ཀུན་མཁྱེན་སྐུ་འཕྲེང་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་རྣམ་ཐར་བཞུགས་སོ།།

1.jpg     རྗེ་འདི་ཉིད་འབྲི་ཆུ་དལ་གྱིས་འབབ་པའི་རྒྱུད་ཀྱི་བཀྲ་ཤིས་ལྷ་ལུང་ཟེར་བ་ལར་ཡབ་གཞན་ཕན་བདེ་ལེགས་འབྱུང་གནས་དང་ཡུམ་གཞན་ཕན་ཆོས་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་མེ་འབྲུག་༡༨༥༦ལོའི་ཧོར་ཟླ་དང་བོའི་ཚེས་ཉེར་ལྔ་ལ་སྐུ་བལྟམས།སྡེ་ཁྲི་རིན་པོ་ཆེ་དུས་གསུམ་རྗེན་པར་གཟིགས་པའི་བཀའ་བསལ་དང་སྐྱབས་རྗེ་སྐུ་འཕྲེང་གསུམ་པའི་ཞལ་ཆེམས་ཡིག་བཞག་སོགས་ཚང་མ་མཐུན་པར་བྱུང་བས་ཡང་སྤྲུལ་འཁྲུལ་མེད་དུ་ངེས་པ་རྙེད།དགུང་ལོ་ལྔ་བ་ལྕགས་སྤྲེལ༡༨༦༠ལོའི་ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་ཁྲི་ལ་མངའ་གསོལ།སྐུ་གོང་མའི་གསུང་བཀོད་ལྟར་རྡི་སྦིས་ལྷ་རམས་པ་བསྟན་འཛིན་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་སྦྱོར་ཀློག་སོགས་ལ་སྦྱངས།འཇམ་མགོན་བླ་མ་ཤེས་རབ་རྒྱ་མཚོ་དཔལ་བཟང་བོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་སྡེ་ཁྲི་རིན་པོ་ཆེའི་གསུང་ལྟར་མཚན་བསྐལ་བཟང་ཐུབ་བསྟན་དབང་ཕྱག་ཏུ་གསོལ།དགུང་གྲངས་བཅུ་བཞི་བ་ནས་བཟུང་རིགས་ལུང་ཞབས་ཞུ་ཚུགས་ཏེ་བསྡུས་ཚད་ཕར་ཕྱིན་རྣམས་ལ་གསན་སྦྱོང་མཛད།དགུང་ལོ་ཉི་ཤུ་བ་ཤིང་ཕག༡༨༧༥ལོར་དབུས་བྱོན་ཏེ་འབྲས་སྒོ་མང་གི་ཆོས་གྲྭར་གསར་ཞུགས་དང་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་རྣམ་རྒྱལ་བ་ཡོངས་འཛིན་དུ་བསྟེན།དཔོན་སློབ་བྱམས་པ་རིན་པོ་ཆེའི་སྤྲུལ་བའི་སྐུ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དབུས་ཕྱོགས་སུ་ལོ་བཞིའི་རིང་གསན་སྦྱོང་རླབས་ཆེ་བ་མཛད་དེ་མདོ་སྨད་དུ་ཕྱིར་བྱོན།དགུང་ལོ་ཉེར་བཞི་བ་ལ་ཀྱཻ་རྡོར་གྲྭ་ཚང་གསར་འཛུགས་མཛད།དགུང་ལོ་ཉེར་བརྒྱད་པ་ཆུ་ལུག༡༨༨༣ལོར་བླ་བྲང་དགོན་གྱི་ཚོགས་ཆེན་ཁྲིར་བཞུགས་ཏེ་བརྩི་བཞག་དང་འཆད་ཉན་སོགས་སྒྲིག་ལམ་དག་ཐེར་མཛད་མུས་སུ་སྐུ་འབུམ་བླ་གྲྭ་ནས་གསོལ་བ་བཏབ་པ་བཞིན་སྐུ་འབུམ་གྱི་གདན་སར་ཕེབས་ཏེ་དགོན་སྡེ་གཉིས་ཀ་ཆོས་སྲིད་ཟུང་གིས་བསྐྱངས།དགུང་ལོ་ཞེ་གསུམ་བཞེས་པ་ས་བྱི༡༨༩༨ལོར་གནས་མཆོག་རི་བོ་རྩེ་ལྔར་ཕེབས་ཏེ་གནས་གཟིགས་དང་རྟེན་གཙོ་ཁག་ལ་མཆོད་འབུལ་ཚད་མེད་གནང་།དེ་ནས་མ་ཧཱ་གསེར་གྱི་རྒྱལ་ཁབ་ཏུ་ཕྱག་ཕེབས།གོང་མར་མཇལ་འཕྲད་མཛད་པར་གསེར་ཡིག་སོགས་ཀྱི་གཟེངས་བསྟོད་དེ་འཕྲལ་གནང་།དེ་ནས་ཆེན་པོ་ཧོར་གྱི་ཡུལ་གྲུར་ཆིབས་ཞལ་བསྒྱུར་ཏེ་ཉིན་རེ་བཞིན་སྐྱེ་བོ་ཁྲི་ཕྲག་དུ་མར་ཆོས་སྦྱིན་མཛད།དགུང་ལོ་ཞེ་ལྔ་བར་གོང་མ་ཀོང་ཤུས་ནས་ཆེས་ཆེར་སྐྱོབས་མཛད་ས་མ་ཏི་པཀྴི་ཞེས་པའི་བཀའ་ཐམ་གསེར་ཡིག་བཅས་འབྱོར་པར་སྲི་ཞུ་བླ་ན་མེད་པ་མཛད།དེ་ནས་སྔ་རྗེས་སུ་མགོ་ལོག་དང་།ལི་ཐང་།དབལ་ཤུལ་གཡོན་རུ།ཆབ་མདོ།ཚ་བ་དཔའ་ཤོད།རི་བོ་ཆེ།སྡེ་དགེ་སོགས་སུ་དགོན་སྡེ་སོ་སོར་རྟེན་གཙོ་ཁག་ལ་མཆོད་འབུལ་དང་དགེ་འདུན་གྱི་སྡེ་ལ་ཞབས་ཏོག་གཞིས་བྱེས་ཀྱི་སྐྱེ་བོ་དུ་མར་ཆོས་སྦྱིན་བཅས་བསམ་གྱིས་མི་ཁྱབ་པ་མཛད།དའེི་རྗེས་ཙམ་ལ་གོང་ས་མཆོག་སྐུ་འབུམ་དུ་ཕེབས་པར་མཇལ་འཕྲད་མཛད་དེ་བསྙེན་བཀུར་དང་ཆོས་ཀྱི་གསུང་གླེང་འཕེལ།དགུང་ལོ་ང་བཞི་བ་ས་བྱ་ལོའི་ཧོར་ཟླ་བཞི་བའི་ཚེས་ཉེར་གཉིས་ལ་སླར་ཡང་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཆིབས་བསྒྱུར་ཐོག་ཧོར་ཟླ་དགུ་བའི་ཚེས་བརྒྱད་ལ་ལྷ་སར་ཕེབས་ཏེ་དབུས་གཙང་།ས་སྐྱ།ཙ་རི།དིང་རི།སྐྱིད་གྲིང་།བྲག་དཀར་རྟ་སོ།པུ་ཧྲངས།ཏི་སེ།མ་ཕམ་གཡུ་མཚོ་སོགས་ས་གནས་མཇལ་དུ་ཕེབས།དགུང་ལོ་ང་དྲུག་པར་ལྷ་ས་ནས་ལི་ཐང་སོགས་བརྒྱུད་སྐལ་ལྡན་གདུལ་བྱ་རྣམས་ཀྱི་དོན་མཛད་བཞིན་དུ་དགུང་གྲངས་ང་བརྒྱད་པ་ཆུ་གླང་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ་བླ་བྲང་དུ་འབྱོར།དགུང་ལོ་རེ་གཅིག་པ་མེ་འབྲུག་༡༩༡༦ལོའི་ཧོར་ཟླ་གཉིས་པའི་ཆེས་ཉེར་གཉིས་ཉིན་སྐུ་གཤེགས།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།