འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དབུ་བླ་བཞིས་རྗེས་སུ་བཟུང་བའི་ཚུལ་དང་བུ་ཆེན་བརྒྱད་ཀྱིས་རྗེའི་བསྟན་པ་ཇི་ལྟར་བསྐྱངས་པའི་སྐོར་གླེང་བ།

༧འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བགྲང་བྱ་དྲུག་བརྒྱ་འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ། 

༄༅། །འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དབུ་བླ་བཞིས་རྗེས་སུ་བཟུང་བའི་ཚུལ་དང་བུ་ཆེན་བརྒྱད་ཀྱིས་རྗེའི་བསྟན་པ་ཇི་ལྟར་བསྐྱངས་པའི་སྐོར་གླེང་བ།

                  སྒར་བ་ངག་དབང་བཟང་བོ།༢༠༡༩ལོའི་ཟླ་༡༢པའི་ཚེས་༡༩ཉིན།

333.jpg

དང་པོ། མདོར་བསྟན་པ།

དེ་ཡང་དགེ་ལྡན་བསྟན་པའི་སྲོལ་འབྱེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་ནི་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་བལྟམས་ཤིང་། ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གཙོ་བྱས་པའི་འགྲན་པའི་ཟླ་དང་བྲལ་བའི་ཡོངས་འཛིན་དབུ་བླ་བཞིས་རྗེས་སུ་བཟུང་ནས་ལེགས་པར་བསྐྱངས་ཤིང་། ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གིས་རྗེ་བླ་མ་སྐུ་གཞོན་པའི་དུས་ནས་རྗེས་སུ་བཟུང་སྟེ་ཐོས་བསམ་སློབ་གཉེར་གྱི་ཆེད་དུ་དབུས་གཙང་དུ་མངགས་ལ། བླ་མའི་ཐུགས་བཀོད་བཞིན་རྗེ་ཉིད་ཀྱིས་གྲུབ་མཐའ་རིས་མེད་ཀྱི་བཤེས་གཉེན་རྣམས་ཚུལ་བཞིན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་མཛད་དེ་གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་བ་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བུ་ཆེན་བརྒྱད་གཙོ་བྱས་པའི་སློབ་མ་བགྲང་ལས་འདས་པ་ལེགས་པར་བསྐྱངས་ཏེ། རབ་བྱུང་བདུན་པའི་ས་གླང་(༡༤༠༩)ལོར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ཅིང་། རི་བོ་དགེ་ལྡན་པ་ཞེས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཡོངས་སུ་གྲགས་པ་འདི་ཉིད་བླ་མས་སློབ་མ་བསྐྱངས་ཚུལ་ཁྱད་པར་བ་ཞིག་དང་སློབ་མས་ཀྱང་བླ་མ་བསྟེན་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེའི་རྒྱུ་འབྲས་རྟེན་འབྲེལ་ལས་བྱུང་བ་ཡིན་ནོ། །

གཉིས་པ། རྒྱས་པར་བཤད་པ་ལ་གཉིས་ཡོད་དེ།

དང་པོ། འཇམ་མགོན་བླ་མ་ཙོང་ཁ་པ་དབུ་བླ་བཞིས་ཇི་ལྟར་རྗེས་སུ་བཟུང་བའི་ཚུལ་བཤད་པ་ནི། 

དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་འགྲན་པའི་ཟླ་དང་བྲལ་བའི་དབུ་བླ་བཞི་ནི། དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ་ལས། དེའི་ནང་ནས་ཀྱང་གཙོ་བོ་ནི་ཆོས་རྗེ་དོན་རིན་པ་དང་རེད་མདའ་བ་གཞོན་ནུ་བློ་གྲོས། གྲུབ་ཆེན་དཔའ་བོ་རྡོ་རྗེ་དང་ལས་ཀྱི་རྡོ་རྗེ་བཞི་འགྲན་ཟླ་དང་བྲལ་བའི་དབུ་བླ་ཡིན་ཞེས་གསུངས་པ་ལྟར།   

