གིས་ཁྱི་སྙིང་གཉིས་ཟོས་མཐར་ནད་དེ་ཡང་སངས་དྲག་ཏུ་གྱུར་པའི་ཕྱི་ཚུལ་བསྟན་ཏོ། །

དེ་ནས་ཉིན་ཞིག་ལ། བདུད་མོ་ཧ་ཅང་ཕོ་བྲང་གི་ཡང་རྩེ་ལ་ལྟ་སྐོར་དུ་ཕྱིན་པ་ལས། སྲས་དང་སྲས་མོ་གཉིས་མེ་ཏོག་ར་བར་སྐུ་རྩེད་དུ་བྱོན་པ་མཐོང་བར་གྱུར་ཏེ་ཁོང་ཁྲོ་རབ་ཏུ་སྐྱེས་ཤིང་། སླར་ཡང་ནད་ཀྱིས་ཐེབས་པའི་ཚུལ་གྱིས་ཉལ་ནས་བསྡད་དོ། ། དེ་ནས་བློན་པོ་རྣམས་ཀྱིས་བཙུན་མོ་ཧ་ཅང་ལ་གཏམ་དྲིས་པས་ན། ཅིས་ཀྱང་སྲས་དང་སྲས་མོ་གཉིས་ཉ་པ་རྒན་གཞོན་གཉིས་ལ་སྤྲད་ནས་རྒྱ་མཚོའི་ནང་དུ་འཕེན་དགོས་པའི་བཀའ་གསུང་གནང་ངོ་། ། ཉ་པ་རྒན་གཞོན་གཉིས་ཀྱིས་སྲས་དང་སྲས་མོ་གཉིས་ཁྲིད་ནས་རྒྱ་མཚོའི་ཁར་ཕྱིན་ཚེ། སེམས་ནས་སྙིང་རྗེ་སྐྱེས་ཏེ་མཚོ་ལ་འཕེན་མ་སྤོབས་པར་དེ་གཉིས་ཚེ་ཐར་ལ་བཏང་།

དེ་ནས་ཡང་ཉིན་ཞིག་ལ། བཙུན་མོ་ཧ་ཅང་ཕོ་བྲང་ཡང་རྩེ་རུ་ཞབས་སྐོར་དུ་བྱོན་པ་ན། ཤར་ཕྱོགས་ཀྱི་ནགས་གསེབ་ན་སྲས་དང་སྲས་མོ་དེ་གཉིས་འགྲོ་བཞིན་པ་མཐོང་སྟེ། ཁོང་ཁྲོ་དྲག་ཏུ་སྐྱེས་ནས་མཚོན་ཆས་སྤྲས་པའི་དམག་དཔུང་རྣམས་དེ་གཉིས་འཛིན་པར་བཀའ་ཡིས་མངགས་པས། སྲས་དང་སྲས་མོ་གཉིས་བཟུང་སྟེ། གདོལ་བ་རྒན་གཞོན་ལ་སྤྲད་ནས་རྒྱ་གར་ཤར་རིའི་གཡང་ལ་འཕེན་པར་མངགས་པ་ལ། གདོལ་བ་གཞོན་པ་དེས་སྙིང་རྗེ་མེད་པར་ལྷ་སྲས་ཀུན་ཏུ་ལེགས་པ་ཤར་རིའི་གཡང་ལ་འཕངས་པའི་ཚེ། ཡུམ་འགྲོ་བ་བཟང་མོས་མཁའ་འགྲོའི་གླིང་ནས་གཟིགས་ཏེ། སྐད་ཅིག་ཉིད་ལ་བྱ་རྒོད་ཅིག་ཏུ་སྤྲུལ་ནས་གཡང་ལ་འཕངས་པའི་ལྷ་སྲས་ནི་གཤོག་ཐོག་ལ་བླངས་ཏེ་ལེགས་པར་བསྐྱབས་པ་དང་། དེ་ནས་ཉ་ཆེན་ཞིག་ཏུ་སྤྲུལ་ནས་ལྷ་སྲས་དེ་ཉིད་ཉ་མོའི་གཤོག་སྟེང་ལ་བླངས་ཏེ་རྒྱ་མཚོའི་ཕ་རོལ་དུ་བསྐྱལ་ཏོ། །

དེ་ནས་ཡུམ་འགྲོ་བ་བཟང་མོ་ཡུལ་པདྨ་ཅན་གྱི་ནེ་ཙོ་སྨྲ་མཁན་ཞིག་ཏུ་སྤྲུལ་ཏེ། ཐབས་དང་རྫུ་འཕྲུལ་གྱིས་ལྷ་སྲས་ཀུན་ཏུ་ལེགས་པ་ཡུལ་པད་མ་ཅན་གྱི་རྒྱལ་པོ་ལ་དབང་བསྐུར་བས། ཡུལ་དེའི་མངའ་འབངས་རྣམས་གང་དེར་དད་པའི་སྤུ་ལོང་གཡོས་པར་གྱུར་པ་དང་། རྒྱལ་ཁབ་སྔར་ལས་དར་ཞིང་རྒྱས་ལ་རྒྱལ་འབངས་དགའ་སྐྱིད་དཔལ་ལ་རོལ་བར་གྱུར་ཏོ། །

