ཚན་རིག་མཚན་ཉིད་རིག་པའི་སྤྱི་བཤད། ཚན་རིག་གི་གོ་དོན།

ས་བཅད་དང་པོ། ཚན་རིག་གི་གོ་དོན།

མཚན་ཉིད་རིག་པ་མེད་པའི་མི་རིགས་ནི་བླ་སྲོག་མེད་པའི་མི་རིགས་ཤིག་ཡིན་ཞིང་། ཚན་རིག་མེད་པའི་མི་རིགས་ནི་དུས་རབས་དང་རྟེན་ཅིང་འབྲེལ་བའི་འཕེལ་འགྱུར་དང་བསྟུན་ཐབས་མེད་པའི་མི་རིགས་ཤིག་ཡིན་ཞེས་བཤད་ཆོག    བསྟན་བཅོས་ཀྱི་འགྲེལ་བྱང་།

ཚན་རིག་ནི་ཅི་ཞིག་ཡིན་ཞེ་ན། དྲི་བ་དེ་མཐོང་མ་ཐག་ལན་འདེབས་སླ་བའི་ཚོར་སྣང་ཞིག་འབྱུང་སྲིད་དེ། ཚང་མས་ཤེས་གསལ་ལྟར། དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་རིག་པ་སོགས་ནི་ཚན་རིག་གི་ཁུངས་སུ་གཏོགས་པའི་རིག་གནས་ནང་ཚན་ཡིན་ཞིང་། སྒྱུ་རྩལ་དང་རོལ་དབྱངས། དེ་བཞིན་ཆོས་ལུགས་སོགས་ཚན་རིག་གི་ཁོངས་སུ་མི་རྟོགས་པ་ལྟ་བུ། འོན་ཀྱང་མཚན་ཉིད་རིག་པ་སྨྲ་བ་ཞིག་གི་ཆ་ནས། ང་ཚོས་གོང་དང་མི་མཐུན་པའི་ལན་འདེབས་སྲིད་དེ། ང་ཚོའི་དམིགས་ཡུལ་ནི་ཚན་རིག་གི་ཁོངས་སུ་གཏོགས་པའི་ཚན་རིག་ནང་ཚན་སྣ་ཚོགས་གྱི་རེའུ་མིག་ཅིག་བསྒྲིགས་དེ་རྒྱུ་མིན་པར། རེའུ་མིག་དེར་གཏོགས་པའི་ཚན་རིག་ནང་ཚན་སྣ་ཚོགས་ཀྱི་ཐུན་མོང་གི་ཁྱད་ཆོས་བཙལ་ནས།  ངེས་པ་དོན་གྱི་ཚན་རིག་གི་ངོ་བོ་ཅི་ཞིག་ཡིན་པ་སྒྲུབ་རྒྱུ་ཡིན་དེ་ཡིན་པས།  ང་ཚོའི་ལན་དེའང་རིན་ཐང་ཆུང་བའི་དྲིས་ལན་ཕྲན་ཚེགས་ཙམ་མིན་པ་གསལ་བོར་སྒྲུབ་ཐུབ། །

     ཁྱོད་ཚོས་སྔར་བཞིན་ཚན་རིག་ནི་ལྟོས་བཅས་སུ་ཐད་ཀར་མཚན་ཉིད་བཞག་ཆོག་པའི་རིག་གནས་ནང་ཚན་ཞིག་ཡིན་འདོད་ཡོད་ན་ཡང་། དོན་དངོས་སུ་ཚན་རིག་ནི་ང་ཚོ་འཚོ་གནས་བྱེད་བཞིན་པའི་འཇིག་རྟེན་ལ་རྒྱུས་ལོན་དང་འགྲེལ་བཤད། དེའི་འགྱུར་ལྡོག་ལ་སྔོན་དཔག་བཅས་བྱེད་རྒྱུར་བརྩོན་པ་བསྐྱེད་པའི་བྱ་ལས་དེ་ཡིན་ཞིང་། དེ་ལྟར་གོ་བ་བླངས་ན་ད་གཟོད་གནས་ལུགས་དང་མཐུན་པའི་མཚན་ཉིད་གསལ་བོ་ཞིག་འཇོག་ཐུབ། དེ་ནི་ཚན་རིག་གི་འགྲེལ་ཚུལ་ཁ་ཚང་ཞིག་ཡིན་ནམ་ཞེ་ན། གང་ལྟར་ཆོས་ལུགས་སྣ་ཚོགས་ཀྱིས་ཀྱང་འཇིག་རྟེན་ལ་རྒྱུས་ལོན་དང་དེའི་འགྲེལ་བཤད་ཕྱོགས་ནས་བརྩོན་པ་བསྐྱེད་ཡོད་ན་ཡང་། ཆོས་ལུགས་ནི་ཚན་རིག་ནང་ཚན་ཞིག་ཏུ་བརྩིས་མེད། དེ་བཞིན་སྐར་རྩིས་དང་མོ་རྩིས་ལ་སོགས་པར་བརྟེན་ནས་ཀྱང་མ་འོངས་པར་སྔོན་དཔག་བྱེད་སྲིད་ན་ཡང་། ཚན་རིག་པ་མང་ཤས་ཀྱིས་བྱ་ལས་དེ་དག་ཀྱང་ཚན་རིག་བྱ་ལས་སུ་བརྩིས་མེད། ལོ་རྒྱུས་སྨྲ་བ་དག་གིས་ཀྱང་འདས་པའི་ལས་དོན་ལ་རྒྱུས་ལོན་དང་འགྲེལ་བཤད་བྱེད་སྲིད་ན་ཡང་། ལོ་རྒྱུས་ནི་སྒྱུ་རྩལ་གྱི་ཁོངས་གཏོགས་རིག་གནས་ནང་ཚན་དུ་བཞག་ཡོད་པ་ལས། ཚན་རིག་གི་ཁོངས་གཏོགས་རིག་གནས་ནང་ཚན་དུ་བརྩིས་མེད།  མཚན་ཉིད་རིག་པའི་དྲི་བ་གཞན་པ་དང་མཚུངས་པར། དོན་དངོས་སུ་ཚན་རིག་ནི་ཅི་ཞིག་ཡིན་ཞེ་ན། དྲི་བ་དེར་མཐོང་མ་ཐག་འཇོག་འདོད་པའི་མཚན་ཉིད་དང་བསྡུར་ན། རྙོང་འཛིང་ཧ་ཅང་ཆེ་བའི་ཞིབ་འཇུག་བྱ་ཡུལ་ཞིག་ཏུ་གྱུར་ཡོད། །

