《སྙན་ངག་མེ་ལོང་མ》ཡི་གཞུང་ལས་སྲོག་དང་རྒྱན་ལ་རགས་ཙམ་བཤད་པ།

      《སྙན་ངག་མེ་ལོང་མ》ཡི་གཞུང་དུ། སྙན་ངག་གི་སྲོག་གམ་བརྗོད་བྱ་ལ་གྲོང་ཁྱེར་དང་། རྒྱ་མཚོ།རི།དུས།ཉི་ཟླའི་འཆར་ནུབ། ཕོ་ཉ་མངགས་པའམ་ཡུལ་གཞན་དུ་བགྲོད་པ། གཡུལ་བཤམས་པ། མངའ་ཐང་དར་བ་བཅས་བཅུ་བདུན་ཡིན་པར་བཤད། སྙན་ངག་གི་སྲོག་ནི་མི་རྣམས་ཀྱི་འཚོ་བ་དང་འཚོ་བ་རོལ་སའི་སྤྱི་ཚོགས་ཀྱི་ཡུལ་ལྗོངས་སམ་ཁོར་ཡུག་ཡིན་པ་བསྟན་ཡོད། ད་ལྟའི་རྩོམ་རིག་གི་རིགས་པའི་གཞུང་ལུགས་ལྟར་ན། རྩོམ་རིག་གི་བརྩམ་བྱ་ནི་སྤྱི་ཚོགས་ཀྱི་འཚོ་བ་དེ་རྩོམ་པ་པོའི་སེམས་ལ་ཚུར་སྣང་བའི་ཐོན་དངོས་ཤིག་རེད། ཚན་རིག་དང་མཐུན་པའི་ཆོད་གཏམ་འདིས་རྩོམ་རིག་གི་བརྩམ་བྱ་ཐམས་ཅད་ཀྱི་ནང་དོན་གསལ་བོར་བསྟན་པར་མ་ཟད། རྩོམ་རིག་སྒྱུ་རྩལ་གྱི་བརྗོད་བྱའམ་སྲོག་ཡང་གསལ་བོར་བསྟན་ཡོད།རྩོམ་རིག་གི་བརྩམ་བྱའི་ནང་དོན་ཡང་འཚོ་བ་དངོས་རྨང་གཞི་བྱས་པ་ཞིག་ཡིན་པས། དངོས་ཡོད་ཀྱི་འཚོ་བ་དེ་ཡང་རྩོམ་རིག་གི་བརྩམ་བྱའི་ནང་དོན་གྲུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་པ་རེད། ཡིན་ན་ཡང་།རྩོམ་རིག་གི་བརྩམ་བྱ་དང་དེས་མཚོན་པར་བྱ་བའི་ཡུལ་གཉིས་ཀྱི་བར་ལ་མཚུངས་རྟགས་རྒྱག་མི་རུང་སྟེ། རྩོམ་རིག་གིས་མཚོན་པར་བྱས་པའི་འཚོ་བ་ནི་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཕྱི་རོལ་ཡུལ་གྱི་དངོས་པོ་ཐམས་ཅད་འདྲ་བཤུས་བྱས་པ་ཞིག་མ་ཡིན་པར། རྩོམ་པ་པོའི་ཀླད་པའི་རྩོལ་བ་ལ་བརྟེན་ནས་ལས་སྣོན་བྱ་དགོས། རྒྱུ་མཚན་དེའི་དབང་གིས་རྩོམ་རིག་གི་བརྩམ་བྱའི་ནང་དུ་ཕྱི་རོལ་ཡུལ་གྱི་དངོས་ཡོད་ཀྱི་འཚོ་བ་འདུས་ཡོད་པར་མ་ཟད། རྩོམ་པ་པོའི་རང་སྣང་གི་འཚོ་བའི་ལྟ་ཚུལ་དང་འཚོ་བ་དེར་བཅངས་པའི་བརྩེ་དུངས་ཡང་འདུས་ཡོད་པས་རྩོམ་རིག་གི་བརྩམ་བྱ་ཡང་ཕྱི་རོལ་ཡུལ་དང་རང་སྣང་གི་ལྟ་བ་གཉིས་ཟུང་དུ་འབྲེལ་ནས་བྱུང་བ་ཞིག་ཡིན།
 
    དྲང་སྲོང་གྲོག་མཁར་གྱི་རྟོགས་བརྗོད་ཁྲོད་དུ་དགེ་སྡུག་བདེན་རྫུན་གྱི་ལྟ་བའི་ཚད་གཞི་དེ་བྲམ་ཟེ་རིག་བྱེད་ཀྱི་ཆོས་དང་། དཔའ་བོའི(རཱ་མ་ཎ་དང་ཧ་ནུ་མན་ཐ་སོགས)གཡུལ་གྱི་མཛད་པ་ལ་བསྔགས་པ། རཱ་མ་ཎ་དང་སི་ཏ་གཉིས་ཀྱི་འཇིག་རྟེན་འཁོར་བའི་ལས་ལ་བློ་དཀར་ཞིང་ཁྲེལ་ཡོད་པར་བསྟོད་པ།ལིང་ག་མགྲིན་བཅུའི་གཏུམ་སྤྱོད་དང་ཧམ་སེམས་ལ་སྐྱོན་བརྗོད་པ་སོགས་བྲིས་ཡོད། ཞང་ཞུང་བའི《རཱ་མ་ཎའི་རྟོགས་བརྗོད》ཁྲོད་དུ་དགེ་སྡུག་ལེགས་ཉེས་ཀྱི་ཚད་གཞི་དེ་གཙོ་བོ་དམ་པའི་ལྷ་ཆོས་ལ་གཞི་བཅོལ་ཏེ།ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་འདོད་པ་དང་། གཞན་ཡང་རཱ་མ་ན་དང་སྲིན་པོའི་བར་གྱི་འགལ་བ་དེ་སྲིན་པོའི་རྒྱལ་པོའི་གཏུམ་སྤྱོད་དང་ཧམ་སེམས་ལས་བྱུང་བར་མི་སེམས་པར་མཐའ་གཅིག་ཏུ་སི་ཏའི་ངག་གི་ཉེས་པ་ལས་བྱུང་བར་འདོད་པ་སོགས་བྲིས་ཡོད། དེ་བས《སྙན་ངག་མེ་ལོང་མ》ཡི་གཞུང་བོད་དུ་འགྱུར་བའི་ཚུན་ལ་སྙན་ངག་གི་སྲོག་ཁས་ལེན་པ་དང་མི་ལེན་པའི་ཕྱོགས་གཉིས་བྱུང་མྱོང་ལ། ཁས་ལེན་པའི་ཕྱོགས་དེས་ཀྱང་ཉི་ཟླ་འཆར་ནུབ་ལ་སོགས་པའི་ཕྱི་རོལ་ཡུལ་གྱི་འཚོ་བའི་སྣང་ཚུལ་ཕྱོགས་རེ་བ་ཙམ་མ་གཏོགས་བྱུང་མེད་པས། རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པའི་འཚོ་བའི་ནང་དོན་དེ་རྒྱ་ཆུང་ཞིང་གུ་དོག་པོའི་ལམ་དུ་དྲངས་པར་བརྟེན། བོད་སྤྱི་ཚོགས་ཀྱི་འཚོ་བ་དང་། བོད་མི་དམངས་ཀྱི་འཚོ་བ་དང་གཤིས་ཀ་མཚོན་པའི་སྙན་ངག་གི་བསྟན་བཅོས་མང་པོ་བྱུང་མ་ཐུབ་པ་རེད།
 
    ཚིག་རྒྱན་སྦྱོར་ཚུལ་གྱི་ཁྱད་ཆོས།
 
    གཅིག སྙན་ངག་གི་རྒྱན་གྱི་ངོ་བོ་བཤད་པ།
 
    སྙན་ངག་མཛེས་བར་བྱེད་པ་ཡི།ཆོས་ནི་རྒྱན་ཞེས་བྱ་བར་བརྗོད། རྗོད་བྱེད་ཚིག་གི་སྙན་ངག་དེ་ཉིད་མཛེས་པར་བྱེད་པ་ཡི་ཆོས་རྣམས་ལ་སྙན་ངག་གི་རྒྱན་ཞེས་བརྗོད། དཔེར་ན། བཞིན་ཤ་རྒྱགས་པའི་སྐྱེ་བོ་ཞིག་ལ་དར་ཚོན་སྣ་ལྔའི་རྒྱན་གྱིས་སྤྲས་ཏེ་ལུས་མཛེས་བར་བྱེད་པ་ཞིག་ལ་འདོད།
 
