རྒྱུན་མཐོང་མོ་ནད་དང་དེའི་འགོག་བཅོས་སྐོར་ཅུང་ཟད་གླེང་བ།

     བདག་གིས་ལོ་མང་པོར་གཞི་རིམ་འཕྲོད་བསྟེན་ཁང་གི་བུད་མེད་ཚན་ཁག་ཏུ་བྱ་བ་གཉེར་བའི་བརྒྱུད་རིམ་དང་ལག་ལེན་ཁྲོད། བདག་ལ་ཡིད་སྐྱོ་བ་དང་ཅི་བྱ་གཏོལ་མེད་དུ་གྱུར་པའི་བསམ་ཚུལ་ཞིག་རྒྱུན་དུ་སྐྱེས་ཡོང་།དེ་ནི་བདག་རང་གནས་སའི་ཁོར་ཡུག་བཟང་མིན་དང་བདག་གི་ལས་ཀར་ཚེགས་ལྕི་མིན་ཞིག་དང་འབྲེལ་བ་གཏན་ནས་མེད་པར། ང་ཚོ་གཞི་རིམ་བུད་མེད་རྣམས་ལ་མོ་ནད་བྱུང་སྐབས་དུས་ཐོག་ཏུ་ནད་བཅོས་བྱེད་ཀྱིན་མེད་པའི་གནས་ཚུལ་དང་འཕྲད་པ་ལས་བྱུང་བ་ཞིག་ཡིན། གཤམ་ནས་བདག་གིས་ལོ་མང་པོའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་དང་སྦྲགས་ཏེ་རྒྱུན་མཐོང་མོ་ནད་དང་དེ་ནད་བཅོས་བྱེད་ཚུལ་སྐོར་ཅུང་ཟད་གླེང་བར་བྱ།

