ཀྲུང་གོ་བོད་ཀྱི་དྲ་བ།

རིག་བྱེད་ཤེས་རིག་ནི་གནའ་བོའི་ཤར་ནུབ་རིག་གནས་འཕོ་འགྱུར་ཁྲོད་ཀྱི་བླ་སྲོག་ཅིག་ལ་འདོད་པ།

ཡོང་ཁུངས། : རྩེར་སྙེག   རྩོམ་པ་པོ། : འཇམ་དཔལ་རྒྱལ།   སྤེལ་དུས། : 2018-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ང་ཚོས་རིག་གནས་གང་ཞིག་གི་ཁུངས་དང་རྩ་བ་བཙལ་ན་དངོས་ཡོད་ལས་འདས་པའི་ལྐོག་གྱུར་གྱི་གནས་ཤིག་ཡིན་པ་སྟེ། མིའི་རིགས་ཀྱི་རིག་གནས་འཕེལ་བའི་ཆོས་ཉིད་ཀྱིས་ཐག་བཅད་པ་ཞིག་རེད། འཇིག་རྟེན་གྱི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་མ་ཐོབ་པའི་གནའ་མི་རྣམས་ཀྱིས་ཉི་ཟླ་སྐར་གསུམ་དང་ཉི་སྒྲིབ་དང་ཟླ་འཛིན་སོགས་མཚར་དུ་འཛིན་ཞིང་། དེ་དག་ལ་འགྲེལ་བཤད་ཡ་མཚན་པ་བརྒྱབ་ནས་མི་མངོན་པའི་ལྷ་འདྲེ་གང་རུང་གི་ནུས་མཐུ་ཞིག་ཏུ་ངོས་བཟུང་སྟེ། ནམ་ཡང་རང་བྱུང་ཁམས་ཀྱི་གཉའ་གནོན་འོག་འཚོ་ཞིང་འདུག་པས་བཟོད་པའི་དཀའ་ཐུབ་ཀྱི་མཐའ་མ་འཁྱོལ་བར་ལྷ་རྣམས་ལ་རེ་བཅོལ་བྱས་ཏེ། སྨོན་ལམ་བཟང་བོའི་སྙན་ཚིག་དང་བསྟོད་ཚོགས་དག་ཀྱང་བྱུང་བར་གྱུར་པ་དག་གིས་ལྷ་སྒྲུང་གི་ཁྲོད་དུ་བསྐུངས་ཟིན་པའི་དངོས་ཡོད་ཀྱི་ལོ་རྒྱུས་ས་བོན་ཡང་རྙེད་པར་འདོད་དེ། རླབས་ཆེན་གྱི་རྩོམ་རིག་པ་ཀོར་ཅིས་ལགས་ཀྱིས་གསུང་དོན་ལྷ་སྒྲུང་ནི་རྟོག་བཟོ་བྱས་པ་དང་རྟོག་བཟོ་ནི་ཕྱི་རོལ་ཡུལ་གྱི་གནས་ཚུལ་དངོས་ཀྱི་སྤྱི་ཡོངས་ནས་ཁོའི་རྩ་བའི་དོན་སྙིང་བཀར་ཡོང་བ་དེ་གཟུགས་སུ་བཀོད་ནས་མཚོན་པར་བྱ་དགོས་ལ། འདི་ལྟར་བྱས་པས་ང་ཚོར་དངོས་ཡོད་རིང་ལུགས་བྱུང་བ་རེད། ཡིན་ནའང་གལ་ཏེ་ཕྱི་རོལ་ཡུལ་གྱི་གནས་ཚུལ་དངོས་ཀྱི་ནང་དུ་བཀར་བའི་དོན་སྙིང་སྟེང་ལྟར་སྣང་གི་གཏན་ཚིགས་རིག་པས་ཚོད་དཔག་བྱེད་པའི་ཕུགས་འདུན་དང་ཡོད་སྲིད་པའི་དངོས་པོའི་གཞི་འཛིན་ས་བསྣན་པས་གཟུགས་ཅན་དེ་སྔོན་ལས་ཀྱང་ལེགས་པར་ཆ་ཚང་དུ་ཕྱིན་པར་བརྟེན། ང་ཚོར་འཆར་ཡན་རིང་ལུགས་འདི་བྱུང་བ་རེད། འཆར་ཡན་རིང་ལུགས་ནི་ལྷ་སྒྲུང་གི་རྨང་གཞི་ཡིན་ལ་ཕན་ནུས་ཀྱང་ཧ་ཅང་རྒྱ་ཆེན་པོ་ཡོད་ལ། དེ་ཡིས་མི་རྣམས་ཀྱིས་འཕེལ་འགྱུར་གྱི་རྣམ་འགྱུར་གྱིས་དོན་དངོས་དང་། ལག་ལེན་དངོས་ཀྱི་སྟེང་ནས་འཇིག་རྟེན་བསྒྱུར་བཀོད་བྱེད་པར་རམ་འདེགས་བྱེད་ཐུབ་པས་སོ། །①ཞེས་པ་བཞིན་རུས་རྒྱུད་ཚོ་བའི་དུས་སྐབས་སུ་བྱུང་བའི་ལྷ་སྒྲུང་དག་གིས་བྱིས་བློ་དང་མཚུངས་པའི་མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་གོམས་སྟབས་ཤིག་མཚོན་རྒྱུ་ཡོད།

  གདོད་མའི་འཛམ་གླིང་ཤར་ནུབ་ཀྱི་ལྷ་སྒྲུང་མང་པོ་ཞིག་གྷི་རིག་དང་རིག་བྱེད་ཤེས་རིག་གིས་བསྐྱེད་པ་དོན་དུ་གྲུབ་ཏེ། རིག་བྱེད་ཤེས་རིག་ཁྲོད་ཀྱི་ལྷ་སྒྲུང་དེ་དག་ལ་ཡང་རིགས་ཆེན་པོ་གསུམ་དུ་དབྱེ་ཆོག་སྟེ། འགྲོ་བ་མིའི་བྱུང་ཚུལ་སྐོར་དང་། འཇིག་རྟེན་སྐྲུན་པོའི་སྐོར། དེ་ལས་གཞན་པའི་སྒྲུང་གི་སྐོར་བཅས་གསུམ་དུ་འདུ་ཞིང་། འདི་གསུམ་གྱིས་གནའ་བོའི་གྷི་རིག་དང་རྒྱ་གར། རྒྱ་ནག་དང་བོད་བར་གྱི་ལྷ་སྒྲུང་གི་རིགས་རྒྱུན་དག་རིག་བྱེད་ཤེས་རིག་གིས་བསྐྱེད་པར་འདོད།
  དང་པོ། འགྲོ་བ་མིའི་རིགས་བྱུང་ཚུལ་སྐོར་གྱི་ལྷ་སྒྲུང་གི་ས་བོན་དང་རིགས་རྒྱུན་གྱི་འབྲེལ་བ།
  མིའི་རིགས་ཇི་ལྟར་བྱུང་ཚུལ་སྐོར་གྱི་ལྷ་སྒྲུང་ལ་ནུབ་ཕྱོགས་རྒྱལ་ཁབ་ནང་ས་ཆ་ཁྱབ་ཆེ་བའི་བཤད་རྒྱུན་ནི་དཀོན་མཆོག་གིས་འདམ་པས་གཡའ་ཏང་ཞེས་པའི་མི་སྐྱེས་པ་ཞིག་བཟོས་རྗེས་དེའི་རྩིབས་མ་ཞིག་བཀོག་སྟེ་ཤཱ་བ་ཞེས་པའི་བུད་མེད་ཅིག་བཟོས། ཁོང་གཉིས་འདུས་པ་ལས་བུ་ཕྲུག་མང་དུ་འཕེལ་ཏེ་དེ་དག་གི་རྒྱུད་ལས་འགྲོ་བ་མིའི་རིགས་དར་བ་ཞིག་རེད་ཟེར།② གནའ་རབས་རང་རྒྱལ་དུ་བུད་མེད་དབའ་ཧྲེ་ཞེས་པས་ས་སེར་པོས་མི་བཟོས་པའི་བཤད་སྲོལ་ཞིག་ཡོད་པ་སྟེ། གནའ་རབས་བུད་མེད་དབའ་ཧྲེ་ཞེས་པའི་ལྷ་མོ་ཞིག་ཡོད་པ་དེས་རང་ཉིད་གཅིག་པུར་སྡོད་སྐབས་སྐྱོ་སྣང་རང་དུ་འཆར་ཏེ་མི་ཆུང་འགའ་ཞིག་བཟོས། དེ་རྣམས་ལ་ཕུ་བཏབ་པས་གསོན་པོར་གྱུར། ལྷ་མོ་དེ་ཡིས་མི་ཆུང་ཕོ་མོ་རྣམས་ཕན་ཚུན་གཉེན་སྒྲིག་བྱེད་དུ་བཅུག་པས་དེ་རྣམས་ལས་འགྲོ་བ་མི་ཡི་རིགས་དར་འཕེལ་བྱུང་ཟེར③བ་རེད།
