ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ཁྲི16གོང་ནས་མཚོ་བོད་ས་མཐོར་མི་ཡོད་པ་ཤེས་རྟོགས་བྱུང་།

ཡོང་ཁུངས། : 中国西藏网藏文版      སྤེལ་དུས། : 2020-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   P8060624.JPG

       ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། 2019ལོ་ཚུན་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག(མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པ་ཞེས་བསྡུས་པ)ཐེངས་གཉིས་པས་བོད་དུ་རླུང་ཁམས་ཆེ་མོ་དང་། ཆུ་དཔྱད། ས་རྒྱུ་སོགས་ཀྱི་ཁོར་ཡུག་རྒྱུ་རྐྱེན་གྱི་མ་དཔེ་ཁྲི་1.2ལྷག་ཙམ་འཚོལ་བསྡུ་བྱས་པ་དང་། སྲོག་ཆགས་དང་རྩི་ཤིང་དང་སྐྱེ་དངོས་ཕྲ་རབ་ཀྱི་མ་དཔེ་ཁྲི་4.4ལྷག་ཙམ་འཚོལ་བསྡུ་བྱས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་དཔྱད་གཞིའི་ཡིག་ཆ་ཆ་ཚང་2200ལྷག་ཙམ་འཚོལ་བསྡུ་བྱས་པ། དུད་ཚང་དུ་བཅར་གླེང་དང་འདྲི་ཤོག་བརྟག་དཔྱད་ཐེངས་2400ཙམ་བྱས་པ། རིགས་ཁག་གི་ཚན་རིག་རྟོག་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་140ཙམ་འཚོགས་པ་བཅས་བྱས་ཏེ་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག་དང་ཤུགས་རྐྱེན་དང་དེ་བཞིན་ཁ་གཏད་གཅོག་པ་སོགས་ཀྱི་ཐད་ཚད་བརྒལ་གལ་ཆེན་བྱུང་བ་རེད།

    མཚོ་བོད་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག་ཐེངས་གཉིས་པས“ཆུ་དང་། སྣོད་བཅུད། མིའི་རིགས་ཀྱི་བྱེད་སྒོ་བཅས་ལ་དམིགས་ནས་མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཐད་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པར” “སྤྱོད་གོ་ཆོད་པ་དང་། ཤུགས་རྐྱེན་ལྡན་པ། གནས་ཐུབ་པ”བཅས་ཀྱི་དུས་མཚམས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ཁག་གཅིག་ཐོབ་ནས་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་། མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་ཡག་པོ། སའི་གོ་ལའི“སྣེ་གསུམ་པ”སྲུང་སྐྱོང་ཡག་པོ་བཅས་བྱེད་པར་གྲངས་གཞི་དང་ཚན་རྩལ་གྱི་འདེགས་སྐྱོར་གལ་ཆེན་བྱས་པ་རེད།

    མཚོ་བོད་ས་མཐོའི་ཚན་ཞིབ་བྱེད་ཐེངས་གཉིས་པས་གནམ་མཚོར“མཐོངས་ཡངས་ཨང་དང་པོ་རྟགས་ཅན”གྱི་གཡེང་གྲུ་ས་བབ་མཐོ་ཚད་སྨི་7003ཡི་བར་སྣང་དུ་ལེགས་གྲུབ་ལྡན་པའི་ངང་བཏང་ནས་རིགས་གཅིག་པ་དང་ཚད་གཞི་གཅིག་པའི་གཡེང་གྲུའི་ཚན་རིག་ལྟ་ཞིབ་ཚད་འཇལ་གྱི་འཛམ་གླིང་གི་ཟིན་ཐོ་མཐོ་ཤོས་བཏོད་དེ་མཚོ་བོད་ས་མཐོའི་ས་བབ་མཐོ་ཚད་སྨི་7000གི་རླུང་ཁམས་ཆེ་མོའི་འགྱུར་ལྡོག་གི་ཚན་རིག་གྲངས་གཞི་ཐོག་མར་ཐོབ་ནས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ཆུ་རླངས་འབྱུང་ཁུངས་གསལ་རྟོགས་བྱ་ཆེད་འགག་རྩའི་ཚན་རིག་གི་གྲངས་གཞི་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་གསར་པ་མཁོ་འདོན་བྱས་ཡོད། མཚོ་བོད་ས་མཐོར་ཏན་ཉི་སོ་ཝའི་གནའ་མིའི་འགུལ་སྐྱོད་དཔང་རྟགས་ཤེས་རྟོགས་ཐུབ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མེད་གོང་གི་མིའི་རིགས་མཚོ་བོད་ས་མཐོར་གནས་པའི་དུས་ཚོད་སྔ་ཤོས་ད་བར་གྱི་ལོ་ཁྲི་4ནས་ལོ་ཁྲི་16བར་ཁུངས་འདེད་ཐུབ་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚན་ཞིབ་བྱེད་ཐེངས་གཉིས་པས་ས་མཐོའི་སྔ་རབས་དང་ཉེ་དུས་ཀྱི་སྣོད་བཅུད་མ་ལག་འབྱུང་འཕེལ་གྱི་རྣམ་པ་ཧྲིལ་པོ་ཐོག་མར་བསྟན་པ་ལས་མཚོ་བོད་ས་མཐོའི་གསར་དུ་ཐོན་པའི་འགག་རྩའི་ས་གཤིས་ཀྱི་ལོ་རྒྱུས་དུས་སྐབས་ཀྱི་སྣོད་བཅུད་མ་ལག་གི་འགྱུར་ལྡོག་ཆེན་པོ་ར་སྤྲོད་ཐུབ་པ་དང་མཚོ་བོད་ས་མཐོ་འཕེལ་རྒྱས་བྱུང་བ་ནི་དེང་རབས་སྐྱེ་དངོས་རིགས་འཕེལ་རྒྱས་དང་རིམ་འགྱུར་བྱུང་བའི་མཇུག་སྡོམ་གལ་ཆེན་ཞིག་རེད། གངས་རྡིབ་གནོད་འཚེ་ལྟ་ཞིབ་ཚད་འཇལ་གྱི་སྔོན་བརྡའི་མ་ལག་བཙུགས་པ་དང་འབྲེལ་གངས་རྡིབ་ཐོན་པའི་བརྒྱུད་རིམ་ཐོག་མར་ལྟ་ཞིབ་ཚད་འཇལ་ཐུབ་ནས་ལེགས་གྲུབ་ལྡན་པའི་ངང་སྔོན་བརྡ་གཏོང་ཐུབ་སྟེ་ས་ཁོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བར་ལག་རྩལ་གྱི་འགན་ལེན་གསར་པ་མཁོ་འདོན་བྱས་པ་རེད།

མ་ཡིག་གི་ཁ་བྱང་། ལོ་ཁྲི16གོང་ནས་མཚོ་བོད་ས་མཐོར་མི་ཡོད་པ་ཤེས་རྟོགས་བྱུང་འདུག

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།