དང་པོ། ཆོས་རྗེ་དོན་འགྲུབ་རིན་ཆེན་མཆོག་གིས་ཇི་ལྟར་རྗེས་སུ་བཟུང་བའི་ཚུལ་ནི། མཆིམས་བློ་བཟང་གྲགས་པས་ཆོས་རྗེ་དོན་འགྲུབ་རིན་ཆེན་མཆོག་ལ་ལུང་བསྟན་དུ། ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད། ཁྱད་པར་དུ་ཤ་སྦྲང་དང་བྱ་ཁྱུང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ་བཤད་སྒྲུབ་ཀྱི་བསྟན་པ་གང་འཕེལ་གྱིས།  སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་གཙོ་བོར་མཛོད། དེ་དུས་ཁྱོད་ལ་སློབ་མ་མཁས་གྲུབ་ཉིས་འཛོམས་མང་པོ་འོངས་པའི་ནང་ནས་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་བས། དེ་རབ་ཏུ་བྱུང་དུས་བློ་བཟང་གྲགས་པ་ཞེས་ངའི་མིང་འདི་ཐོགས་ཞེས་གསུངས་པ་ལྟར། འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ནི་བོད་རབ་བྱུང་དྲུག་པའི་མེ་བྱ་སྟེ་སྤྱི་ལོ༡༣༥༧ལོར་མདོ་སྨད་ཤར་ཙོང་ཁའི་ཡུལ་དུ་སྐུ་བལྟམས་ཤིང་། ཉིན་ཞིག་ཡབ་ཡུམ་གཉིས་ཀྱིས་ཆུ་དཀར་རི་ཁྲོད་དུ་བཞུགས་པའི་ཆོས་རྗེ་དོན་འགྲུབ་རིན་ཆེན་མཆོག་ཁྱིམ་དུ་སྤྱན་དྲངས་ཏེ། བཀུར་བསྟི་ཕུན་སུམ་ཚོགས་པ་མཛད། ཆོས་རྗེ་ཉིད་ནས་བདུད་རྩི་རིལ་བུ་དང་སྲུང་མདུད་བྱིན་ཅན། རྟ་ནོར་གོས་དར་སོགས་ཟང་ཟིང་གི་གནང་སྦྱིན་མང་དུ་མཛད་ནས་ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཅིག་ཅེས་བཀའ་གནང་བ་བཞིན། ཡབ་ཡུམ་གཉིས་ཀྱིས་འབུལ་བར་ཁས་བླངས། དགུང་ལོ་བདུན་པར་ཆོས་རྗེ་དོན་འགྲུབ་རིན་ཆེན་མཆོག་གིས་མཁན་པོ་མཛད་དེ། ཚིགས་སྔ་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་བའི་མཚན་དུ་མཆིམས་བློ་བཟང་གྲགས་པའི་ལུང་བསྟན་ལྟར། བློ་བཟང་གྲགས་པ་ཞེས་སུ་གསོལ་ནས་རྗེ་བདག་ཉིད་ཆེན་པོ་འདི་བསྟན་པའི་བདག་པོར་འགྱུར་བའི་ཐུགས་སྨོན་མཛད་ཅིང་། སྐུ་བྱིས་པའི་དུས་ནས་སྐྱེད་སྲིང་གནང་སྟེ་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་སྦྱོར་ཀློག་དང་། འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དང་། དཔལ་རྡོ་རྗེ་འཇིགས་བྱེད་གཙོས་རྒྱུད་སྡེ་དུ་མའི་དཀྱིལ་འཁོར་དུ་བཅུག་ནས་བསྟན་པའི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་ཅིང་། རྗེ་བླ་མ་དགུང་ལོ་བཅུ་དྲུག་སྟེང་། ཆོས་རྗེ་མཆོག་གིས་དབུས་གཙང་དུ་སློབ་གཉེར་ལ་མངགས་ཏེ། རྫོངས་སྐྱེལ་སོགས་མཛད་ནས་ཐོས་བསམ་ཇི་ལྟར་བྱ་བའི་རིམ་པ་ལ། ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། །རྒྱན་དུ་གྱུར་བའི་མངོན་རྟོགས་རྒྱན།  །ཐོག་མར་བསླབ་ཅིང་ནན་ཏན་བྱ།  །དེ་ལ་མཁས་པར་གྱུར་བ་ན།  །ཞེས་སོགས་ཀྱི་དང་པོ་མདོ་སྔགས་ཀྱི་གཞུང་ལ་ཐོས་པ་རྒྱ་ཆེར་བྱ་བའི་རིམ་པ་དང་། བར་དུ་གཞུང་ལུགས་ཀུན་གདམས་པར་ཤར་ནས་དོན་ཉམས་སུ་ལེན་ཚུལ།  ཐ་མར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གདུལ་བྱ་རྗེས་སུ་བཟུང་བའི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དགོས་ཚུལ་སོགས་ཀྱི་ཞལ་གདམས་གནང་བ་བཞིན། རྗེ་བླ་མས་ཆོས་རྗེ་དོན་འགྲུབ་རིན་ཆེན་མཆོག་གི་བཀའ་བཞིན་དབུས་གཙང་དག་པའི་ཞིང་དུ་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་མཛད་པར་ཕེབས་པ་ཡིན་པས། ཆོས་རྗེ་འདི་ཉིད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་གཞོན་དུས་ནས་བཀའ་དྲིན་ཤིན་ཏུ་ཆེ་བའི་དབུ་བླ་ཡིན་ནོ། ། 

གཉིས་པ། རྗེ་བཙུན་རེད་མདའ་བས་རྗེས་སུ་བཟུང་བའི་ཚུལ་ནི། རྗེ་ཙོང་ཁ་པས་དབུས་གཙང་དུ་ཐོག་མར་མདོ་སྔགས་ཀྱི་གཞུང་མཐའ་དག་ལ་ཕྱོགས་རེར་མ་སོང་བའི་ཐོས་པ་རྒྱ་ཆེན་པོ་ཞིག་དགོས་པར་གཟིགས་ནས། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་མཆོག་བླ་མར་བསྟེན་ནས་མངོན་པ་མཛོད་རང་འགྲེལ་གྱི་སྟེང་ནས་མཛུབ་ཁྲིད་མཛད་དེ་གསན་པས་གསུང་བཤད་གཞུང་གི་ཚིག་རིས་ཙམ་ལ་བརྟེན་པ་མ་ཡིན་པར། བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་དོན་གྱི་ཁོག་ལེགས་པར་བསྒྲིགས་ནས་འགངས་ཆུན་པའི་གོ་བ་གཏིང་ཟབ་པ་གནང་བས་དད་སྤྲོ་ཆེན་པོ་འཁྲུངས། གང་གསུངས་ཐམས་ཅད་ལན་རེ་ཁོ་ནས་ཚིག་དོན་ལྷག་མ་མེད་པར་ཐུགས་སུ་ཆུད་ཅིང་། དཀའ་བའི་གནད་རྣམས་ལ་དྲི་གཏུགས་ལེགས་པར་མཛད་པས། རྗེ་བཙུན་རེད་མདའ་བ་ཡང་ཤིན་ཏུ་ཐུགས་འཕྲོགས་པར་གྱུར་ཏེ། ཁྱེད་ལ་མཛུབ་ཁྲིད་བྱེད་པ་ལ་ངས་ཡང་ལེགས་པར་བསྒྲིམ་དགོས་པར་འདུག་ཅེས་གསུངས། དབུ་མ་འཇུག་པའང་ཚར་གཅིག་གསན་ཅིང་། ཕྱིས་སུ་མངོན་པ་ཀུན་བཏུས་གཟབ་བཤད་དང་། ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་ཞིབ་ཏུ་གསུངས་པས་སྤྱིའི་གོ་བ་ལེགས་པར་འཁྲུངས། ཕར་ཕྱིན་དང་འདུལ་བ་རྣམས་ཀྱང་གསན། ཡབ་སྲས་རྣམ་གཉིས་ཀྱིས་གནམ་རྩེ་ལྡིང་དུ་བསྟན་པ་ལ་དག་ཐེར་མཛད་སྐབས་རྗེ་བཙུན་རེད་མདའ་བས། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། ། ཞེས་འཇམ་མགོན་བླ་མ་ཙོང་ཁ་པ་ལ་གསོལ་འདེབས་སུ་ཕུལ་ཞིང་། རྗེ་བླ་མའི་དབུ་ཚད་སོགས་ཀྱི་རིགས་པའི་སྒོ་དང་པོར་རྗེ་བཙུན་རེད་མདའ་བ་ལས་རྙེད་པས་རྗེ་བཙུན་འདི་ཉིད་འཇམ་མགོན་བླ་མ་ཙོང་ཁ་པའི་བཀའ་པོད་ལྔའི་གཞུང་ལ་འཇུག་པའི་འགྲན་ཟླ་མེད་པའི་དབུ་བླ་གཙོ་བོར་མཛད་པ་ཡིན་ནོ།  །

