ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་ཡིག་གཟུགས་བྱུང་འཕེལ་གྱི་ངོ་མཚར་ལྟད་མོ་འདི་ན་སྣང་།

ཡོང་ཁུངས། : ཁམས་པའི་གསར་འགྱུར་དྲ་བ།     སྤེལ་དུས། : 2016-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2016101757446845.jpg

༡ སྟག་གཟིག་སྤུངས་ཡིག

སྟག་གཟིག་སྤུངས་ཡིག་ནི་གངས་ལྗོངས་སུ་ལོ་ངོ་བཞི་སྟོང་གི་སྔོན་རོལ་ནས་བོད་མིས་བེད་སྤྱོད་བཏང་བའི་ཡི་གེ་ཞིག་ཡིན།མཁས་དབང་རྣམ་པས་ཡུན་རིང་ཞིབ་འཇུག་གནང་བར་གཞིགས་ན་བོད་ཡིག་འདི་རྒྱ་གར་གནའ་བོའི་ཡི་གེ་ལཉྫ་དང་ཤིན་ཏུ་འདྲ།ཡིག་གཟུགས་འདི་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་ཀྱི་ཨེམ་ཆི་དཔལ་ལྡན་ཡེ་ཤེས་ལགས་ཀྱིས་ཡུན་རིང་ཉར་ཚགས་གནང་བའི་བོན་ཡིག་སུམ་རྟགས་པར་པོད་ལས་འདྲ་བཤུས་ཞུས།།

2016101757496877.jpg

2016101757502657.jpg

༢  སྨར་ཡིག

སྨར་ཡིག་ལ་སྨར་ཆེན་དང་སྨར་ཆུང་ཞེས་ཡིག་གཟུགས་མི་འདྲ་བ་ཁག་གཉིས་ཡོད་པ་དེ་ནི་གཡང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཀྱིས་སྟག་གཟིག་སྤུངས་ཡིག་ལ་དཔེ་མཛད་དེ་གསར་གཏོད་གནང་།ད་བར་ལོ་སུམ་སྟོང་ཙམ་གྱི་ལོ་རྒྱུས་ལྡན།སྨར་ཡིག་ནི་ཐོག་མར་ཞང་ཞུང་རྒྱལ་ཕྲན་ལ་དར་བའི་ཡི་གེ་ཡིན་རུང་།སྤྱི་ལོའི་གོང་གི་དུས་རབས་གཉིས་པའི་ནང་གཉའ་ཁྲི་བཙན་པོས་བཙན་པོའི་རྒྱལ་རབས་བཙུགས་གནང་མཛད་རྗེས་སྨར་ཡིག་དེ་བཙན་པོའི་རྒྱལ་རབས་ཀྱི་རྒྱུན་སྤྱོད་ཡི་གེར་གྱུར། ཡིག་གཟུགས་འདི་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་ཀྱི་ཨེམ་ཆི་དཔལ་ལྡན་ཡེ་ཤེས་ལགས་ཀྱིས་ཡུན་རིང་ཉར་ཚགས་གནང་བའི་བོན་ཡིག་སུམ་རྟགས་པར་པོད་ལས་འདྲ་བཤུས་ཞུས།།

2016101757593797.jpg

༣   གཟི་ཡིག

གཟི་ཡིག་ནི་གནའ་རབས་ཞང་ཞུང་ཁུལ་དུ་དར་བའི་མཛེས་རྩལ་ཡིག་གཟུགས་ཀྱི་རིགས་གཅིག་ཡིན་ཞིང་།དེའི་དབྱིབས་ནི་གངས་ཅན་བོད་མིའི་མཛེས་རྒྱན་དུ་གྱུར་བའི་གཟི་ཁྲ་ལྟ་བུ་ལྟ་ན་སྡུག་པ་ཞིག་ཡོད།ཡིག་གཟུགས་འདི་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་ཀྱི་ཨེམ་ཆི་དཔལ་ལྡན་ཡེ་ཤེས་ལགས་ཀྱིས་ཡུན་རིང་ཉར་ཚགས་གནང་བའི་བོན་ཡིག་སུམ་རྟགས་པར་པོད་ལས་འདྲ་བཤུས་ཞུས།།

2016101757627829.jpg

༤   ལྷ་བབ་ཡི་གེ།

ལྷ་བབ་ཡི་གེ་ནི་ཞང་ཞུང་གི་དུས་སུ་དར་བའི་ཡི་གེ་ཞིག་ཡིན་ལ།ཉམས་འགྱུར་མི་འདྲ་བའི་སྨར་ཡིག་གི་ཡིག་གཟུགས་གསར་པའམ་ཡང་ན་སྨར་ཡིག་གི་མཛེས་རྩལ་ཡིག་གཟུགས་ལ་ངོས་འཛིན་བྱེད་ཆོགཡིག་གཟུགས་འདི་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་ཀྱི་ཨེམ་ཆི་དཔལ་ལྡན་ཡེ་ཤེས་ལགས་ཀྱིས་ཡུན་རིང་ཉར་ཚགས་གནང་བའི་བོན་ཡིག་སུམ་རྟགས་པར་པོད་ལས་འདྲ་བཤུས་ཞུས།།

