ཀྲུང་གོ་བོད་ཀྱི་དྲ་བ།

《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསོད་ནམས་བཀྲ་ཤིས།   སྤེལ་དུས། : 2020-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་རྒྱལ་ཁབ་ཀྱི་གཙོ་ཆེའི་དཔེ་དེབ་པར་སྐྲུན་ལས་གཞི《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》ཅེས་པའི་པོད་ཆེན་ཉི་ཤུའི་བདག་ཉིད་ཅན་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། ད་ལྟའི་བར་ཆེས་ཆ་ཚང་བའི་བོད་ཀྱི་སྔོན་བྱོན་མཁས་པའི་ངག་རིག་བརྩམས་ཆོས་གྲགས་ཅན་གྱི་དཔེ་ཚོགས་འདི་ནི། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིན་ཆེན་བཀྲ་ཤིས་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཞུ་ཆེན་བསོད་ལོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིན་ཆེན་རྡོ་རྗེ་བཅས་ཀྱིས་འདེམ་སྒྲིག་བྱས།

དཔེ་ཚོགས་འདི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་ཐེངས་བཅུ་གཉིས་པའི”གཙོ་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི་སྟེ་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ཀྱི་གྲས་སུ་ཚུད་པ་ནས་བཟུང་། འདེམ་སྒྲིག་པ་དག་གིས་སྔར་རང་ཉིད་ཀྱི་སློབ་ཁྲིད་དང་རྩོམ་སྒྲིག་ཉམས་མྱོང་གི་རྨང་གཞིའི་སྟེང་། ལོ་ངོ་དགུའི་རིང་ལ་མཐུན་པ་སྤུན་བཞིའི་རྣམ་ཐར་བསྐྱངས་ཤིང་། མཁས་པ་མང་པོར་བཀའ་འདྲི་དང་། ཕན་ཚུན་གྱི་བསམ་བློ་བརྗེ་རེས། ཕན་ཚུན་ལ་རོགས་རམ་བཅས་བྱས་པར་མ་ཟད། མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཆེན་མོ་དང་། དགོན་པ།  དཔེ་མཛོད་ཁང་སོགས་མང་པོར་ཕྱིན་ནས། གཞུང་སྒེར་གང་རུང་གི་ཕྱག་གི་སྔོན་བྱོན་མཁས་པའི་གསུང་འབུམ་མང་པོ་ལས་ངག་རིག་བརྩམས་ཆོས་རྣམས་གཤིབ་བསྡུར་དང་། དབྱེ་འབྱེད་བཅས་བྱས་ཏེ་དུས་རབས་རིམ་བྱོན་གྱི་བོད་ཀྱི་མཁས་པ་ཉིས་བརྒྱ་ལྷག་དང་། ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་རིང་ཐུང་ཅི་རིགས་ཆིག་སྟོང་སུམ་བརྒྱ་ལྷག་བདམས་ཏེ་པོད་ཆེན་ཉི་ཤུ་ཐམ་པ་འདི་བསྒྲིགས་པ་ཡིན།

པོད་འདི་དག་ཏུ་ཚུད་པའི་བརྩམས་ཆོས་རྣམས་ནི། ལ་ལ་ཞིག་གང་ཟག་དང་ཆོས་དང་གནས་ལ་བསྔགས་བརྗོད་བྱས་ཡོད་པས་ཡིད་ལ་དགའ་བ་སྐྱེད་པ་དང་། ལ་ལ་ཞིག་ལོ་རྒྱུས་ཀྱི་གནད་ལས་དྲངས་ཏེ་ཚིག་ཉམས་དོད་ཡོད་པས་རྒྱུད་ལ་ཤེས་བྱ་སྣ་ཚོགས་སྟེར་བ་དང་། ལ་ལ་ཆོས་སྲིད་གང་ལ་ཞུགས་ཀྱང་ཐབས་ཚུལ་མན་ངག་ལྷུན་གྲུབ་ཏུ་འབྱུང་བ། ལ་ལ་མདོ་སྔགས་ཀྱི་གཞུང་དོན་དང་འབྲེལ་བས་བསྟན་པའི་གནད་ལ་གོ་བ་སྟེར་བ། ལ་ལ་ཤེས་རྒྱུད་འདུལ་བའི་ཐབས་སུ་འདྲིལ་བས་བློ་སྦྱོང་གི་གནད་རྣམས་ཚང་བ། ལ་ལར་ཆོས་དང་འཇིག་རྟེན་གྱི་བླང་དོར་ལེགས་པར་ཕྱེ་བས་འཇུག་ལྡོག་ཚུལ་བཞིན་དུ་བྱེད་ནུས་པ། ལ་ལར་ཤར་བའི་སྙན་ངག་མཁན་གྱི་རྩོམ་རིག་གི་ཉམས་འགྱུར་ལྡན་པ་དང་། ལ་ལར་ལྷོ་པའི་སྙན་ངག་མཁན་གྱི་རྩོམ་རིག་གི་ཉམས་འགྱུར་ལྡན་པ་སོགས་མདོར་ན་བརྗོད་བྱའི་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ། དོན་གྱི་གནད་འདྲིལ་བ། ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་སྙན་འཇེབས་ལྡན་པ། སྙན་ངག་རིན་པོ་ཆེ་དུ་མའི་རྒྱན་དང་ལྡན་པ། རྒྱུད་འཁུལ་ཞིང་དང་བ་འདྲེན་པ། བོད་མིའི་བསམ་བློ་དང་འཚོ་བ་མངོན་པར་མཚོན་ཡོད་པའི་རིགས་ཤ་སྟག་ཡིན་པར་མ་ཟད། འདི་ལ་གཤམ་གྱི་ཁྱད་ཆོས་འདི་དག་ཚང་བར་འདོད་དེ། 

