རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་སྐུ་ཕྲེང་རྣམ་ཐར་མདོར་བསྡུས།

1.jpg 

རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་སྐུ་ཕྲེང་རྣམ་ཐར་མདོར་བསྡུས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར།

དཀར་མཛེས་སྐུ་ལ་མཚན་དཔེ་རྒྱན་གྱིས་མཛེས།  །མཉེན་པའི་ཕྱག་ཟུང་བཻཌཱུར་པི་ཝང་འཁྱུད།   །

སྐལ་བ་ལྡན་པར་ངག་གི་དཔལ་སྦྱིན་མཁན།  །ཚངས་སྲས་ལྷ་མོས་བདག་བློ་གཏེར་དུ་སྒྲུབས།   །

འཇིགས་མེད་རྣམ་དཔྱོད་འོད་སྟོང་འབར་པའི་གཟིས།  །རིགས་པའི་གསང་ཚིག་རྗེན་པར་སྟོན་མཛད་པ།  །

བློ་གྲོས་པད་མོ་བཞད་པའི་དགའ་སྟོན་ནི།  །མཐའ་དབུས་སྐལ་ལྡན་བུང་བའི་གསོས་སུ་གྱུར།   །

གང་གི་འཁྲུངས་རབས་མུ་ཏིག་ཕྲེང་བ་ལས།  །ཆུ་བུར་མིག་ལ་སྣང་བའི་མཐོང་ཚོད་ཙམ།  །

མདོར་བསྡུས་བརྗོད་པ་རབ་གསལ་ཟླ་ཟེར་གྱིས།  །དད་པའི་འོ་མཚོ་མཁའ་ལ་འཕྱུར་མིན་ནམ།  །

དེ་ཡང་མདོ་སྔགས་རིག་གནས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་སྨྲ་བའི་སེང་གེསྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ངེས་པ་དོན་གྱི་པཎྚི་ཏ་ཆེན་པོ༧རྗེ་འཇིགས་མེད་རིགས་པའི་བློ་གྲོས་སམ་ཚེ་ཏན་ཞབས་དྲུང་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་དཔལ་བཟང་པོ་ཞེས་གྲགས་སྙན་ལྷ་ཡི་རོལ་མོ་འཛམ་གླིང་མཐའ་དབུས་ཡོངས་སུ་ཁྱབ་པ་དེ་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་སུ་འགོད་པ་ལ།

དང་པོ།   གྲུབ་ཆེན་ས་ར་ཧའི་རྣམ་ཐར་མདོར་བསྡུས།

འཁྲུངས་རབས་ལས།"ཟབ་དོན་ཕུལ་བྱུང་གསང་ཆེན་ལམ་བཟང་གི།  །བླ་མེད་བདུད་རྩིས་ཐུགས་རྒྱུད་ཡོངས་གང་ཞིང་།  །ཁ་སྦྱོར་བདེ་བས་ཟུང་འཇུག་མཆོག་བརྙེས་པ།  །ས་ར་ཧ་བའི་ཞབས་ལ་གསོལ་བ་འདེབས།  །"ཞེས་བསྔགས་པ་འཛམ་གླིང་གྲུབ་བརྒྱའི་གཙུག་ནོར་གྲུབ་ཆེན་ས་ར་ཧ་ནི།  རྒྱ་གར་འཕགས་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྲམ་ཟེའི་རིགས་སུ་སྟོན་པ་འདས་ནས་ལོ་སུམ་བརྒྱ་ལྷག་ཙམ་གྱི་རྗེས་སུ་སྐུ་འཁྲུངས། གཞོན་ནུ་ནས་ཡི་གེ་དང་། རྩིས་དང་། ལག་རྩིས་དང་། འབྱུང་བ་དང་།  གཞུག་པ་དང་།  གཞག་པ་ལ་ཉེ་བར་ཞུགས་ཤིང་།  གཞན་ཡང་ས་གཞི་བརྟག་པ་དང་།  གོས་བརྟག་པ། རིན་པོ་ཆེ་བརྟག་པ། ཤིང་རྟ་བརྟག་པ། གླང་པོ་ཆེ་བརྟག་པ།རྟ་བརྟག་པ། གཞོན་ནུ་བརྟག་པ། གཞོན་ནུ་མ་བརྟག་པ། འབྱེད་པ་དང་ཀློག་པ་དང་སྒྲ་ངེས་པར་སྦྱོར་བ་ལ་སོགས་པའི་གཙུག་ལག་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་།  དབེན་པ་ཞིག་ཏུ་གནས་པའི་ཚེ་ནམ་མཁའ་སྟོང་བའི་ཁོང་ནས་བྲམ་ཟེའི་ཁྱེའུར་གྱུར་པ་ཁྱོད་ཀྱིས་འདི་ན་ཅི་ཞིག་བྱར་ཡོད། དེ་བས་ཕྱག་རྒྱ་ཆེན་པོར་སོང་ཞིག་ཅེས་པའི་སྒྲས་སེམས་ཀྱི་རྒྱུད་ཡོངས་སུ་བསྐུལ་བར་གྱུར་ཏོ།  །དེ་སྐད་ཐོས་པའི་མོད་ལ་ཁྱེའུ་དེ་སྔ་ན་མེད་པའི་སྤྲོ་བས་བརྟས་ནས་བྲམ་ཟེ་རྣམས་ཀྱི་རྣམ་གཡེང་གི་བྱ་བ་ཐམས་ཅད་དུག་ཅན་གྱི་བཟའ་བ་ལྟར་ཡོངས་སུ་སྤངས་ནས་དཔལ་གྱི་རི་ག་ལ་བ་དེར་སོང་ངོ་། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེའི་གསང་བ་ཟབ་མོའི་ཆོས་ཀྱི་སྣོད་དང་ལྡན་པའི་མཆོག་ཏུ་མཁྱེན་ནས་རང་རིག་གཉིས་སུ་མེད་པའི་ཡེ་ཤེས་ལས་སྤྲུལ་བའི་དཀྱིལ་འཁོར་མངོན་སུམ་དུ་བསྟན་ཏེ་དབང་བསྐུར་ནས་རྒྱུད་སྡེ་རིན་པོ་ཆེ་མཐའ་དག་གི་ལུང་ལེགས་པར་བྱིན་ཏེ་བྱིན་གྱིས་བརླབས་པ་ལ་བརྟེན། དངོས་གྲུབ་རྣམས་ཀྱི་མཆོག་ཏུ་གྱུར་པ་ལེགས་པར་ཐོབ་ནས་བསྟི་གནས་དེ་ཉིད་དུ་ལོ་གྲངས་བརྒྱ་ཕྲག་ཏུ་བཞུགས། དེ་ནས་རབ་ཏུ་བྱུང་བ་ནི་བསྟན་པ་ཐམས་ཅད་ཀྱི་རྩ་བའོ་སྙམ་ནས་དཔལ་ནཱ་ལེནྡྲར་བྱོན་ཏེ་འཕགས་པ་གནས་བརྟན་པའི་སྡེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་སྡེ་སྣོད་ལ་སྦྱངས་པས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་མཁས་ཆེན་དུ་གྱུར། ནཱ་ལེནྡྲའི་མཁན་པོ་མཛད་དེ་བསྟན་པའི་བྱ་བ་མཛད།  དེ་ནས་ཕྱག་རྒྱ་ཆེན་པོ་ཉིད་དུ་མྱུར་བར་འདོང་བར་བྱེད་པའི་ཐབས་ཀྱི་གཙོ་བོ་ནི་སྤྲོས་པ་མེད་པའི་སྤྱོད་པ་ཉིད་དུ་དེ་བཞིན་གཤེགས་པས་རྗེས་སུ་བསྟན་པ་དེ་ལ་རྗེས་སུ་སློབ་པར་བགྱིའོ་སྙམ་པའི་འདུན་པས་ཉེ་བར་བཟུང་སྟེ་རབ་ཏུ་བྱུང་བའི་བརྟུལ་ཞུགས་སྤངས་ནས་ཡུལ་སྣ་ཚོགས་སུ་རྒྱུ་བ་ན། མཐར་གྱིས་ལྷོ་ཕྱོགས་མ་ར་ཧ་ཊ་ཞེས་བྱ་བར་བདག་ཉིད་ཀྱི་རྒྱུད་གྲོལ་བར་བྱེད་པ་ཞིང་གི་རྣལ་འབྱོར་མ་མདའ་མཁན་གྱི་བུ་མོའི་ཚུལ་ཅན་ཞིག་གཟིགས་ཏེ། དེའི་མདའ་སྲོང་བ་ལ་སོགས་པས་ཀྱང་གནས་ལུགས་ཀྱི་དོན་ངོ་སྤྲོད་པ་བཞིན་དུ་གྱུར་ཏེ་བདེན་པ་མངོན་སུམ་དུ་གཟིགས། བུ་མོ་དེ་ཕྱག་རྒྱར་ཁྲིད་ནས་ཡུལ་ངེས་མེད་དུ་རྒྱུ་ཞིང་།  མདའ་མཁན་གྱི་ཚུལ་མཛད་པས་མཚན་ཡང་ས་ར་ཧ་སྟེ་མདའ་བསྣུན་ཞེས་གྲགས། སྔོན་གནས་བརྟན་ཆེན་པོ་ཡིན་པ་ལ་ཕྱིས་སུ་ཕྱག་རྒྱ་མ་བསྟེན་པས་རྒྱལ་པོ་ལ་སོགས་པ་སྐྱེ་བོ་མཐའ་ཡས་པ་ཞིག་གིས་འཕྱས་པ་ན། སློབ་དཔོན་གྱིས་མདའ་སྲོང་བཞིན་དོ་ཧ་རྡོ་རྗེའི་གླུ་བླངས་པས་རྒྱལ་པོ་འཁོར་སྟོང་ཕྲག་ལྔ་དང་བཅས་པ་རིག་འཛིན་གྱི་དངོས་གྲུབ་བརྙེས། མཐར་སློབ་དཔོན་རང་ཉིད་ཀྱང་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་དུ་གཤེགས་སོ།  །

