རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོཊ་འདུ་སྐབས20པ་འཚོགས་པ།

  ཟླ8པའི་ཚེས3ཉིན་གྱི་སྔ་དྲོར་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་འཚོགས། 

      ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་ལྷོ་ཚགས་པར་ཁང་དང་། མཚོ་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད།ཚོགས་ཡུན་ནི2020ལོའི་ཟླ8པའི་ཚེས3ཉིན་ནས་ཟླ8པའི་ཚེས6ཉིན་བར་ཡིན་ལ། དེའི་རིང་ལ་ཡོངས་འཛིནAPPཡི་པར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་ཀྱི་ཁྱབ་སྒྲོག་ཚོགས་འདུ། འགྲན་ཞུགས་བརྩམས་ཆོས་དཔྱད་འདེམས། བརྡ་ཆད་གསར་པ་ཞིབ་དཔྱད་གཏན་འབེབས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཉམས་མྱོང་བརྗེ་རེས། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་ཐོན་ལས་གླིང་དུ་ཆེད་དོན་བཅར་འདྲི་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ལྗོངས་ཞིང་ལྔའི་བོད་ཡིག་ཚགས་པར་ཁང་དང་དུས་དེབ་ཁང་། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་ལས་ཁུངས50ཡི་ལས་བྱེད་མི་སྣ100ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད།    

1.jpg

   

         མཚོ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝེ་ཞིན་ཧྭ་དང་། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན།མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་བཅས་ཚོགས་འདུར་ཞུགས་ཤིང་། ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝེ་ཞིན་ཧྭ་ཡིས་གསུང་བཤད་གནང་།      

2.jpg

       

         ཝེ་ཞིན་ཧྭ་ཡིས་ཤིས་ཚིག་ནང་བསྟན་དོན། གསར་འགྱུར་སྨྱན་སྦྱོར་གྱིས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བརྒྱུད་སྒྲོག་དང་རྒྱལ་ཁབ་ཀྱི་སྣང་བརྙན་བཞེངས་པ།དམངས་ཀྱི་འདོད་བློ་མཚོན་པར་བྱེད་པ།གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་དམངས་སེམས་གཅིག་སྒྲིལ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད་པ་དང་།ཐེངས་འདིའི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུས་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་བར་གྱི་བརྗེ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། བོད་ཡིག་སྨྱན་སྦྱོར་མཉམ་འགུལ་དང་རིག་གནས་མཉམ་འབྲེལ། གཉེར་སྐྱོང་བེད་སྤྱོད་བཅས་ཀྱི་ལས་སྟེགས་མཉམ་བསྐྲུན་བྱས་ཏེ།གཙོ་རྒྱུག་སྨྱན་སྦྱོར་གྱི་གསར་འགྱུར་དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་གྱི་མཉམ་འདྲེན་ནུས་པ་དང་གཞི་ཁྱོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་།བོད་ཡིག་ཚད་ལྡན་ངང་བེད་སྤྱོད་དང་དར་སྤེལ་གཏོང་བ། བོད་ཡིག་གི་གཙོ་རྒྱུག་སྨྱན་སྦྱོར་གསར་གཏོད་ཀྱི་འཕེལ་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་པ་བསྟན།

3.jpg

   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད། ཁོང་གིས་མཚོ་ལྷོ་ཁུལ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།       

4.jpg

      ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་ནི།  “སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་།སྨྱན་སྦྱོར་ཀུན་འདུས་ཀྱི་གནས་བབ་འཛུགས་པ”དེ་ཡིན།ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི། སྔར་ལས་ལྷག་པའི་སྒོ་ནས་འབྲེལ་འདྲིས་མཉམ་ལས་ལ་ཤུགས་བསྣན་ཏེ།  རིགས་མི་གཅིག་པའི་བོད་ཡིག་གི་ཚགས་པར་དང་དུས་དེབ།   རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་བཅས་ཀྱིས་དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་ནུས་པ་མཐོར་འདེགས་དང་།བོད་ཡིག་སྨྱན་སྦྱོར་གྱི་ཏང་གི་མགྲིན་ཚབ་དང་རིག་གནས་དྲིལ་སྒྲོག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་གང་ལེགས་བྱེད་པ།སྔོན་ཐོན་རིག་གནས་དང་ཚན་རིག་ཤེས་བྱ་ཁྱབ་སྤེལ་ལེགས་པོ་བྱེད་པ།ལྟེ་བར་དམིགས་པ་དང་།ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་སྒྲོག་ལེགས་པོ་བྱེད་དགོས་པ་དང་།ཏང་དང་རྒྱལ་ཁབ་ཀྱིས་བོད་ཁུལ་ལ་གཏད་པའི་གཟིགས་སྐྱོང་སྲིད་ཇུས་འགྲེལ་བཤད་ལེགས་པོ་བྱེད་པ།བོད་ཁུལ་མང་ཚོགས་ཀྱིས་ཏང་ལ་དགའ་ཞེན་ཆེ་བ་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བ།ཤུགས་སྣོན་ལ་དགའ་ཞེན་ཆེ་བ་བཅས་ཀྱི་ཡིད་སེམས་སྒུལ་པའི་གཏམ་རྒྱུད་ལེགས་པར་བཤད་དགོས།སྔར་ལས་ལྷག་པའི་སྒོ་ནས་བོད་ཁུལ་མི་དམངས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་བསྐྱེད་དགོས་པ་དང་།བོད་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་དང་མཛེས་སྡུག་གི་འཚོ་བ་སྐྲུན་པར་མུ་མཐུད་དུ་འབད་འཐབ་བྱེད་པར་སྐུལ་སློང་བྱེད་དགོས་པ་དེ་རེད། །