སྲས་མོ་ཀུན་ཏུ་བཟང་མོ་ནི་གདོལ་བ་རྒན་པོ་དེས་གཡང་ལ་འཕེན་པར་སྙིང་རྗེ་སྐྱེས་ནས་ཚེ་ཐར་ལ་བཏང་པས། སྲས་མོ་ཡུལ་གྲུ་ཀུན་ཏུ་འཁྱམས་ནས་ཟས་སྐོམ་སློང་དུ་སོང་སོང་བ་ལས། ཡུལ་པདྨ་ཅན་གྱི་རྒྱལ་པོའི་ཕོ་བྲང་དུ་འབྱོར་ནས། རྒྱལ་པོོ་ཀུན་ཏུ་ལེགས་པ་སྟེ་ཁོ་མོའི་མིང་པོོ་དང་ཞལ་འཛོམས་བྱུང་བས་ན། སྔོན་མེད་དགའ་སྤྲོ་རྒྱས་ཤིང་། ཁོ་མོ་རྒྱལ་པོོའི་ཕོ་བྲང་ལ་གདན་དྲངས་ཏེ། ལྷ་སྲས་རྒྱལ་པོོ་ཀུན་ཏུ་ལེགས་པ་གསེར་ཁྲི་ལ་བཞུགས། ལྷ་ཅིག་ཀུན་ཏུ་བཟང་མོ་གཡུ་ཁྲི་ལ་བཞུགས་ཏེ། པདྨ་ཅན་གྱི་རྒྱལ་སྲིད་ཆོས་བཞིན་བསྐྱངས་པར་བརྟེན། འདོད་ཡོན་ལོངས་སྤྱོད་སྔར་ལས་དར་ཞིང་རྒྱས་པར་མཛད་དོ། །

དེ་ནས་ཡུན་རིང་མ་ལོན་པར། ཡུལ་མཎྜལ་སྒང་དུ་བདུད་མོ་ཧ་ཅང་གིས་འགྲོ་བ་བཟང་མོའི་སྲས་ཀུན་ཏུ་ལེགས་པ་ནི་པདྨ་ཅན་གྱི་རྒྱལ་པོར་གྱུར་པའི་གནས་ཚུལ་ཐོས་པར་གྱུར་ཏེ། འཁོར་འབངས་དང་བློན་པོ་རྣམས་ལྷན་ཅིག་བསྡུས་ནས་ཡུལ་མཎྜལ་སྒང་དུ་དམག་ཆེན་འབུམ་ཕྲག་རྩ་འཛུགས་བྱས་པ་དང་། དེ་ནས་བདུད་མོ་ཧ་ཅང་གིས་རུ་སྣ་དྲངས་ནས་པདྨ་ཅན་གྱི་རྒྱལ་ཁབ་ལ་དཔུང་འཇུག་དྲག་པོ་བྱེད་པར་ཆས་སོ། །

སྐབས་དེར། རྒྱལ་པོོ་ཀུན་ཏུ་ལེགས་པས་ཡུལ་པདྨ་ཅན་གྱི་དམག་ཆེན་ཁྲི་ཕྲག་གསུམ་གྱི་རུ་སྣ་དྲངས་ཏེ། བདུད་མོ་ཧ་ཅང་གི་དམག་དཔུང་དང་གཡུལ་འགྱེད་བྱས་མཐར། བདུད་མོ་ཧ་ཅང་ལ་ཕྱོགས་བཞི་ནས་མདའ་གྲི་མདུང་གསུམ་ཆར་པ་འབབ་པ་ལྟར་བརྒྱབ་སྟེ་བསྒྲལ་མཐར། དོང་རིམ་པ་དགུའི་ཞབས་ལ་གཏན་དུ་སྦས་ཤིང། དེའི་སྟེང་ལ་མཆོད་རྟེན་ནག་པོ་ཞིག་བཞེངས་ནས་མནན་ནོ། ། གཞན་ཡུལ་མཎྜལ་སྒང་གི་དམག་མི་རྣམས་ལ་གནོད་འཚེ་ཅི་ཡང་མ་བཏང་བར་གསོལ་སྟོན་རྒྱ་ཆེར་མཛད་དོ། །

རྒྱལ་ཁ་ཐོབ་རྗེས། སྲས་དང་སྲས་མོ་གཉིས་སླར་ཡང་ཡུལ་མཎྜལ་སྒང་ལ་ཕེབས་ནས། ཡབ་རྒྱལ་པོོ་ཀཱ་ལ་དབང་བོ་མུན་པའི་བཙོན་ལས་བསྐྱབས་ཏེ་སྨྱོ་ནད་ལ་སྨན་བཅོས་གང་ལེགས་མཛད་པ་དང་། སྔོན་སྲས་དང་སྲས་མོ་གཉིས་ཚེ་ཐར་ལ་གཏོང་མཁན་ཤན་པ་རྒན་གཞོན་གཉིས་ཡུལ་མཎྜལ་སྒང་གི་ནང་བློན་དང་། ཉ་པ་རྒན་གཞོན་གཉིས་ཡུལ་པདྨ་ཅན་གྱི་ནང་བློན་ལ་བསྐོས་ཏེ། གསོལ་སྟོན་བསམ་གྱིས་མི་ཁྱབ་པ་མཛད་མཐར། ལྷ་སྲས་ཀྱིས་ཡབ་རྒྱལ་པོ་ཀཱ་ལ་དབང་བོ་དང་འཁོར་འབངས་ལྔ་བརྒྱ་ནི་ཡུལ་པདྨ་ཅན་ལ་གདན་དྲངས་ནས། དགའ་སྟོན་རྒྱ་ཆེན་པོ་མཛད་པ་དང་། དེ་ནས་རྒྱལ་བློན་འཁོར་འབངས་ཐམས་ཅད་བདེ་སྐྱིད་དཔལ་ལ་རོལ་ཅིང་འདོད་དགུ་ལོངས་སུ་སྤྱད་ནས་བཞུགས་སོ། །