གསུམ་པ། བླ་མ་དབུ་མ་བ་དཔའ་བོ་རྡོ་རྗེས་རྗེས་སུ་བཟུང་བའི་ཚུལ་ནི། རྗེ་བླ་མས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལུགས་ཀྱི་དབུ་མ་དང་གསང་བ་འདུས་པ་ལ་ཤེས་འདོད་ཤིན་ཏུ་ཆེ་བར་ཡོད་པས། བོད་ན་བླ་མ་སུ་དྲག་ཅེས་འཇམ་པའི་དབྱངས་ལ་ཞུས་པར། རྗེ་བཙུན་རེད་མདའ་བ་ལས་དྲག་པ་མེད། འོན་ཀྱང་ཁྱོད་ལ་མཐའ་མ་ལུས་པར་ཆོད་པའི་གོ་བ་རྫོགས་པར་སྐྱེད་མི་ཐུབ། བླ་མ་དབུ་མ་བས་ལོ་ཙཱ་མཛད་ནས་ངས་ཁྱོད་ལ་བཤད་ན་དེ་ག་དྲག་པར་འོང་ནའང་། ཞེས་གསུངས་ཤིང་། དགུང་ལོ་སོ་དྲུག་བཞེས་པ་ཆུ་ཕོ་སྤྲེའུའི་ལོའི་སྟོན་ཁར། བླ་མ་དབུ་མ་བ་དང་རྗེ་འདི་ཉིད་ལྷན་ཅིག་ཏུ་ཡུལ་དབུས་ཀྱི་དགའ་བ་གདོང་དུ་ཕེབས་ནས་སྐུ་མཚམས་ལེགས་པར་བཅད་དེ། འཇམ་པའི་དབྱངས་ཀྱི་ཆོས་སྐོར་མང་དུ་གསན། དེའི་ཚེ་བླ་མ་དབུ་མ་བས་ལོ་ཙཱ་མཛད་དེ་རྗེ་བཙུན་འཇམ་པའི་དབྱངས་ལ་དབུ་མའི་ལྟ་བ་དང་། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་དཀའ་གནད། རིམ་པ་ལྔའི་གོ་རིམ་གྲངས་ངེས་སོགས་མཐའ་ཡས་པ་ཞིག་དྲི་བ་མཛད། དེ་ལྟ་བས་ན་བོད་འདིར་སྔོན་བྱོན་པའི་མཁས་པ་སུས་ཀྱང་ཇི་ལྟ་བ་བཞིན་མ་ཐོན་པའི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཟབ་མོ་འདི་ཉིད་རྗེ་བླ་མས་བླ་མ་དབུ་མ་བས་ལོ་ཙཱ་མཛད་དེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ལས་རྙེད་པས། བླ་མ་དབུ་མ་བ་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དབུ་མ་ཐལ་འགྱུར་བའི་ལྟ་བ་རྙེད་པའི་ཆེས་ཤིན་ཏུ་བཀའ་དྲིན་ཆེ་བའི་དབུ་བླ་ཡིན་ནོ། །

བཞི་པ། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་མཆོག་གིས་རྗེས་སུ་བཟུང་བའི་ཚུལ་ནི། རྗེ་བླ་མས་མཁན་ཆེན་ཕྱག་རྡོར་བ་ལ་མ་མཇལ་བའི་སྔོན་ཙམ་དུ་ཐུགས་དགོངས་ལ་ཁ་བ་ཅན་ན་ད་ལྟ་ཡོད་པའི་བཀའ་བསྟན་བཅོས་མན་ངག་དང་བཅས་པ་ལེགས་པར་ཉན་ཅིང་ཁོང་དུ་ཆུད་ནས། ད་དུང་སྒྲོ་འདོགས་ཐེ་ཚོམ་སོམ་ཉི་ལ་སོགས་པ་གཅོད་པ་དང་། ཁྱད་པར་དབུ་མ་དང་སྔགས་ཀྱི་སྐོར། བྱེ་བྲག་ཏུ་གསང་འདུས་དང་བདེ་མཆོག་གི་སྐོར་རྣམས་གཏན་ལ་འབེབས་པའི་ཆེད་དུ་རྒྱ་གར་དུ་བྱོན་ནས། ནཱ་ལེནྡྲ་ལ་སོགས་པ་རྣམས་སུ་ཀླུའི་བྱང་ཆུབ་སོགས་ལ་གཏུགས་པར་དགོངས་ཏེ། དཔོན་སློབ་བཅུ་གསུམ་ཙམ་གྱི་རྟགས་དང་རྨི་ལམ་སོགས་ལ་དཔྱད་ནས་སྨོན་ལམ་དང་རྟེན་འབྲེལ་གཅིག་ཏུ་བསྒྲིགས་ནས། རྒྱ་གར་ཤིང་གི་རི་ན་གྲུབ་ཐོབ་མི་ཏྲ་ཛོ་ཀི་བཞུགས་པ་དང་མཇལ་ནས། མ་ག་ངྷར་འབྱོན་དགོངས་པའི་ཐུགས་འདུན་མ་བོར་བར་ཡོད་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཁྱེན་ནས། རྗེ་བླ་མ་ལ་ཁྱེད་རྒྱ་གར་དུ་བྱོན་ན་རིག་པའི་གནས་ལྔ་ལ་མཁས་པའི་པཎྡི་ཏ་ཆེན་པོ་རྡོ་རྗེ་གདན་གྱི་མཁན་པོ་བྱེད་པ་གཅིག་ཏུ་འགྱུར་ནའང་སྐུ་ཚེ་ཐུང་བས་སློབ་མ་རྣམས་ལ་ཕན་ཐོགས་པ་དཀའ། དེ་བས་བོད་དུ་བཞུགས་ནས་འཇམ་དབྱངས་ལ་གསོལ་བ་བཏབ་ན། མྱུར་དུ་རྗེས་སུ་འཛིན་པར་འདུག་གསུངས་ནས་བཤོལ་བཏབ་པས། རྗེ་འདིས་ཀྱང་ཞལ་གྱིས་བཞེས་ཏེ་མི་འབྱོན་པར་ཐག་བཅད་དེ། གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལས་བྱང་ཆུབ་ལམ་གྱི་རིམ་པ་དང་སྙན་བརྒྱུད་སོགས་མཐའ་ཀླས་པ་གསན་ཞིང་། དེ་དུས་གྲུབ་ཆེན་གྱིས་བཤོལ་མ་བཏབ་ན་རང་རེའི་གངས་ཅན་པ་རྣམས་ལ་རྗེ་བླ་མའི་ཐུགས་ཀྱི་བཅུད་ཟབ་མོ་དབུ་མའི་ལྟ་བ་དང་གསང་བདེ་སོགས་ཀྱི་གནད་ཟབ་མོ་བདུད་རྩི་མྱོང་བའི་སྐལ་བས་དབེན་པར་འགྱུར་རྒྱུ་ཡིན་ལ། རྗེ་འདིའི་བཀའ་དྲིན་ལས་རྗེ་བླ་མ་ལྗོངས་འདིར་བརྟན་ཆགས་སུ་བཞུགས་པར་མཛད་དེ། ལྟ་སྒོམ་སྤྱོད་གསུམ་སོགས་གཏན་ལ་ཕབ་ནས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྲོལ་ལེགས་པར་བཏོད་པ་ཡིན་པས། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་མཆོག་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྐུ་ཚེ་དང་མཛད་འཕྲིན་རྒྱས་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་དབུ་བླ་ཡིན་ནོ། །

