ཡུལ་ཤུལ་གྱིས་རིག་གནས་ཀྱི་རྟིང་མ་འཛིན་སྐྱོང་སྤེལ་གསུམ་བྱས་པ།

  རང་རེའི་དྲ་བའི་འཕྲིན། ཉེ་སྦོན། མི་དམངས་དྲ་བས་ཟི་ལིང་ནས་སྤེལ་བའི་འཕྲིན། སྙན་ངག་པའི་སྐད་ཆ་ཞིག་ལ་ཉིན་རེ་རེའི་ཉི་མ་ནི་ཉི་མ་གསར་རྐྱང་ཡིན་ཟེར། ང་ཚོའི་སྐད་ཆ་ཞིག་ལ་གསར་པ་དེ་ཉི་མ་ཁོ་ན་མ་ཡིན་པར་ཉི་མའི་འོག་ན་འཚོ་བ་རོལ་གྱིན་པའི་མི་རྣམས་དང་མི་དེ་རྣམས་ཀྱི་འཚོ་བ་རེད་ཟེར།

  ལོ་བཅུ་འདས་པའི་དེ་རིང་གི་ཡུལ་ཤུལ་གསར་པ་ནི། ཞིང་གྲོང་གསར་པ་ཡར་ངོས་ཟླ་བཞིན་འཕེལ་ཞིང་། སྡོད་དམངས་གསར་པ་ནམ་མཁའི་སྐར་ཚོགས་བཞིན་བཀྲ་བ། ཐོན་ལས་གསར་པ་ཆར་རྗེས་ཤ་མོ་བཞིན་བརྡོལ་ཅིང་འཕྱུར་གྱིན་ཡོད་པ་རེད། གནས་འདི་ཐང་བོད་གནའ་ལམ་གྱི་ངེས་བརྒྱུད་ས་ཆ་ཡིན་ལ། ཡུལ་ཤུལ་ཞེས་གཏིང་ཟབ་ཅིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་དུ་བབས་མྱོང་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་སྒྱུ་རྩལ་གྱི་བང་མཛོད་ལྟ་བུར་གྲགས་ས་ཞིག་ཡིན་པས་རྩྭ་ཐང་མི་དམངས་ཀྱི་གཟི་བརྗིད་ཅིག་ཏུ་རློམ་ཡོད། ཉེ་བའི་ལོ་རིང་ལ། ཡུལ་ཤུལ་ཁུལ་གྱིས་སྤྱི་གཞུང་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྱོང་དང་། རིག་གནས་སྒྲིག་ཆས་འཐུས་ཚང་། སྒྱུ་རྩལ་གསར་རྩོམ་ལ་རྒྱབ་སྐྱོར། རིག་གནས་ཚོང་རྟགས་གསར་བཟོ། སྒྱུ་རྩལ་ལས་རིགས་འབྲེལ་འདྲིས། རིག་གནས་ཤུལ་བཞག་སྲུང་སྐྱོབ་བཅས་ལ་སྐུལ་འདེད་བཏང་ནས་ཡུལ་ཤུལ་གྱི་རིག་གནས་ལ་གསོན་ཤུགས་གསར་པ་སྦྱིན་ཞིང་། ཡུལ་དེའི་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྔ་ན་མེད་པའི་སྐྱེས་སྟོབས་ཀྱི་དཔལ་འབར་སྒྲོན།

1.jpg

  མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་རིག་གི་བང་མཛོད་བཞེངས་བསྐྲུན།

