ཀྲུང་གོ་བོད་ཀྱི་དྲ་བ།

རྗེ་ལྷོ་བྲག་རིན་པོ་ཆེ་བློ་བཟང་ཆོས་འཕེལ་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ཆེན་ཆུང་བ་བློ་བཟང་ལུང་རིགས་རྒྱ་མཚོ།   སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༧རྗེ་ལྷོ་བྲག་རིན་པོ་ཆེ་བློ་བཟང་ཆོས་འཕེལ་རྒྱ་མཚོ་ངག་དབང་བསྟན་པའི་དབང་ཕྱུག་མཆོག་ནི། རབ་བྱུང་བཅུ་བཞི་བའི་ས་རྟ་སྟེ་སྤྱི་ལོ1858ལོར་ཧོར་བདེ་ཆེན་དུ་ཡབ་ཚེ་རིང་དབང་རྒྱལ་དང་། ཡུམ་དབང་ཆེན་སྐྱིད་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། དེ་ཡང་ཁོང་ཡུམ་གྱི་ལྷུམས་སུ་ཞུགས་པའི་སྐབས་ཉིད་ན་མག་སེར་པཎྜི་ཏའི་ཡང་སྤྲུལ་རིག་འཛིན་བདུད་འདུལ་རྡོ་རྗེས་སྐུ་རིམ་སྒྲུབ་བཞིན་པས་མཚན་ལམ་ཡ་མཚན་པ་ཞིག་ཀྱང་རྨིས་པར་བཤད། འཁྲུངས་ནས་དགུང་གྲངས་གཅིག་ཙམ་སོན་པ་ན། གཏེར་རྒན་རིན་པོ་ཆེ་མི་ཕམ་དགའ་བའི་བློ་གྲོས་ཕྱོགས་དེར་ཕེབས་པར་མཇལ་སྐབས་ཁོང་གིས་ཀྱང་བྱིས་པ་འདི་ལ་བདག་སྐྱོང་ལེགས་པོ་གྱིས་ཞེས་སོགས་ཞལ་གདམས་མང་དུ་བསྩལ། དགུང་ལོ་གསུམ་གྱི་སྟེང་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་དགུང་ལོ་ལྔའི་སྟེང་གདན་སར་བཀོད། དེ་ནས་དགུང་ལོ་བདུན་པ་ཤིང་བྱི་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་བོར། རྗེ་གོང་མ་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་དགའ་ཆོས་འཕེལ་དཔལ་བཟང་བོའི་འཁྲུངས་ཡུལ་ཧོར་རྒྱལ་མཚན་གཞུང་ཞེས་གྲགས་པའི་གནས་དེར། ཧོར་སྡེ་གཞུང་གི་སྤྱི་ཁང་དུ་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་པོའི་མདུན་ནས་དགེ་བསྙེན་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་བློ་བཟང་ཆོས་འཕེལ་རྒྱ་མཚོར་གསོལ། སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ་སོགས་ཀྱི་ལུང་གནང་ཞིང་སྟོན་པའི་སྐུ་བརྙན་དང་སྐུ་གཟན་བཞེས་འཕྲོ་སོགས་ཀྱི་གནང་སྦྱིན་ཀྱང་བསྩལ། དགུང་ལོ་བཅུ་གསུམ་སྟེང་རོང་བོ་དཔལ་གྱི་དགོན་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་ཆོས་གྲྭར་ཞུགས་ཏེ། གཙང་སྟོན་སྨྲ་བའི་དབང་ཕྱུག་བསྟན་འཛིན་ཆོས་འཕེལ་རིན་པོ་ཆེ་སོགས་མཁས་གྲུབ་དུ་མའི་ཞབས་པད་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད། དགུང་ལོ་བཅུ་དགུ་བ་མེ་