སྨྲས་པ།

གསང་ཆེན་ཆོས་ཀྱི་བདུད་རྩི་ངོམས་མེད་དུ་བཞེས་ནས། །གསང་ཆེན་བསྟན་པའི་རྒྱ་ཆེན་བང་མཛོད་དུ་གྲུབ་པ།  །

གསང་ཆེན་ཆོས་ཀྱི་ཉི་མ་གྲུབ་པ་མཆོག་བརྙེས་པའི།  །གསང་ཆེན་བསྟན་པ་འཛིན་པའི་བཤེས་ཁྱོད་ལ་འདུད་དོ།  །ཞེས་པ་ནི་བར་སྐབས་སུ་ངལ་གསོ་བའི་ཚིགས་སུ་བཅད་པའོ།  །

གཉིས་པ།     སྐུ་ཕྲེང་ཐོག་མ་ལྔའི་རྣམ་ཐར་མདོར་བསྡུས།

.དེ་ཡང་འཁྲུངས་རབས་ལས། "རྨད་བྱུང་བློ་གྲོས་གསེར་བཟང་ཡོལ་གོ་རུ། །ཐུབ་བསྟན་བདུད་རྩིའི་སྙིང་བོ་འབུམ་གྱིས་གཏམས། །རིས་མེད་འགྲོ་ལ་འགྱེད་པའི་མཆོག་སྦྱིན་མཁན། །གྲུབ་མཆོག་དམ་པའི་ཞབས་ལ་གསོལ་བ་འདེབས། །"ཞེས་བསྔགས་པ་སྐུ་ཕྲེང་དང་པོ་སྟག་གྲུབ་ཆེན་པ་བློ་བཟང་ཐུབ་བསྟན་སྙིང་པོ་མཆོག་ནི་དབུས་གཙང་གི་སྟག་ཚང་ལུང་བ་ནས་འཁྲུངས་གཞིས་དང་བཅས་པ་མདོ་སྨད་ཕྱོགས་སུ་ཕེབས་རིམ་གྱིས་བཱ་ཡན་སྟག་ཚང་གི་སར་ཆོས་ཀྱི་འཕྲིན་ལས་རྒྱས། རྡོ་ར་ལ་ཁ་ཟེར་བ་ནས་གཞི་བྱེས་ཀྱི་ཚོགས་པ་མང་པོ་ལ་རྡོ་རྗེ་ཕྲེང་བའི་དབང་གནང་།  གཟུངས་རི་ནང་ནས་དགོན་གསར་འདེབས་ཀྱི་གཞི་ཞིག་བཏིངས། རྒྱ་རྒྱའི་དགོན་པར་དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད། རྟ་མགྲིན། ཕྱག་ན་རྡོ་རྗེ་རྣམས་ཀྱི་སྨན་སྐུ་ཆེ་ཚད་རེ་བཞུགས་པའི་ལྷ་ཁང་ཞིག་བཞེངས། འགག་ཚར་ཕེབས་ཏེ་ཚོགས་པ་མང་པོར་མི་ཏྲ་བརྒྱ་རྩའི་དབང་ཆེན་སྩལ། དེ་ནས་སློབ་མ་སྦྱིན་བདག་ཚོས་བསྐུལ་བ་དོན་ཡོད་པར་བྱ་ཕྱིར་སྟག་དགོན་པ་དགའ་ལྡན་སྲིད་རྩེ་གླིང་ཞེས་པ་གསར་དུ་བཏབ། སྟོད་ཁག་གསུམ་རེ་ལ་དགོན་ཆུང་རེ་ཡོད་པ་རྣམས་དགོན་པ་གསར་བར་ཕྱོགས་གཅིག་ཏུ་བསྡུས། རྒྱ་རྒྱའི་དགོན་པའི་ལྷ་ཁང་དེ་དང་དབྱིབས་མཚུངས་པ་ཞིག་གི་ནང་དུ་དུས་གསུམ་སངས་རྒྱས་དང་།  དེའི་མདུན་ཐད་དུ་འདུ་ཁང་།  མཚལ་སྣག་སྤེལ་མས་བྲིས་པའི་བཀའ་འགྱུར་དང་བཀའ་འགྱུར་ཁང་བཅས་བཞེངས། ཁྱད་པར་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཤངས་ཁྲག་གིས་བཞེངས་ཤིང་རྒྱལ་བ་རིན་པོ་ཆེས་རབ་གནས་མཛད་པར་གྲགས་པའི་ལྷ་མོའི་རྟེན་ཐང་ཤིན་ཏུ་གཉན་ཆ་ཆེ་བ་དེ་ཉིད་གཙོ་བྱས་པའི་ལྷ་མོ་ཁང་གྱན་གསུམ་མ་ཁ་ལུང་མདོར་བསྟན་པ་ཞིག་ཀྱང་བཞེངས། བཞེས་དཀར་སྐྱེམས་དང་བཅས་པ་ཕྱག་གིས་བཞེངས་པའི་གྲུབ་རྟགས་བསྟན་པ་སོགས་ཀྱང་འགའ་རེ་ཡོད་པར་གྲགས། སྐབས་ཤིག་ཆིབས་རྟ་འགའ་ཡོད་པ་རྒྱ་རྒྱའི་ལུང་མདོའི་ཙག་ག་ཐང་ཟེར་བའི་གྲོང་གི་སྐལ་བཟང་འབུམ་གྱི་ཞིང་ནང་དུ་སོང་རྐྱེན་ཞིང་བདག་ཁྲོས་ནས་ཆིབས་པའི་རྔ་རྔོག་བྲེགས། དེ་ལ་བརྟེན་ནས་སྐལ་བཟང་འབུམ་གྱི་ཁྱིམ་སྡེ་གཏོགས་དང་བཅས་པ་འཕུང་ལ་སྦྱར་ཞེས་ད་ལྟའང་ཧ་ལས་པ་བྱེད་རྐྱེན་དེ་དག་ལ་བརྟེན་ནས་གྲུབ་ཆེན་པའི་མཚན་ཐོགས། དགུང་ལོ་མཐོན་པོར་ཕེབས་ནས་སྐུ་འདས་སོ།  །