  ཡུལ་ཤུལ་ཁུལ་རྟེན་མཛོད་ཁང་གི་རྒྱ་ཕིབས་སོགས་ནི་བོད་ཀྱི་ཁྱད་ཆོས་ལྡན་ཞིང་། ཁང་པའི་དཀྱིལ་དུ་གསེར་ཀྱི་ཀ་གདུང་གཟུགས་སུ་བཞེངས་པའི་བཤམས་སྟོན་ཚོམས་ཆེན་ཡོད་པ་སོགས་ཕྱོགས་གང་ནས་བལྟས་ཀྱང་བརྗིད་ཉམས་དང་འོད་སྣང་གིས་ཁེངས་ཡོད། དཔྱིད་ཟླ་གསུམ་པར་ངེད་དྲ་བ་ཡུལ་ཤུལ་གྱི་ཕོ་གསར་བསྟན་འཛིན་གྱི་སྣེ་འཁྲིད་འོག ཡུལ་ཤུལ་གསར་པ་དང་ས་གནས་གསར་པའི་རྣམ་པ་གསར་པར་དངོས་སུ་མཐོང་ཐོས་མྱོང་གསུམ་བྱ་བའི་གོ་སྐབས་བྱུང་། ས་ཡོམ་བྱུང་རྗེས་བསྐྱར་སྐྲུན་བྱས་པའི་རིང་དུ། ཡུལ་དེར་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གཏིམས་པའི་སྤྱི་གཞུང་རིག་གནས་ཀྱི་སྒྲིག་ཆས་རེ་རེ་འགྱིང་ངེར་ལངས་ལ། ལྷག་པར་དུ་ཡུལ་ཤུལ་ཁུལ་རིག་གནས་སྒྲིག་ཆས་དང་ཞབས་ཞུ་སློབ་གསོ་ལ་སོགས་ཤེས་རིག་གི་བང་མཛོད་དུ་གྲགས་པའི་ཁང་བཟང་ཆེན་མོ་སྟེ། ཁུལ་རྟེན་རྫས་བཤམས་མཛོད་ཁང་དང་དཔེ་མཛོད་ཁང་ནི། ཡུལ་དེའི་རིག་གནས་ཀྱི་ཉིང་བཅུད་སྦྲུམ་ས་དང་དྲི་བསུང་ཁྱབ་སའི་མཚོན་བྱེད་རང་བཞིན་གྱི་གནས་མཆོག་ཏུ་གྱུར་ཡོད་པ་རེད།

  ཤེས་གསལ་ལྟར་ན། ད་སྔ་ཡུལ་ཤུལ་ཁུལ་གྱི་རྟེན་མཛོད་ཁང་དུ་ཁྱོན་སྡོམ་རྟེན་རྫས1500ཡོད་ཅིང་། ཡུལ་སྐོར་བ་མི་ཐེངས་ཁྲི12ལྷག་སྣེ་ལེན་བྱེད་ཀྱི་ཡོད། ཁུལ་དཔེ་མཛོད་ཁང་གི་བཟོ་སྐྲུན་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི4333རྒྱ་བསྐྱེད་ཅིང་། དེབ་ཁྲི47ཉར་ཚགས་བྱས་ཡོད་པའི་ནང་གློག་རྡུལ་དཔེ་དེབ་ཁྲི37དང་། ཤོག་དེབ་ཧ་ལམ་ཁྲི10འདུས། ཀློག་པ་པོའི་མི་འབོར་སྔ་རྗེས་སུ་མི་ཐེངས་ཁྲི6ལ་བསླེབས་ཤིང་། དཔེ་དེབ་ཁྲི8ལྷག་གཡར་པོ་བྱས། དུས་རྒྱུན་དུ་རྟེན་རྫས་བཤམས་སྟོན་ཁང་དུ་ཁྱད་ཆོས་ལྡན་པའི་བྱེད་སྒོ་དང་། འཆད་འཁྲིད་བརྒྱ་ཕྲག་སྤེལ་གྱི་ཡོད་པ་སོགས་ཁུལ་ཡོངས་ཀྱི་རིག་གནས་ཀྱི་དྲི་བསུང་མཆེད་སའི་གནས་སུ་གྱུར་ཡོད་པ་རེད།