  གཏམ་རྒྱུད་འདི་གཉིས་ཀར་ཐོག་མའི་འཇིག་རྟེན་དུ་མི་ཧ་ཅང་ཉུང་བའི་སྣང་ཚུལ་ཡོད་པ་འདྲ་བ་མ་ཟད། བཅོས་པའི་མི་གཉིས་ཀ་སྲོག་མེད་སྲོག་ལྡན་གྱི་རྣམ་པར་བསྒྱུར་བའི་རྟོག་བཏགས་ཀྱི་ཆ་ཡང་འདྲ་བ། ཡ་ཏིང་དང་དབའ་ཧྲེ་གཉིས་ཀ་ཡང་འདོད་པའི་དབང་གིས་ཡིན་པས་མིའི་བརྩེ་དུང་དང་བདག་འཛིན་གྱིས་གྲུབ་པའི་འདུ་ཤེས་ཅན་ཡིན་པ་བསྟན་པ་འདྲ་བ་འདི་ལས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རང་རྒྱལ་བར་གྱི་ལྷ་སྒྲུང་ལ་རིགས་རྒྱུན་གྱི་འབྲེལ་བ་ཡོད་པ་ཤེས་ཐུབ། གཞན་ཡང་རང་ཅག་ཁ་བའི་ལྗོངས་སུ་འགྲོ་བ་མིའི་རིགས་བྱུང་ཚུལ་སྐོར་གྱི་བཤད་ཚུལ་ཞིག་ལ། འབངས་ཀྱི་མི་རབས་ལ་འབྱུང་བ་རྣམ་པ་ལྔའི་སྙིང་བོ་ལས། སྒོ་ང་ཆེན་པོ་ཞིག་བྱུང་བ་སྟེ། ཕྱིའི་སྒོང་ཤུན་ལ། ལྷ་བྲག་དཀར་བོ་ཆགས། ནང་གི་སྒོང་ཆུ་ལ། དུང་མཚོ་དཀར་མོ་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་འབྲིང་བ་དེ། དུང་སྒོང་གཅིག་ཏུ་ཡར་ནས་བྱུང་། དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན། དེ་ལ་རྣམ་ལྔའི་རིག་པ་མེད་པ། བསམ་པའི་སེམས་ཡོད་པས། ལྟ་བའི་མིག་དགོས་བསམ་པ་ལ། ཡེ་ཤེས་ཀྱི་སྤྱན་དོད། དྲི་བཟང་རིག་པའི་ཤངས་དོད། སྒྲ་སྙན་ཚོར་བའི་སྙན་དོད། དུག་ལྔ་གཅོད་པའི་ཚེམས་དོད། རོ་མྱོང་བའི་ལྗགས་དོད། ས་གཞི་མིང་བཏགས་པ། སྨོན་མི་བསམ་པ། བླུམ་བླུམ་ལམ་ལམ་དུ་བཏགས་སོ། །④ཞེས་གསུངས་ཡོད། ད་དུང་བོན་ལུགས་ལྟར་ན་སྲིད་པའི་བོན་བུ་ལུམ་ལུམ་དང་ཡུམ་ཆུ་ལྕགས་རྒྱལ་མོ་འབུམ་གཉིས་ཀྱི་རྒྱུད་པར། ཕྭ་དམུ་གཙུགས་གསུམ་སོགས་རིམ་པའི་རྒྱལ་བུ་བར་མཆེད་ཚུལ་ཡོད་པ་འདི་དག་དང་། རྒྱ་ནག་གི་ཕན་ཀུས(བྷྣྱཏིཾ)གནམ་ས་ཕྱེ་བའི་ལྷ་སྒྲུང་དུ་ཕན་ཀུ་བརྡོལ་བ་དེས་སྣོད་བཅུད་ཐམས་ཅད་ཕྱེས་པ་སོགས་ལ་མཐུན་ཆ་མང་སྟེ། སྒོང་ལས་རིགས་དྲུག་གྲོལ་བ་དང་ཕན་ཀུ་ལས་སྣོད་བཅུད་ཟེར་བ་ནི་ཁྱབ་ཁོངས་ཆེ་བ་འདྲ་བ་མ་ཟད། དཔེ་འཇོག་ས་ནི་སྣོད་ཡིན་པའང་འདྲ། འདི་ལས་ལྷ་སྒྲུང་འདི་གཉིས་རིགས་རྒྱུན་གྱི