    གཉིས། 《སྙན་ངག་མེ་ལོང་མ》ཡི་རྒྱན་ནང་གསེས་ཀྱི་དབྱེ་བ།ཐུན་མོང་མ་ཡིན་པའི་རྒྱན།དེ་ཡང་རྒྱན་གྱི་སྦྱོར་ལུགས་ལ།སྙན་ངག་གི་རྒྱན་དེ་ཡང་རྒྱ་གར་མཁས་པའི་སྙན་ངག་སྦྱོར་ཚུལ་གྱི་སྒོ་ནས་ཤར་བའི་ལུགས་དང་ལྷོ་བའི་ལུགས་མི་འདྲ་བའི་རྣམ་པ་གཉིས་ཡོད། དེ་ལ་ནང་གསེས་ཀྱི་དབྱེ་བ་སྦྱར་བ། རབ་དྭངས་སོགས་བཅུ་ཡོད།
 
    ཐུན་མོང་གི་རྒྱན།སྙན་ངག་གི་རྒྱན་གྱི་ནང་གསེས་གཉིས་པ་ཤར་ལྷོ་གཉིས་ཀ་ཐུན་མོང་དུ་འདོད་པའི་རྒྱན་ལ་ཐུན་མོང་གི་རྒྱན་ཟེར་ཞིང་ནང་གསེས་དབྱེ་ན་དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན་ཏེ་རྣམ་པ་གསུམ་དུ་འདོད། དེ་དག་རེ་རེ་བཞིན་དཔེར་བརྗོད་དང་བཅས་བྲིས་ན། ཡིག་ཚོགས་ལ་འཇིག་པ་དང་། གཉིས་ནས་རང་ཉིད་རིག་གནས་ཆུ་ཚད་ཞན་པ་དང་། ལྟ་རྒྱ་དང་ཐོས་རྒྱ་ཆུང་བ་སོགས་ཀྱི་དབང་གིས་བོད་ལ་རྒྱུག་ཆེ་བའི་རྒྱན་འགའ་དང་། བཀོལ་སྤྱོད་དགོས་མཁོ་མེད་པའི་རྒྱན། མེ་ལོང་མའི་གཞུང་དུ་མེད་ལ་བོད་རང་གི་རྩོམ་རིག་བརྩམས་ཆོས་ཁྲོད་དུ་གནས་པའི་རྒྱན་འགའ་དཔེ་དང་བཅས་ཏེ་གསལ་བར་འཆད་པར་བྱ།
 
    《སྙན་ངག་མེ་ལོང་མ》ཡི་ལུགས་ལྟར་ཕུན་སུམ་ཚོགས་པའི་རྒྱན་གྱིས་ཕྱུག་པ་ནི། ཏིང་ངེ་འཛིན་གྱི་རྒྱན་དང་། བསྡུས་བརྗོད། རབ་རྟོག ཕུལ་བྱུང་། དཔེ་རྒྱན།གཟུགས་རྒྱན་སོགས་ནི་རྩོམ་པ་པོ་རང་གི་སེམས་ཁམས་དེ་ཕྱི་ཡུལ་གྱི་ཁ་གཏད་དངོས་གཟུགས་དེའི་སྟེང་ལ་ཐིམ་པར་བྱས་ཤིང་། སླར་ཡང་དངོས་གཟུགས་དེ་ལས་སྙན་ངག་པ་རང་ཉིད་ཀྱི་ཚོར་འདུ་ཕྱིར་འཕྲོས་ཤིང་མཚོན་པར་བྱེད་པ་ཞིག་ཡིན་པས། ཡིད་བརྙན་གྱི་མཛེས་རྩལ་མཆོག་ཏུ་མངོན་པའི་ཐབས་ལམ་ཡིན། དཔེར་ན། ཐེ་ཚོམ་ཕུལ་བྱུང་ལ་རྩ་བའི་དཔེ་བརྗོད་འདི་འདྲ་བཀོད་ཡོད་དེ།
 