."འཇམ་དབྱངས་བླ་མའི་རང་ལུགས་ཟླ་བྲལ་བ། །འཛིན་ཅིང་སྤེལ་བའི་གྲགས་སྙན་མཁས་མང་གི། །རྣ་བའི་བཅུད་ལེན་བསྟན་འགྲོའི་གསོས་སྨན་ཆེ། །མཚན་ལྡན་དམ་པའི་མགོན་ལ་གསོལ་བ་འདེབས། །"ཞེས་བསྔགས་པ་སྐུ་ཕྲེང་གཉིས་པ་འཇམ་དབྱངས་གྲགས་པའམ་སྨ་ར་ཚང་ནི། སྔར་བཤད་པ་ལྟར་སྟག་བླ་མར་མཐུ་འགྲས་ཤོར་བའི་ཙག་ག་ཐང་གི་སྡེ་ཁྲོད་དུ་རབ་བྱུང་བཅུ་གཉིས་པའི་སྨད་ཕྱེད་ཀྱི་སྟོད་ཙམ་ལ་འཁྲུངས། དགྲའི་ཁྱིམ་དུ་བླ་མའི་ཡང་སྲིད་འཁྲུངས་དོགས་མེད་ཟེར་ནས་སྟག་དཔོན་ཚང་དང་སྟག་དགོན་པས་སྤྲུལ་སྐུ་བདག་མ་རྒྱབ། དེའི་ཕྱིར་རྒྱ་རྒྱའི་དགོན་པར་ཨ་ལགས་འབའ་ཡོག་ཚང་གི་སྒར་བར་ཅུང་བཞུགས། དེ་ནས་ནར་སོན་པ་ན་མཁན་པོ་དཔལ་ལྡན་རྒྱ་མཚོས་སྐུ་གོང་མའི་འབྲེལ་བསྒྲིགས་ཤིང་གཟིགས་སྐྱོང་གིས་དན་ཏིག་བྲག་ཏུ་གདན་དྲངས།  བླ་སར་བཀོད་རབ་བྱུང་བསྒྲུབས་ནས་མཚན་ལ་བློ་བཟང་རྒྱལ་མཚན་དང་།  བསྙེན་པར་རྫོགས་ནས་འཇམ་དབྱངས་གྲགས་པར་མཚན་གསོལ། ཆུང་དུས་ནས་སྨ་ར་བཞག་པས་སྨ་ར་ཚང་དུ་གྲགས། མཁན་པོ་དཔལ་ལྡན་རྒྱ་མཚོས་སྐུ་དྲུང་དུ་བླངས་པ་ནས་བཟུང་སྒར་བ་གཅིག་ཏུ་ཁུ་དབོན་གྱི་ཚུལ་དུ་བཞུགས་པས་ན་ཞབས་དྲུང་ཞེས་པའི་མཚན་སྟར་ཆགས་སུ་ཐོགས། ཡང་རྒན་པོ་རྣམས་ཀྱི་ངག་རྒྱུན་དུ་ཙག་ག་ཐང་ནས་འཁྲུངས་པ་དེ་ཉིད་སྟག་དཔོན་ཚང་གིས་མ་བླུས་པར་བརྟེན་དབུས་གཙང་དུ་བྱོན་ནས་ཐོས་བསམ་མཛད། རྒྱལ་མེ་ཏོག་ཐང་གི་མཁན་པོར་བཞུགས། དེ་ནས་མདོ་སྨད་དུ་ཕེབས་ཏེ་སྟག་དཔོན་ཚང་གི་ཡུལ་བའི་ཉེ་འདབས་སུ་གཟིམ་གུར་ཕུབ་ནས་ཉིན་བདུན་ལ་བཞུགས་ཀྱང་ཕན་ཚུན་ཐུག་ཕྲད་མ་བྱུང་།  དེའི་རྐྱེན་གྱིས་ཁ་དྲུག་ཕྱོགས་ནས་གདན་དྲངས་ཏེ་དེར་ཕེབས། དེ་ནས་མཁན་པོ་དཔལ་ལྡན་རྒྱ་མཚོའི་སྐུ་གདུང་སོག་ཡུལ་ནས་ཚེ་ཏན་དུ་ཞུས་ཤིང་གདུང་མཆོད་རྒྱ་ཆེར་གཏོང་བ་སོགས་ཀྱི་ཕྱག་རྗེས་ཆེ་བར་བརྟེན། ཆུ་བཟང་རིན་པོ་ཆེའི་བཀའ་ལྟར་ཁྲི་ཚབ་མཛད་པས་སྒར་བ་ཁ་དྲུག་གི་ཁྲི་དྲུག་དང་གདུགས་དྲུག་གི་བདག་པོར་གྱུར། དགུང་ལོ་དྲུག་ཅུ་ཙམ་ལ་སོན་པ་རབ་བྱུང་བཅུ་གསུམ་པའི་སྨད་ཕྱེད་ཀྱི་སྟོད་ཙམ་ལ་འདས་སོ།  །

. "བློ་ཆེན་རྒྱལ་སྲས་སྤྱོད་པའི་ཁུར་བསྣམས་ནས། །མཁས་བཙུན་བཟང་པོའི་འོད་དཀར་ཕྲེང་བ་ཡིས། །རབ་མང་འགྲོ་བའི་ཐར་ལམ་གསལ་བའི་གཉེན།  །འདྲེན་མཆོག་མཚན་མོའི་མགོན་ལ་གསོལ་བ་འདེབས། །"ཞེས་བསྔགས་པ་སྐུ་ཕྲེང་གསུམ་པ་བློ་བཟང་རབ་གསལ་ནི། ཁོ་ཡན་ལུང་གི་སྡེ་ཁྲོད་ཅིག་ཏུ་འཁྲུངས་ཤིང་དན་ཏིག་གི་ཁྲི་ལ་བཀོད།  དགུང་ལོ་བཅུ་ལྷག་བཞེས་པའི་སྐབས་སུ་སྐུ་གཤེགས་སོ། །