  སྡོམ་རྩིས་ལྟར་ན། ལོ་ངོ་བཅུའི་རིང་ལ། ཡུལ་ཤུལ་ཁུལ་ཡོངས་སུ་སྒྱུ་རྩལ་བྱ་གཞག་ལས་ཁུངས5དང་། དཔེ་མཛོད་ཁང6། མང་ཚོགས་རིག་གནས་ལས་ཁུངས7། དཔེ་མཛོད་ཁང་། རིག་གནས་ཁང་། རྟེན་མཛོད་ཁང་སོགས་བསྐྲུན་པ་མ་ཟད། དཔེ་མཛོད་ཁང་གི་སྒོ་གཟའ་རེར་ཆུ་ཚོད56ལ་རིན་མེད་ངང་ཕྱེས་ཀྱི་ཡོད་པ་དང་། རིག་གནས་ཁང་དང་རྟེན་མཛོད་ཁང་གི་སྒོ་གཟའ་རེར་ཆུ་ཚོད42རིང་ལ་རིན་མེད་ངང་ཕྱེས་ཀྱི་ཡོད་པས་ཤེས་བྱའི་རྒྱ་མཚོ་ལ་འགྲིམ་རྒྱུ་དེ་ཡུལ་ཤུལ་མི་དམངས་ཀྱི“དར་སྲོལ”གསར་པ་ཞིག་ཏུ་གྱུར་ཡོད།

2.jpg

  རིག་གནས་ཀྱི་རྟིང་མ་འཛིན་སྐྱོང་སྤེལ་གསུམ་བྱས་པ།

  ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་མཐོ་སྒང་ནི་མི་གཡག་གཉིས་ལས་ཀྱིས་འཕྲད་ཅིང་། འདྲིས་ཤིང་འབྲེལ་བའི་རྟེན་འབྱུང་གི་སའི་ཕ་ས་ཡིན་ལ། བོད་མི་རིགས་ཀྱི་འཚོ་རྟེན་དུ་བཀུར་ནས་ལོ་ངོ་སྟོང་ཕྲག་ཡན་གྱི་ལོ་རྒྱུས་ཡོད་པས། ཡུལ་ཤུལ་བུ་དང་བུ་མོའི་སེམས་ཁོངས་སུ་གཡག་ནི་ཚེ་སྲོག་གི་གཞི་རྟེན་དང་། དད་པའི་བླ་སྲོག་ཏུ་བཀུར་ཞིང་། ཕྱུག་འགྱུར་གྱི་རེ་བ་ཉག་ཅིག་ཏུའང་གྱུར་ཡོད་པ་རེད།

  ཚེ་རིང་རྒྱ་མཚོ་ནི་ཆུང་དུས་ནས་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་འབྲོག་པ་ཞིག་རེད། ཁོའི་དྲན་ངོགས་སུ་ཆུང་དུས་སུ་ཁྱིམ་ལ་ཕྱུག་ཟོག་ཆེས་མང་དུས་འབྲི་གཡག100ལྷག་ཡོད་ལ། ནམ་རྒྱུན་ཕྱུག་ཟོག་གི་རྗེས་དེད་དེ་རྩེད་མོ་རྩེ་རྒྱུར་དགའ། ཚེ་རིང་རྒྱ་མཚོས་འདི་སྐད། ངས་སྐམ་ཤ་ཟ་ཞོར་དང་འབྲི་འོ་འཐུང་བཞིན་ལག་ཆགས་པ་ཡིན། དགུན་དུས་གཡག་ཀོ་ལས་བཟོས་པའི་སློག་པསརྒྱབ་གོས་བྱེད་པ་དང་། ལྕི་བ་བསྲེགས་ནས་ཟས་གཡོ་ཞིང་དྲོད་གསོ་པ་སོགས་འགྲོ་འདུག་ཟས་ཉལ་གང་རུང་དུ་མེད་མི་རུང་ཕྱིར་རྩྭ་ཐང་གི་ཀུན་འབྱུང་ནོར་བུ་ཡིན་ཟེར།