གཉིས་པ།《འགྲོ་བ་བཟང་མོའི》བསམ་བློའི་རང་བཞིན་མདོར་བསྟན་པ།

གོང་ནས་མདོར་བསྡུས་པ་འདི་ནི་ཟློར་གར་རྩོམ་རིག《འགྲོ་བ་བཟང་མོའི》བརྗོད་དོན་གཙོ་བོ་ཡིན་ཞིང་། བརྗོད་དོན་འདིའི་སྟེང་ནས་གཞིགས་ཏེ་དཔྱད་ན། ཟློས་གར་རྩོམ་རིག《འགྲོ་བ་བཟང་མོའི》བསམ་བློའི་རང་བཞིན་ནི་གཤམ་གསལ་ལྟར་ཡིན་པར་སྙམ་སྟེ།

གཅིག འཇིག་རྟེན་གཏམ་དཔེ་ལ། བུ་སྐྱེས་འདོད་གནམ་གྱིས་མི་ཁོག་ཟེར་བ་བཞིན། མཁའ་འགྲོ་མ་འགྲོ་བ་བཟང་མོའི་སྲས་མོ་ལྷ་ཅིག་ཀུན་ཏུ་བཟང་མོ་དང་། ལྷ་སྲས་ཀུན་ཏུ་ལེགས་པ་གཉིས་ལ། ཕྲག་དོག་གི་དུག་ཆུས་ཀུན་ནས་མྱོས་ཤིང་ཞེ་སྡང་གི་དུག་རླངས་སྙིང་ལ་འཁྱིལ་བའི་བདུད་མོ་ཧམ་སེམས་ཅན་ཧ་ཅང་གིས་ནི་ཐབས་བརྒྱ་ཇུས་སྟོང་འཐེན་ནས། ཐེངས་བཞི་ལ་གནོད་འཚེ་གཏོང་བར་བརྩམས་ཀྱང་། ལྷ་སྲས་མིང་སྲིང་གཉིས་ཀའི་ཚེ་སྲོག་གི་ཆ་ལ་གནོད་པ་སྤུ་ཙམ་ཡང་གཏོང་བར་མ་ནུས་པར། ལས་རྒྱུ་འབྲས་དང་རྣམ་སྨིན་འཁོར་ནས་བདུད་མོ་ཧ་ཅང་གཡུལ་འགྱེད་ཁྲོད་དུ་ངན་ཤི་ཐེབས་ཤིང་དོང་རིམ་པ་དགུའི་ཞབས་ལ་སྦས་པ་དང་དེའི་སྟེང་དུ་མཆོད་རྟེན་ནག་པོ་ཞིག་དུས་གཏན་དུ་བཞེངས་པ་དེ་ལ་ནི། གོམ་གང་མདུན་སྤོས་ཀྱིས་ཟུར་ཟ་དང་འཕྱ་དམོད་བྱས་པ་དང་། ཆབ་སྲིད་ཀྱི་ཧམ་སེམས་ཆེན་པོ་ལས་མངོན་དུ་གྱུར་པའི་བདུད་མོ་ཧ་ཅང་གི་སྦྱོར་བ་ངན་པ་དང་བསམ་པ་ཐ་ཤལ་དེ་ལ་གཏིང་མཐའ་ཟབ་པའི་ངང་ནས་མཚང་འབྱིན་དང་དགག་རྒྱག་བྱས་པ་དང་ལྷན་ཅིག་ཏུ། མི་ལས་འདས་པའི་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ཁྱད་འཕགས་ཀྱི་མཛད་སྤྱོད་དང་ངོ་མཚར་གྱི་རྫུ་འཕྲུལ་ལ་བསྟོད་བསྔགས་དང་མོས་གུས་མཛད་ཡོད་ལ། ནང་འཁྲུག་གམ་དམག་འཁྲུག་ཀུན་ནས་བྲལ་བའི་ཞི་བདེ་དང་མཐུན་སྒྲིལ། མཛའ་བརྩེ་དང་བདེ་སྐྱིད། རང་དབང་མཆིས་ལ་མངའ་ཐང་དར་བའི་འཇིག་རྟེན་འཚོ་བ་དང་མཆོག་གྱུར་རྒྱལ་ཁབ་ལ་སྙིང་ནས་རེ་སྨོན་དང་བསྔགས་བརྗོད་མཛད་འདུག་གོ །