གཉིས་པ། འཇམ་མགོན་བླ་མ་ཙོང་ཁ་པའི་བུ་ཆེན་བརྒྱད་ཀྱིས་རྗེའི་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་བཤད་པ་ནི།

འཇམ་མགོན་བླ་མ་ཙོང་ཁ་པ་མཆོག་གི་བུ་ཆེན་བརྒྱད་ཀྱིས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་ནི། རྗེ་བླ་མའི་དངོས་སློབ་ཐམས་ཅད་དམ་པའི་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པ་ཤ་སྟག་ཡིན་པའི་དབང་གིས། སོ་སོ་ཇི་ལྟར་བསྐྱངས་པ་དང་སྐུ་ཆེ་བའི་ཡོན་ཏན། བསྟན་པ་ལ་བྱ་བ་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་པས། དེ་དག་ཐམས་ཅད་བདག་ལྟ་བུས་བརྗོད་པར་ག་ལ་ནུས། འདིར་གཙོ་བོར་གྱུར་བའི་བུ་ཆེན་བརྒྱད་ཚུལ་བཞིན་དུ་བསྐྱངས་ནས་རྗེ་བླ་མའི་རིང་ལུགས་རྒྱས་པར་མཛད་པའི་ཚུལ་བརྗོད་ན། ཐུའུ་བཀྭན་ཆོས་ཀྱི་ཉི་མས། རྒྱལ་ཚབ་རྗེ། མཁས་གྲུབ་རྗེ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། འདུལ་འཛིན་གྲགས་པ་རྒྱལ་མཚན། རྗེ་ཤེས་རབ་སེང་གེ འཇམ་དབྱངས་ཆོས་རྗེ། བྱམས་ཆེན་ཆོས་རྗེ། པཎ་ཆེན་དགེ་འདུན་གྲུབ་པ་བཅས་རྣམས་ནི་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དབུས་གཙང་དུ་རྗེ་བླ་མའི་མདོ་སྔགས་ཀྱི་རིང་ལུགས་དར་རྒྱས་མཛད་པ་བོ་དང་། ཞེས་གསུངས་པ་ལྟར། གོང་གི་རྗེ་བླ་མའི་བུ་ཆེན་བརྒྱད་ནི་རྗེ་བླ་མའི་མདོ་སྔགས་ཟུང་འབྲེལ་གྱི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་དང་མདོ་སྔགས་ཀྱི་བསྟན་པ་ཕྱོགས་མཐར་སྤེལ་བའི་བུ་སློབ་ཀྱི་གཙོ་བོ་ཡིན་ཞིང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགུང་ལོ་དྲུག་ཅུ་རེ་གསུམ་སྟེང་། སྤྱི་ལོ་༡༤༡༩ལོའི་ཟླ་༡༠པའི་ཚེས་༢༥ཉིན་སྐུ་མྱ་ངན་ལས་འདས་ཤིང་། བུ་ཆེན་དེ་དག་ལས་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་སྨྲ་བའི་སེང་གེ་གཉིས་རྗེ་བླ་མའི་གདན་ས་དགའ་ལྡན་གྱི་གསེར་གྱི་ཁྲི་ལ་རིམ་བཞིན་བཞུགས་ནས། དགེ་ལྡན་བསྟན་པའི་རྐང་འཛུགས་པར་མཛད་པ་བོ་ཡིན་ཏེ། 