. "མི་འཇིགས་བཞི་ལྡན་ཟླ་མེད་ཐུགས་ཀྱི་མཛོད། །ཐུབ་བསྟན་ནོར་བུས་ཡོངས་གང་འགྲོ་རྣམས་ལ། །གང་འཚམས་བགོ་བའི་སྐལ་བ་སྩོལ་བའི་གཉེན། །རྒྱལ་སྲས་སེམས་དཔའ་ཆེན་པོར་གསོལ་བ་འདེབས། །"ཞེས་བསྔགས་པ་སྐུ་ཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་ནོར་བུའམ་ཚོན་པོ་མ་ཚང་ནི།  ཁོ་ཡན་རྒྱ་མཁར་དུ་རབ་བྱུང་བཅུ་གསུམ་པའི་ཤིང་བྱིསྤྱི་ལོ༡༨༠༤ལོར་སེར་དྲིས་མ་ཎི་པཎྚི་ཏའི་སྐུ་ཉེར་འཁྲུངས། མཁན་པོ་ཇ་སག་ངག་དབང་འཇམ་དབྱངས་དོན་གྲུབ་ཀྱིས་ཐུགས་ཁུར་ཆེར་བཞེས་ཀྱིས་བླ་བྲང་རང་གི་ཕྱག་རྫས་དང་།  ཁ་དྲུག་གི་དགོན་གཞུང་སོ་སོ་ནས་བླུ་ཡོན་ཕུལ་ཏེ་གདན་སར་བཀོད། དགུང་ལོ་བདུན་པར་མཁན་པོ་ཇ་སག་གི་མདུན་རབ་བྱུང་བསྒྲུབས། སེར་དྲིས་མ་ཎི་པཎྚི་ཏ་བློ་བཟང་བསྟན་པའི་ཉི་མ་དགེ་རྒན་དུ་བསྟེན། ཇ་སག་ཚང་རྒྱ་ནག་ཏུ་ཕེབས་ནས་ལོ་མང་བཞུགས་ཤུལ་དུ་དགོན་ཁག་རྣམས་ཀྱི་ཁྲི་འགན་བཞེས་པར་བརྟེན་སེར་སྐྱ་ཚང་མས་རྩིས་མཐོང་ཤིན་ཏུ་ཆེ།  སྡིག་སྤྱོད་ལ་འཛེམས་ནས་རེ་ཞིག་བར་ཤ་བཅད་དེ་ཟར་མའི་གཡིས་ཙམ་གྱིས་ཆོག་ཤེས་བསྟེན་པ་དང་།  སྐུ་ཚོ་ཞིང་དར་བས་ཆིབས་ཀྱིས་མ་དྲོངས་པར་གཡག་ཀོ་སྟེང་ནས་འདྲུད་པའམ་ཀྱོའུ་ཙིའི་སྟེང་ནས་ཕེབས་བཞུད་བྱེད་དགོས། དགུང་ལོ་སོ་དགུ་བ་ལ་མཁན་པོ་ཇ་སག་ཆུ་བཟང་ནས་སྐུ་གཤེགས་པར་འདི་བས་དབུ་དྲངས་ཏེ་སྐུ་གདུང་འཕྲོག་སྟབས་ཀྱི་གདན་དྲངས།  ཆུ་བཟང་བླ་བྲང་ནས་རྗེ་འདི་བ་བཀྱིགས་རྡུང་ཚུན་ཆད་ཀྱི་ཁྲིམས་ཕབ། མཐར་ཆུ་བཟང་དགོན་པའི་ཁྲི་བ་ལས་སྣེས་ངོ་ཆེན་ཞུས་པ་ལྟར་ཆད་པ་དགུ་ཚན་གསུམ་ཕུལ་རྗེས་ཁྲིམས་ལས་བཏང་།  ཆུ་བཟང་ལ་མཐོལ་བཤགས་གཙང་སང་བ་བྱས་ཏེ་བླ་སློབ་ཀུན་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་བཏང་།  དགུང་ལོ་ཞེ་གཅིག་སྟེང་དན་ཏིག་དང་ཚེ་ཏན་སོགས་སུ་སྐུ་མཆེད་རིན་པོ་ཆེ་སེར་དྲིས་མ་ཎི་པཎྚི་ཏ་ལས་འཇིགས་བྱེད་ཀྱི་དབང་སོགས་ཆོས་ལུང་མང་དུ་གསན། དགུང་ལོ་ཞེ་དྲུག་སྟེང་མཁན་པོ་ཚང་གི་ཡང་སྤྲུལ་གདན་སར་བཀོད་འཕྲལརྣམ་ཐར་རིན་ཆེན་ཕྲེང་མཛེསཞེས་པ་བརྩམས།  དགུང་ལོ་ང་གསུམ་སྟེང་ཚེ་ཏན་འདུས་སྤྱིས་རྩོམ་སྐུལ་ཞུས་ནསཚེ་ཏན་བཅའ་ཡིག་ཆེན་མོདང་།  དེབ་ཡིགབཅས་གསར་རྩོམ་མཛད། ང་བཞིའི་སྟེང་ཚེ་ཏན་འདུ་ཁང་དང་།  བླ་བྲང་གི་ལྷ་ཁང་།  གསང་འདུས་ཁང་།  མགོན་ཁང་སོགས་ལ་རབ་གནས་རྒྱས་ཙམ་ཞིག་མཛད་པའི་མཇུག་ནས་ཆིབས་རྟ་དཀར་པོ་ཆེ་ལེགས་ཤིག་ཡོད་པས་གཞི་བྱས་སྣང་རའི་བན་དེ་སོགས་ཁ་དྲག་དབང་ཐང་ཆེ་བའི་ཁ་མགོ་བ་བཅས་ནས་ཁ་དྲུག་དང་ཁོ་ཡན་ལུང་ཁོག་དུ་དཀར་ཐིགས་བསླངས་ནས་ཚེ་ཏན་ཇོ་ཁང་གཞི་ནས་ཞིག་གསོ་བྱས་པ་དགུང་ལོ་ང་དྲུག་གི་བདུན་པའི་ཚེས་མགོར་ལེགས་པར་གྲུབ་སྟེ་རབ་གནས་ཀྱང་མཛད་པ་དང་།  ཇོའུ་ཁང་གི་དཀར་ཆགབརྩམས། དེ་ནས་དགུང་ལོ་ང་དགུ་བ་རབ་བྱུང་བཅུ་བཞི་བའི་ཆུ་ཁྱིསྤྱི་ལོ༡༨༦༢ལོར་གོང་སྐྱའི་སྒར་རྙིང་བ་ནས་མྱ་ངན་ལས་འདས་སོ།  །

