བོད་མིའི་སྲོལ་རྒྱུན་འདུ་ཤེས་ལས་ཐོན་པའི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་དགེ་མཚན་སྐོར་རགས་ཙམ་གླེང་བ།

གཅིག ནང་བསྟན་བསམ་བློ་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཐོན་པའི་དགེ་མཚན།
    སློབ་དཔོན་ཞི་བ་ལྷས། “སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད༎ རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།།”ཞེས་གསུངས་པ་བཞིན་ནང་བསྟན་པའི་སྤང་བྱའི་ཁྲོད་ཆེས་གལ་ཆེ་བ་གཅིག་ནི་སྲོག་མི་གཅོད་པ་དེ་ཡིན།བོད་མིའི་སྲོལ་རྒྱུན་གྱི་འདུ་ཤེས་སུའང་སྲོག་ཆགས་ལས་གཞན། སྐྱེ་དངོས་དང་རྩི་ཤིང་ཡོད་ཚད་ལའང་ཚེ་སྲོག་ཡོད་པར་ངོས་འཛིན་བྱས། དེ་བས། མིའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེས་དངོས་ཡོད་ཚད་ལའང་དེ་བཞིན་དུ་གཅེས་སྤྲས་བྱེད་ལ།སྲོག་བཅད་ན་སྡིག་པ་ཆེ་བ་བཞིན་རྩྭ་རྐང་གཅིག་གམ་ཤིང་ཐུར་གཅིག་བཅག་ནའང་སྡིག་ལས་ཡིན་པར་བསམ་པའི་འདུ་ཤེས་ནི་ཁོར་ཡུག་སྲུང་སྐྱོང་ཐད་ཐོན་པའི་དགེ་མཚན་གལ་ཆེ་བ་ཞིག་ཡིན། དེ་བས་གོམས་སྲོལ་འདིས་རྩི་ཤིང་གི་སྐྱེ་སྟོབས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ནུས་ཤུགས་ངེས་ཅན་ཞིག་ཐོན་ཡོད།
    ད་དུང་བོད་མི་ཀུན་ལ་དར་སྲོལ་ཆེ་བ་ནི་ཉིན་རྒྱུན་གྱི་བསང་མཆོད་རེད། སྐྱེས་པ་རྣམས་ཀྱིས་ཉིན་རྒྱུན་ཡུལ་ལྷ་གཞི་བདག་ལ་བསང་མཆོད་འབུལ་བ་འདི་ལས་བོད་རིགས་མི་དམངས་རང་གི་སྐྱེ་ས་སྐྱེ་ཡུལ་ལ་དགའ་བ་ཤེས་ཐུབ། སྔ་རབས་བོད་མི་ཀུན་གྱིས་འདི་དག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཀྱི་རང་འགུལ་བྱ་གཞག་ཅིག་ལ་བརྩིས་ཡོད་པའི་ངེས་པ་མེད་མོད། འོན་ཀྱང་། ཁོང་ཚོས་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་ལག་བསྟར་བྱས་ནས་རང་བྱུང་ཁམས་ཆེན་མོ་དང་མིའི་རིགས་སྐད་ཅིག་ཙམ་ལའང་ཁ་བྲལ་མི་ཐུབ་པའི་གནས་ལུགས་དེ་ཤེས་ཡོད།བསང་དུད་ལ་མཁའ་དབུགས་གཙང་མར་བསྒྱུར་བའི་ནུས་པ་ལྡན་ཏེ། པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི《མནོལ་བསང》ལས“ལྷ་མི་ཡོངས་ལ་གྲིབ་ཕོག་པ།། མ་ལུས་བསངས་ཀྱི་མཆོད་པའི་བསང་། ། བསངས་ཀྱིས་མི་བསང་གང་ཡང་མེད།། མི་གཙང་པ་ནི་ཐམས་ཅད་བསང་༎” ཞེས་བསང་དུད་ལ་ཡུལ་ཁམས་ཀྱི་བཙོག་དྲི་སེལ་བའི་ནུས་པ་དང་མཁའ་དབུགས་དག་གཙང་དུ་བསྒྱུར་བའི་ནུས་པ།མི་ཕྱུགས་ཐམས་ཅད་བདེ་ཐང་ཡོང་བར་འཕྲོད་བསྟེན་གྱི་ནུས་པ་ངེས་ཅན་ཐོན་ཡོད་པ་བསྟན་ཡོད།