དང་པོ། རྒྱལ་ཚབ་རིན་པོ་ཆེ་ལ་རྗེ་རིན་པོ་ཆེའི་སྐུ་མྱ་ངན་ལས་འདའ་ཁར་སྐུ་བེར་དང་པཎ་ཞྭ་གནང་སྟེ། རྗེ་ཉིད་ཀྱི་གདན་སར་བཞུགས་པར་དོན་གྱིས་གོ་བར་མཛད་པ་བཞིན་བུ་སློབ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་ལྟར་དགའ་ལྡན་གྱི་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ་ནས་དགའ་ལྡན་དགོན་པར་རྗེ་བླ་མའི་མདོ་སྔགས་ཀྱི་གཞུང་ཐམས་ཅད་རྒྱུན་མ་ཆད་པར་འཆད་པར་མཛད་པས། རྗེའི་དངོས་སློབ་རྣམ་དཔྱོད་ཅན་མཐའ་དག་རང་དབང་མེད་པར་ཡིད་འཕྲོགས་ཏེ་རྗེ་བླ་མ་དང་ཁྱད་པར་མེད་པར་གུས་འདུད་མཛད་པར་བརྟེན། ཕ་རྗེས་བུས་ཟིན་པ་རྗེའི་བླ་མའི་བཤད་སྒྲུབ་ཀྱི་བསྟན་པ་རྐང་ཚུགས་པར་གྱུར་བ་ལ་མཛད་རྗེས་བླ་ན་མེད་པའོ། །

གཉིས་པ། མཁས་གྲུབ་ཐམས་ཅད་མཁྱེན་པ་དགའ་ལྡན་གྱི་ཁྲིར་བཞུགས་ནས། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ནི་རྗེ་བླ་མའི་བསྟན་པ་འབའ་ཞིག་ཡིན་པ་དང་། དེ་ནི་བོད་དབུས་སུ་རྐང་ཚུགས་པ་ཞིག་བྱེད་རྒྱུ་ནི་རང་གི་ལས་སུ་བྱ་བའི་གཙོ་བོ་ཡིན་པར་དགོངས་ནས་ཁུར་གྱིས་བཞེས་པས། རྗེ་བླ་མའི་བཤད་སྲོལ་ཐུན་མོང་མ་ཡིན་པ་རྒྱུན་ཆད་ཀྱིས་དོགས་ནས་གསང་སྔགས་ཀྱི་དཀའ་བའི་གནད་རྣམས་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་གཞན་ལ་མང་དུ་སྤེལ་ན་དཔའ་བོ་མཁའ་འགྲོའི་བཀའ་ཆད་ཡོད་པ་དག་ཀྱང་། སྐུ་སྲོག་ལ་མི་ལྟ་བར་བསྟན་པ་ཁོ་ན་ཐུགས་ལ་བརྣགས་པས་འཆད་པ་དང་རྩོམ་པའི་སྒོ་ནས་གསལ་བར་མཛད་པའི་ཚུལ་ནི། ཡབ་རྗེ་དམ་པའི་བཀའ་སྲོལ་ཟླ་མེད་པ། །ཡོངས་སུ་རྫོགས་པའི་བསྟན་པའི་ཁུར་ཆེན་ནི། །ཤིན་ཏུ་ལྕི་བས་བདག་སྙིང་ཅི་ཡང་ནོན། །འོན་ཀྱང་ངལ་བའི་འདུ་ཤེས་མཆིས་མ་ལགས། །ཞེས་རྗེ་བླ་མའི་ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་རིང་ལུགས་དྲི་མ་དང་བྲལ་བར་མཛད་པས་རྗེ་བླ་མའི་བསྟན་པ་འདི་ལ་མཛད་རྗེས་འགྲན་ཟླ་དང་བྲལ་བའོ། །

གསུམ་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ནི་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ནས། དགུང་ལོ་བཅོ་བརྒྱད་སྟེང་དབུས་སུ་ཕེབས་ཏེ་སྔོན་གྱི་བག་ཆགས་ཟབ་མོའི་མཐུས་གྲྭ་ས་རྣམས་སུ་འཕགས་པ་རྟག་ཏུ་ངུ་ལྟར་ཆོས་འཚོལ་བའི་འདུན་པ་དྲག་པོ་སྐྱེས་ཏེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞབས་ལ་གཏུགས་ཤིང་། འཁོར་དག་པ་རྣམ་བརྒྱད་གྲས་ཀྱི་གཙོ་བོ་ཡིན་ལ།  རྗེ་རིན་པོ་ཆེས་བླ་མ་འདི་པ་ལ་མདོ་སྔགས་གཉིས་ཀའི་ལམ་གྱི་གནད་བསྡུས་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་གནང་ནས་སྤྲུལ་བའི་གླེགས་བམ་ཆེན་མོ་ཡང་བླ་མ་འདིའི་ཕྱག་ཏུ་ཕུལ།  དེ་ལྟར་གྲུབ་པའི་དབང་ཕྱུག་འདིས་འཇམ་མགོན་བླ་མའི་བསྟན་པའི་སྙན་བརྒྱུད་ཀྱི་ཆུ་མགོ་བཙུགས་ཏེ།  རྗེ་བླ་མའི་སྙན་བརྒྱུད་ཀྱི་བསྟན་པའི་ཆུ་ཀླུང་ཆེན་པོ་གངྒཱ་ལྟར་རྒྱུན་ཆད་པ་མེད་པར་མཛད་ཅིང་། སྲས་ཀྱི་ཐུ་བོ་སྙན་བརྒྱུད་འཛིན་པའི་བཀའ་བབས་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་སྤྲུལ་བའི་གླེགས་བམ་དང་བཅས་པ་གཏད་ནས་རྗེ་བླ་མའི་སྙན་བརྒྱུད་བསྟན་པ་མི་ནུབ་པར་འཛིན་པ་ལ་མཛད་རྗེས་ཤིན་ཏུ་ཆེའོ། །