གཉིས། ཀུན་མཁྱེན་འཇིགས་མེད་གླིང་པ་ཡིས། བསམ་པ་མཆོག་ཏུ་དགེ་ནའང་། ། ཐབས་མཁས་ཤེས་རབ་མཐུ་མེད་ན། ། སྐྱེས་དགུ་བདེ་བར་སྐྱོང་མི་ནུས། ། དེ་ཕྱིར་ལུགས་ཀྱི་བསྟན་བཅོས་བསླབ། ། ཅེས་དང་། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས། ཤེས་རབ་མེད་ན་འབྱོར་བ་སོགས། ། ཡོད་ཀྱང་དགྲ་ཡི་གསོས་སུ་འགྲོ། ། སྟོབས་དང་ལྡན་ཡང་གཞན་དབང་འགྱུར། ། ལྕགས་ཀྱུས་གླང་ཆེན་བཀོལ་བ་འདྲ། ། ཞེས་གསུངས་པ་ལྟར། རྒྱལ་པོོ་ཀཱ་ལ་དབང་བོའི་ནུས་མེད་དང་། མངོན་ཆུང་། བླུན་རྨོངས། རིག་རྟུལ་གྱི་རང་གཤིས་དང་། ཆོས་སྲིད་ལ་བློ་གྲོས་ཀྱི་འཇུག་པ་དམན་པའི་རང་མཚང་རྗེན་པར་བསྟན་པའོ། །

གསུམ། 《ཆོས་ཡང་དག་པར་སྡུད་པའི་མདོ》ལས། སངས་རྒྱས་འཐོབ་པར་འདོད་པས་ཆོས་མང་པོ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བགྱིའོ། ། དེ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། ། གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ། ། ཞེས་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། མི་ལ་སྙིང་རྗེ་ཡོད་ན་སངས་རྒྱས་ཡིན། ། མི་ལ་སྙིང་རྗེ་མེད་ན་གཤིན་རྗེ་

ཡིན། ། མི་ལ་སྙིང་རྗེ་ཡོད་ན་ཁྲོ་ཡང་བྱམས། ། མི་ལ་སྙིང་རྗེ་མེད་ན་འཛུམ་ཡང་གསོད། ། ཅེས་གསུངས་པ་བཞིན། མི་ཡི་རྒྱུད་ལ་ཉེ་བར་གནས་པའི་སྙིང་རྗེ་སྟེ། སྙིང་རྗེ་ཅན་གྱི་ཤན་པ་རྒན་གཞོན་གཉིས་དང་། ཉ་པ་རྒན་གཞོན་གཉིས། གདོལ་བ་རྒན་པ་བཅས་ནི་གཏུམ་དྲག་ལྡན་པའི་བདུད་མོ་ཧ་ཅང་གི་བཙན་ལྗིད་བཀའ་ཁྲིམས་ལ་གཏན་ནས་མ་སྐྲག་པར་སྲས་མོ་ཀུན་ཏུ་བཟང་མོ་དང་། ལྷ་སྲས་ཀུན་ཏུ་ལེགས་པ་གཉིས་ལ་ཁོང་ནས་སྙིང་རྗེ་བཅངས་ནས་སྲོག་ཐར་ལ་ཡང་ཡང་བཏང་བའི་མཚུངས་མེད་མཛད་སྤྱོད་ལ་བསྔགས་བརྗོད་མཛད་པ་དེ་ཡིན་ནོ། །