  ཡུལ་ཤུལ་གྱི་འབྲི་གཡག་རིག་གནས་དུས་ཆེན་དང་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་གྱི་ཡུལ་དངོས་སུ་བཅར་དུས། སྙན་འཇེབས་གླིང་བུའི་དབྱངས་རྟ་དང་བསྡོངས་ནས་ཟིལ་རྔམས་ཆེ་བའི་ཁམས་པའི་ཕོ་རྒོད་ཀྱིས་འབྲི་གཡག་ཁྱུ་གཅིག་དེད་དེ་ཆས་ཡོང་ལ། ཡུལ་ཤུལ་གྱི་མེས་པོ་རྣམས་ཀྱིས་རྩྭ་ཐང་དང་སྐྱིད་སྡུག་མཉམ་མྱོང་གི་འདས་པའི་ལོ་ཟླ་ཡང་བསྐྱར་གར་གྱི་ལམ་ནས་འཁྲབ་བྱུང་བས། ང་ཚོའི་དྲན་པ་དེ་དབང་མེད་དུ་འཕོ་འགྱུར་ཀློང་གི་འབྲོག་པའི་འཚོ་བའི་ཕྱོགས་སུ་དྲངས།

  རིག་གནས་ནི་འཚོ་བ་ལས་བྱུང་ཞིང་། འཚོ་བས་རིག་གནས་སྐྱོང་བ་བཞིན། ལྗང་ལོ་ཐགས་སུ་བཀྲ་བའི་རི་རབ་དང་དྭངས་གསལ་མེ་ལོང་འདྲ་བའི་ཆུ་མིག་གི་བར་བར་ན་རྩྭ་ཐང་གི་བུ་དང་བུ་མོ་རྣམས་ཀྱིས་རང་རང་ས་ནས་ཐུན་མིན་ཁྱད་ཆོས་ལྡན་པའི་ཐབས་ཤེས་གང་རུང་ནས་མི་རིགས་རིག་གནས་རྩ་ཆེན་པོ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད།

3.jpg

  ཡུལ་ཤུལ་གྱི་སྲོལ་རྒྱུན་རྟ་རྒྱུག་འགྲན་སྡུར་དང་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན། ཆུའི་རིག་གནས་དུས་ཆེན། ཀྲུང་ཧྭའི་ཆུ་མཛོད་དུ་མི་ཁྲི་རྐང་ཐང་དུ་སྐྱོད་པའི་འགྲན་སྡུར། ཆུ་གསུམ་འབྱུང་ཡུལ་གསེར་ཟམ་རིག་གནས་དུས་ཆེན། བོད་པའི་ཤོམ་སྟོན་དང་ཀྲུང་གོའི་བོད་ཀྱི་ཤོམ་པའི་འགྲན་སྡུར། ཡུལ་ཤུལ་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུའི་དུས་ཆེན་སོགས་ཡུལ་ཤུལ་གསར་པ་ཞེས་གླེང་ཚེ། འདི་ལྟ་བུའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མང་ཚོགས་རིག་རྩལ་བྱེད་སྒོ་མང་པོ་ཞིག་བགྲང་རྒྱུ་ཡོད། ལོ་ངོ་བཅུའི་རིང་ལ། ཡུལ་ཤུལ་ཁུལ་དུ་ཁྱོན་སྡོམ་ཐང་ཆེན་འཁྲབ་སྟོན་རིགས་དང་། འགྲེམ་སྟོན་རིགས། རིག་རྩལ་འཁྲབ་སྟོན་རིགས་ཀྱི་བྱེད་སྒོ་ཆེ་མ་ཆུང་གསུམ300ལྷག་སྤེལ་མྱོང་ཡོད་པ་དང་། ལུས་སྦྱོང་དཔུང་སྡེ30། ལས་ཞོར་རིག་རྩལ་དཔུང་སྡེ40བཅས་སྒྲིག་འཛུགས་བྱས་ཡོད་པ་མ་ཟད། 《བུ་མོ་སྒྲོལ་མ》《རྒྱ་ལོའི་གཉེན་སྟོན》《ཡུལ་ཤུལ་གྱི་དྲན་པ》《གསའི་རྒྱལ་བོ》《དྲི་ཟའི་ཡུལ་ཤུལ》《བརྩེ་དུང་གི་རྟོགས་སད》ལ་སོགས་གསར་བྱུང་གི་འཁྲབ་སྟོན་བརྩམས་ཆོས་ཕུལ་བྱུང་སྐོར་ཞིག་བྱུང་།