བཞི་པ། འདུལ་འཛིན་གྲགས་པ་རྒྱལ་མཚན་ནི་རྗེ་བདག་ཉིད་ཆེན་པོའི་དྲུང་དུ་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་གསན་སྦྱོང་གནང་ནས་རྗེའི་སྲས་ཀྱི་ཐུ་བོར་གྱུར་ཏེ། རྗེ་བླ་མའི་སློབ་མ་ཐམས་ཅད་ཀྱིས་རྗེ་ཉིད་དང་འདྲ་བར་གུས་པར་བྱེད་ཅིང་འདུལ་བའི་ཆོས་སྐོར་མང་པོ་ཞུས། མདོ་སྔགས་སྤྱི་དང་ཁྱད་པར་དུ་འདུལ་བ་ལ་མཁས་པས་འདུལ་འཛིན་ཞེས་པ་མཚན་དོན་དང་མཐུན་པར་གྲགས། རྗེ་ཙོང་ཁ་པ་ཆེན་པོས་དགེ་ལྡན་བསྟན་པའི་མ་དགོན་དགའ་ལྡན་དགོན་པ་འདེབས་སྐབས། རྗེ་བླ་མའི་བཀའ་བཞིན་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་མ་གྲུབ་པའི་བར་འཁུར་ཆེན་པོ་བཞེས་ལ། རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་རྗེས་རྗེ་རིན་པོ་ཆེའི་དགོངས་རྫོགས་རྒྱ་ཆེར་བསྒྲུབས་ཤིང་རྗེའི་གདུང་རྟེན་བཞེངས་པ་སོགས་རྗེ་བླ་མའི་འདུལ་བའི་བསྟན་པ་རྒྱ་ཆེར་སྤེལ་བ་ལ་མཛད་རྗེས་ཤིན་ཏུ་ཆེའོ། །

ལྔ་བ། རྗེ་ཤེས་རབ་སེང་གེ་ནི་རབ་བྱུང་བདུན་པའི་ས་ཕག་(༡༤༡༩)ལོར་སེ་ར་ཆོས་སྡིངས་སུ་རྒྱལ་བ་ཙོང་ཁ་པ་ཆེན་པོས་ཆོས་འཁོར་བསྐོར་བའི་སྐབས་སུ། ཆོས་གྲྭའི་མཁས་མང་གི་དབུས་སུ་རྗེ་རིན་པོ་ཆེས་འདུས་པའི་རྒྱུད་སོགས་ངེད་རང་གི་བཤད་སྲོལ་འདི་འཛིན་ཞིང་དར་རྒྱས་བྱེད་ནུས་པ་སུ་ཡོད་ཅེས་བཀའ་ལན་གཅིག་གཉིས་ཕེབས་པ་ལ་མཁས་པ་སུས་ཀྱང་གསུང་ལན་འབུལ་མ་སྤོབས་པའི་ཚེ། རྗེ་ཤེས་རབ་སེང་གེས་ཚོགས་དབུས་ནས་བཞེངས་ཏེ་སྐུ་ཕྱག་དང་བཅས་རྗེ་ཉིད་ཀྱིས་དགོངས་པ་དང་མཐུན་པ་བདག་གིས་བགྱིའོ་ཞེས་ཞུས་པས། རྗེ་བདག་ཉིད་ཆེན་པོ་ཤིན་ཏུ་དགྱེས་ཤིང་བྱིན་རླབས་གནང་ནས་གསང་སྔགས་བླ་ན་མེད་པའི་སྟོན་པར་མངའ་གསོལ། དེ་ནས་གཙང་དུ་ཕེབས་ཏེ་སྟོད་རྒྱུད་པར་གྲགས་པའི་སྔགས་གྲྭ་ཕྱག་བཏབ་ནས་རྗེ་རིན་པོ་ཆེའི་ཕྱག་ལེན་ལྟར་རྒྱུད་ཀྱི་འཆད་ཉན་སྤེལ། དབུས་ཀྱི་རྒྱུད་སྨད་པ་སོགས་ཕྱག་བཏབ་ནས་ལོ་བཅུ་གསུམ་བར་བསྐྱངས་ཏེ། དབུས་གཙང་གི་ཡུལ་གྲུ་རྣམས་སུ་རྒྱུད་གྲྭ་སྟོད་སྨད་ཀྱི་རྗེས་སུ་འབྲངས་བའི་རྒྱུད་ཀྱི་འཆད་ཉན་དར་ཞིང་རྒྱས་པར་མཛད་ཅིང་། རྗེ་བླ་མའི་བཞེད་སྲོལ་གསང་སྔགས་རྒྱུད་ཀྱི་བསྟན་པ་སྤེལ་བ་ལ་མཛད་རྗེས་ཤིན་ཏུ་ཆེའོ།  །

དྲུག་པ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་རྗེ་ཙོང་ཁ་པ་ཆེན་པོ་ཚུལ་བཞིན་དུ་བསྟེན་ནས་དྲང་ངེས་རྣམ་འབྱེད་དང་སྔགས་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེར་གསན་མཐར་མཁྱེན་རབ་ཟླ་དང་བྲལ་བར་གྱུར། རྗེ་ཙོང་ཁ་པ་ཆེན་པོས། ཁྱོད་ཀྱིས་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་དང་མ་དགོན་ལས་བུ་དགོན་དར་རྒྱས་ཆེ་བ་འོང་གསུངས་ནས། འགོག་པ་རིར་གཏེར་དུ་སྦས་པའི་ཆོས་དུང་གཏེར་ནས་བཞེས་པ་ཚོགས་དུང་དུ་གནང་སྟེ་དགོན་པ་འདེབས་དགོས་པའི་བཀའ་བཞིན་དགུང་གྲངས་སོ་བརྒྱད་ལ་ཕེབས་པ་མེ་སྤྲེལ(༡༤༡༦)ལོར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་པ་ལེགས་པར་བཏབ། རྗེ་རིན་པོ་ཆེས་པོ་ཏི་ཆེན་མོ་བརྒྱ་བློ་ཐོག་ནས་ཤོད་གསུངས་པས། གསུང་རབ་པོ་ཏི་བརྒྱ་དང་བརྒྱད་ཀྱི་ཚིག་དོན་མཐའ་དག་ཐུགས་ལ་བཟུང་ནས་འཆད་པར་མཛད་པ་དང་། དགུང་ལོ་སོ་བརྒྱད་ནས་བདུན་ཅུའི་བར་ལོ་སོ་གཉིས་རིང་གདན་ས་མཛད་དེ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ནས། རྗེ་བླ་མའི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པའི་གདུལ་བྱ་བསྐྱངས་པ་ལ་མཛད་རྗེས་ཤིན་ཏུ་ཆེའོ། །