་ས་བོན་འདྲ་མཚུངས་ཡོད་པ་འགྲུབ་ཡོད། དེ་ཡང་རིག་བྱེད་ཀྱི་བཤད་ལུགས་དང་མཐུན་པས་རྒྱ་ནག་གི་ལྷ་སྒྲུང་དག་གི་ཁུངས་ཀྱང་རྒྱ་གར་རིག་བྱེད་ལས་བྱུང་བར་འདོད། "ཡང་ལོ་ཚིགས་ཀྱི་དབང་དུ་བྱས་ནའང་རྒྱའི་ལྷ་སྒྲུང་འདི་ཧན་ཕྱི་མའི་སྐབས་ཀྱི་ཡི་གེ་ལས་ཐོག་མར་བྱུང་བས་རིག་བྱེད་ལས་ཆེས་ཆེར་འཕྱིའོ། །གྷི་རིག་དང་ཨེ་རྗིབ་ལའང་དེ་འདྲའི་ལྷ་སྒྲུང་ཡོད་མོད། དེ་དག་ཐམས་ཅད་ཀྱི་རྩ་བའི་བྱེད་པོ་ནི་གནའ་བོའི་ཨཱརྱའི་མི་ཡིན་པར་ངེས།"⑤ ཞེས་ཀྱང་བཤད་ཡོད་དོ། །
  གཉིས་པ། འཇིག་རྟེན་སྐྲུན་པོའི་སྐོར་གྱི་ལྷ་སྒྲུང་གི་ས་བོན་དང་རིགས་རྒྱུན་གྱི་འབྲེལ་བ།
  འཇིག་རྟེན་སྐྲུན་པོའི་སྐོར་ལ་ཡང་གནའ་བོའི་རིག་བྱེད་ཀྱི་ལྷ་སྒྲུང་དུ་མང་། དེ་ཡང་ས་ཁུལ་གཅིག་མིན་པར་བྱུང་ཡོད་པས་ཐུན་མོང་གི་ས་བོན་ཡོད། བོན་པོ་རྣམས་ཀྱི་ལུགས་ལ་ཕྱྭ་ཡེ་མཁྱེན་ཆེན་གྱིས་ཕུ་བཏབ་པ་ལ་བརྟེན་ནས་གནམ་ས་ཕྱེ་བས་མིའི་འགྲོ་བ་བྱུང་བར་བཤད་པ་དང་། རྒྱ་གར་བས་རིག་བྱེད་ཚད་མར་སྨྲ་བའི་ཚངས་པ་འཇིག་རྟེན་བྱེད་པོར་བཤད་དེ་འཇིག་རྟེན་ནི་རིག་བྱེད་ཀྱི་ལྷ་གསེར་དངུལ་ཅན་གྱིས་འདོད་པ་བཞིན་བྱས་པར་འདོད། བོད་ལ་དམངས་ཁྲོད་ཀྱི་སྲིད་པ་ཆགས་གླུ་ལས། དང་མ་སྲིད་པ་ཆགས་དུས་སུ། །ས་གནམ་གཉིས་ཀ་འདྲེས་བསྡད་ཡོད། །ས་གནམ་ཕྱེ་ནོ་ཁྱུང་ཆེན་རེད། །ཁྱུང་ཆེན་མགོ་ན་ཅི་ཞིག་ཡོད། །དང་མ་སྲིད་པ་ཆགས་དུས་སུ། །ཉིན་སྲིབ་གཉིས་ཀ་འདྲེས་བསྡད་ཡོད། །ཉིན་སྲིབ་ཕྱེ་ནོ་ཉི་མ་རེད། །ཉི་མའི་མགོ་ན་ཅི་ཞིག་ཡོད། །ཅེས་ས་གནམ་ཁྱུང་ཆེན་གྱིས་ཕྱེ་ཞིང་ཉིན་སྲིབ་ཉི་མས་ཕྱེ་བའི་ངག་རྒྱུན་ཡོད་དོ། །
  རྒྱའི་ཕན་ཀུས་གནམ་ས་ཕྱེ་བའི་ལོ་རྒྱུས་དང་། བོན་ཆོས་ཀྱི་ལུགས་ལ་ཕྱྭ་ཡེ་མཁྱེན་ཆེན་གྱིས་ཕུ་བཏབ་པ་ལས་གནམ་ས་ཕྱེ་སྟེ་མིའི་འགྲོ་བ་བྱུང་བ། སྲིད་པ་ཆགས་གླུ་ལས་ཁྱུང་ཆེན་གྱིས་གནམ་ས་ཕྱེ་བའི་བཤད་རྒྱུན་དག་ལ་ཧ་ཅང་ཆ་འདྲ་བའི་རིགས་རྒྱུན་གྱི་ས་བོན་ཡོད་པ་མངོན་གསལ་དུ་གྲུབ་ཡོད་པ་མ་ཟད། ཤར་ནུབ་ལྷ་སྒྲུང་དག་ནི་འཆར་ཡན་རིང་ལུགས་ཀྱིས་ཡོངས་སུ་གཏམས་པའི་ཧིན་ངྷུའི་སྒྲུང་རབས་ཆེན་མོ་གཉིས་འཛམ་གླིང་ཁྱོན་ལ་ཞུགས་པ་འདྲ་བར་ཕན་ཚུན་ལ་ཤན་ཤུགས་ཐེབས་པས་རིག་བྱེད་ཤེས་རིག་གི་ས་བོན་ཡོད་པ་ནི་བསྙོན་དུ་མེད་དོ། །