2016101757701985.jpg

2016101757706909.jpg

༥   ཞང་ཞུང་དམར་ཡིག

ཞང་ཞུང་དམར་ཡིག་ནི་གཡུང་དྲུང་བོན་ཆོས་གཏོད་པའི་དུས་སུ་ཞང་ཞུང་ཁུལ་དུ་དར།ང་ཚོས་སྔར་ཡིག་གཟུགས་དེ་འདྲ་ཞིག་དར་མྱོང་ཡོད་པ་ཤེས་པ་ཙམ་ལས་དེ་དང་འབྲེལ་ཡོད་ཀྱི་གནད་དོན་ཇི་སྙེད་རྟོགས་ཐབས་དཀའ་བས་ཕྱིས་འབྱུང་མཁས་དབང་རྣམ་པས་མུ་མཐུད་དེ་ཞིབ་དཔྱད་མཛད་རྒྱུ་རེ་བ་ཆེ།

2016101757875313.jpg

༦   དབུ་ཅན།

དབུ་ཅན་གྱི་ཡིག་གཟུགས་དང་པོ་ནི་སྤྱི་ལོའི་དུས་རབས་བདུན་པར་ཐོན་མི་སམ་བྷོ་ཊས་ཡིག་ཕུད་དུ་འབྲི་གནང་མཛད་པའི་ཡི་གེ་དྲུག་མའི་གཟུངས་ལས་གྲུབ་པའི་སྦལ་ནག་བགྲད་འདྲ་ཞེས་པའི་ཡིག་གཟུགས་དེ་ཡིན།སྤྱི་ལོའི་དུས་རབས་བདུན་པ་དང་།བརྒྱད་པ།དགུ་པ་བཅས་སོ་སོར་ཡིག་མཁན་ཆེན་པོ་བརྒྱད་སྔ་རྗེས་སུ་བྱུང་སྟེ་ཁོང་རྣམ་པས་ཐོན་མིའི་དབུ་ཅན་ལ་དཔེ་བྱས་ཏེ་དབུ་ཅན་གྱི་ཡིག་གཟུགས་མི་འདྲ་བ་ཁག་བརྒྱད་གསར་གཏོད་མཛད།དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཏེ་བསྟན་པ་ཕྱི་དར་གྱི་དུས་མཇུག་ཙམ་དུ་ཁྱུང་པོ་གཡུ་ཁྲིས་སྔོན་བྱུང་དབུ་ཅན་གྱི་ཡིག་གཟུགས་མི་འདྲ་བ་སོ་སོའི་ལེགས་ཆ་རྣམས་ཕྱོགས་བསྡུས་ཀྱིས་དབུ་ཅན་གྱི་ཡིག་གཟུགས་ཚད་ལྡན་ཁྱུང་བྲིས་སུ་གྲགས་པ་དེ་ཐོག་མར་གཏན་ལ་ཕབ།

2016101757764281.jpg

༧  ཐུ་མིའི་ཡིག་ཕུད།

བཀའ་དྲིན་ཅན་གྱི་ཐུ་མི་སམ་བྷོ་ཊས་རང་རིགས་ཀྱི་བརྡ་སྤྲོད་གཞུང་དང་མཐུན་ཞིང་།རང་གི་སྐད་ཡིག་ཁྱད་ཆོས་དང་ཡོངས་སུ་འཚམས་པ།ཚན་རིག་དང་མཐུན་ལ་བེད་སྤྱོད་བདེ་བ།དབྱངས་གསལ་གྱི་མ་ཕྱི་ཉུང་ཞིང་མིང་ཚིག་བརྗོད་པ་གསལ་བར་སྟོན་ཐུབ་པ་བཅས་ཀྱི་བོད་ཡིག་འདི་གསར་གཏོད་མཛད།ཡི་གེ་དྲུག་མའི་གཟུངས་འདི་ཐུ་མིས་ཆོས་རྒྱལ་སྲོང་བཙན་ལ་ཡིག་ཕུད་དུ་ཕུལ།ཡིག་ཕུད་དེ་དེ་སྔ་ཕ་བོང་ཁའི་རིགས་གསུམ་ལྷ་ཁང་ནང་གི་བྲག་རྡོའི་ལྡེབས་ཁྲ་ལྷམ་མེར་དངོས་སུ་མཇལ་རྒྱུ་ཡོད་རུང་།རིག་གནས་གསར་བརྗེ་ཆེན་པོའི་ནང་གཏོར་བཤིག་ཏུ་སོང་།འདིར་བྲིས་པའི་མ་ཎི་ཡིག་དྲུག་འདི་ནི་ཐོན་མིའི་ཕྱག་རྒྱུན་སྦལ་ནག་བགྲད་འདྲའི་ཚུལ་དུ་རྨོངས་ཚོད་ཀྱིས་བྲིས་པའོ།།