."འཇིགས་མེད་རྣམ་པར་དཔྱོད་པའི་སྤོབས་པ་མཐོ། །ཐུབ་བསྟན་གངས་ཀྱི་རི་བོའི་སྤོ་རུ་འགྱིང་།  །བློ་གསལ་རི་སྐྱེས་རྒྱ་མཚོ་སྐྱོང་བའི་མགོན། །མཆོག་སྤྲུལ་སྨྲ་བའི་སེང་གེར་གསོལ་བ་འདེབས། །"ཞེས་བསྔགས་པ་སྐུ་ཕྲེང་ལྔ་པ་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་ནི། བ་ཡན་འགག་ཚའི་ཆན་ཧུ་དཔོན་ཚང་གི་ཁྱིམ་དུ་རབ་བྱུང་བཅུ་བཞི་བའི་བགྲང་བྱ་ང་བདུན་པ་ཆུ་མོ་ཕགསྤྱི་ལོ༡༨༦༣གི་ལོར་ཡབ་པདྨ་བཀྲ་ཤིས་དང་ཡུམ་བློ་བཟང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བཙའ་དུས་མའི་རྨི་ལམ་དུ་ཁྱིམ་ནང་དུ་སྟག་ཅིག་མཆོངས་པ་རྨིས། པང་ཐོགས་ཀྱི་དུས་སུ་ཧོས་འཁྲུག་ཚབས་ཆེན་ཞིག་བྱུང་བར་སྟོད་ཁག་གསུམ་གྱི་སྐྱེ་ཕོ་མོ་རྣམས་ཕུ་ལ་ཡང་རྫོང་ངམ་གནའ་རྫོང་དུ་བྲོས། མས་བྱིས་པ་འདི་པང་དུ་བཟུང་ནས་གཡང་དུ་མཆོངས། མ་ལ་མདུང་རྨས་འགའ་ཕོག་པས་ཟ་ལར་ཞིག་ལ་བྱིས་པ་མི་སྟེར་ཀ་མེད་བྱུང་།  སྟེར་དུས་མས་འདི་སྐད་དུ། ཁོ་མོའི་བུ་འདི་རིན་པོ་ཆེ་ཞིག་ཡིན་མ་གསོད་པར་ཁྱེར་ལ་ཕན་ཐོགས་ངེས་ཡིན་ཞེས་གདམས། དེའི་ཚེ་མཁན་པོ་བློ་བཟང་འཇིགས་མེད་རབ་བརྟན་ཚང་ནས་ཐུགས་ཁུར་དང་བཞེས་ཀྱིས་འཇམ་དབྱངས་བཞད་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་མདུན་ཐུགས་བརྟག་ཞུས་ནས་འདི་བ་ལ་བབས། ཟ་ལར་ལ་དུང་ཁྲོན་ཉིས་བརྒྱའི་བླུ་ཡོན་བྱིན་ནས་རིམ་གྱིས་གདན་སར་བཀོད། རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་བསྟན་འཛིན་ནོར་བུ་དང་བསྙེན་རྫོགས་ཀྱི་མཚན་ལ་འཇིགས་མེད་ཐུབ་བསྟན་རྒྱ་མཚོར་གསོལ། ཚེ་ཏན་གྲྭ་རིགས་དགེ་སློང་ནོར་བུ་དོན་གྲུབ་ཀློག་གི་སློབ་དཔོན་དུ་བསྟེན། དགུང་ལོ་བཅུ་གཉིས་ཐོག་ཆུ་བཟང་གི་ཆོས་གྲྭར་ཞུགས། ཡི་གེ་དང་རི་མོ་འབྲི་བ་སོགས་ལ་བྱང་ཆུབ། ཁྱད་པར་དུ་པིར་སྨྱུག་གིས་བོད་ཡིག་འབྲི་ཉམས་གཞན་ལས་ཁྱད་པར་དུ་འཕགས། ཚོགས་ལངས་ཀྱང་ལན་མང་བྱས། དགུང་ལོ་བཅོ་བརྒྱད་ཀྱི་སྟེང་འཁྲུངས་ཡུལ་དུ་ཆན་ཧུ་བན་ཕྲུག་མ་འཚམས་ཤིང་།  དེའི་བུ་དབང་ཆེན་ནར་མ་སོན་པའི་རྐྱེན་གྱིས་ཆན་ཧུའི་གོ་གནས་ཁུར། ཏོག་ཞྭ་གྱོན་ཞིང་ལས་ལྭ་མནབས། རེ་ཞིག་སྟོད་གྲུ་མགོ་དྲུག་དང་།  སྨད་སྒར་བ་ཁ་དྲུག་གི་བླ་དཔོན་ཟུང་འབྲེལ་བྱས་ནས་རིམ་གྱིས་རྒྱ་ནག་དང་འབྲེལ་བ་བསྒྲིགས། ཀྭོང་ཞུ་ཁྲི་ལོ་ཉེར་གཅིག་པའི་དུས་ཀྱི་ཧོས་འཁྲུག་ཚབས་ཆེན་ལངས་སྐབས་ཡ་རྫི་དང་བཱ་ཡན་ཁ་སྒང་ཕྱོགས་སུ་ལན་ཀྲུའུ་ཙུང་འདུའི་བཀས་དམག་མགོ་བསྐྱངས་པས་ཇུས་ཀ་ལེགས་པོ་བྱུང་།  དེར་བརྟེན་གོང་མས"ཞིན་ཙི་ཡིན་མ་ཏོས་ཀྲིན་ཏུ་ཏུ་ཧུའུ་ཞིན་ཡིན་པཱ་ཐུར"ཞེས་པའི་ཆོ་ལོ་གནང་།  དེ་དུས་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེར་བསླབ་པ་འབུལ་བའི་ཡི་གེ་ཕུལ། ཁོང་གི་རྒྱའི་མིང་ལ་ནན་ཁྲང་ཀྲིན་དང་ནན་ཏཱ་ཞིན་ཞེས་སུ་གྲགས། དེའི་ཕྱིར་ལན་ཀྲུའུ་ཀ་ཅུ་ཡན་ཆད་ནས་བཟུང་རྒྱ་བོད་ཧོས་གསུམ་མཆོག་དམན་ཁྲོད་ནས་ནན་ཏཱ་ཞིན་ཞེས་པའི་མིང་མི་ཤེས་མཁན་མེད་པ་ལྟ་བུར་གྱུར། ཧོས་འཁྲུག་གི་མགོ་མནན་པ་ལ་དེ་དུས་སྐྱེས་བུ་དམ་པ་དུ་མའི་ཐུགས་ཟིན་ཅིང་སྐྱབས་འཇུག་ཐོབ་པའི་ངག་སྒྲོས་མང་དུ་འདུག་ལ། ཁྱད་པར་དུ་སྐྱབས་རྗེ་བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུས་ཞབས་དྲུང་འདི་བ་གསང་བདག་གི་སྤྲུལ་བ་དངོས་ཡིན་པ་དང་།  