གཅིག མངལ་ལམ་ལ་གཉན་ཚད་རྒྱས་པའི་ནད།

   ནད་གཞི་འདི་ནི་བུད་མེད་མང་ཤོས་ལ་རྒྱུན་དུ་འབྱུང་བའི་ནད་རིགས་ཤིག་ཡིན་ལ། དེར་ཆེ་ཕྱོགས་ནས་མངལ་རུབ་རང་བཞིན་གྱི་གཉན་ཚད་དང་ངར་སྐྱེད་རང་བཞིན་གྱི་གཉན་ཚད། འགོ་བའི་རང་བཞིན་གྱི་གཉན་ཚད་བཅས་ཡོད། དེ་ཡང་ཟླ་མཚན་ཆད་ལ་ཉེ་བའི་ལོ་བཞི་བཅུ་ནས་ལྔ་བཅུ་ཡས་མས་ཀྱི་བུད་མེད་དང་ཡང་ན་བུ་སྣོད་བླངས་ཟིན་པའི་བུད་མེད་ལ་སྤྱིར་བཏང་དུ་མངལ་ཁ་རུབ་པའི་གཉན་ཚད་རྒྱས་སྲིད་པ་དང་། ངར་སྐྱེད་རང་བཞིན་གྱི་གཉན་ཚད་ནི་དྲི་ཞིམ་བྲོ་བའི་འདག་འཁྲུ་དངོས་རྫས་དང་ཟླ་མཚན་ཡོང་སྐབས་བཀོལ་བའི་འཕྲོད་བསྟེན་ཤོག་བུ། སྦྲུམ་འགོག་སྐྱེའུ་སོགས་རྫས་འགྱུར་དངོས་རྫས་འདྲེས་པའི་དངོས་པོ་སྤྱད་པ་ལས་བྱུང་བའི་ནད་གཞི་ཞིག་ཡིན། འགོ་བའི་རང་བཞིན་གྱི་གཉན་ཚད་ནི་སྐྱེ་དངོས་ཕྲ་རབ་ཀྱི་ནད་དུག་འགོས་པ་ལས་བྱུང་བ་ཞིག་ཡིན་ལ། སྐྱེ་དངོས་ཕྲ་རབ་དེ་དག་ནི་འབུ་སྲིན་དང་ནད་དུག་ཡིན་སྲིད། སྤྱི་ཆ་ནས་བཤད་ན། གྲང་དཀར་རྒྱུན་ལྡན་མིན་པ་ནི་བུད་མེད་ལ་མོ་ནད་ཡོད་པའི་རྟགས་ཡིན་ཞིང་། མངལ་ལམ་ལ་གཉན་ཚད་རྒྱས་པའི་ནད་ཀྱང་གྲང་དཀར་རྒྱུན་ལྡན་མིན་པ་ལས་ཤེས་ཐུབ། འོ་ན། གྲང་དཀར་རྒྱུན་ལྡན་ཡིན་མིན་ལ་ཇི་ལྟར་བལྟ་དགོས་ཤེ་ན། གྲང་དཀར་སེར་བོའམ་ཡང་ན་སེར་ནག་འབྱར་བག་ཅན་ཡིན་པ་དང་དྲི་ངན་བྲོ་བ་ཡིན་ན་རྣག་འབྱམས་རང་བཞིན་གྱི་དུག་སྲིན་ལས་བྱུང་བའི་མངལ་ལམ་གཉན་ཚད་དང་ཡང་ན་མངལ་སྒོ་གཉན་ཚད་དང་བུ་སྣོད་ནང་སྐྱིའི་གཉན་ཚད་བྱུང་བའི་རྟགས་ཡིན། གྲང་དཀར་དེ་སྲན་སྙིགས་སམ་ཡང་ན་ནུ་མགོའི་དབྱིབས་ལྟ་བུར་ཆགས་ཤིང་། མངལ་ཁར་ཟ་འཕྲུག་ལངས་ན་མང་ཤོས་དུག་སྲིན་ལས་འགོས་པ་ཡིན་ཞིང་། གྲང་དཀར་གྱི་མདོག་དཀར་ཞིང་ལྦུ་སོབ་ལྟ་བུར་ཆགས་ཤིང་མངལ་ཁར་ཟ་འཕྲུག་ལངས་པ་ནི་སྲིན་འབུས་ནད་དུག་འགོས་པའི་རྟགས་ཡིན། དེར་བརྟེན། གྲང་དཀར་རྒྱུན་ལྡན་མིན་སྐབས་ངེས་པར་སྨན་ཁང་ལ་སོང་ནས་ནད་བརྟག་བྱས་ཏེ་ནད་གཞི་གང་ཡིན་པ་གསལ་བོར་བརྟགས་པ་བརྒྱུད། སྔ་མོ་ནས་སྨན་བཅོས་བྱས་ན་བཟང་། ཡིན་ཡང་། ང་ཚོ་གཞི་རིམ་དུ་གནས་པའི་བུད་མེད་ཚོས་གྲང་དཀར་རྒྱུན་ལྡན་མིན་པར་སྣང་འཇོག་ཅི་ཡང་མི་བྱེད་པར་མ་ཟད། སྨན་ཁང་ལ་སོང་ནས་སྨན་པར་བསྟན་ན་ངོ་ཚ་བ་ཟེར་ནས་འགོར་འགྱངས་བྱེད་ཀྱིན་ཡོད། ཁོ་མོ་ཚོས་དེ་ལྟར་ནད་གཞི་ཇེ་ལྕི་རུ་སོང་ནས་ཟུག་གཟེར་བསླངས་པ་དང་ཡང་ན་འུ་ཐུག་ཐབས་ཟད་དུ་གྱུར་སྐབས་མ་གཏོགས་སྨན་ཁང་ལ་སྟོན་དུ་མི་ཡོང་མོད། འོན་ཀྱང་སྐབས་དེར་ཐོན་སྐབས་ཁོ་མོ་ཚོས་གཞི་རིམ་གྱི་སྨན་ཁང་ལ་བསྟན་པ་ཙམ་གྱིས་ནད་གཞི་གསོ་བཅོས་བྱ་མི་ཐུབ་པས། སྨན་ཁང་ཆེ་རིགས་ལ་མི་འགྲོ་ཐབས་མེད་ཡིན་ལ། སྨན་ཁང་ལ་སོང་ནས་ནད་བརྟག་བྱེད་སྐབས་མང་ཤོས་ཀྱི་ནད་གཞི་དེ་འདྲའི་བཟང་རྒྱུ་མེད་པའི་ཚད་དུ་ལྷུང་ཡོད་ཅིང་། ཁ་ཤས་ཤིག་ནད་གཞི་ལྕི་བའི་ཚད་དུ་ལྷུང་སྟེ།ནད་བཅོས་བྱས་ཀྱང་མ་ཕན་པར་ཚེ་སྲོག་འཆི་བདག་གི་ཞགས་པས་ཟིན་པ་ཡང་མང་དུ་མཐོང་རྒྱུ་ཡོད། སྐབས་དེར་ཐོན་དུས་ཁྱིམ་མི་གང་བོ་ནད་གཞི་ཆུང་དུས་ནས་མ་བཅོས་པར་འགྱོ ད་པ་རྟས་མི་ཟིན་པ་ཞིག་སྐྱེ་བཞིན་ཡོད་མོད།འོན་ཀྱང་བོད་ཀྱི་ཁ་དཔེར“བསམ་བློ་སྔོན་དུ་བཏང་ན་མཁས་པ་ཡིན།འགྱོ ད་པ་གཞུག་ནས་སྐྱེས་ན་བླུན་པོའི་རྟགས”ཟེར་བ་ལྟར་ད་ནི་མགོ་བོ་བྲག་ལ་རྡུང་ཡང་ཕན་ཐོགས་ཅི་ཞིག་ཡོད་ཨང་།