        མང་ཤས་ཀྱི་ཡིད་ཆེས་ལྟར་ན། ཚན་རིག་ནི་ཚན་རིག་པས་འཇིག་རྟེན་ལ་ཞིབ་འཇུག་བྱེད་པའི་དམིགས་བསལ་གྱི་ཐབས་ལམ་ཞིག་ཡིན། དེ་ནི་གནས་ལུགས་ཡོད་པའི་བསམ་འཆར་ཞིག་རེད། རྒྱུ་མཚན་ནི་ཚན་རིག་མང་ཤས་ཀྱིས་ཚན་རིག་ཚན་ཁག་མ་ཡིན་པའི་རིག་གནས་ནང་ཚན་ལ་མི་གཏོགས་པའི་དམིགས་བསལ་གྱི་ཞིབ་འཇུག་ཐབས་ལམ་ལག་ལེན་བྱེད་སྲིད་དེ། དམིགས་བསལ་ཅན་གྱི་མ་དཔེ་ཞིག་དང་བསྟུན་ནས་བཤད་ན། ཚོད་ལྟ་ལག་ལེན་བྱེད་སྲིད་པ་ལྟ་བུ། ཚོད་ལྟའི་ལག་ལེན་ནི་དེང་རབས་ཚན་རིག་འཕེལ་འགྱུར་ལོ་རྒྱུས་ཀྱི་ཁ་ཕྱོགས་བསྒྱུར་མཚམས་ལྟ་བུའང་ཡིན། འོན་ཀྱང་། ཚན་རིག་ཡོད་ཚད་ཚོད་ལྟར་བརྟེན་དགོས་པའི་ངེས་པའངམེད་དེ། དཔེར་ན། གནམ་དཔྱོད་རིག་པའི་མཁས་པས་ནམ་མཁའ་ནས་ཚོད་ལྟ་བྱེད་མི་ནུས་པས། ལྟ་ཞིབ་ཞིབ་མོར་བརྟེན་ནས་ཚོད་ལྟའི་ཚབ་བྱེད་པ་ལྟ་བུ། སྤྱི་ཚོགས་ཚན་རིག་མང་ཤས་ཀྱང་དེ་ལྟར་ཡིན། ཚན་རིག་གི་ཁྱད་ཆོས་གཞན་ཞིག་ནི་རིགས་པའི་གཞུང་ལུགས་གསར་བ་ཞིག་སྒྲུབ་འཛུགས་བྱ་རྒྱུ་དེ་ཡིན། ཚན་རིག་པའི་ལས་དོན་གཙོ་བོ་ནི་ཚོད་ལྟ་དང་ལྟ་ཞིབ་ལ་བརྟེན་ནས་བྱུང་བའི་འབྲས་བུ་རྣམས་ཟིན་བྲིས་སུ་འགོད་རྒྱུ་ཙམ་མིན་པར། རིགས་པའི་གཞུང་ལུགས་ཤིག་ལ་བརྟེན་ནས་ཚོད་ལྟ་དང་ལྟ་ཞིབ་དེ་དག་གི་འབྲས་བུ་ཆོས་ཉིད་ཅན་གྱི་སྒོ་ནས་རིགས་པའི་གཞུང་ལུགས་ཤིག་ཏུ་སྒྲུབ་འཛུགས་བྱེད་རྒྱུ་དེ་ཡིན། བྱ་བ་དེ་ནི་ལས་སླ་མོ་ཞིག་མིན་མོད། འོན་ཀྱང་འབྲས་བུ་ཆེན་པོ་ཐོབ་པའི་དུས་སྐལ་ཡང་ཡོད་དེ། ཚན་རིག་མཚན་ཉིད་རིག་པའི་ལྡེ་མིག་ལྟ་བུའི་གནད་འགག་ཅིག་ནི། ཚན་རིག་པས་ཚོད་ལྟ་དང་ལྟ་ཞིབ། རིགས་པའི་གཞུང་ལུགས་སྒྲུབ་འཛུགས་སོགས་ཐབས་ལམ་དུ་མར་བརྟེན་ནས། འཇིག་རྟེན་ཁམས་ཆེན་པོའི་གསང་བ་བརྟོལ་རྒྱུ་དེ་ཡིན།  །


རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།