  གསུམ་པ། ཧིན་ངྷུའི་སྒྲུང་རབས་ཆེན་མོ་གཉིས་དང་འབྲེལ་བའི་སྒྲུང་སྣ་ཚོགས་ཀྱི་འབྲེལ་བའི་སྐོར།
  སྔོན་གྱི་སྒྲུང་རབས་ཕལ་ཆེར་ཞིག་ལ། ཡ་གླིང་གི་མགོ་མཇུག་བར་གསུམ་གྱི་རིག་བྱེད་ཤེས་རིག་གི་མེས་པོར་འབོད་པའི་ཨཱརྱ་ཎའི་རིགས་རྒྱུད་གཉིས་སུ་གྱེས་པའི་ཉི་མའི་རིགས་དང་ཟླ་བའི་རིགས་ཀྱི་ཤན་ཤུགས་ཡོད་པའང་ཧིན་ངྷིའི་སྒྲུང་རབས་ཆེན་མོ་གཉིས་ཀྱིས་བདེན་དཔང་བྱས་ཡོད། 《མ་ཧཱ་བྷ་ར་ཏ》ནི་ཟླ་བའི་རིགས་ཀྱི་གཏམ་རྒྱུད་དང་། 《རཱ་མཱ་ཡ་ཎ》ནི་ཉི་མའི་རིགས་ཀྱི་གཏམ་རྒྱུད་ཡིན་པར་སྨྲ། 《མ་ཧཱ་བྷ་ར་ཏ》ཡིས་རྒྱ་གར་ནུབ་ཕྱོགས་སུ་གནས་བཅས་པའི་ཟླ་བའི་རྒྱལ་རབས་ཀྱི་ནང་རོལ་དུ་བྱུང་བའི་སྲིད་ཀྱི་འཐབ་རྩོད་མཚོན་པ་དང་། 《རཱ་མཱ་ཡ་ཎ》ཡིས་ཤར་ཕྱོགས་ཉི་མའི་རྒྱལ་རབས་སུ་གཏོགས་པའི་ཨཱརྱ་ཎའི་མི་རྣམས་རྒྱ་གར་ཤར་ལྷོ་ཕྱོགས་སུ་རྒྱ་བསྐྱེད་དེ་དཔུང་འཇུག་བྱས་པའི་ཚུལ་མཚོན་པར་བཤད། དེ་ལྟ་བུའི་དུས་ལ་རྒྱ་གར་རྩོམ་རིག་ལོ་རྒྱུས་སུ་སྒྲུང་རབས་ཆེན་མོའི་དུས་སྐབས་སུ་འབོད། སྒྲུང་རབས་དེ་གཉིས་ནི་རྒྱ་གར་དང་འཛམ་གླིང་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཟིན་པའི་དུས་རབས་བཅུ་དགུ་བར་དབྱིན་ཇིའི་ཡི་གེ་དང་ཧྥ་ལན་ཞིའི་ཡི་གེ དབྱི་ཐ་ལིའི་ཡི་གེ ཨུ་རུ་སུའི་ཡི་གེ འཇར་མན་གྱི་ཡི་གེ་བཅས་སུ་བསྒྱུར་ཅིང་། རྒྱའི་མཁས་པ་ཆེན་པོ་ཅི་ཞན་ལིན་གྱིས་ཀྱང《རཱ་མཱ་ཡ་ཎ》རྒྱ་ཡིག་ཏུ་བསྒྱུར་བ་རེད།
  ༡༩༨༩ལོར་ཏུན་ཧོང་བྲག་ཕུག་ཏུ་བཏོན་པའི་ཧིན་དྷིའི་སྒྲུང་རབས་ཆེན་མོ་གཉིས་ཀྱི་ཡ་གྱལ《རཱ་མཱ་ཎའི་གཏམ་རྒྱུད་ཀྱི་འགྲེལ་བ་དྲི་མེད་ཤེལ་གྱི་འབབ་སྟེགས》དང་། ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་བའི《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ》བན་དེ་རིན་ཆེན་མཆོག་གིས་བསྒྱུར་བའི《ཁྱད་པར་འཕགས་བསྟོད》སོགས་རྒྱུ་རྐྱེན་དུ་བྱས་ནས་བོད་ཡུལ་དུ་རིག་བྱེད་སྒྲུང་རབས་རྣམས་ཀྱི་ཀློང་བརྡོལ་བའི་འགོ་ཚུགས། སྤྱི་ལོ་དུས་རབས་བཅུ་གསུམ་པར་ས་པཎ་གྱི《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》དུ། "ཆེན་པོ་རྣམས་ཀྱིས་རྩེད་མོ་དང་། བདེ་དང་ཟས་ལ་ཆགས་པ་སྤང་།འདོད་ལ་ཆགས་པའི་ལན་ཆགས་གྱིས།འདོད་གྲོགས་ལང་ཀར་བསད་ཅེས་གྲགས། །"⑥ཞེས་གསུངས་པ་དང་། སྤྱི་ལོ་དུས་རབས་བཅུ་གསུམ་པར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་གི་འགྱུར་དུ་ཧིན་ངྷུའི་སྒྲུང་རབས་ཆེན་མོའི་ཤན་མང་པོ་ཡོད་པ་མངོན་པར་གསལ་བའི་དཔེ་མང་པོ་ཡོད་ཀྱང་། གཅིག་གིས་འཐུས་པར་བྱ་སྟེ། དོན་རྒྱན་ཉེར་བདུན་པ་འགལ་བའི་རྒྱན་གྱི་བྱེ་བྲག་སྦྱར་བའི་འགལ་བའི་དཔེ་རུ། "སྙན་པར་སྒྲོགས་མ་ནག་མོ་ཁྱོད། ། སྲིད་སྒྲུབ་ལ་ནི་རྗེས་ཆགས་ཀྱང་། །རྣ་ཅན་ལ་བརྟེན་ལྟ་བ་ནི། །སུ་ཡིས་ཡིད་བརྟན་ཉིད་དུ་འགྱུར། །"ཞེས་པས་ཀྱང་ཧིན་ངྷུའི་སྒྲུང་རབས་ཆེན་མོ་གཉིས་དང་འབྲེལ་བའི་གཏམ་རྒྱུད་སྣ་ཚོགས་བྱུང་བར་མངོན།
  གཞན་ཡང་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི《དབྱངས་ཅན་ངག་གི་རོལ་མཚོ》དང་བོད་མཁས་པའི་《སྙན་འགྲེལ་དནྡྲིའི་དགོངས་རྒྱན》རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི《མི་འཇིགས་སེང་གེ་ང་རོ》རྒྱལ་དབང་ལྔ་བའི《སྙན་འགྲེལ་དབྱངས་ཅན་དགྱེས་གླུ》སོགས་སུ《རཱ་མཱ་ཡ་ཎ》དང《མ་ཧཱ་བྷ་ར་ཏའི》གཏམ་རྒྱུད་ཀྱི་ཟུར་མང་དུ་མཐོང་ཐུབ་པ་མ་ཟད། འབྲུག་ཁམས་སྤྲུལ་གྱིས《ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱ་བོད་མཁས་པའི་ངག་རྒྱུན་གངས་ཅན་རྣ་བའི་བདུད་རྩི》ཞེས་པར་རཱ་མ་ཎའི་གཏམ་རྒྱུད་ཞིབ་རྒྱས་སུ་གསུངས་ཡོད་པ་ལ་གཞིགས་ན་བོད་གངས་ཅན་གྱི་མཁས་པ་དང་གྲུབ་པ་རྣམས་ཀྱི་ལེགས་བཤད་མཚོ་མོ་རུ་རྒྱ་གར་རིག་བྱེད་ཡན་ལག་ལས་འཕྲོས་པའི་སྒྲུང་རབས་དག་གི་དཀར་ཐིགས་བརྒྱབ་ཡོད་པ་མངོན་པར་གསལ། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་ཀྱང"འདིའི་གཏམ་རྒྱུད་ལྷ་ལས་ཕུལ་བྱུང་དང་། ཁྱད་པར་འཕགས་བསྟོད་ཀྱི་རྒྱ་འགྲེལ། ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་སོགས། བསྟན་བཅོས་ཁུངས་བཙུན་རྣམས་བཏུས་ཤིང་སྦྱར།" ⑦ཞེས་པའང་རཱ་མ་ཎའི་གཏམ་རྒྱུད་བོད་དུ་བྱུང་བའི་ལོ་རྒྱུས་ལྷད་མེད་པ་མཚོན། དེ་བཞིན་དུ"སྤྲེའུའི་རྒྱལ་བོ་ཧ་ལུ་མཉྫུ་བྱ་བ་ཞིག་སྤྲུལ་ལོ"⑧ཞེས་དང་། བཀའ་ཐང་སྡེ་ལྔ་ལས་བློན་པོ་བཀའི་ཐང་ཡིག་གི་སྐབས་སུ་བོད་མིའི་མཆེད་ཁུངས་ལ"སྤྲེའུ་རྒྱལ་བོ་ཧ་ནུ་མན་ཐར་སྤྲུལ"⑨ཞེས་པའི་སྤྲེའུ་རྣམས་ཧིན་ངྷུའི་སྒྲུང་རབས་ཆེན་མོ་《རཱ་མཱ་ཡ་ཎ》ལས་བྱུང་བའི་སྤྲེའུ་ཧ་ནུ་མན་ཐ་ལ་བརྟེན་ནས་འཕྲོས་པ་ཡིན། དེ་ལ"སྤྲེའུ་ཧ་ནུ་མན་ཐའི་སྐོར་གྱི་སྒྲུང་ནི《རཱ་མཱ་ཡ་ཎ》མ་བྱུང་གོང་གི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ཙམ་ནས་རྒྱ་གར་གྱི་དམངས་ཁྲོད་དུ་ཁྱབ་ཡོད་ལ། སི་ཏའི་མིང་ཡང《ངེས་བརྗོད》དུ་བྱུང་ཡོད་པས། བོད་མིའི་མཆེད་ཁུངས་སྐབས་ཀྱི་སྤྲེའུ་དེ་མ་མཐའ་ཡང་གནའི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་དང་བརྒྱུད་པའི་སྒོ་ནས་འབྲེལ་འདུག"⑩ཅེས་གསུངས་ཡོད།
  བོད་མི་རང་གིས་བྲིས་པའི་བརྩམས་ཆོས་ཀྱི་ནང་དུ་རིག་བྱེད་གཏམ་རྒྱུད་ཀྱི་དཀར་ཐིགས་ཡོད་པ་དེ་དག་ནི་ངག་ཐོག་བརྒྱུད་ནས་ཡོང་བ་དང་བོད་འགྱུར་རྩོམ་རིག་བརྒྱུད་ནས་ཀྱང་ཡོང་ཡོད། དེ་ནི《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན》དང་། 《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》《སྤྲིན་གྱི་བཞོན་པ》སོགས་ལས་ཀྱང་ཤེས་ཐུབ་བོ།།
  ད་དུང་རྒྱལ་ནང་གི་ཡུན་ནན་ཞིང་ཆེན་གྱི་ཧའེ་རིགས་ས་ཁུལ་དུ་དར་ཁྱབ་ཆེ་བའི་དོན་བརྗོད་སྙན་ངག་རིང་མོ《རཱ་ག་ཞའི་ཧོ》ནི"རྒྱའི་གནའ་རྩོམ་གྲགས་ཅན《ནུབ་ཕྱོགས་སུ་འགྲིམ་པའི་ཟིན་ཐོ》དང་། 