  ཡུལ་ཤུལ་ནས་སྤུས་དག་ཐོན་རྫས་རྙེད་ཐུབ་ལ། ཡུལ་ཤུལ་ནས་སྲོལ་རྒྱུན་རིག་གནས་འཛིན་ཐུབ། ཡུལ་ཤུལ་ཁུལ་ཐང་གའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་ཡིན་པའི་ངོས་ནས་མི་སྔར་ལས་མང་པོས་ཐང་ག་ལ་དོ་སྣང་དང་། ང་ཚོ་བོད་མི་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་བྱས་ནས་ཐུན་མིན་གྱི་རིག་གནས་འདི་འཛམ་གླིང་གི་དཔལ་ལ་འདན་ཐུབ་པར་རེ་བ་བཅངས་ཡོད་ཟེར། 2018ལོའི་ཟླ8པར་ཡུལ་ཤུལ་གྱི་སྟག་ཤར་ཚེ་དབང་ཉི་མ་དང་ཁོའི་ནུ་བོ་ཨོ་རྒྱན་གཉིས་ཀྱི་བརྩམས་ཆོས“འཛམ་གླིང་གི་ཆེས་ཆུང་བའི་ཚོན་ལྡན་ལྷ་སྐུ”དང“འཛམ་གླིང་གི་ཆེས་ཆུང་བའི་རྡོ་བརྐོས་མ་ཎི”གཉིས་ལ་འཛམ་གླིང་ཟིན་ཐོར་བཀོད་པའི་དཔང་ཡིག་ཐོབ།

  ད་སྔ་ཡུལ་ཤུལ་ཁུལ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ལས་གཞིའི་མིང་ཐོ11ལ་སླེབས་ཤིང་། རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ11ལ་སླེབས། ཞིང་ཆེན་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོ43དང་། རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ11། ཞིང་ཆེན་རིམ་པའི་རྒྱུད་འཛིན་པ38། ཁུལ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ལས་གཞི28། རྫོང་རིམ་པའི་རྒྱུད་འཛིན་པ101བཅས་ལ་སླེབས།

དེ་དང་ཆབས་ཅིག་ཏུ། ཡུལ་ཤུལ་རིག་གནས་སྲུང་སྐྱོབ་བྱ་བས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོབ་གཙིགས་འཛིན། མྱུར་སྐྱོབ་དང་པོ། བེད་སྤྱོད་ལུགས་མཐུན། དོ་དམ་ཤུགས་སྣོན”གྱི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། རིག་དངོས་ཉེས་དོན་ལ་རྡུང་རྡེག་ཚ་ནན་གཏོང་ཞོར་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་དུ་བླངས་ནས་དོ་དམ་བྱེད་ཐབས་ལག་བསྟར་ནན་མོ་བྱས་པ་དང་། རིག་དངོས་སྲུང་སྐྱོབ་ལས་ཁུངས་རྣམས་ཚན་རིག་དང་ཚུལ་ལྡན་གྱི་དོ་དམ་མ་ལག་ནང་བཅུག་ནས་སྲུང་སྐྱོབ་དོ་དམ་བྱ་བ་གནད་ལ་ཕྱོགས་པ་དོན་འཁྱོལ་བྱས།