5.jpg

     ཟླ8པའི་ཚེས3ཉིན་གྱི་སྔ་དྲོར།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་བསྡུ་པའི་སྐབས་དང་བསྟུན་ནས།  མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནས་ཡོངས་འཛིནAPPཡི་པར་གཞི་གསར་པ་དང་ཡོངས་འཛིན་བོད་ཡིག་གཏག་ཐབས་ཀྱི་ཁྱབ་སྒྲོག་ཚོགས་འདུ་བསྡུས།     

6.jpg

      ཚོགས་འདུའི་སྟེང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཁུལ་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་ལོ་ཡིས་རིག་ནུས་བོད་ཡིག་གཏག་ཐབས་ཀྱི་འཚོལ་བཤེར་མ་ལག་འདི་ཉིད་ངོ་སྤྲོད་བྱས།   

7.jpg

ཁྱབ་སྒྲོག་ཚོགས་འདུའི་ཚོགས་རའི་ཟུར་ཞིག

8.jpg

11.jpg

ཡོངས་འཛིན་གཏག་ཐབས་ངོ་སྤྲོད་བྱེད་བཞིན་པ། 

10.jpg

ཡོངས་འཛིནAPPཡི་པར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་དངོས་སུ་འགྲེམ་སྤེལ་བྱས་པ།      

     རྒྱུས་ལོན་པ་ལྟར་ན།འཚོལ་བཤེར་མ་ལག་འདིར་བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་འདུས་པར་མ་ཟད། དེ་ཉིད་རང་གི་འདུན་པ་ལྟར་ཕན་ཚུན་བརྗེ་ཆོག་ལ།བརྡ་ཆད་ཀྱང་ཕུན་སུམ་ཚོགས་པས།སྤྱོད་མཁན་གྱི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པར་མ་ཟད།མྱུར་ཚད་ཀྱང་ཤིན་ཏུ་མགྱོགས་པ་རེད། ད་ལྟ་པར་གཞི་གསར་པ་འདིས་རྩ་བའི་ཐད་ནས་ནུས་ཆོད་དམན་པ་དང་མྱུར་ཚད་དལ་བའི་གནད་དོན་ཐག་བཅད་ཡོད།ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་གྱིས་བཤད་རྒྱུར།མཚོ་ལྷོ་ཁུལ་གྱིས་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དང་།ཡོངས་འཛིན་བོད་ཡིག་ཆ་འཕྲིན་ཞབས་ཞུའི་ཐོན་ལས་ཅན་སོགས་གྲངས་ཀའི་དཔལ་འབྱོར་ལ་སྐུལ་འདེད་བཏང་ཞིང་།ལྷག་པར་དུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་དང་ཡོངས་འཛིན་རིག་ནུས་ཆ་འཕྲིན་སྟེགས་བུ་འདི་ཉིད་སྤེལ་བས།བོད་ཡིག་ཆ་འཕྲིན་འཕེལ་རྒྱས་ལ་རྣམ་པ་གསར་པ་བཏོད་པ་དང་།མཚོ་ལྷོ་ཁུལ་གྱི་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་མིང་བྱང་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ།སྐབས་འདི་དང་བསྟུན་ནས་བོད་འབྲེལ་ས་ཁུལ་སོ་སོའི་སྨྱན་སྦྱོར་དག་དང་མཉམ་འབྲེལ་བྱས་ཏེ། མཉམ་དུ་ཡོངས་འཛིན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། སྤྱོད་མཁན་ལ་སྟབས་བདེ་སྐྲུན་དགོས་པ་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།