《ལྷ་ལ་བསྐོས་པའི་སྒྲུང》ཞེས་པ་རཱ་མ་ཎའི་རྟོགས་བརྗོད་ཀྱི་བློ་སྒོ་ཕྱེ་བའི་འོག་ལད་ཟློས་ཀྱིས་བརྩམས་པར་ངོས་འཛིན་གནང་ཡོད"ཅེས་གསུངས་པ་དང་འདྲ་ཞིང་། ཧིན་དྷིའི་སྒྲུང་རབས་དག་གི་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་དེ་ཡང་གཅིག་ནི་རྒྱ་གར་ནས་ཐད་ཀར་དར་ཡོང་བ་དང་། ཅིག་ཤོས་ནི་ཐའེ་གོ་དང་འབར་མ་སོགས་རྒྱལ་ཁབ་སོ་སོ་བརྒྱུད་དེ་དར་འོང་བར་བཤད། རྩོམ་མཁན་དང་ནམ་བརྩམས་པའི་ལོ་ཚིགས་ལ་ཁ་ཚོན་མི་ཆོད་པར་སྙན་ངག་རིང་མོ《རཱ་ག་ཞའི་ཧོ》ནི"སིང་ག་ལ་བརྒྱུད་དེ་དར་འོངས་པར་བཤད།"པ་སོགས་རང་རྒྱལ་ས་ཁུལ་སོ་སོར་དར་བའི་གཏམ་རྒྱུད་དག་གི་རྩོམ་སྟངས་དང་འབྱུང་ཁུངས་རྣམས་ཧིན་དྷིའི་སྒྲུང་རབས་ཆེན་མོ་གཉིས་འཛམ་གླིང་གི་ས་ཁུལ་སོ་སོར་དར་བ་ལས་བྱུང་བ་མངོན་པར་གསལ།
  གཞན་ཡང་རྒྱ་གར་གྱི་མཁས་པ་ཆེན་པོ་ཀླུ་སྒྲུབ་ཀྱི《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》དང་། བོན་གྱི《མ་སངས་ཀྱི་སྒྲུང》《རྒྱ་ནག་གི་མཆིལ་བའི་སྒྲུང》སོགས་རགས་པར་དཔྱད་ན་དུས་སྐབས་གཅིག་གི་ཤེས་རིག་འཕེལ་བའི་རྣམ་པ་མངོན་ཞིང་། དུས་སྐབས་དེར་ས་ཆ་དེ་དག་ལ་སྒྲུང་ཞེས་པའི་རིག་གནས་འདིའི་ཤན་ཤུགས་དང་རིག་གནས་ཀྱི་འབྲེལ་བ་ཡོད་པར་གྲུབ་པ་དང་འདྲ་བར། རིག་བྱེད་ཅེས་པའི་ཤེས་རིག་འདིའི་འཕེལ་འགྱུར་ལས་བྱུང་བའི་ཧིན་ངྷུའི་སྒྲུང་རབས་ཆེན་མོ་གཉིས་འཛམ་གླིང་ཤར་ནུབ་ཏུ་དར་བའི་ཤན་ཤུགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་མང་པོར་སྔ་ན་མེད་པའི་འཆར་ཡན་རིང་ལུགས་ཀྱིས་གཏམས་པའི་བརྩམས་ཆོས་དང་རྩོམ་རིག་གི་ལོ་རྒྱུས་བྱུང་བར་གྱུར་པ་དེའི་རྩ་བ་ཡང་གནའ་བོའི་རིག་བྱེད་ཤེས་རིག་གི་འཕེལ་འགྱུར་ལས་བྱུང་བ་བསྙོན་དུ་མེད་ཅིང་། འགྲོ་བ་མིའི་རིགས་ཀྱི་རིག་གནས་འཕེལ་བའི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་ལ་ཤེས་རིག་དར་སྔ་བའི་གནའ་བོའི་རྒྱ་གར་གྱི་མི་རྣམས་ཀྱི་ཤེས་རྒྱུད་ལ་བག་ཆགས་འཐུག་པོ་ཡོད་པའི་རིག་བྱེད་ཅེས་པའི་ཤེས་རིག་ཅིག་གིས་བསྐྱེད་པའི་བཤུལ་ལམ་མོ། །  

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།