4.jpg

  ཁྱད་ལྡན་རིག་རྩལ་ཧུར་ཐག་སྤེལ་ནས་རྒྱལ་ཁའི་བསྟོད་གླུ་ལྷང་ལྷང་ལེན།

  སྟོན་ཁར་ཡུལ་ཤུལ་འབའ་ཐང་རྩྭ་ཐང་ནི་སྤང་ལྗོངས་སྔོན་མོ་གདན་ལ་བཏིངཞིང་།ཆུ་ཀློང་རིང་མོ་ ནི་དར་སྲབ་ཡུག་གཅིག་མཁའ་ལ་འཕངས་ལྟར་ལྟ་ན་སྡུག ཟི་ལིང་ནས་ཡུལ་ཤུལ་དུ་འཕུར་བའི་གནམ་གྲུ་བདེ་བོར་འབའ་ཐང་གནམ་ཐང་དུ་བབས་མ་ཐག ལོ་རྒན་དྲུག་ཅུ་ལ་སོན་པའི་ཧྥེན་ཁྲུན་བྲལ་སྟབས་ངང་གནམ་གྲུ་ནས་མར་བབས། ཀྲུང་གོའི་ཆུར་སྐྱོད་སྡེ་ཁག་གི“ཚོ་དཔོན”དུ་གྲགས་པའི་སྐྱེས་བུ་འདིས་རང་ཉིད་གནས་འདིར་ཐེངས་ག་ཚོད་ཅིག་ལ་གོམ་ཁ་བསྒྱུར་མྱོང་ཡོད་པ་ཡིད་ལ་གསལ་ཆ་བྲལ།

  དྲན་སོས་ཐུབ་པ་ནི།ཡོམ་རྗེས་བསྐྱར་སྐྲུན་གྱི་རྗེས་སུ་ཐོག་དང་པོར་འབའ་ཐང་གནམ་ཐང་ནས་རླངས་འཁོར་བསྡད་དེ་ཡུལ་ཤུལ་ཁུལ་ཐོག་ཏུ་ཆས་དུས་མིག་མདུན་གྱི་འཕོ་འགྱུར་ཆེན་པོ་མཐོང་པའི་དགའ་སྤྲོ་ཆེན་པོ་དེ་རེད། ལྷག་པར་ཡུལ་འདིའི་ཆུ་རྒྱུན་ནི་ཆུ་བསྐྱོད་ལ་ཤིན་ཏུ་འཚམ་ཞེས་ཧྥེན་ཁྲུན་གྱིས་སྣང་དོགས་ཅི་ཡང་མེད་པར་དྲང་པོར་བརྗོད་བྱུང་།

  འདི་ནི་ཆུ་གསུམ་འགོ་ཁུངས་ཀྱི་ལྟེ་བ། ཆུ་ཀློང་དང་ཐང་གཞོང་གི་གནས་མལ་ཡིན། བསྐྱར་སྐྲུན་བྱས་རྗེས་ཀྱི་གསར་པ་གསར་རྐྱང་གི་ཡུལ་ཤུལ་གྲོང་ཁྱེར་གྱིས་ཀྱང་བཟོ་ལས་ལ་བརྟེན་ནསGDPའཕར་སྣོན་གྱི་ལག་ཐབས་རྙིང་བ་སྤྱད་ཡོད་ཅེ་ན། དེ་ནི་ཡུལ་ཤུལ་གྱི་ཇུས་ཐག་གཅོད་མཁན་ཚོའི་ལྟ་རྒྱ་མིན་པ་མངོན་གསལ་རེད།

ཡུལ་ཤུལ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཚའེ་ཁྲེང་ཡུང་གིས་ང་ཚོས་ལྷད་མེད་དྲན་བཟོ་དང་། སྣོད་བཅུད་སྲུང་ནས་རྒྱལ་ཁབ་ཀྱི་དྲན་སྐྱོང་བའི་བསམ་བློ་ཟུང་ལ་བརྟེན་ནས་ཆུ་གསུམ་འགོ་ཁུངས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་འགན་འཁྲི་ཆེན་པོ་ཁུར་དུ་བླངས་ཏེ། ལྗང་མདོག ཁོར་སྲུང་། འཆམ་མཐུན་ཡིན་པའི་ཡུལ་ཤུལ་གསར་པ་འདི་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་པར་འབད་པ་བྱེད་བཞིན་ཡོད་ཅེས་བརྗོད། སྲུང་སྐྱོབ་བྱ་བ་ནི་མདུན་སྐྱོད་དང་འཕེལ་རྒྱས་མེད་པ་མིན། སྣོད་བཅུད་རྨང་གཞིར་བྱས་ནས་སྲུང་སྐྱོབ་ཡོད་པའི་གསར་སྤེལ་བྱེད་པ་ནི་ཡུལ་ཤུལ་གྱི་བདམས་ག་འཁྲུལ་མེད་ཅིག་རེད།