   འོ་ན། དུས་རྒྱུན་འཚོ་བའི་ཁྲོད་ནད་གཞི་དེ་རིགས་སྔོན་འགོག་ཇི་ལྟར་བྱ་དགོས་ཤེ་ན། གཤམ་གྱི་ཕྱོགས་འགའ་ནས་མཉམ་འཇོག་གང་ལེགས་བྱ་དགོས་ཏེ། (1)བསྡམས་དྲགས་པའི་རྐང་ཐུང་དང་རྐང་སྣམ་མི་གོན་པར་མ་ཟད།སྲིང་བལ་གྱི་རིགས་ལས་བཟོས་པའི་རྐང་ཐུང་གོན་དགོས། དེ་མ་ཟད། ཉིན་རྒྱུན་དུ་རྐང་ཐུང་ཆུ་ཁོལ་ནང་སྦངས་ནས་གཙང་བཀྲུ་བྱས་རྗེས། ཉི་མར་བསྐམས་རྗེས་གོན་ན་བཟང་། (2)ཟླ་མཚན་ཡོང་སྐབས་དྲི་མ་ཅི་ཡང་མེད་པའི་འཕྲོད་བསྟེན་ཤོག་བུ་གཙང་མ་བཀོལ་བ་དང་། ཟླ་མཚན་ཡོང་སྐབས་རང་ཉིད་ཀྱི་གཙང་སྦྲར་མཉམ་འཇོག་གང་ལེགས་བྱ་དགོས་པ་དང་། ཆུ་དྲོད་འཇམ་གྱིས་མངལ་ཁ་བཀྲུས་ན་བཟང་། (3)སྨན་པས་ནད་བརྟག་མ་བྱས་པར། གང་བྱུང་དུ་ཉོས་པའི་སྨན་རྫས་སྤྱད་ནས་མངལ་ཁ་བཀྲུ་མི་རུང་སྟེ། དེ་ལྟར་བྱས་ཚེ་ཕན་མི་ཐོགས་པར་མ་ཟད། ལྡོག་སྟེ་མངལ་ཁར་གནོད་བསྐྱལ་ཏེ་ནད་གཞི་བསླང་ངེས་ཡིན། དེ་བས་གོང་གསལ་གྱི་བྱ་ལས་དག་ནི་གཞི་རིམ་བུད་མེད་རྣམས་ཀྱིས་ཀྱང་བསྒྲུབ་ཐུབ་པ་ཞིག་ཡིན་པས། དེ་ལྟར་བསྒྲུབས་ཚེ་རང་ཉིད་ལ་མི་འདོད་པའི་མོ་ནད་འབྱུང་བ་སྔོན་འགོག་བྱ་ཐུབ།