བོད་ཀྱི་གྲུབ་མཐའ་སོ་སོའི་ངག་རིག་མཁས་པའི་གསུང་རྩོམ་ཁྱད་དུ་འཕགས་པ་རྣམས་བདམས་ཤིང་བསྒྲིགས་ཡོད་པ་དང་གཅིག བོད་ཀྱི་མཁས་པ་སྔ་མའི་གཞུང་ལུགས་ལ་གཞི་བྱས་ཏེ་བསྒྲིགས་པས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་གཉིས། བོད་གངས་ཅན་གྱི་སྲོལ་རྒྱུན་རྩོམ་ལུས་ཐམས་ཅད་ཕལ་ཆེར་འདུ་བར་བྱས་ཡོད་པ་དང་གསུམ། བོད་ཀྱི་རྩོམ་རིག་མཐའ་ཡས་པ་རྒྱ་མཚོ་ལྟ་བུ་ལས། དུས་རབས་རེ་རེའི་ཁྱད་ཆོས་མངོན་པར་མཚོན་པའི་ངག་རིག་མཁས་པའི་གསུང་རྩོམ་བཀོད་ཡོད་པ་དང་བཞི། ལོ་ཆུང་གཞོན་ནུ་རྣམས་ཀྱི་བློ་ཁ་དང་འཚམས་པོ་ཡོང་ཆེད་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་རེ་བཀོད་ཡོད་པ་དང་ལྔ་བཅས་ལྡན་པར་མ་ཟད། སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་བསྒྲིག་པ་ལ་སྲོལ་རྒྱུན་རྩོམ་རིག་ཐད་ནས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་དང་། སློབ་གྲྭ་ཆེན་མོའི་གནའ་རྩོམ་དང་རྩོམ་རིག་ལོ་རྒྱུས། བོད་ཀྱི་རྩོམ་གཞུང་བཅས་ཀྱི་རིག་ཚན་འཛུགས་སྐྲུན་དང་ཟུར་ལྟའི་དཔྱད་ཡིག་ཏུ་འགྱུར་བ་དང་། སྔར་བསྒྲིགས་ཟིན་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་སློབ་དེབ་མང་པོར་བྱུང་མ་མྱོང་བའི་རྩོམ་པ་པོ་ཡང་ཧ་ཅང་མང་པོ་ཞིག་མཆིས་པས། མ་འོངས་པར་སློབ་དེབ་བཟོ་བཅོས་བྱེད་པར་མཐུན་རྐྱེན་སྐྲུན་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་ཞིབ་འཇུག་བྱེད་མཁན་དང་། དེ་ལ་དགའ་མཁན། དེ་ལ་སློབ་གཉེར་བྱེད་མཁན་རྣམས་ལ་མཚོན་ན་ཡང་ལག་མི་ཐོགས་པར་བཏུང་སྣོད་བཟེད་ཆོག་ཆོག་རང་ཡིན་པ་བཅས་ཀྱི་དགེ་མཚན་ཆེན་པོ་ལྡན་ནོ། །