  ཚའེ་ཁྲེང་ཡུང་གིས་ཡུལ་ཤུལ་དུ་འབབ་པའི་གཙང་བོ་མང་པོར་གཞིགས་ནས་སེམས་ལ“དྲི་བ་འདི་འདྲ་ཞིག་འཆར། ཅིའི་ཕྱིར་ཆུའི་ཕྱོགས་ནས་ལས་ཀ་མི་སྒྲུབ་དོན་ཅི”། དྲི་བ་དེ་འཁྱེར་ནས་ཐེངས་དུ་མར་འབའ་ཆུར་ཚད་ལེན་མྱོང་དཔྱད་བྱས་པ་ན་ཆུ་དེ་ཆུ་བསྐྱོདལ་ཤིན་ཏུ་འཚམ་པོ་ཡོད་པ་གསལ་བོར་ཤེས་ཏེ་ལས་གཞི་གསར་སྤེལ་གྱི་འཆར་སྒོ་འཁྲུངས་ལ། ཧྥེན་ཁྲུན་གྱིས་ཀྱང་མིག་མདུན་གྱི་ཡུལ་ཤུལ་གསར་པར་འབབ་པའི་འབའ་ཐང་གཙང་བོ་ལ་དགའ་བ་འགོག་མེད་ཅིག་སྐྱེས།

  གང་ལ་གང་རན་དེ་ལ་དེ་བསྟེན་ཟེར་བའི་དཔེ་ལྟར། ཆུ་རྐྱལ་ལ་མ་རྩ་ཉུང་ཞིང་ཡོང་སྒོ་འཕྲལ་འབབ། འབག་བཙོག་མི་བཟོ་སོགས་ཀྱི་དགེ་མཚན་ལྡན་པས་ཡུལ་ཤུལ་གྱི་སྣོད་བཅུད་འཕེལ་རྒྱས་ཀྱི་བསམ་བློ་དང་ཧ་ཅང་མཐུན་པོ་བྱུང་སྟབས། ཡུལ་ཤུལ་གྲོང་ཁྱེར་གྱིས་ཧྲེང་ཁྲུན་གདན་དྲངས་ནས་བློ་འདྲིའི་འགན་བཞག་ལ། དུས་དེ་ནས་བཟུང་ཡུལ་ཤུལ་གྱི་ཆུ་བསྐྱོད་རོལ་རྩེད་ལ་འདབ་ལག་རྒྱས།

  ལོ་ངོ་བཅུའི་ནང་ཆུ་བསྐྱོད་དང་། རྟ་རྒྱུག རི་འཛེག སྒོར་བྲོ། རྟ་རྩལ་ལ་སོགས་མཐོ་སྒང་གི་མི་རིགས་འདིས་ཐུན་མིན་གྱི་ལུས་རྩལ་ལ་བརྟེན་ནས་འཛམ་གླིང་ལ་ཡུལ་ཤུལ་ས་ཆའི་མཛེས་པ་ངོམ་ཞིང་། ཡུལ་ཤུལ་ས་ཆའི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ཉམས་དགའ་བའི་རྣམ་པ་ཅི་དགར་བསྟན།