བདུན་པ། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི་རྗེ་ཙོང་ཁ་པའི་དངོས་སློབ་ལས་གོང་མའི་དབུ་བླ་གྱུར་པའི་བླ་ཆེན་ཡིན་ཞིང་། ཏ་མིང་གོང་མ་ཡུང་ལོས་རྗེ་ཙོང་ཁ་པ་གོང་མའི་དབུ་བླར་གདན་དྲངས་པ་ལ། རྗེ་ཉིད་ཀྱིས་བྱམས་ཆེན་ཆོས་རྗེ་སྐུ་ཚབ་ཏུ་མངགས་ཏེ། གོང་མ་ཡུང་ལོས་ཆོས་རྗེ་འདི་ཉིད་ལ་ཏཱ་གོ་ཤྲཱི་བྱམས་ཆེན་ཆོས་རྗེ་ཞེས་པའི་མཚན་དང་། གསེར་ནག་ལས་གྲུབ་པའི་ཐམ་ཀ་དང་བཅས་ཕུལ་ཏེ་བསྟན་འཛིན་མཐའ་དག་གི་གཙུག་རྒྱན་དུ་མངའ་གསོལ། གོང་མའི་བཀའ་དགོངས་ལྟར་གསང་སྔགས་རྒྱུད་སྡེ་བཞིའི་སྒྲུབ་མཆོད་འཛུགས་པ་སོགས་ཞྭ་སེར་བསྟན་པ་རྒྱ་ཆེར་སྤེལ་ཏེ། རྗེ་ཙོང་ཁ་པའི་བཀའ་ལྟར་སྤྱི་ལོ༡༤༡༩ལོར་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་ནས་གདུལ་བྱ་མཐའ་ཡས་པ་བསྐྱངས་བར་མཛད་པས། རྗེ་བླ་མའི་བསྟན་པ་ལ་ཆོས་སྲིད་གཉིས་ཀྱི་སྒོ་ནས་མཛད་རྗེས་ཤིན་ཏུ་ཆེའོ། །

བརྒྱད་པ། པཎ་ཆེན་དགེ་འདུན་གྲུབ་པས་རྗེ་ཙོང་ཁ་པ་ཆེན་པོ་བླ་མར་བསྟེན་ནས་ཚད་མ་རྣམ་ངེས་དང་དྲང་ངེས་རྣམ་འབྱེད་སོགས་མདོ་སྔགས་ཀྱི་གཞུང་མཐའ་ཡས་པ་གསན་ཞིང་། དགུང་ལོ་ལྔ་བཅུ་པ་ལྕགས་སྤྲེལ(༡༤༤༠)ལོར་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་གཙང་སྣར་ཐང་སོགས་སུ་འདུལ་བའི་འཆད་ཉན་གཙོ་བོར་མཛད་ཅིང་། རྗེ་བླ་མའི་མདོ་སྔགས་ཀྱི་བསྟན་པ་གཙང་ཕྱོགས་སུ་གཞི་ཚུགས་ཏེ་ཆེས་ཆེར་སྤེལ་བའི་ཕྱིར་། སྤྱི་ལོ༡༤༤༧ལོར་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་ནས་དགེ་འདུན་སུམ་སྟོང་ལྷག་འདུས་ལ། དགོན་པ་བཏབ་ནས་ལོ་ངོ་ཉི་ཤུ་རྩ་བརྒྱད་ཀྱི་བར་བསྟན་པའི་བདག་པོ་མཛད་དེ་ཆོས་འཆད་ཉན་ཆག་མེད་དུ་གནང༌བས། པཎ་ཆེན་དགེ་འདུན་གྲུབ་པ་ཞེས་མཚན་སྙན་གྱིས་ཡོངས་སུ་ཁྱབ་ཅིང་། གཙང་ཕྱོགས་སུ་རྗེ་བླ་མའི་བསྟན་པ་གཞི་ཚུགས་ནས་སྤེལ་བ་ལ་མཛད་རྗེས་ཤིན་ཏུ་ཆེའོ ། །