ཕོ་བྱི་ལོའི་ནག་ཟླའི་དཀར་ཕྱོགས་བཟང་བོར་ལྟིང་ཀའི་གཞི་མའི་གཙུག་ལག་ཁང་དུ་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་པོའི་མདུན་དུ་བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་མནོས།གཞན་ཡང་དབང་ལུང་རྗེས་གནང་སོགས་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན།དེ་ཡང་ཡབ་རྗེ་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོ། གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་བསམ་གཏན།དགེ་བའི་བཤེས་གཉེན་ཆེན་པོ་གཙང་སྟོན་བསྟན་འཛིན་ཆོས་འཕེལ། ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས། ཀིརྟི་བློ་བཟང་འཕྲིན་ལས། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། རྗེ་བཙུན་འཇིགས་མེད་བསྟན་དར། རྗེ་ངག་དབང་བསྟན་དར། དུས་འཁོར་སྔགས་ཆེན་མཚོ་བྱུང་དགྱེས་པའི་དཔལ། བོན་བརྒྱའི་རི་ཁྲོད་པ་བཀྲ་ཤིས་རྒྱ་མཚོ་སོགས་བསྟན་པའི་མངའ་བདག་ཆེན་པོ་མན་ངག་བྱེ་བའི་གཏེར་མཛོད་འཛིན་པ་དག་ལས་དབང་ལུང་ཁྲིད་གསུམ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ཚུལ་ཐོབ་ཡིག་སྐལ་ལྡན་ཤིང་རྟའི་རྒྱུན་བཟང་ལྟར་ལགས་ཤིང་། ཁྱད་པར་དུ་ཨ་རོལ་རིན་པོ་ཆེ་དང་གཙང་སྟོན་བསྟན་འཛིན་ཆོས་འཕེལ། གྲུབ་དབང་འཇིགས་མེད་བསམ་གཏན་རྣམས་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་ཏེ་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན།དེ་ཡང་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེས་གཡུ་ཐོག་སྨན་དབང་ལན་བཞིར་གནང་སྐབས་དབང་རྒྱུན་འཛིན་མཁན་གྱི་གཙོ་བོ་ཡང་ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ་དང་ཁོང་རྣམ་པ་གཉིས་ཡིན་པར་གསུངས་ཤིང་ལྷོ་བྲག་རིན་པོ་ཆེ་འདི་བ་ནི། ཞི་དྲག་གི་ལས་རབ་འབྱམས་སྒྲུབ་པ་ལ་མཐུ་སྟོབས་དབང་ཕྱུག་རྭ་ལོ་དངོས་སུ་བྱོན་པ་དང་མཚུངས་པར་རེབ་གོང་ཆོས་འབྱུང་སའི་ལྷ་མོར་གསུངས་པའང་དོན་ལ་གནས་སོ། །དེ་ལྟར་བླ་མ་དགེ་བའི་བཤེས་གཉེན་གནམ་གྱིས་ས་བཀབ་པ་ལྟ་བུ་དེ་དག་གི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་ཐོས་བསམ་སྒོམ་གསུམ་རྣལ་མ་བྱས་པས་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གང་ཐད་ནས་འགྲན་པའི་ཟླ་དང་བྲལ་བས