2016101834884485.jpg

༨  སོ་ཕག་གཤིབ་འདྲ།

ཡིག་གཟུགས་འདི་ནི(དབུ་ཅན་གྱི་ཡིག་གཟུགས་གསར་པ་བརྒྱད་ཀྱི་རིགས་དང་པོ)སྤྱི་ལོའི་དུས་རབས་བདུན་པའི་དུས་མཇུག་ཙམ་དུ(བཙན་པོ་མང་སྲོང་མང་བཙན་གྱི་སྐབས)ཡིག་མཁན་ཆེན་པོ་ཆ་ངར་རིན་ཆེན་འབར་གྱིས་ཐོན་མིའི་དབུ་ཅན་སྦལ་ནག་བགྲད་འདྲ་ལ་དཔེ་མཛད་དེ་གསར་དུ་བཏོད་པ་ཞིག་ཡིན།ཡིག་གཟུགས་འདི་སོ་ཕག་སྙོམ་པོར་བསྒྲིགས་པ་ལྟ་བུ་ཡོད་པས་སོ་ཕག་གཤིབ་འདྲ་ཞེས་འབོད།

2016101834936797.jpg

༩  བྱ་ཕོ་འཇོལ་འདྲ།

ཡིག་གཟུགས་འདི་ནི(དབུ་ཅན་གྱི་ཡིག་གཟུགས་གསར་པ་བརྒྱད་ཀྱི་རིགས་གཉིས་པ)སྤྱི་ལོའི་དུས་རབས་བདུན་པའི་དུས་མཇུག་དང་བརྒྱད་པའི་དུས་འགོར(བཙན་པོ་འདུས་སྲོང་མང་པོ་རྗེའི་སྐབས)ཡིག་མཁན་ཆེན་པོ་ཆབ་དཀར་བེའུ་ཚེས་གསར་གཏོད་གནང་བ་ཞིག་ཡིན་ཞིང་།འདི་བྱ་ཕོའི་མགྲིན་པ་གཟེངས་སུ་བཏེགས་པ་དང་།གཤོག་པ་ཅུང་གཞོལ་བ་ལྟ་བུ་ཡོད་པས་བྱ་ཕོ་འཇོལ་འདྲ་ཞེས་འབོད།ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆར་ཡིག་གཟུགས་འདིའི་མ་དཔེ་མེ་རིས་ཅན་གྱི་བྲག་རྩར་སྦས་ཞེས་བཀོད་ཀྱང་ད་བར་མཇལ་བའི་སྐབས་མ་རྙེད།

2016101834983829.jpg

༡༠  ནས་སྔོན་ཕྱིང་དཀར་སྟེང་བཀྲམ་པ་འདྲ།

ཡིག་གཟུགས་འདི་ནི(དབུ་ཅན་གྱི་ཡིག་གཟུགས་གསར་པ་བརྒྱད་ཀྱི་རིགས་གསུམ་པ)སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ཡིག་མཁན་ཆེན་པོ་དགེ་བསྙེན་དཀོན་མཆོག་དབང་གིས་གསར་གཏོད་གནང་བ་ཞིག་ཡིན་ཞིང་།ཡིག་གཟུགས་འདི་ནས་སྔོན་ཕྱིང་དཀར་སྟེང་དུ་བཀྲམ་པ་ལྟ་བུ་ཡོད་པས་དེ་ལྟར་འབོད།

2016101835021657.jpg

༡༡  མུ་ཏིག་བསྟར་བརྒྱུས།

ཡིག་གཟུགས་འདི་ནི(དབུ་ཅན་གྱི་ཡིག་གཟུགས་གསར་པ་བརྒྱད་ཀྱི་རིགས་བཞི་པ)སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མཇུག་ཙམ་དུ(ཁྲི་སྲོང་ལྡེ་བཙན་གྱི་སྐབས)ཡིག་མཁན་ཆེན་པོ་བྷ་ཤོ་ཁྲམ་མམ་ཤྰཀྱ་དཀོར་གྱིས་གསར་གཏོད་གནང་བ་ཞིག་ཡིན།ཡིག་གཟུགས་འདི་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་ཞིག་ཡོད་པས་དེ་ལྟར་འབོད།བསམ་ཡས་གཙུག་ལག་ཁང་གི་གཞུང་སྒོའི་ལྷོ་ངོས་ཀྱི་རྡོ་རིང་ཐོག་ཏུ་བརྐོས་པའི་བོད་ཡིག་དེ་ཡིག་གཟུགས་དེའི་གྲས་ཤིག་ཡིན།

2016101835053641.jpg

༡༢  སྦུར་ནག་བགྲད་འདྲ།

ཡིག་གཟུགས་འདི་ནི(དབུ་ཅན་གྱི་ཡིག་གཟུགས་གསར་པ་བརྒྱད་ཀྱི་རིགས་ལྔ་པ)སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མཇུག་ཙམ་ནས་དགུ་པའི་དུས་འགོར(མུ་ནེ་བཙན་པོའི་སྐབས)ཡིག་མཁན་ཆེན་པོ་ཚེ་སྤོང་བྱང་ཆུབ་མདོ་སྨད་དུ་བཞུགས་སྐབས་གསར་གཏོད་གནང་བ་ཞིག་ཡིན།ཡིག་གཟུགས་འདི་མདོ་སྨད་ས་ཁུལ་དུ་ཤིན་ཏུ་དར་ཆེ་བས་ཁམས་རིས་ཀྱང་བརྗོད་སྲོལ་ཡོད།

2016101835085361.jpg

༡༣  ཉ་མོ་ཆུ་ནང་ནས་ཕྱུང་འདྲ།

ཡིག་གཟུགས་འདི་ནི(དབུ་ཅན་གྱི་ཡིག་གཟུགས་གསར་པ་བརྒྱད་ཀྱི་རིགས་དྲུག་པ)སྤྱི་ལོའི་དུས་རབས་དགུ་པའི་དུས་འགོར(མུ་ནེ་བཙན་པོའི་སྐབས)ཡིག་མཁན་ཆེན་པོ་འབྲེ་བ་ཡོན་ཏན་གྱིས་གསར་གཏོད་གནང་བའི་དབུ་ཅན་ཡིན།ཡིག་གཟུགས་འདི་ཉ་མོ་ཆུ་ནང་ནས་ཕྱུང་བ་ལྟ་བུ་ཞིག་ཡོད་སྟབས་དེ་ལྟར་འབོད།ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཁོངས་སུ་གནས་པའི་བཙན་པོའི་བང་སོའི་རྡོ་རིང་ཐོག་བརྐོས་པའི་ཡི་གེ་དེ་ཡིག་གཟུགས་དེའི་གྲས་ཤིག་ཡིན།

2016101835122437.jpg

༡༤  སེང་གེ་གནམ་ལ་འཕྱོངས་འདྲ།

ཡིག་གཟུགས་འདི་ནི(དབུ་ཅན་གྱི་ཡིག་གཟུགས་གསར་པ་བརྒྱད་ཀྱི་རིགས་བདུན་པ)དུས་རབས་དགུ་པའི་དུས་དཀྱིལ་དུ(བཙན་པོ་ཁྲི་རལ་པ་ཅན་གྱི་སྐབས)ཡིག་མཁན་ཆེན་པོ་གྲ་ཤོད་རྣམ་གཉིས་ཀྱིས་གསར་གཏོད་གནང་བའི་དབུ་ཅན་གྱི་ཡིག་གཟུགས་གསར་པ་ཞིག་ཡིན།ཡིག་གཟུགས་འདི་སེང་གེ་གནམ་ལ་འཕྱོངས་པ་ལྟ་བུ་ཡོད་པས་དེ་ལྟར་འབོད།ལོ་རྒྱུས་ཀྱི་ཡིག་རིགས་ལས་ཡིག་གཟུགས་དེ་རིགས་དེ་སྔ་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་ཞ་ལྷ་ཁང་གི་ལྡེབས་རིས་སུ་བཀོད་པའི་གནས་ཚུལ་བཀོད་ཡོད་ཀྱང་ད་བར་མཇལ་བའི་སྐལ་བ་མ་ཐོབ།

2016101835152861.jpg

༡༥  ལེབ་ནི་གྲུ་བཞི་བདེ་ལེགས།

ཡིག་གཟུགས་འདི་ནི(དབུ་ཅན་གྱི་ཡིག་གཟུགས་གསར་པ་བརྒྱད་ཀྱི་རིགས་བརྒྱད་པ)བོད་ཀྱི་བསྟན་པ་ཕྱི་དར་གྱི་སྐབས་སུ་ཡིག་མཁན་ཆེན་པོ་ཀ་ཁྱུང་གིས་སོ་ཕག་གཤིབ་འདྲ་ལ་དཔེ་མཛད་ནས་གསར་གཏོད་གནང་བ་ཞིག་ཡིན། །

༼ གངས་ལྗོངས་ཡིག་གཟུགས་ཀུན་བཏུས་ཞལ་ཐང༽  ལས་དྲངས།  ༼  མུ་འགོད ༽

རྩོམ་སྒྲིག་པ། : ཀླུ་མོ་མཚོ།