གསུམ་པ། མཇུག་བསྡུ་བ། 

རྗེ་ཙོང་ཁ་པའི་འགྲན་པའི་ཟླ་དང་བྲལ་བའི་དབུ་བླ་བཞིས་རིམ་པ་བཞིན། ཆོས་རྗེ་དོན་འགྲུབ་རིན་ཆེན་མཆོག་གིས་སྐུ་ཆུང་བའི་དུས་ནས་རྗེས་སུ་བཟུང་བར་མཛད་པ་དང་། རྗེ་བཙུན་རེད་མདའ་བས་གཞུང་ཆེན་དག་ལ་རིགས་པའི་སྒོ་ཕྱེས་བར་མཛད་པ། བླ་མ་དབུ་མ་བ་དཔའ་བོ་རྡོ་རྗེས་དབུ་མ་ཐལ་འགྱུར་བའི་ལྟ་བ་སྟོན་པར་མཛད་པ། ལྷོ་གྲགས་གྲུབ་ཆེན་ལས་ཀྱི་རྡོ་རྗེས་སྐུ་ཚེ་དང་མཛད་འཕྲིན་ལ་ལུང་སྟོན་པ་སོགས་ཀྱི་སྒོ་ནས་རྗེས་སུ་བཟུང་བར་མཛད་པ་ཡིན་ལ། དེ་བཞིན་དུ་རྗེ་བླ་མའི་བུ་ཆེན་བརྒྱད་ཀྱིས་རིམ་པ་ལྟར། རྒྱབ་ཚབ་རྗེས་དགའ་ལྡན་དུ་རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་བཞུགས་ནས་བསྟན་པ་རྐང་ཚུགས་པར་མཛད་ཅིང་། མཁས་གྲུབ་རྗེས་མདོ་སྔགས་བསྟན་པའི་བདག་པོར་མཛད་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་སྙན་བརྒྱུད་ཀྱི་བསྟན་པའི་རྒྱལ་མཚན་བཙུགས་པ། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་འདུལ་བའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པ། རྗེ་བཙུན་ཤེས་རབ་སེང་གེས་སྔགས་ཀྱི་བསྟན་པ་མི་ནུབ་པར་འཛིན་སྐྱོང་སྤེལ་གསུམ་མཛད་པ། འཇམ་དབྱངས་ཆོས་རྗེས་དཔལ་ལྡན་འབྲས་སྤུངས་དགོན་བཏབ་ནས་གདུལ་བྱ་མཐའ་ཡས་པ་བསྐྱངས་པར་མཛད་པ། བྱམས་ཆེན་ཆོས་རྗེས་སེ་ར་ཆོས་སྡིངས་བཏབ་ནས་ཆོས་སྲིད་གཉིས་ཀྱི་སྒོ་ནས་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པ། པཎ་ཆེན་དགེ་འདུན་གྲུབ་པས་བཀྲ་ཤིས་ལྷུན་པོ་དགོན་བཏབ་ནས་རྗེ་བླ་མའི་བསྟན་པ་གཙང་ཕྱོགས་སུ་གཞི་ཚུགས་ཤིང་སྤེལ་བར་མཛད་པ་བཅས། མདོར་ན། རྗེ་ཙོང་ཁ་པ་ཆེན་པོས་དགེ་བའི་བཤེས་གཉེན་བཞི་ཅུ་ལྷག་བསྟེན་པ་དང་སློབ་མ་མཐའ་ཡས་པ་བསྐྱངས་པ་ཐམས་ཅད་ཀྱི་ནང་ནས་འགྲན་པའི་ཟླ་དང་བྲལ་བའི་དབུ་བླ་བཞིས་རྗེ་བླ་མ་ཚུལ་བཞིན་དུ་བསྐྱངས་པ་དང་། བུ་སློབ་ཆེན་པོ་བརྒྱད་ཀྱིས་རྗེ་བླ་མའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་བསྐྱངས་ནས་དར་ཞིང་རྒྱས་བར་མཛད་པ་ལ་བརྟེན་ནས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་སྟོད་མངའ་རིས་ནས་ཤར་རྒྱ་མཚོ་ལ་ཐུག་གི་བར་དུ་དར་ཞིང་རྒྱས་བར་མཛད་དེ། གདུལ་བྱ་མཐའ་ཡས་པ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བཀོད་པ་ཡིན་ཞིང་། འདི་དག་ཐམས་ཅད་ཀྱི་རྩ་བ་ནི་བླ་མས་སློབ་མ་ཚུལ་བཞིན་དུ་བསྐྱངས་ཏེ་ལམ་སྟོན་གནང་རྒྱུ་དང་། སློབ་མས་ཀྱང་བླ་མ་ཚུལ་བཞིན་དུ་བསྟེན་ནས་བཀའ་བཞིན་བསྒྲུབ་རྒྱུ་ནི་དཔྱད་རྩོམ་འདི་བརྗོད་གཞི་གཙོ་བོ་ཡིན་པས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་ཁྱེད་ཀྱང་དེ་བཞིན་སྐྱོང་ཚལ་ལོ། །ཞེས་གསུངས་པ་ལྟར། དེ་རིང་ང་ཚོས་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་མཛད་འཕྲིན་ལ་དཔྱད་བརྗོད་དང་སློབ་སྦྱོང་ཡག་པོ་བྱས་ནས་ང་ཚོའི་རང་རང་གི་སློབ་མ་རྣམས་ཇི་ལྟར་བསྐྱངས་ཏེ་བྱ་བའི་ལམ་སྟོན་བྱེད་རྒྱུ་དང་། སློབ་མས་ཀྱང་རང་གི་དགེ་རྒན་ཇི་ལྟར་ཚུལ་བཞིན་དུ་བསྟེན་ཏེ་བྱ་བའི་ལམ་སྟོན་ལྟར་བྱ་བ་བསྒྲུབ་རྒྱུ་བཅས་ལ་བསམ་བློ་ལེགས་པར་བཏང་ནས་ཞིབ་འཇུག་གནད་དུ་ཐིང་བ་ཞིག་བྱེད་རྒྱུ་ནི་དེ་རིང་ངའི་དཔྱད་རྩོམ་གྱི་དགོས་པ་ཡིན་ཞིང་། དེ་ལ་བརྟེན་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིག་གཞུང་མཐའ་དག་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་བྱེད་རྒྱུ་ནི་ཉིང་དགོས་ཡིན། དེ་རིང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བགྲང་བྱ་དྲུག་བརྒྱ་འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུའི་སྟེང་། རྗེ་བླ་མ་ལ་དགའ་ཞེན་ཅན་གྱི་མགོ་ཁྲིད་དང་ཆེད་མཁས་པ། དད་འདུན་ཅན་གྱི་བླ་མ་དགེ་བའི་བཤེས་གཉེན། གུས་འདུད་ཅན་གྱི་འཁྲུངས་ཡུལ་ཙོང་ཁ་ཡུལ་གྱི་དམངས་ཀྱི་འཐུས་ཚབ་དང་བཅས་པ། རྗེ་བླ་མའི་སྐུ་འཁྲུངས་ཡུལ་མདོ་སྨད་ཙོང་ཁའི་ཡུལ་དུ་མཉམ་དུ་འཛོམས་ནས། རྗེ་ཙོང་ཁ་པ་ཆེན་པོར་རྗེས་དྲན་གྱི་བགྲོ་གླེང་འཚོགས་པ་ནི་ལོ་རྒྱུས་ཀྱི་དོན་སྙིང་ཆེས་ཆེར་ལྡན་པའི་བྱ་གཞག་གལ་ཆེན་ཞིག་ཡིན་པས། ངས་འདི་ནས་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ་དང་ཚོགས་མི་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་དང་བླ་ན་མེད་པའི་གུས་འདུད་ཞུས་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཚོགས་མི་རེར་རྗེ་ཙོང་ཁ་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་ལེགས་བཤད་རྩ་འགྲེལ་དང་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རྒྱུན་གྱི་ཉམས་ལེན་ཐུགས་དམ་ཆག་མེད་རྣམ་བཞི་གཉིས་ཀྱི་དཔེ་ཆ་རེ་ལེགས་སྐྱེས་སུ་ཕུལ་བ་ལགས།

           མཐར་རྗེ་ཙོང་ཁ་པ་ཆེན་པོའི་རིག་གཞུང་མཐའ་དག་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པའི་སྨོན་འདུན་ཞུས།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།