འཁྲུག་མགོ་མནན་ནས་ད་ལྟ་ཚང་མ་བག་ཕབ་ཏུ་གནས་ཆོག་པ་འདི་བྱུང་ཞེས་གསུངས། རྐ་ཕུག་དང་དོ་རྒྱའི་བར་དང་།  ཀ་རིང་དང་ཟམ་དཀར་བར་གྱི་མི་ཤ་མང་པོའི་རྩོད་གླེང་སོགས་འགྲིག་འདུམ་བྱས་པའང་མང་།  འདི་བ་སྟག་དགོན་དུ་ལན་མང་ཕེབས་ཏེ་དགོན་པར་སྲི་གནོན་བརྒྱབ་པ་སོགས་འཁྲུངས་ཡུལ་གྱི་དབང་གིས་སྐུ་ཕྲེང་སྔ་མ་རྣམས་ལས་འབྲེལ་བཟང་ཙམ་འགྲིག་པོ་བྱུང་།  སྐབས་ཤིག་མཁན་པོ་ཚང་དང་བསྡོངས་ནས་ཐ་གྱ་དགོན་གྲོང་མངའ་འོག་ཏུ་བསྡུ་ཕྱིར་ཐང་རིང་རྒྱལ་བ་ཚང་དང་གཏུགས་བཤེར་བྱེད་པ་སོགས་འཇིག་རྟེན་གྱི་བྱ་བ་སྣེ་མང་ཡང་ལག་ཏུ་བསྟར། མཐར་ཐང་རིང་རྒྱུད་པས་ལྕགས་མཁར་སློག་པ་སོགས་བྱད་ཕུར་གྱི་ངོ་ལྟ་བུས་བླ་མ་རྣམ་གཉིས་ཀྱི་བར་དབྱེན་ཕྲ་ཅི་རིགས་བྱུང་བར་བརྟེན། ཁ་དྲུག་གི་དགོན་གྲོང་སོ་སོར་ཕྱོགས་རིས་དང་རྩོད་གླེང་མང་དུ་བྱུང་།  ཚེ་སྟོད་ལ་ཆུ་བཟང་རིན་པོ་ཆེ་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མ་དང་།  བླ་བྲང་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་བསྟེན། ཕྱི་མའི་དྲུང་ནས་མི་ཏྲ་རྡོར་འཕྲེང་།  སྤྱན་རས་གཟིགས་ཐིག་ལེ་བཅུ་དྲུགདམ་ཚིག་གསུམ་བཀོད། མངོན་བྱང་།  རྟ་མགྲིན། བདེ་མཆོགའཇིགས་བྱེད། གསང་འདུས་སོགས་ཀྱི་དབང་དང་།  འཇམ་དཀར། སྒྲོལ་དཀར། རྣམ་རྒྱལ་མ་རྣམས་ཀྱི་རྗེས་གནང་།  འཇིགས་བྱེད་བསྙེན་ཁྲིད། འགྲེལ་བ་བཞི་སྦྲགས། སྦས་དོན་ཀུན་གསལ། ལམ་རིམ་ཆུང་ངུ་ཉམས་མགུར་རྣམས་ཀྱི་བཤད་ལུང་སོགས་གསན། ཕྱིས་སུ་ཞྭ་དམར་པཎྚི་ཏ། བདེ་ཡངས་རིན་པོ་ཆེ། གྲུབ་དབང་འཇིགས་མེད་བསམ་གཏན་རྣམས་སངས་རྒྱས་དངོས་དང་འདྲ་བར་གཙུག་ཏུ་བཀུར། དེ་དག་གིས་ཀྱང་གཟིགས་སྐྱོང་དང་ཐུགས་བརྩེ་ཤིན་ཏུ་ཆེ། གྲུབ་དབང་འཇིགས་མེད་ཞབས་ལས་དུས་འཁོར་གྱི་དབང་དང་ལུས་སྦྱོང་གི་མྱོང་ཁྲིད། བདེ་ཡངས་རིན་པོ་ཆེ་ལས་མན་ངག་རྣམ་གསུམ་གྱི་ཁྲིད་སོགས་ཟབ་ཆོས་གང་མང་མནོས། སྟག་དཔོན་པོ་རྣམ་རྒྱལ་གྱིས་ཞུས་ངོརལྷ་མོའི་གཏོར་ཆོགཉུང་བསྡུས་ཤིག་བརྩམས། དགུང་ལོ་སོ་དགུའི་སྟེང་འཇམ་དབྱངས་བཞད་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དན་ཏིག་དང་ཚེ་ཏན་སོགས་ཁ་དྲུག་ཕྱོགས་སུ་གདན་དྲངས་སྐབས་བསུ་སྐྱེལ་སྣེ་ལེན་གྱི་ཁུར་བཟུང་།  ཆོས་འབྲེལ་བཞགཀུན་མཁྱེན་བླ་མའི་འཁྲུངས་རབས་ཐང་ཀ་སོགས་རྟེན་སྐལ་ཅི་རིགས་དང་།  ཨེར་ཏི་ནི་མཁན་པོའི་ཆོ་ལོ་བཀའ་ཤོག་བཅས་སྩལ། དགུང་ལོ་བཞི་བཅུ་ལོན་ནས་ལན་ཀྲུའུའི་དཔོན་ཁག་མང་ཙམ་གྱིས་གཙོས་སློབ་གྲྭ་བ་དུ་མར་བོད་ཡིག་བསླབ་ཕྱིར་ལན་ཀྲུའུར་ལོ་གཉིས་ཙམ་བཞུགས། མཐུ་དགོན་མཚམས་ཁང་དང་།  གོང་སྐྱའི་བླ་བྲང་ཡར་ནང་སོགས་གཟིམ་ཁང་གསར་བཞེངས་བྱས། དམག་དཔོན་ཁུར་དུས་རེབ་གཅིག་ལ་ཟ་ལར་ལྔ་བཅུ་བསད་པ་སོགས་ཀྱི་སྡིག་བཤགས་སུ་གྲུབ་དབང་འཇིགས་མེད་བསམ་གཏན་གྱི་བཀའ་ལྟར་ཚེ་ཏན་དུ་རྡོར་སེམས་སྨན་སྐུ་མི་ཚད་ལས་བརྒལ་བ། རྡོར་སེམས་སྟོང་ཐང་།  གོང་སྒར་བླ་བྲང་དུ་སྒྲོལ་མའི་སྨན་སྐུ་ཆེ་ཚད། གོང་སྒར་འདུ་ཁང་སྒོ་སྔུན་གྱི་སྒྲོལ་མའི་འབུམ་ཁང་བཅུ་ལོངས་སོགས་སྒྲིབ་སྦྱོང་གནད་དུ་ཐིངས་པ་བསྒྲུབས། དེ་ནས་རང་དགོན་རྣམས་སུ་སོས་དལ་གུ་ཡངས་ཀྱིས་བཞུགས་བཞིན་དགུང་ལོ་ཞེ་བདུན་པ་རབ་བྱུང་བཅོ་ལྔ་པའི་ས་བྱསྤྱི་ལོ༡༩༠༩ལོའི་ཧོར་ཟླ་གཉིས་པའི་བཅུ་གཅིག་ལ་མཐུ་དགོན་ནས་མྱ་ངན་ལས་འདས་སོ། །