    དགའ་མ་ཁྱོད་ཀྱི་ནུ་མ་དང་། །
 
    དཔྱི་ཡི་བར་ན་སྐེད་པ་ནི། །
 
    ཡོད་དམ་མེད་ཅེས་བདག་གི་ནི། །
 
    ཐེ་ཚོམ་ད་དུང་བཟློག་མ་གྱུར། །
 
    ཞེས་དགའ་མའི་ནུ་མ་དང་དཔྱི་ཡི་བར་འདི་ན་སྐེད་པ་ཞིག་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་བཟློག་མ་ཐུབ་པའི་ཡིད་བརྙན་གྱི་མཛེས་རྩལ་མཆོག་ཏུ་མངོན་ཡོད།
 
    སེམས་ལྡན་རབ་རྟོག་ལ།
 
    ཉིན་གུང་ཉི་མས་གདུངས་པ་ཡིས། །
 
    གླང་བོ་དག་ནི་མཚོར་འཇུག་པ། །
 
    ཉི་མའི་ཕྱོགས་གྱུར་པད་མ་རྣམས། །
 
    གཞོམ་པར་འདོད་པ་ཡིན་ནམ་སྙམ། །
 
    ཞེས་སྙན་ངག་མཁན་གྱི་དངོས་ཡོད་གནས་ཚུལ་དེར་རྣམ་པ་གཞན་དུ་སྒྲོ་བཏགས་ནས། གླང་བོ་ཆེ་ཉི་མ་ལ་འཁོན་ལན་སློག་པའི་ཆེད་དུ་པད་མའི་མཚོ་ནང་དུ་ཞུགས་ནས་པད་མ་གཞོམ་པར་འདོད་པ་ཡིན་ནམ་སྙམ་པའི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་ཡིད་བརྙན་བླ་ལྷག་གི་མཛེས་པར་བྱས་ཡོད།
 
    གཞན་ཡང《སྙན་ངག་མེ་ལོང་མ》ཡི་གཞུང་དུ་བསྟན་པའི་ཟུང་ལྡན་དང་བྱ་དཀའ་བ་སོགས་ཀྱི་སྒྲ་རྒྱན་ནི་སྙན་ངག་ལ་དབྱངས་ཀྱི་འགྱུར་ཁུགས་བླ་ལྷག་ཏུ་ལྡན་པའི་བྱེད་ནུས་ལྡན།
 
    ཡིན་ན་ཡང་རྒྱན་གྱི་མཚན་ཉིད་འཇོག་སྟངས། རྒྱན་གྱི་རྣམ་གྲངས་དབྱེ་ཚུལ་ལ་སོགས་པའི་ཐད་བོད་རང་གི་ཁྱད་ཆོས་དང་མི་མཐུན་པ་ཅི་རིགས་ཡོད། དཔེར་ན། ཐུན་མོང་མ་ཡིན་པའི་རྒྱན་བཅུའི་ནང་གསེས་དང་པོ། སྦྱར་བའི་རྒྱན་གྱི་སྲོག་ཆེ་ཆུང་གི་ཡི་གེ་རྣམས་ནི་བོད་རང་གི་སུམ་རྟགས་ཀྱི་བརྡ་སྤྲོད་རིག་པ་དང་འགལ་བ་ལྟག་སྤྲོད་དུ་གྱུར་པ་མངོན་སུམ་ཚད་མས་གྲུབ་ལ། བརྡ་སྤྲོད་དང་འགལ་བའི་རྒྱན་འཁྱོག་སྐམ་པོ་ཞིག་བོད་ལ་དགོས་དོན་ཅི་ཡོད།
 