གསུམ་པ། 《འགྲོ་བ་བཟང་མོའི》སྒྱུ་རྩལ་ཁྱད་ཆོས་མདོར་བསྟན་པ།

གཅིག སྤྱིར《འགྲོ་བ་བཟང་མོའི་རྣམ་ཐར》གྱི་ཕྱེད་སྔ་མ་སྟེ། བདུད་མོ་ཧ་ཅང་གིས་བཙུན་མོ་འགྲོ་བ་བཟང་མོ་དང་གང་དེའི་སྲས་མོ་དང་རྒྱལ་སྲས་ལ་གནོད་འཚེ་བྱེད་མགོ་བརྩམས་པས་ན་འགྲོ་བ་བཟང་མོ་མཁའ་འགྲོའི་གླིང་ལ་འཕུར་སོང་བའི་བར་སྐབས་དེ་ནི། ཟློས་གར་རྩོམ་རིག《སྣང་ས་འོད་འབུམ》གྱི་རྩོམ་སྟངས་དང་ཕལ་ཆེར་འདྲ་མཚུངས་ཡིན་ལ། གཏམ་རྒྱུད་བྱུང་རིམ་དང་། མི་སྣའི་བཀོད་སྒྲིག་ཀྱང་ཧ་ལམ་གཅིག་མཚུངས་སུ་སྣང་ངོ་། ། དཔེར་ན། བུ་མོ་སྣང་ས་འོད་འབུམ་ནི་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་རྒན་རྒོན་གཉིས་ཀྱི་སྲས་སུ་འཁྲུངས་པའི་དད་ལྡན་གྱི་མཁའ་འགྲོ་མ་ཞིག་ཡིན་པ་ཇི་བཞིན། འགྲོ་བ་བཟང་མོ་ཡང་ཡབ་བྲམ་ཟེ་བློ་བོ་དང་ཡུམ་བྲམ་ཟེ་མཛེས་མ་གཉིས་ཀྱི་སྲས་མོར་འཁྲུངས་པའི་ཆོས་འདོད་ཀྱི་མཁའ་འགྲོ་མ་ཞིག་ཡིན་པ་དང་མཚུངས་ལ། སྣང་ས་འོད་འབུམ་ནི་འཇིག་རྟེན་ཁྱིམ་ཐབ་ལ་འགྲོ་འདོད་མེད་པར་དམ་པའི་ལྷ་ཆོས་ཤིག་བསྒྲུབ་འདོད་ཆེ་ཡང་རི་ནང་དཔོན་པོ་སྒྲ་ཆེན་པའི་བཙན་དབང་གིས་གྲགས་པ་བསམ་གྲུབ་ཀྱི་ཆུང་མ་མི་བྱེད་ཐབས་མེད་བྱུང་བ་ཇི་བཞིན། འགྲོ་བ་བཟང་མོ་ཡང་འཇིག་རྟེན་གྱི་ཁྱིམ་ཐབ་ལ་འགྲོ་འདོད་མེད་པར་དམ་པའི་ཆོས་ཤིག་བསྒྲུབ་འདོད་ཆེ་ཡང་། རྒྱལ་པོོ་ཀཱ་ལ་དབང་བོའི་བཙན་དབང་གིས་རྒྱལ་པོའི་བཙུན་མོ་མི་བྱེད་ཐབས་མེད་བྱུང་བ་དང་ཚུལ་འདྲ་ཞིང་། རི་ནང་དཔོན་པོ་སྒྲ་ཆེན་ཚང་ནས་སྙིད་མོ་ནེ་ཙོས་སྣང་ས་འོད་འབུམ་ལ་ཕྲག་དོག་བྱས་ཤིང་། ངན་ཁག་ཡང་ཡང་བཀལ་ནས་གནོད་འཚེ་བཏང་བ་ཇི་བཞིན། རྒྱལ་པོའི་ཕོ་བྲང་དུ་བདུད་མོ་ཧ་ཅང་ཡང་འགྲོ་བ་བཟང་མོ་ལ་ཕྲག་དོག་སྐྱེས་ཤིང་སྦྱོར་ངན་ལག་ཏུ་བསྟར་ནས་གནོད་འཚེ་ཡང་ཡང་བཏང་བ་དང་ཡང་མཚུངས་སོ། ། དེས་ན། 《འགྲོ་བ་བཟང་མོའི》གཏམ་རྒྱུད་ཀྱི་ཕྱེད་སྔ་མའི་རྩོམ་སྟངས་འདི་ནི་སྣང་ས་འོད་འབུམ་གྱི་གཏམ་རྒྱུད་རྩོམ་སྟངས་དང་ཧ་ལམ་གཅིག་མཚུངས་སུ་སྣང་ཕྱིར་རྩོམ་རིག་གཤིབ་བསྡུར་གྱི་ལམ་ནས་དཔྱད་པ་གཏོང་དགོས་སོ་སྙམ།

གཉིས། 《འགྲོ་བ་བཟང་མོའི》རྗོད་བྱེད་ཚིག་གི་ཐད་ནས་ཀྱང་། སྣང་ས་འོད་འབུམ་རྣམ་ཐར་ཁྲོད་ཀྱི་བཤད་ཚུལ་ལམ་འབྲི་སྟངས་མངོན་གསལ་དུ་ཐོན་ཡོད་དེ། དཔེར་ན། 《སྣང་ས་འོད་འབུམ་གྱི་རྣམ་ཐར》ཁྲོད་དུ། རི་ནང་དཔོན་པོ་སྒྲ་ཆེན་པ་ཞེས། མེ་ལས་དབལ་ཚ་བ། ཆུ་ལས་རྦ་དྲག་པ། རྔ་མ་ལས་ཉག་ཕྲ་བ། རྒྱ་གཡེར་ལས་ཁ་ཚ་བ། སྲན་མ་ལས་རྡོག་འགྲིལ་བ། བག་ཕྱེ་ལས་རྩི་ཞིབ་པ་གཅིག་ཡོད་པ་ཞེས་ཞིབ་འབྲི་མངོན་གསལ་མཛད་འདུག་པ་ལྟར། 《འགྲོ་བ་བཟང་མོའི་རྣམ་ཐར》ཁྲོད་དུའང་། རྒྱལ་པོོ་ཀཱ་ལ་དབང་བོ་ཁོང་ཁྲིམས་ལ་གནས་ཤིང་སྐུ་དབང་ཆེ་བ། མེ་ལས་དབལ་ཚ་བ། ཆུ་ལས་རྦ་དྲག་པ། རྟ་རྔ་ལས་ཉག་ཕྲ་བ། ཉུང་དཀར་ལས་བྱུ་རིལ་བ། བག་ཕྱེ་ལས་རྩི་ཞིབ་པ་ཞིག་ཡིན་ཞེས་སྐད་ཆ་གཅིག་མཚུངས་ཀྱིས་མི་སྣའི་རང་གཤིས་དང་སྣང་བརྙན་ཞིབ་འབྲི་མཛད་འདུག་གོ ། ཡང《སྣང་ས་འོད་འབུམ་གྱི་རྣམ་ཐར》ཁྲོད་དུ། རི་ནང་དཔོན་པོ་སྒྲ་ཆེན་པས་སྣང་ས་འོད་འབུམ་ལ་གཉེན་གྱི་མདའ་དར་འཐེན་སྐབས། འདིར་ཚོགས་ཁྲོམ་གྱི་ལྷ་མི་ཀུན་ཉོན་ཅིག ། མྱང་སྟོད་རི་ནང་གྲགས་པ་བསམ་གྲུབ་ལ། ། བུ་མོ་སྣང་ས་བག་མར་བསླངས་ཚར་པས། ། ད་ལྟ་ཉི་མ་དེ་རིང་ནས་བཟུང་སྟེ། ། དབང་ཆེན་མི་ཡིས་བུ་མོ་འཕྲོག་ས་མེད། ། དབང་ཆུང་རྣམས་ཀྱིས་བུ་མོ་རྐུ་ས་མེད། ། བར་མ་རྣམས་ཀྱིས་བུ་མོ་སློང་ས་མེད། ། མཐོ་བ་གནམ་ལ་འཕུར་སོང་ཟེར་ས་