་མ་ཧཱ་པཎྜི་ཏ་བློ་བཟང་ཆོས་འཕེལ་རྒྱ་མཚོ་ཞེས་སྙན་པའི་བ་དན་དཀར་པོ་ཕྱོགས་སུ་རྒྱས། དེ་ཡང་ཆོས་འབྱུང་སའི་ལྷ་མོར་གསེར་ལྗོངས་ཡུལ་གྱི་གསེར་གྱི་ལྷུན་པོ་ལྟ་བུའི་སྐྱེས་ཆེན་བརྒྱད་ཀྱི་གྲས་སུའང་བགྲང་འདུག་ལ། དེར་མ་ཟད་དམ་པ་འདི་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་རྣམས་རྒྱལ་བོ་ཝང་ཚང་ལ་མཆོད་ཡོན་གྱི་འབྲེལ་བ་ཧ་ཅང་ཟབ། ལྷག་པར་དུ་ཧོར་དགེ་ལི་ཚོ་བས་ནང་ཆེན་གྱི་ཚོམས་ཆེན་དམར་མདངས་མ་དང་ཨ་ལྡོག་ཚོ་བས་ཀླུ་དབང་རྒྱལ་པོའི་ལྷ་ཁང་དང་། ཨ་སེང་ཚོ་བས་ལམ་རིམ་བླ་བརྒྱུད་ཁང་བཞེངས་པ་དང་བདེ་ཆེན་ཚོ་བ་སོགས་དད་ལྡན་སྦྱིན་བདག་མང་བོས་འདུ་ཁང་ཆེན་མོ་བསྐྱར་བཞེངས་མཛད། གཞན་ཧོར་རྭ་ཚང་གིས་གཙོས་དེ་ཕྱོགས་ཀྱི་དད་ལྡན་སེར་སྐྱ་མང་པོས་གསོལ་བ་བཏབ་པ་ལྟར་རྩེ་གཞུང་བུ་ཧྭའི་ཐང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་གནང་སྟེ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད།མགོ་ལོག་ཨ་སྐྱོང་དཔོན་མོ་གཟི་བརྗིད་སྒྲོལ་མས་གཙོས་དེ་ཕྱོགས་ཀྱི་ཆེ་དགུ་རྣམས་ཀྱིས་གཙུག་ཏུ་བཀུར་ཞིང་བཀའ་ཆོས་གང་ཞུས་འདོད་མོས་སུ་བསྩལ་བར་ཨ་སྐྱོང་ཙེན་སོགས་དངོས་འབུལ་སྤམ་མཐོ་བ་ཕུལ་བ་ད་ལྟའང་མཇལ་དུ་ཡོད།བར་སྐབས་ཤིག་ལ་འབག་ཆུའི་ཨ་དཔོན་ཟེར་བའི་ཡུལ་དམག་གིས་རེབ་གོང་ལ་གནོད་འཚེ་ཚབས་ཆེན་བཏང་བ་འདི་བས་མངོན་སྤྱོད་ཀྱིས་བཟློག་པར་མཛད། དེ་ནས་གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའ་ལུང་བཞིན་རོང་བོའི་རྒྱུད་དུས་འཁོར་གཉིས་ཀྱི་ཁྲི་ལོ་གསུམ་རེ་དང་། གྲྭ་ཚང་ཐོས་བསམ་གླིང་གི་ཁྲི་སྔ་ཕྱིར་ལོ་ལྔར་བསྐྱངས་ཏེ་ཁྲི་འབུད་རྒྱ་ཆེན་དང་སྤྱི་འཇོག་གང་མང་གནང་། དེ་ནས་བཟུང་ཁོང་རིན་པོ་ཆེས་ཉིན་རེ་བཞིན་ཕྱག་རྩོམ་ཤོག་ལྡེབ་གཅིག་ཆག་མེད་དུ་གནང་བ་སོགས་ཆོས་སྤྱོད་རྣམ་བཅུའི་ཉམས་ལེན་རྒྱུན་ཆགས་སུ་མཛད་པ་དང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་སོགས་མཚམས་བསྙེན་སྒྲུབ་ཀྱང་གང་མང་གནང་། གཞན་ཡང་དཔྱི་ས་དགོན་དགེ་འཕེལ་གླིང་གི་འདུས་སྤྱི་ནས་ཞུས་པ་ལྟར་སེམས་བསྐྱེད་མཆོད་པ་གསུངས་ཤིང་དེ་གར་ཀུན་རིག་ཆོ་གའི་ཕྱག་ལེན་ངོས་གཙང་བདེ་ཆེན་ལྟར་བཙུགས། དེ་ལྟར་གསེར་ལྗོངས་ཕྱོགས་འདིའི་དགོན་སྡེ་སྤྱི་དང་ཁྱད་པར་རོང་བོའི་གདན་ས་གསུམ་གྱི་ཆོས་སྲིད་ལེགས་ཚོགས་ཐམས་ཅད་ལུགས་གཉིས་ཀྱིས་བསྐྱངས་དང་སྐྱོང་བཞིན་པའི་སྐབས་ཉིད་ན། ཁོང་གི་མཚན་ལམ་དང་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ལ་བརྟེན་ནས་འབལ་སྨད་དུ་དགོན་གཞི་གསར་འཛིན་གྱི་ཐུགས་འདུན་འཁྲུངས་ཏེ་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོར་མཐོན་པོ་བཅུ་གསུམ་གྱི་ནང་ཚན་རྒྱལ་པོ་གོ་ཆེན་གྱི་ལྷ་ཞོལ་དུ་དགོན་སར་གཟིགས་པར་ཕེབས་པ་ན། ཨོའུ་རྒྱའི་སྔགས་པ་བསྟན་པ་དར་རྒྱས་ནས་དུང་དཀར་ཆ་གཅིག་ཐོགས་ཏེ་ལྷ་བསང་གཏོང་བ་དང་དུས་མཉམ་པས་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་སུ་སོང་། གཞན་ཡང་བརྡ་དང་ལུང་བསྟན་མང་པོ་འཛོམས་པས་གནས་འདིར་སྒར་གཞི་འཛིན་པའི་སྟ་གོན་མཛད།དེ་ནས་མ་འགྱང་བར་ཤ་སྦྲང་དང་དགོན་གོང་མ་རོང་བོ་སྦྲ་དཀར་ནག་འབལ་རོང་སྡེ་སོགས་ཀྱིས་རེ་ཞུས་ལྟར་གོ་ཆེན་བྲག་དམར་ཉིན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་གནང་སྟེ་གདུལ་བྱ་གྲངས་མེད་པའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན། སྐབས་དེར་ལཱ་མོའི་ཞབས་དྲུང་དཀར་པོ་དང་ཧོར་དཔོན་པོ། དཔལ་མཆོག་དཔོན་པོ་སོགས་ལ་དགོན་ས་བསླངས་པར་ཁོང་རྣམས་ཀྱིས་དགོན་ས་ཕུལ་བར་མ་ཟད་ཕུའི་རྩྭ་ས་དང་མདོའི་ཞིང་ས་སོགས་གཡས་ཕུལ་གཡོན་ཕུལ་བྱས་པའི་ཡི་གེ་ད་ལྟའི་བར་ཉར་ཚགས་བྱས་ཡོད། དེ་ནས་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཏེ་སྤྱི་ལོ་༡༩༢༩ལོ་ལ་དགོན་པ་གསར་རྒྱག་གི་དབུ་ཚུགས་ཏེ་ལོ་ངོ་བཅུ་ལྷག་གི་རིང་ལ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་བདེ་ཆེན་བཤད་སྒྲུབ་དར་རྒྱས་ཕུན་ཚོགས་གླིང་གི་འདུ་ཁང་གྲྭ་ཤག་དང་བཅས་པ་ཡོངས་སུ་འགྲུབ། དགོན་འདིའི་འདོན་རྟ་དབྱངས་གསུམ་བཅའ་ཁ་ཕྱག་ལེན་སོགས་ཀྱི་རིམ་པ་རྣམས་མ་དགོན་བདེ་ཆེན་བཀྲ་ཤིས་ཆོས་གླིང་དང་རོང་བོ་དཔལ་གྱི་དགོན་ཆེན། རྭ་རྒྱ་བཀྲ་ཤིས་འབྱུང་གནས་བཅས་ལ་གཏུགས་ཏེ་གསར་འཛུགས་གནང་། རྗེས་སུ་སྨོན་ལམ་ཆེན་མོ་གསར་དུ་བཙུགས་ནས་དགོན་སྡེ་འདིའི་བླ་སྤྲུལ་རྣམས་ཀྱིས་རིམ་བཞིན་ཁྲི་སྐྱོང་ཁུར་སོགས་ཀྱི་ཕྱག་སྲོལ་བཟང་པོ་ཚུགས་ཡོད། དེ་ནས་དགུང་ལོ་གྱ་གཅིག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྟག་སྟེ་སྤྱི་ལོ1938ལོའི་ཟླ12ཚེས15ཉིན་ལ་ཡ་མཚན་གྱིས་མྱ་ངན་སངས་པར་འགྱུར་བ་ཞིག་དང་བཅས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །

མདོར་ན་ཁོང་ཉིད་ཀྱི་སྐུ་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བ་དང་བསྟན་འགྲོའི་བདེ་སྐྱིད་ཀྱི་གཤེད་དུ་ལངས་པ་འགའ་ཞིག་ཀྱང་དྲག་པོ་མངོན་སྤྱོད་ཀྱི་མཐུས་ཚར་བཅད་པར་བརྟེན་ལྗོངས་འདིར་མཁས་གྲུབ་གཉིས་ལྡན་གྱི་བླ་མ་རྩ་ཆེན་ཞིག་ཏུ་བརྩི་བ་ལགས་སོ།། །། 

ཁོང་རིན་པོ་ཆེ་འདི་བར་གསུང་ལས་སྐྱེས་པའི་བུ་སློབ་བགྲང་གིས་མི་ལངས་མོད། རགས་ཙམ་ནི། ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་།བདེ་ཆེན་ཆུང་བ་བློ་བཟང་བསྟན་པ་རབ་རྒྱས། ཁ་སོ་བློ་བཟང་ཆོས་འབྱོར་རྒྱ་མཚོ། དེའི་ཡང་སྤྲུལ་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས། བྱང་རྩེ་མཁན་སྤྲུལ་མཁས་བཙུན་རྒྱ་མཚོ། རོང་བོ་འཇིགས་མེད་སྤྲུལ་སྐུ། མགར་རྩེའི་གྲུབ་པ་རབ་འབྱམས་པ་ཐོགས་མེད། རི་སྒོམ་ཆོས་དཔལ་རྒྱ་མཚོ། བློན་ཆོས་ཆོས་གྲགས་སྤྲུལ་སྐུ་བློ་བཟང་མཁྱེན་རབ་རྒྱ་མཚོ། རྭ་ཨ་ཁུ་འཇིགས་མེད་ཆོས་ཀྱི་ཉི་མ། ཇ་སག་བློ་བཟང་བསྟན་པའི་རྒྱལ་མཚན། དྲུང་ཡིག་སྤྲུལ་སྐུ་འཇམ་དབྱངས་དར་རྒྱས། བྲག་དཀར་སྤྲུལ་སྐུ། དགའ་རབ་འཇམ་དབྱངས་ཐུབ་བསྟན་བསྟན་པའི་ཉི་མ། མེ་འབར་སྤྲུལ་སྐུ། རི་ཤེས་གྲུབ་རྒན་ཚང་། སྐུ་ནག་འཇམ་དབྱངས་བསྟན་པའི་དབང་ཕྱུག །ཆུ་ཀྱཱ་བློ་བཟང་ཡེ་ཤེས་རྒྱ་མཚོ།རིག་འཛིན་དགའ་རབ་རྡོ་རྗེ། མུ་ར་སྤྲུལ་བའི་སྐུ། ཨོའུ་རྒྱ་སྤྲུལ་བའི་སྐུ། རྫོང་སྔོན་སྤྲུལ་བའི་སྐུ། ཨ་རིག་སྤྲུལ་བའི་སྐུ། དགོན་བློ་བཟང་ཆོས་ཀྱི་དབང་ཕྱུག །སྐུ་དབོན་བློ་བཟང་ཉི་མ་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དང་སྐྱེས་ཆེན་དམ་པ་གང་མང་འདུས། 

གསུང་རྩོམ་གྱི་སྐོར་ལ། བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཟིན་རིན་ཆེན་གཏེར་མཛོད་ཀྱི་གླེགས་བམ་རིན་པོ་ཆེ་འདི་གཙོ་བྱས་པའི་གསུང་རྩོམ་པོད་ལྔ་ལྷག་དང་། ད་དུང་ལག་སོན་མ་བྱུང་བའི་སྐོར་ལ། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་སོགས་མང་ཡང་དུས་དབང་གིས་ཕལ་ཆེར་ཞུགས་ཀྱི་ཁ་ཟས་སུ་གྱུར་སྟབས་ལག་སོན་འབྱུང་བ་ཤིན་ཏུ་དཀའོ། །

བདེ་ཆེན་ཆུང་བ་བློ་བཟང་ལུང་རིགས་རྒྱ་མཚོས་བྲིས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།