  ད་ལྟ། ཡུལ་ཤུལ་ཁུལ་དམངས་ཡོངས་ཀྱི་ལུས་སྦྱོང་ཞབས་ཞུ་ལྟེ་གནས་སྤྱོད་གོ་ཆོད་པོ་བྱུང་ཡོད། ལུས་སྦྱོང་བྱེད་ས་ལ་གཙོ་བོ་རྟ་རྩལ་ར་བ། གཟེབ་གྲུག་ར་བ། རྐང་རྩེད་སྤོ་ལོ་ར་བ། ཕིང་ཕིང་སྤོ་ལོ་ར་བ། ལུས་པོ་སྦྱོང་བརྡ་ཁང་། ལུས་ཁམས་དཔྱད་ལེན་ས་ཚིགས་སོགས་ཡོད་པ་མ་ཟད། གསར་དུ་བསྐྲུན་པའི་ཡུལ་ཤུལ་ཁུལ་ལུས་རྩལ་ར་བ་ཁྲི་འདུ་རྫོང་རྟ་རྒྱུག་ར་བ2019ལོར་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་བཞིན་ཡོད། རྟ་རྒྱུག་ར་བ་དེར་ཤར་ནུབ་བྱང་བཅས་ཕྱོགས་གསུམ་དུ་ལྟད་མོ་བ་སྡོད་སའི་ཐེམ་སྟེགས་ཡོད་ཅིང་། ལྟད་མོ་བ20000ཚུད་ཐུབ། 2017ལོར་ཡུལ་ཤུལ་གྲོང་ཁྱེར་གྱི་ཚད་ལྡན་རྐང་རྩེད་སྤོ་ལོ་ར་བ་ལེགས་འགྲུབ་བྱུང་ཞིང་ལྟད་མོ་བ་མི་ཐེངས10000ཚུད་ཐུབ་ཀྱི་ཡོད་པ་རེད།

5.jpg

  རིག་གནས་ལུས་རྩལ་སྒྲིག་ཆས་འཛུགས་སྐྲུན་གྱི་གོམ་ཁ་དང་བསྟུན་ནས། ལུས་རྩལ་རིགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱང་རིམ་བཞིན་སྤེལ། ལོ་ངོ་བཅུའི་རིང་ལ། ཡུལ་ཤུལ་ཁུལ་གྱིས་སྐབས་བབས་རིམ་བྱུང་གི་ཡུལ་ཤུལ་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་དང་། ང་རང་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་སྡུར་ལ་དགའ། ཐང་ཆེན་ཞབས་བྲོ་ངོམ་སྟོན་ལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ། “དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཞེས་པའི་ལུས་མཛེས་སྦྱོང་བརྡར་གྱི་བྱེད་སྒོ་སོགས་སྤེལ། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་ལྔ་ཅན།བདུན་ཅན། བཅུ་གཅིག་ཅན་གྱི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་སྡུར་དང་། དངུལ་རྩའི་མ་ལག་གི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་སོགས་ལུས་རྩལ་འགྲན་སྡུར་སྤེལ་ནས་ལུས་རྩལ་དཔུང་སྡེ“ཡུལ་ཕྱིར་བསྐྱོད”དེ་འགྲན་སྡུར་རིགས་མི་འདྲ་བ་དང་། བརྗེ་སྤེལ་རིགས་མི་འདྲ་བར་ཞུགས་པར་ཡར་སྐུལ་བྱས། 2019ལོར་ཡུལ་ཤུལ་ཁུལ་གྱི་རྟ་རྩལ་དཔུང་སྡེ་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ཏེ་རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྟ་ཐོག་འགྲན་སྡུར་ནང་ཞུགས་ཤིང་། ཐུན་མོང་བཞི་ལ་རྒྱལ་ཡོངས་ཀྱི་ཨང་གཉིས་པའི་བྱ་དགའ་ཐོབ། ད་ལྟ་ཡུལ་ཤུལ་གྱི་རྐང་རྩེད་སྤོ་ལོ་དང་རྟ་རྒྱུག ལྟ་རྩལ་སོགས་ལུས་རྩལ་འགྲན་སྡུར་གྱི་རིགས་དེ་ཡུལ་ཤུལ་གྱི་སྣང་བརྙན་སྟོན་བྱེད་སྒེའུ་ཁུང་གསར་པར་གྱུར་ཡོད་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།