གཉིས། མངལ་སྒོར་རུལ་བའི་རང་བཞིན་གྱི་གཉན་ཚད་རྒྱས་པ།

   དེ་ཡང་རྒྱུན་དུ་མཐོང་བའི་མོ་ནད་ཀྱི་རིགས་ཤིག་ཡིན་ལ། དལ་བའི་རང་བཞིན་གྱིས་མངལ་སྒོར་གཉན་ཚད་རྒྱས་པའི་ནད་རྟགས་ཤིག་ཀྱང་ཡིན། ནད་གཞི་དེ་རིགས་སློང་བར་ཡང་རྐྱེན་དུ་མ་ཡོད་དེ། འཁྲིག་སྤྱོད་བྱས་པ་ལས་བྱུང་བ་དང་དུག་སྲིན་དང་ནད་དུག་ལས་བྱུང་བ། ད་དུང་རྫས་འགྱུར་དངོས་རྫས་ལས་བྱུང་བ་སོགས་ཡོད། ནད་གཞི་དེ་རིགས་འབྱུང་སྐབས་མི་བདེ་རྒྱུ་མང་པོ་མེད་དེ། ནད་བརྟག་བྱེད་སྐབས་ངོས་ཟིན་པ་ཞིག་ཡིན། ནད་གཞི་ཇེ་ལྕི་རུ་འགྲོ་སྐབས་གྲང་དཀར་ཇེ་མང་དུ་འགྲོ་བ་དང་།རྣག་དང་ཁྲག་འདྲེས་པའི་གྲང་དཀར་ཡོང་བ། དྲི་ངན་བྲོ་བ། མངལ་ཁར་ཟ་འཕྲུག་ལངས་པ་སོགས་ནད་རྟགས་ཡོད་ཅིང་། ཚབས་ཆེན་ཡིན་ན་གསུས་ཞབས་སྐྲངས་པ་དང་ཟུག་གཟེར་ལངས་པ། འཁྲིག་སྤྱོད་བྱས་རྗེས་སྔར་ལས་ཇེ་ལྕི་རུ་འགྲོ་བ་དང་། གཅིན་པ་གཏོང་གྲངས་མང་བ་སོགས་ཀྱི་ནད་རྟགས་ཡོད། དེ་མ་ཟད་ནད་བརྟག་བྱེད་སྐབས་ཁྲག་ཐོན་པ་རེད། ནད་རིགས་དེས་ལུས་ཁམས་བདེ་ཐང་ལ་གནོད་པར་མ་ཟད།སྔ་མོ་ནས་ནད་བཅོས་མ་བྱས་ཚེ། ཚབས་ཆེན་དུ་འགྱུར་སྐབས་ནད་བཅོས་བྱས་ཀྱང་མི་ཕན་པར་སྐྲན་ནད་དུ་འགྱུར་བ་དང་། ད་དུང་མངལ་སྦྲུམ་པར་ཡང་གནོད་འཚེ་ཐེབས་ངེས་རེད། ནད་གཞི་དེ་རིགས་ཇི་ལྟར་བཅོ་བ་དང་སྔོན་འགོག་བྱ་དགོས་ཤེ་ན། ཐོག་མར་ཟླ་མཚན་ཡོང་ཚར་རྗེས་ཀྱི་ཉིན་གསུམ་བཞི་ནང་ཚུན་དུ་སྨན་ཁང་ལ་སོང་ནས་ནད་བརྟག་བྱས་ཏེ་སྐྲན་ནད་ཀྱི་ཕྱོགས་སུ་འཕེལ་བའི་ནད་རིགས་ངན་པ་ཡིན་མིན་ལ་བལྟས་རྗེས། སྨན་པས་ཇི་བཤད་ལྟར་སྨན་བཅོས་བྱ་དགོས། ནད་གཞི་ཡང་བའི་རིགས་ཡིན་ན་མངལ་ནང་དུ་སྨན་རྫས་འཇོག་པའམ་ཡང་ན་མངལ་ཁ་བཀྲུ་བར་བརྟེན་ནས་སྨན་བཅོས་བྱས་ཚེ་དྲག་སྐྱེད་འབྱུང་ཐུབ་ལ། ཅུང་ལྕི་བའི་རིགས་ཡིན་ན་སྨན་པའི་བཀོད་སྒྲིག་ལྟར་གཤག་བཅོས་བྱ་དགོས་པའང་ཡོད། གང་ལྟར་སྔ་མོ་ནས་སྨན་བཅོས་བྱས་ཚེ་ནད་གཞི་སངས་དྲག་ཏུ་འགྲོ་ཐུབ། འོ་ན། དུས་རྒྱུན་འཚོ་བའི་ནང་གང་དག་ལ་མཉམ་འཇོག་དགོས་ཤེ་ན། གོང་དུ་བཤད་པ་བཞིན་རང་ཉིད་ཀྱི་གཙང་སྦྲར་མཉམ་འཇོག་གང་ལེགས་བྱ་དགོས་པར་མ་ཟད། སྨན་བཅོས་བྱེད་སྐབས་མངལ་ཁ་བཀྲུ་བའམ་འཁྲིག་སྤྱོད་བྱེད་པ་སོགས་གཏན་ནས་བྱ་མི་རུང་།
 
  མདོར་ན། ང་ཚོ་གཞི་རིམ་བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་ལུས་ཕུང་ལ་གཅེས་སྤྲས་བྱ་དགོས་ཤིང་། ལྷག་པར་མོ་ནད་ཀྱི་ཕྱོགས་ལ་དུས་རྟག་ཏུ་མཉམ་འཇོག་གང་ལེགས་བྱས་ཏེ། ནད་གཞི་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་སྨན་བཅོས་བྱེད་པ་ནི། ཡིད་སྐྱོ་བའི་འཚོ་བའི་སྐྱོ་གར་མང་པོ་ཞིག་ང་ཚོའི་ཕྲག་ཏུ་འབབ་མི་སྲིད། དེ་བས་ལོ་རྒྱུན་དུ་མོ་ནད་ཀྱི་ཕྱོགས་ནས་བརྟག་དཔྱད་ཐེངས་རེ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པར་འདོད་དོ།།

རྩོམ་པ་པོ་ནི་ཞུན་ཧྭ་རྫོང་ཅི་ཧྲི་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡིན།
མཚོ་སྔོན་བོད་ཡིག་གསར་འགྱུར།2012.09.21།པར་ངོས20།

 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།