 གཉིས། ས་ཆུ་དད་མོས་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཐོན་པའི་དགེ་མཚན།
    མཚོ་བོད་མཐོ་སྒང་གི་མེས་པོ་རྣམས་ཀྱིས་རི་ལ་རི་ལྷ་དང་། ཆུ་ལ་ཆུ་ལྷ། རླུང་ལ་རླུང་ལྷ། གློག་ལ་གློག་ལྷ། ཡུལ་ལ་ཡུལ་ལྷ་རེ་ཡོད་པར་འདོད་ལ། ཁོང་ཚོས་ནམ་ཡང་དེ་དག་ལ་དད་གུས་དང་མོས་འདུན་མཆོད་པའང་བྱེད་བཞིན་ཡོད།རི་ལྷ་དང་མཚོ་ལྷར་དད་གུས་བྱེད་པ་ནི་བོད་མིའི་དད་མོས་ཤིག་གམ་བྱ་དངོས་ཡོད་དགུ་ལ་བླ་སྲོག་ཡོད་པར་འདོད་པའི་འདུ་ཤེས་ཕྱིར་མངོན་པའི་རྟགས་མཚན་ཞིག་ཀྱང་རེད། འཛམ་གླིང་ཐོག་གི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་ལ་མི་འདྲ་བའི་དད་གུས་བྱེད་སྲོལ་ཡོད་མོད།བོད་མིའི་གོམས་སྲོལ་བཞིན་ཁྱབ་གདལ་དུ་སོང་བ་མང་པོ་མེད། འདི་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་སྣང་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ་ཡོད། བོད་མིའི་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རྒྱས་ཁྲོད་ནའང་རི་ཆུ་རེ་ལ་ཡིད་སེམས་སྨྲེང་བའི་ལྷ་སྒྲུང་གི་བཤད་རྒྱུན་རེ་ཡོད་པ་དེ་ནི་བོད་མིའི་འདུ་ཤེས་སུ་ལྷ་སྒྲུང་དང་ངག་རྒྱུན། རང་བྱུང་ཁོར་ཡུག་གསུམ་ལ་འབྲེལ་བ་དམ་པོ་ཡོད་པའི་རྟགས་མཚན་ཞིག་རེད། བོད་མི་རྣམས་ཀྱིས་དུས་ནམ་ཡིན་ཡང་རང་བྱུང་ཁམས་ལ་དད་གུས་དང་སྐྱེ་དངོས་ཡོད་དགུ་ལ་བླ་སྲོག་ཡོད་པར་འདོད་པའི་བསམ་བློའི་འདུ་ཤེས་ཀྱིས་རང་གི་སྐྱེ་ས་སྐྱེ་ཡུལ་གྱི་ས་ཆུ་དེ་ལ་ཧ་ཅང་དགའ། ཡུལ་གྱི་རི་ཆུ་དང་རྩྭ་རྩི་ཤིང་། རང་བྱུང་ཁམས་ཀྱི་སྲོག་ཆགས་ཀུན་ལ་གནོད་འཚེ་མི་བྱེད་པར་མ་ཟད། དེ་དག་ལ་རང་གི་སྲོག་ལྟར་གཅེས་ཏེ་རང་བྱུང་མཐུན་སྦྱོར་བྱུང་ཆེད་སྲོག་ལྡན་དང་སྲོག་མེད་ཀྱི་དངོས་པོ་ཀུན་ལ་སྲུང་སྐྱོང་བྱས་ཏེ་འདུ་ཤེས་སུ་རང་བྱུང་གི་བྱ་དངོས་ཡོད་ཚད་ནི་མི་བཞིན་དུ་ཚེ་སྲོག་དང་རྣམ་ཤེས་ཡོད་པར་འདོད།

1.jpg