    གཞན་ཡང《སྙན་ངག་མེ་ལོང་མ》ཡི་གཞུང་དངོས་གཞི་ལྟར་ན། ཡིད་བརྙན་འགོད་སྟངས་ལ་དོན་གཞན་བཀོད་པའི་རྒྱན་དང་། ལྡོག་པ་ཅན་གྱི་རྒྱན།རིམ་པ་ཅན་གྱི་རྒྱན། ངེས་བསྟན་གྱི་རྒྱན། སྐབས་མིན་བསྟོད་པའི་རྒྱན། ལྷན་ཅིག་བརྗོད་པའི་རྒྱན། ཟོལ་བསྟོད་ཀྱི་རྒྱན་སོགས་མང་པོ་སྣ་ཚོགས་ཡོད་ཀྱང་འདི་དག་ལས་དམིགས་བསལ་གྱི་ཡིད་བརྙན་འགོད་སྟངས་དང་དཔེར་མཚོན་དུ་འོས་པའི་ཡིད་བརྙན་གྲུབ་ཚུལ་གསལ་བོར་མངོན་མེད། དེ་དག་ལས་ཁ་ཤས་ཤིག་གཞུང་གི་དངོས་བསྟན་ཙམ་དུ་མ་གཏོགས་ཕལ་ཆེ་བ་དཔེ་རྒྱན་དང་གཟུགས་རྒྱན་གཉིས་ཀྱི་གཞི་འདི་ལས་འཕྲོས་པས་ན་ཞིབ་ཏུ་བརྗོད་པའི་དགོས་མཁོ་ཆེར་མ་མཆིས།
 
    སྙན་ངག་ནི་སྤྱི་ཚོགས་འཚོ་བ་དངོས་ནས་བྱུང་བ་ཡིན་པའི་ཆ་ནས་བོད་ལ《སྙན་ངག་མེ་ལོང་མ》མ་དར་སྔོན་དང་དར་རྗེས་མེ་ལོང་མའི་རྒྱན་ལས་འགོངས་པའི་སྙན་ངག་གི་རྒྱན་བོད་ལ་ཡོད་དམ་ཞེ་ན། ཡོད་དེ། དཔེར་ན། 《མི་ལའི་མགུར་འབུམ》ལས་བྲག་དམར་མཆོང་ལུང་གི་ངོ་མཚར་བའི་ཡུལ་ལྗོངས་ལ་བསྟོད་སྐབས།
 
    བྲག་དམར་མཆོང་ལུང་ཁྱུང་གི་རྫོང་། །སྟེང་ན་ལྷོ་སྤྲིན་ཁོར་མ་ཁོར། །འོག་ན་གཙང་ཆབ་ཀྱ་མ་ཀྱུ། །བར་ན་རྒོད་པོ་ལང་མ་ལིང་། །རྩི་ཤིང་སྣ་ཚོགས་བན་མ་བུན། །་་་་་་་་སྤྲ་དང་སྤྲེའུ་ཡང་རྩལ་སྦྱོང་། །རི་དྭགས་སྣ་ཚོགས་བང་རྩལ་སྦྱོང་། །སོགས་བོད་རང་གི་ཁྱད་ཆོས་ལྡན་པའི་ངང་ཚུལ་སྟོན་པའི་རྒྱན་དང་། གྲངས་ཀ་སྟོན་པའི་རྒྱན། 《སྙན་ངག་མེ་ལོང་མ》དར་རྗེས་ཀྱི་ཀ་ཕྲེང་གི་རྒྱན་སོགས་མཆིས། དེ་དག་རེ་རེ་བཞིན་ཞིབ་ཏུ་འགོད་པའི་དགེ་མཚན་ཆེས་ཆེར་མི་སྣང་ངོ་།།
 
    མདོར་ན། 《སྙན་ངག་མེ་ལོང་མ》བོད་དུ་བསྒྱུར་པ་དེས་བོད་ཀྱི་ཚིག་རྒྱན་སྙན་ངག་གོང་འཕེལ་དུ་འགྲོ་བར་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཐོན་ཡོད་པ་དང་། བོད་རང་གི་སྙན་ངག་པའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱས་ཡོད། །
  རྩོམ་པ་པོ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི2010ལོའི་ཞིབ་འཇུག་སློབ་མ་ཡིན།
  མཚོ་སྔོན་བོད་ཡིག་གསར་འགྱུར།2002.10.12།པར་ངོས22།

 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།