སྨྲས་པ།

རྒྱལ་བའི་ཐུགས་བསྐྱེད་ཀུན་གསལ་དབྱིངས་ཀྱི་ཟླ།  །འཕྲིན་ལས་འོད་དཀར་བྱེ་བ་ཉེར་སྤྲོས་ཏེ།  །

མདོ་སྨད་ནོར་འཛིན་ཡངས་པའི་རྒྱན་གྱི་མཆོག །སྐུ་ཡི་ཕྲེང་བ་རིམ་བྱོན་ཚུལ་དུ་སྣང་།  །ཞེས་པ་ནི་བར་སྐབས་སུ་ངལ་གསོ་བའི་ཚིགས་སུ་བཅད་པའོ། ། 

གསུམ་པ།  སྐྱབས་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་རྣམ་ཐར་མདོར་བསྡུས།

.སྐུ་འཁྲུངས་ཤིང་རྒྱལ་བའི་བསྟན་པ་ལ་ཞུགས་པའི་སྐོར།

"འཇིགས་མེད་ཐུབ་དབང་ཚུལ་བཞིན་བསྟེན་པའི་མཐུས། ལུང་རིགས་ཚུལ་ལ་སྤོབས་པའི་སྣང་བ་ཐོབ། །བློ་གྲོས་ཡངས་པའི་ནོར་གྱིས་རྒྱུད་གཏམས་པ། །འགྲོ་འདྲེན་མཚུངས་མེད་མཆོག་ལ་གསོལ་བ་འདེབས། །"ཞེས་བསྔགས་པའི་སྐུ་ཕྲེང་དྲུག་པ་རྒྱ་ཆེན་རིག་པའི་གནས་བཅུའི་དགོངས་དོན་ཐུགས་ཀྱི་ཟེའུ་འབྲུར་མཛེས་པ། སྙིགས་དུས་ཀྱི་པཎྚི་ཏ་ཆེན་པོ༧རྗེ་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་པོ་ནི། ཡུལ་མདོ་སྨད་ཀྱི་སའི་ཆ་རྨ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་ཉེ་འགྲམ་ཡ་རྫིདེང་སྐབས་མཚོ་སྔོན་ཞུན་ཧྭ་རྫོང་གི་ཁོངསཞེས་པའི་ཡུལ་དུ་ཡབ་བློ་བཟང་བཀྲ་ཤིས་དང་ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ལྕགས་ཁྱིསྤྱི་ལོ༡༩༡༠ལོའི་ཧོར་ཟླ་བཞི་བའི་ཚེས་ཉེར་གཉིས་ཀྱི་ཉིན་སྐུ་འཁྲུངས། དགུང་ལོ་གསུམ་པར་སྐྱབས་རྗེ་མཚུངས་མེད་ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་ཚེ་ཏན་ཞབས་དྲུང་གི་ཡང་སྤྲུལ་ཏུ་ཐག་བཅད། ཡུལ་མིས་ཞུས་པ་ལ་རྙིང་མའི་ཨ་ལགས་ནམ་མཁའ་ཚང་གིས་བློ་བཟང་ཆོས་འཕེལ་ཞེས་པའི་མཚན་གསོལ། དགུང་ལོ་དྲུག་པར་སྒར་བ་ཁ་དྲུག་དང་དེ་དག་གི་ལྷ་སྡེ་ཐུན་མོང་ནས་ཚེ་ཏན་དགོན་དགའ་ལྡན་བཤད་སྒྲུབ་གླིང་གི་ཆོས་ཁྲི་ཆེན་མོར་བཀོད། དེ་རྗེས་རིམ་གྱིས་ཡང་དགོན་ཐུབ་བསྟན་གླིང་།  གཅན་ཕུགཀ་ཐུང་།  མཐུ་དགོན། དན་ཏིག་བྲགསྟག་དགོན་རྣམས་ཀྱི་ཆོས་ཁྲིར་ཡང་འཁོད། མཐུ་དགོན་འདུ་ཁང་དུ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་འཇིགས་བྱེད་དཔའ་གཅིག་གི་དབང་སྟ། འཇམ་དབྱངས་དམར་སེར་གྱི་རྗེས་གནང་སོགས་སྩལ་བ་གསན། དགུང་ལོ་བདུན་པར་མཐུ་དགོན་བསམ་གཏན་ཕོ་བྲང་དུ་རྗེ་མ་ཎི་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱལ་མཚན་ལས་དགེ་བསྙེན་དང་།  བར་མ་རབ་བྱུང་།  དགེ་ཚུལ་གྱི་སྡོམ་པ་བཅས་ཞུས་ཏེ་མཚན་ལ་དགེ་འདུན་བཤད་སྒྲུབ་རྒྱ་མཚོར་གསོལ། རྗེ་ངག་དབང་ཆོས་འཛིན་དང་།  བློ་བཟང་ཟླ་བ་གཉིས་བསྟེན་ནས་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན།

དགུང་ལོ་བཅུ་པར་སྐྱབས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དན་ཏིག་ཏུ་ཕེབས་པའི་མདུན་ནས་རྒྱན་འཇུག་དང་།  ལྟག་རྡོ་ནས་ཀུན་རིག་རྒྱུད་དོན་གསལ་བའི་ལུང་།  སྐྱབས་འགྲོའི་ཁྲིད། བིས་མདོ་ནས་གསང་འདུས་འཕགས་ལུགས། བདེ་མཆོག་ལཱུ་ཨི་བ། འཇིགས་བྱེད་རྣམ་གཉིས། རྟ་མགྲིན་གསང་སྒྲུབ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རྣམས་ཀྱི་དབང་དང་།  འཇམ་དཀར་སྒྲོལ་ལྗང་སོགས་ཀྱི་རྗེས་གནང་།  སྐྱབས་འགྲོ་དང་ཡོན་ཏན་གཞི་གྱུར་མའི་ཁྲིད་། རྒྱན་འཇུག །འགྲེལ་བ་དོན་གསལ། མྱུར་ལམ་རྣམས་ཀྱི་ལུང་སོགས་གསན། ལྕགས་སྤྲེལ་ལོར་ཡོངས་འཛིན་པཎྚི་ཏ་བློ་བཟླང་དཔལ་ལྡན་ལས་ལམ་གཙོའི་ཁྲིད། བདེ་མཆོག་སྔགས་བཏུ། མགོན་བཀའ་བཅུ་གསུམ་གྱི་རྗེས་གནང་།  མཐུ་དགོན་དུ་སྐྱབས་རྗེ་ཨ་བྷྱཱ་ཞབས་ལས་ཀུན་རིག།ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྟ་མགྲིན་གསང་སྒྲུབ་ཀྱི་དབང་།  སྣར་ཐང་བརྒྱ་རྩ་དང་ཆོས་རྒྱལ་རྣམ་གསུམ་གྱི་རྗེས་གནང་།  བླ་མཆོད། ཐུན་དྲུག་རྣལ་འབྱོར། ངག་བྱིན་རླབས་རྣམས་ཀྱི་ཁྲིད་ལེགས་པར་ཐོབ། དགུང་ལོ་བཅུ་གཉིས་པར་བིས་པ་མི་ཕམ་ཟླ་བའི་ཡིག་བསྐུར་རྣམ་གཞག་རྒྱས་བསྡུས་དང་།  མཁས་གྲུབ་ཆིག་བརྒྱུད་བླ་མའི་རྣལ་འབྱོར་གྱི་ཁྲིད་གསན། ཆུ་ཕགསྤྱི་ལོ༡༩༢༣ལོའི་ས་ག་ཟླ་བའི་ཚེས་བཞི་ནས་རྡོ་རྗེ་འཆང་འཇིགས་མེད་པཎྚི་ཏའི་སྐུ་དྲུང་དུ་ཕེབས་ནས་ཁོང་སྐུ་མ་འདས་ཀྱི་བར་དུ་བཞུགས། ཡོངས་འཛིན་ཐམས་ཅད་མཁྱེན་པ་ལས་སྙན་འགྲེལ་དབྱངས་ཅན་དགྱེས་གླུ་དང་།  བོད་མཁས་ཞྭ་དམར་པཎྚི་ཏའི་དཔེར་བརྗོད་ལྟོ་སྤྲད་དེ་ལེའུ་གཉིས་པའི་དཔེ་ཁྲིད་དང་དཔེར་བརྗོད་ཀྱང་མཛད། མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ཀྱི་སྟེང་ནས་མཛོད་གནས་གསུམ་པ་ཞིབ་ཁྲིད་གནང་བ་གསན་པ་དང་།  ཡོངས་འཛིན་བློ་བཟང་དཔལ་ལྡན་དང་རྗེ་འཇིགས་མེད་རྡོ་རྗེ་འཆང་རྣམ་གཉིས་ལས་དབང་རྗེས་གནང་།  ལུང་ཁྲིད་ཀྱི་སྐོར་མང་དུ་གསན། དགུན་རྗེ་ངག་དབང་ཆོས་འཛིན་ལས་ཞྭ་དམར་ལམ་རིམ་དང་།  ས་ལམ་ཐེག་གསུམ་མཛེས་རྒྱན་གྱི་མཛུབ་ཁྲིད།  སྐར་རྩིས་ཀྱི་དགུ་མཐའ་བཅས་བསླབས།