མེད། ། དམའ་བ་ས་ལ་འཛུལ་སོང་ཟེར་ས་མེད། ། ཅེས་བཀའ་གསུང་ཁྲོམ་སྒྲོག་མཛད་པ་ཇི་བཞིན་དུ། 《འགྲོ་བ་བཟང་མོའི་རྣམ་ཐར》ཁྲོད་དུ་རྒྱལ་པོ་ཀཱ་ལ་དབང་བོས་འགྲོ་བ་བཟང་མོ་ལ་གཉེན་རྟགས་འགོད་སྐབས་ཀྱང་། ཁྱེད་བྲམ་ཟེ་རྒན་རྒོན་གཉིས་ཀྱི་བུ་མོ་འདི། ། ང་རྒྱལ་པོའི་བཙུན་མོར་སྟེར་དགོས་པས། ། དེ་རིང་ཉི་མའི་འཁོར་ལོ་འདི་ནས་བཟུང་། ། མཐོ་བ་གནམ་ལ་འཕུར་སོང་མ་ཟེར་ཅིག ། དམའ་བ་ས་ལ་འཛུལ་སོང་མ་ཟེར་ཅིག ། དབང་བོ་ཆེ་ཡིས་ཕྲོགས་སོང་མ་ཟེར་ཅིག ། ནོར་ཆེན་རྣམས་ཀྱིས་བསླུས་སོང་མ་ཟེར་ཅིག ། ཧམ་པ་ཆེ་ཡིས་བརྐུས་སོང་མ་ཟེར་ཅིག ། གཉོམ་ཆུང་ཞིག་གིས་བསླངས་སོང་མ་ཟེར་ཅིག ། བུ་མོ་འདི་ཉིད་གང་དུ་ཡང་མི་འགྲོ་བར་གྱིས་ཤིག ། ཅེས་སྐུ་དྲག་གི་མཚུངས་མེད་ཟིལ་ཤུགས་དང་རང་སྣང་ཆེན་པོ། གཉོམ་ཆུང་གི་ནུས་མེད་བག་འཁུམས་དང་བཟོད་སྒོམ་རང་བཞིན། བཟློག་ཏུ་མེད་པའི་རྒྱལ་པོའི་བཀའ་གསུང་གི་རང་བཞིན་སོགས་གཅིག་མཚུངས་སུ་ཐོན་འདུག་པ་ལྟ་བུས་མཚོན་ཐུབ་བོ། །