   བོད་ཀྱི་མེས་པོ་རྣམས་ནི་བསྐལ་བ་ཡ་ཐོག་ནས་བཟུང་ཡུལ་འདིའི་རི་བོ་མཐོན་པོ་དང་གཙང་པོ་ཆེན་པོ། ཡང་ན་མཚོ་དང་མཚེའུ་སོགས་སོ་སོའི་གནས་བདག་ཏུ་ལྷ་ཀླུ་གཉན་གསུམ་ལས་གང་རུང་ཞིག་བཀུར་བའི་སྲོལ་ཆགས། བོད་སྔ་རབས་པས་ཁ་རྒྱུན་དུ“ཆུ་གཙང་མོ་རྙོག་ན་ཀླུ་མི་དགའ། ། རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་།།རི་བཟང་པོ་བསློགས་ན་ས་མི་དགའ།། དྲི་ངན་པ་བདུགས་ན་གནམ་མི་དགའ།།”ཞེས་དང་། རི་བྲག་སོགས་ནི་གཞི་བདག་གི་མཁར་གྲོང་དང་།སྤང་ཐང་དང་ནེའུ་གསིང་ནི་གཞི་བདག་གི་གྱོ ན་གོས། རྫ་ཆུ་དང་ན་ཆུ་ནི་གཞི་བདག་གི་ཟུངས་ཁྲག་ཡིན་ཞེས་བརྗོད་སྲོལ་ཡོད་པ་ལས་བོད་མི་རིགས་ཀྱིས་ས་ཆུ་རི་གསུམ་དང་རྩྭ་རྩི་ཤིང་མེ་ཏོག ནམ་མཁའི་དབྱིངས་སོགས་ལ་བཀུར་ཞིང་དད་པ་དང་སྲུང་སྐྱོང་བྱེད་པའི་ལྟ་ཚུལ་ལྷང་ངེར་མཐོང་ཐུབ། བོད་མི་མང་ཆེ་བའི་འདུ་ཤེས་ལ་ཀླུ་ནི་མཚོ་དང་མཚེའུ། རྫིང་བུ། ཆུ་མགོ་སོགས་སུ་ཡོད་པར་འདོད་པས་མཚོ་དང་མཚེའུ། རྫིང་བུ།ཆུ་མགོ ཆུ་ཕྲན་ནང་དུ་རྐང་ལག་དང་གོན་པ་མི་བཀྲུ། ཤ་ཁྲག་སོགས་མི་བཤལ་བ། མི་གཙང་བའི་དངོས་པོ་མི་འཕེན། གལ་སྲིད་དེ་ལྟར་བྱས་ན་རྐང་ལག་ན་བའམ་ཞ་བ། ཚེ་ཐུང་བ། གང་བྱས་ལམ་དུ་མི་འགྲོ་བ། སྒོ་ཕྱུགས་ནོར་གསུམ་ལ་ཤི་གོད་བྱུང་བ། བཙའ་སད་སེར་གསུམ་གྱིས་གནོད་པ། ཁྱིམ་ཚང་ལ་ན་ཚ་དང་མཛེ་ནད་སོགས་རྨ་རིགས་སྣ་ཚོགས་འབྱུང་བར་བཤད། དེ་བས་བོད་མི་ཚོས་མཚོ་དང་མཚེའུ། རྫིང་བུ། ཆུ་མགོ ཆུ་ཚན་སོགས་ལ་འབག་བཙོག་གཏོང་བར་འཛེམ་པར་མ་ཟད། འོ་མས་མཆོད་པ་དང་མཚོ་གཏེར་སོགས་ཕུལ་ན་འཇིག་རྟེན་གྱི་ཆུ་བོ་རྣམས་ལྟེམས་མེར་འཁྱིལ་ཞིང་དེར་གནས་པའི་སྲོག་ཆགས་ཀྱི་ཚེ་སྲོག་དང་མི་རང་ཉིད་ལ་འབྱོར་བ་རྒྱས་ཏེ་འཚོ་བ་སྐྱིད་པོ་རོལ་ཐུབ་པའི་འདུ་ཤེས་སེམས་ལ་བཅངས་ཡོད།
 གསུམ། སྲོལ་རྒྱུན་རི་མོ་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཐོན་པའི་དགེ་མཚན།
    སྤྱིར་རི་མོ་ནི་གཟུགས་བརྙན་ནམ་སྣང་བརྙན་གྱི་ལམ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བར་གྱི་འབྲེལ་བ་དང་། སྤྱི་ཚོགས་ཀྱི་སྣང་ཚུལ་དང་མ་འོངས་པའི་ཁ་ཕྱོགས་སོགས་བྲིས་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ལ། བོད་ཀྱི་སྲོལ་རྒྱུན་རི་མོ་རྣམས་ཀྱང་དེ་ལས་མ་འདས་སོ།། བོད་ཀྱི་སྲོལ་རྒྱུན་རི་མོ་མང་ཆེ་བ་ནི་ཕྱི་མཛེས་ལ་ཚོན་རིས་སྣ་ཚོགས་ཀྱིས་སྤུད་ཅིང་ཚགས་དམ་པ། ཇུས་ལེགས་པ། འགྲོ་སོང་ཆེ་བ། དུས་ཚོད་མང་པོར་འབྲི་བཞེང་བྱ་དགོས་པ་སོགས་ཀྱི་ཁྱད་ཆོས་ལྡན། ནང་དོན་གྱི་ཆ་ནས་ལ་ལ་འཇིག་རྟེན་འདི་དང་རིང་དུ་འགོངས་པའི་ལྷ་འདྲེ་གདོན་གསུམ་དང་ཡུལ་ལྷ་གཞི་བདག་སོགས་ཞི་བ་དང་ཁྲོ་བོ་གཉིས་སུ་གྱེས་པའི་འཇིགས་འཇིགས་སྐྲག་སྐྲག་གི་སྣང་བརྙན་མང་པོ་བཞེང་སྐྲུན་བྱས་ཏེ་ལྟ་མཁན་གྱིས་དེ་ལ་རོལ་མྱོང་བྱེད་དཀའ་བ་ཞིག་ཏུ་སྣང་ཡང་།བོད་མིའི་བསམ་བློ་འདུ་ཤེས་མཚོན་མི་ཐུབ་པའི་རི་མོ་གཅིག་ཀྱང་མེད། བོད་མིའི་ཐང་ག་དང་སྤྱིར་བཏང་གི་རི་མོ་ལ་ལྟ་དུས་སུའང་བོད་མིའི་འདས་སོང་གི་ལོ་རྒྱུས་སམ་བསམ་བློའི་འདུ་ཤེས་དང་མོས་འདུན་དེ་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ་ལ།མེས་པོ་དག་གིས་ཁོར་ཡུག་སྲུང་སྐྱོང་ཐད་ལ་བཟུང་བའི་བསམ་བློའི་འདུ་ཤེས་དེ་ཡང་ནམ་རྒྱུན་གྱི་འཚོ་བའི་རི་མོ་སྟེང་ནས་མཐོང་ཐུབ།བོད་ཀྱི་ཐང་ག་ལྟ་བུ་ལ་ཆ་མཚོན་ནས་བཤད་ན། ཐང་ག་ཕལ་ཆེ་བ་ཞིག་གི་སྟེང་ན་རི་དྭགས་དང་བྱ་བྱེའུ། ལྗོན་ཤིང་གི་རི་མོ་བྲིས་ཡོད་པ་དེ་ལས་བོད་མིའི་མེས་པོ་རྣམས་རང་བྱུང་ཁོར་ཡུག་གི་སྐྱེ་ཁམས་ལ་དགའ་བའི་སེམས་པ་དེ་མཚོན་ལ།དེ་མིན་ལྷ་ཀླུ་གཉན་གསུམ་གྱི་རི་མོ་ཁྲོད་དུ་རི་དྭགས་དང་བྱ་བྱེའུ། ལྗོན་ཤིང་དང་རི་ཆུ་སོགས་འབྲི་བའི་དགོས་པ་མེད། འདི་དག་ལས་བོད་མིའི་མེས་པོ་ཀུན་གྱི་སེམས་སྟེང་ན་རང་བྱུང་ཁོར་ཡུག་གི་ཡོད་ཚད་དང་ཡོད་ཚད་ནི་ཆེས་ཡིད་དུ་འོང་བ་ཞིག་ཡིན་པ་དང་རང་གི་བློར་མཐུན་གྱི་གྲོགས་པོ་ལྟ་བུའི་བསམ་བློའི་འདུ་ཤེས་ཡོད་པ་ཤེས་ཐུབ།དེ་བས་བོད་མིའི་སྲོལ་རྒྱུན་གྱི་རི་མོའི་ཁྲོད་དུ་བོད་མིའི་མེས་པོ་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་དོ་མཉམ་ཐད་ལ་བསྒྲུབས་པའི་བསམ་བློའི་འདུ་ཤེས་ཤིག་ཕྱིར་མིག་ལམ་དུ་ངོམ་ཡོད་ཅེས་བཤད་ཆོག་ཆོག་ཡིན་ནོ༎
    སྤྱིར་ན་བོད་མི་རིགས་ཀྱི་དམངས་ཁྲོད་གོམས་སྲོལ་དང་། འགྲོ་འདུག་ཆགས་ལུགས། ཐོན་སྐྱེད་འཚོ་བ། དད་པའི་སྣང་ངོ་བཅས་སུ་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཆགས་ཡོད་མོད།བདག་གིས་རྩོམ་ཐུང་འདིར་དོན་ཚན་གསུམ་དུ་ཕྱེས་ནས་སྐྱེ་ཁམས་ཀྱི་འདུ་ཤེས་གླེང་བ་འདིར་མཁྱེན་དཔྱོད་ཡངས་པའི་བློ་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་པོར་སྩོལ་བར་མཁྱེན་མཁྱེན།།
 རྩོམ་པ་པོ་ནི་ཧི་ནན་རྫོང་ཉིན་མཐའ་ཤང་སློབ་ཆུང་གཉིས་པའི་དགེ་རྒན་ཡིན། མཚོ་སྔོན་བོད་ཡིག་གསར་འགྱྱུར། 2012.09.21།པར་ངོས19།
 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།