འདེམ་སྒྲིག་པའི་ངོ་སྤྲོད་མདོར་བསྡུས།

3.jpg

རིན་ཆེན་བཀྲ་ཤིས། སྤྱི་ལོ༡༩༦༦ལོར་མཚོ་སྔོན་ཁྲི་ཀར་སྐྱེས། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་སློབ་སྟོན་པ། མཚོ་སྔོན་དགེ་འོས་སློབ་ཆེན་རིག་གཞུང་དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་ཡོད་པ་དང་། འཁྲིད་བྱ་གཙོ་བོ་ནི་བོད་ཀྱི་གནའ་རྩོམ་དང་། བོད་ཀྱི་དེང་རྩོམ། རྩོམ་རིག་གཞུང་ལུགས་སོགས་ཡིན། ཞིབ་འཇུག་གི་ཐད་ནས་རིག་གཞུང་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་བ་དང་། ཆེད་དེབ་གཉིས་པར་སྐྲུན་བྱས་ཤིང་། རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ལ་འགོ་འཛིན་བྱས། དཔྱད་འབྲས་ཁ་ཤས་ལ་ཞིང་ཆེན་རིམ་པའི་གཟེངས་རྟགས་ཐོབ། སྤྱི་ཚོགས་སྟེང་གི་ཞོར་འགན་གཙོ་བོ་ནི། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བསླབ་ཚན་ཞིབ་བཤེར་ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་མཐོ་སློབ་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གཅིག་ལྕོགས་དགེ་རྒན་ཆེན་མོ་སོགས་ཀྱི་འགན་འཁུར་ཡོད།

     

4.jpg

 བསོད་ལོ།  ༡༩༦༡ལོར་མཚོ་སྔོན་ཁྲི་ཀར་སྐྱེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔེ་དེབ་རྩོམ་སྒྲིག་ཁང་གི་འགོ་གཙོ་དང་ཞུ་ཆེན།   མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ།   རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྣེ་འཁྲིད་མི་སྣ་བཅས་ཡིན།  དེ་སྔར《སྦྲང་ཆར》དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པའི་འགན་ལོ་མང་ལ་ཁུར་ཞིང་། རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་མངོན་གསལ་བྱས་རྗེས་བཞག་པའི་གཞོན་དར་ཆེད་མཁས་པ་དང་།   མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་རིག་གནས་སྡེ་ཁག་གི“འཇོན་ཐང་ཅན་སྐོར་བཞི”ལས་ཕུལ་བྱུང་ཤེས་ལྡན་མི་སྣ་སོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང་།  སྔ་རྗེས་སུ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གཅིག་པ་དང་བཅུ་གཉིས་པ། བཅུ་གསུམ་པའི”གཙོ་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་བཅུ་གཅིག་དང་། རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི་ལྔ།  གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི་བརྒྱད་ལ་ཇུས་འགོད་དང་རྩོམ་སྒྲིག་པར་སྐྲུན་གྱི་འགོ་འཛིན་བྱས།   གཞན་རྒྱལ་ཁབ་རིམ་པའི་ལས་གཞིའི་གྲས་སུ་ཚུད་པའི་དཔེ་ཚོགས་བཅུ་ལ་གཙོ་སྒྲིག་བྱས་པ་དང་།   ལས་གཞིའི་དཔེ་དེབ་བདུན་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ།  ལས་ཞོར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་དུ་མ་སྤེལ།

       

5.jpg

རིན་ཆེན་རྡོ་རྗེ།  ༡༩༦༦ལོར་མཚོ་སྔོན་ཁྲི་ཀར་སྐྱེས།  མི་རིགས་རིག་པའི་འབུམ་རམས་པ།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ།  ཞིབ་འཇུག་ཁ་ཕྱོགས་ནི་བོད་ཀྱི་གནའ་རབས་རྩོམ་རིག་ཡིན།  འཁྲིད་བྱ་གཙོ་བོ་བོད་ཀྱི་གནའ་རྩོམ།  བོད་ཀྱི་རྩོམ་གཞུང་།  རྒྱ་བོད་རྩོམ་གཞུང་དཔྱད་བསྡུར་སོགས་ཡིན།  གཙོ་ཁྲིད་བྱས་པའི་བོད་ཀྱི་གནའ་རབས་རྩོམ་རིག་ནི་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བསླབ་ཚན་དུ་བདམས།  བོད་ཀྱི་གནའ་རབས་རྩོམ་རིག་དང་རྒྱ་བོད་ཤན་སྦྱར་གྱི་རྩིས་འཁོར་ཚིག་མཛོད་སོགས་སྒྲིག་སྒྱུར་བྱས།  རྒྱལ་ཁབ་རིམ་པའི་ལས་གཞི་གཅིག་ལ་འགོ་འཛིན་བྱས།    རིག་གཞུང་དཔྱད་རྩོམ་དུ་མ་སྤེལ།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།