གསུམ། 《སྣང་ས་འོད་འབུམ》གྱི་ཐུན་མོང་མ་ཡིན་པའི་རྩོམ་སྟངས་ཁྱད་ཆོས་ནི། འགྲོ་བ་བཟང་མོ་ནམ་མཁའ་ལ་འཕུར་ཟིན་པ་ནས་བཟུང་སྟེ་གཏམ་རྒྱུད་ཀྱི་མཇུག་གི་བར་འདི་ནས་བརྗོད་དགོས་པ་འདུག་གོ། 《འགྲོ་བ་བཟང་མོའི་རྣམ་ཐར》གྱི་ཕྱེད་ཕྱི་མ་འདིའི་འགལ་རྐྱེན་བྱུང་རིམ་བཀོད་སྒྲིག་བྱས་པ་ཅུང་ལེགས་པར་འདུག་སྟེ། རྒྱ་ཆེ་བའི་ཀློག་མཁན་རྣམས་ཀྱི་ཡིད་ཀྱི་རྒྱ་མཚོ་ལ་དྲག་ཏུ་བསྐྱེད་པ་ནི་ཆགས་སྡང་གི་རྣམ་དབྱེ་དང་སྨྲེ་སྐྱོ། སེམས་ཁྲལ་བཅས་ཀྱི་རླབས་ཕྲེང་འབའ་ཞིག་གོ ། ཅིའི་ཕྱིར་ཞེ་ན། བདུད་མོ་ཧ་ཅང་གིས་ཐབས་ངན་བཀོལ་ནས་སྦྱོར་ངན་གྱིས་ནི་རང་གི་གོ་ས་དང་གཟི་བརྗིད་ཟིལ་གྱིས་མནོན་པའི་འགྲོ་བ་བཟང་མོ་ལ་གནོད་འཚེ་གཏོང་བར་བསམ་པ་དང་། རྒྱལ་པོོ་ཀཱ་ལ་དབང་བོར་སྨྱོ་ཆུ་དྲངས་ནས་སྨྱོས་སུ་བཅུག་པར་མ་ཟད། ལོ་ན་ཆུང་བའི་སྲས་མོ་དང་རྒྱལ་སྲས་གཉིས་ཀྱང་བསྐྱུར་དུ་མ་འདོད་པར། ཐེངས་གསུམ་ལ་མེད་པར་གཏོང་བར་བསམས་ནས་ཤན་པ་གཉིས་དང་། ཉ་པ་གཉིས། གདོལ་བ་གཉིས་སོགས་ཀྱི་ལག་ལ་བཞག་ཀྱང་། རེ་བ་མངོན་དུ་མ་གྱུར་ཕྱིར། དམག་དཔུང་དྲངས་ནས་གཡུལ་འགྱེད་དུ་སོང་སྟེ་དྲག་ཏུ་འཐབ་པ་རེད། ཡིན་ནའང་། འགྲོ་བ་བཟང་མོ་མཁའ་འགྲོའི་གླིང་ལ་འཕུར་བ་ནས་བཟུང་གཏམ་རྒྱུད་ཀྱི་འཕེལ་རིམ་དེ《སྣང་ས་འོད་འབུམ》གྱི་འཕེལ་རིམ་དང་ཀུན་ནས་མི་འདྲ་བར་གྱུར་ཏོ། ། 《སྣང་ས་འོད་འབུམ》ཁྲོད་དུ་གཏམ་རྒྱུད་འཕེལ་རིམ་གྱི་འགལ་བ་དེ་མུ་མཐུད་དུ་སྣང་སའི་སྟེང་ནས་རྒྱུན་བསྲིངས་ནའང། 《འགྲོ་བ་བཟང་མོའི》ཁྲོད་དུ་འཕེལ་རིམ་གྱི་འགལ་བ་དེ་འགྲོ་བ་བཟང་མོའི་སྲས་དང་སྲས་མོའི་སྟེང་ལ་བབས་ནས་མུ་མཐུད་དུ་རྒྱུན་འཁྱོངས་མཛད་དོ། ། དེས་ན། ངན་པ་དང་བཟང་པོའི་བར་གྱི་འཐབ་རྩོད་དང་འོད་སྣང་དང་མུན་པའི་བར་གྱི་འཐབ་རྩོད་འདི་ཡིས་ནི། རྟག་པར་ལེགས་ཚོགས་ལ་ཡིད་སྨོན་དང་། ཉེས་སྤྱོད་ལ་དགག་རྒྱག ཡ་རབས་ལ་སློབ་སྦྱོང་དང་མ་རབས་ལ་མཚང་འབྱིན། བཟང་པོོ་ལ་བསྟོད་བསྔགས་དང་ངན་པ་ལ་ཆམ་འབེབས། འོད་སྣང་ལ་རེ་མོས་དང་མུན་པ་ལ་འཐབ་རྩོད་བྱེད་པའི་བློ་དཀར་གྱི་སྐྱེ་བོ་རྣམས་ཀྱི་བློ་ཡིད་ལེགས་པར་བསྒྱུར་བ་དང་དུས་མཚུངས་སུ་ཆགས་སྡང་གི་མེ་སྟག་དབང་མེད་འཚུབ་སྟེ། བདུད་མོ་ཧ་ཅང་གི་བྱ་སྤྱོད་ངན་པ་ལ་སྙིང་ནས་སྡང་སེམས་སྐྱེས་པ་དང་། སྲས་མོ་དང་རྒྱལ་སྲས་གཉིས་ཀྱི་ཉམ་ཐག་སྡུག་བསྔལ་གྱི་ལས་དབང་ལ་སྙིང་ནས་གདུང་སེམས་བཅངས་དགོས་པ་བྱུང། བདུད་མོ་ཧ་ཅང་གཡུལ་ཕམ་ནས་ངན་ཤི་ཐེབས་པ་དང་། སྲས་མོ་དང་རྒྱལ་སྲས་གཉིས་ལ་གཞི་ནས་རྒྱལ་ཁ་ཐོབ་པའི་གོ་རིམ་འདི་ཡིས་ནི། བཙན་པོ་བདུད་མོ་ཧ་ཅང་དང་། གཉོམ་ཆུང་རྒྱལ་སྲས་དང་སྲས་མོའི་བར་གྱི་ཛ་དྲག་ཆེ་བའི་ཁྱོད་ཤི་ང་གསོན་གྱི་ཆབ་སྲིད་འཐབ་རྩོད་ཐར་བཅད་ནས་ཐོན་ཚེ། སྦྱོར་ངན་རྒྱུན་འཁྱོངས་བྱེད་ཅིང་བློ་ངན་བསྒྱུར་དུ་མེད་པའི་བདུད་མོ་ཧ་ཅང་གི་ངན་སྤྱོད་དམ་ངན་གཤིས་དེ་ནི་འབུར་དུ་ཐོན་པར་གྱུར། བཟོད་གླགས་མེད་པའི་སྡང་སེམས་ནི་ཀློག་མཁན་རྣམས་ཀྱི་སེམས་ཁོང་དུ་མེ་ལྕེ་འབར་བ་ཇི་བཞིན་དྲག་ཏུ་སྐྱེད་པ་དང་དུས་མཚུངས་སུ། ལོ་ན་ཆུང་ཞིང་ཡིད་དུ་འོང་ལ། སྤྱོད་ལམ་མཛེས་ཤིང་སེམས་རྒྱུད་བཟང་པའི་འགྲོ་བ་བཟང་མོའི་སྲས་མོ་དང་རྒྱལ་སྲས་གཉིས་ལ་སེམས་པའི་གཏིང་ནས་སྙིང་རྗེ་དང་གདུང་སེམས་ངང་གིས་སྐྱེས་ཡོང་བ་རེད། དེ་ནི་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་ཡིན་ནམ་ཞེ་ན། གོང་ནས་སྨྲས་ཟིན་པ་ཇི་བཞིན། ལེགས་ཚོགས་དང་ཉེས་སྤྱོད་ཀྱི་འཐབ་རྩོད་དང་། ཡ་རབས་དང་མ་རབས་བར་གྱི་འགྲན་རྩོད་ལས་རྣམ་པར་བྱུང་བ་ཡིན་ཞིང་། མི་རྣམས་ཀྱི་ཡིད་ལ་དེ་འདྲའི་ཆགས་སྡང་གི་ཚོར་རྟོག་ཤུགས་དྲག་ཏུ་སྐྱེས་པའི་རྒྱུ་རྐྱེན་ཡང། ཟློས་གར་རྩོམ་རིག་འདི་ཉིད་ཀྱི་བྱུང་རིམ་བཀོད་སྒྲིག་འོས་འཚམ་བྱས་པའམ་གཏམ་རྒྱུད་བྱུང་རིམ་ཁྲོད་དུ་རྒྱུད་མར་བྱུང་བའི་འགལ་བ་དང་འཐབ་རྩོད་ལ་སྒྱུ་རྩལ་གྱི་མཚོན་ནུས་སམ། སྒྱུ་རྩལ་གྱི་ཕན་ནུས་སོགས་གང་ལེགས་ཤིག་ལྡན་པའི་རྟགས་མཚན་ཡིན་པར་སྙམ་མོ། །

དཔྱད་གཞིའི་ཡིག་ཆ།

༡. ཨུའུ་ཡང་ཡུག་ཆོན། རྩོམ་རིག་གཞུང་ལུགས། [M].པེ་ཅིན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 2006

༢. ཁྲིན་ཞོ་མིང་དང་ཀྲུའུ་ཅེ་གཉིས་ཀྱིས་བརྩམས། ཧྲ་ཧྲི་པིས་ཡཱའི་ཟློས་གར་བརྩམས་ཆོས་ཀྱི་དོན་གནད་གསེད་འགྲོལ། [M]. བུའུ་ཧན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 2008

༣. ཁྲིན་ཡུང་ཞང་དང་གྲུང་ཧུའུ་གཉིས་ཀྱིས་བསྒྲིགས། ཕྱི་རྒྱལ་གྱི་ཕུལ་བྱུང་ཟློས་གར་གཏམ་རྒྱུད་ཕྱོགས་བསྒྲིགས། [M].ཀྲུང་གོའི་ན་གཞོན་དཔེ་སྐྲུན་ཁང་། 1998

༤. བོད་ཀྱི་ལྷ་མོའི་ཟློས་གར་གྱི་འཁྲབ་གཞུང་ཕྱོགས་བསྒྲིགས། [M].ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010

༥. ཡོན་ཏན་ལྷུན་གྲུབ་ཀྱིས་གཙོ་སྒྲིག་བྱས། བོད་ཀྱི་ཟློས་གར་འཁྲབ་གཞུང་གངས་དཀར་མཛེས་རྒྱན། [M].ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010

༦. མ་ཞོ་ལང་གིས་གཙོ་སྒྲིག་བྱས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དཔྱད་བསྡུར་ཞིབ་འཇུག [M].ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1997

①དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ། 15XZWO44བོད་ཀྱི་ཟློས་གར་རྩོམ་རིག་གི་གསར་གཏོད་འཕེལ་རྒྱས་དང་སྤྱི་ཚོགས་ཕན་ནུས་ལ་དཔྱད་པ་ཞེས་བྱ་བའི་ནང་གི་དོན་ཚན་ཞིག་ཡིན་ནོ། །

②ལྷ་རྒྱལ་ཚེ་རིང་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་རུ་ཕྱག་ལས་གནང་བཞིན་ཡོད།


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།