དགུང་ལོ་བཅོ་ལྔ་པ་ཤིང་བྱིསྤྱི་ལོ༡༩༢༤ལོར་ཀ་རིང་དུ་བླ་མ་རིན་པོ་ཆེ་འཇིགས་མེད་ཞབས་ལས་རྗེའི་གསུང་འབུམ་གྱི་ལུང་དང་ལན་ཝར་སོགས་ཡིག་སྦྱོང་།  ལྔ་བསྡུས་ཀྱི་རི་མོ་སོགས་ལ་སྦྱངས་བརྩོན་མཛད། སྟོན་ཀར་རྩེ་གཞུང་དུ་ཡོངས་འཛིན་མཆོག་ལས་གསེར་ཕྲེང་སྤྱི་དོན་གྱི་མཛུབ་ཁྲིད་དང་།  བཀའ་ཆོས་མང་པོ། ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་དུས་དབང་བཅས་གསན། ཤིང་གླང་ལོ་ནས་ཡོངས་འཛིན་པཎྚི་ཏའི་དྲུང་དུ་དཔལ་ཆོས་ཀྱི་གྲགས་པའི་ཐུགས་བཅུད་ཚད་མའི་སྙིང་པོ་བསྡུས་གྲྭ་རྭ་བསྡུས་ཁྲིད་གཞུང་དུ་མཛད་ནས་ཕུ་ཐག་ཆོད་པར་སྦྱངས། ཤོལ་ཟླ་བཞི་བའི་ཉ་ནས་ཨ་བྷྱཱ་ཞབས་ལས་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེའི་གསུང་འབུམ་ལུང་རྒྱུན་གང་བཞུགས་དང་།  སྣར་ཐང་བརྒྱ་རྩའི་ལུང་།  ཡོངས་འཛིན་རིན་པོ་ཆེ་ལས་སུམ་རྟགས་དག་གསུམ་གྱི་དཔེ་ཁྲིད། དབུ་མ་འཇུག་པ་དང་རྒྱལ་ཚབ་ཀྱི་སྦྱོར་ཊཱིཀ ་སྦྲགས་པའི་བཤད་ལུང་རྒྱས་པ། རྒྱ་རྩིས་འཇམ་དབྱངས་འཛུམ་ཟེརདང་མཆོད་པའི་མེ་ཏོགབསམ་འཕེལ་དབང་རྒྱལ་བཅས་ཀྱི་སྟེང་ནས་དཔྱིས་ཕྱིན་པར་སྦྱངས། རྗེ་ངག་དབང་ཆོས་འཛིན་ལས་དངོས་བརྒྱད་དོན་བདུན་ཅུའི་རྣམ་གཞག་མི་ཕམ་བླ་མའི་ཞལ་ལུང་གི་མཛུབ་ཁྲིད་བཅས་གསན། མེ་སྟག་ལོར་ཨ་བྷྱཱ་ཞབས་དང་ལྷན་དུ་ཡོངས་འཛིན་བློ་བཟང་དཔལ་ལྡན་ལས་དབུ་མ་ལུང་རིགས་སྒྲོན་མེ་དང་།  ལེགས་བཤད་རྗེས་འབྲངས་ཀྱི་ཁྲིད་གསན་པ་དང་།  ལམ་རིམ་ཆེན་མོའི་བཤད་ལུང་།  གསང་འདུས་རིམ་གཉིས་ཀྱི་ཁྲིད། འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གཟབ་རྒྱས། སྒོ་མང་གྲུབ་མཐའ་ཆེན་མོའི་བཤད་ལུང་དང་སྦྲགས་ལྕང་སྐྱའི་གྲུབ་མཐའ། དཔལ་ལྡན་ཆོས་རྗེའི་གྲུབ་མཐའི་མཆན་བཅས་ཀྱི་མཛུབ་ཁྲིད་ཞིབ་པར་གསན། རབ་རྒྱལ་མེ་ཡོསསྤྱི་ལོ༡༩༢༧ལོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ལས་སྒྲུབ་ཐབས་རྒྱ་མཚོ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ་བཅས་ཀྱི་རྗེས་གནང་དང་།  དུས་དབང་སོགས་དབང་བཀའ་མང་པོ་དང་།  ས་འབྲུག་ལོར་དབྱངས་ཅན་སྒྲ་ཊཱིཀ་གསལ་ལྡན་གྱི་སྟེང་ནས་ས་རིས་ཡོངས་རྫོགས་དང་།  ཨ་ཀྱཱ་ཡོངས་འཛིན་གྱི་སྡེབ་སྦྱོར་རྣམས་ཞིབ་ཁྲིད་ཀྱིས་ཀུན་བཤད་མཚན་ལ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་གནང་།  གཞན་ཡང་དབང་རྗེས་གནང་ཁྲིད་ཀྱི་རིམ་པ་མང་དུ་གསན་པ་དང་།  རྗེ་འཇིགས་མེད་པཎྚི་ཏ་ལས་བར་མ་རབ་བྱུང་དང་།  དགེ་ཚུལ་དགེ་སློང་གི་སྡོམ་པ་ཡོངས་རྫོགས་མནོས་པར་མཚན་ལ་འཇིགས་མེད་རིགས་པའི་བློ་གྲོས་སུ་གསོལ་ལོ།  །

ལྕགས་རྟ་ལོར་མཁན་པོ་རྡོ་རྗེ་འཆང་གིས་སྒོ་མང་གྲུབ་མཐའི་སྡོམ་གསར་རྩོམ་གནང་བར་ཡི་གེ་བའི་ཞབས་འདེགས་དང་།  གཏད་རུལ་གྱི་ཁྲིད་སྨིན་རྒྱས་ཤིག་སྩལ་བའི་མཇུག་ཏུ་གསུང་བཀོད་ལྟརགཏད་རུལ་གྱི་ཆོ་གལག་ཏུ་བླང་བདེ་བ་ཞིག་བརྩམས། ལྟག་རྡོ་ནས་མངོན་རྟོགས་རྒྱན་རྩ་འགྲེལ། གསེར་ཕྲེང་།  རྣམ་བཤད་སྙིང་རྒྱན། རྟོགས་དཀའི་སྣང་བ། སྒོ་མང་མཐའ་དཔྱོད། དཔལ་ལྡན་ཆོས་རྗེ་དང་ཧལ་ཧ་བསྟན་སྒྲོན་སོགས་ཀྱི་ལེགས་བཤད་གུང་བསྒྲིགས་པའི་སྟེང་ནས་དཔེ་ཁྲིད་ཞིབ་པར་གསན་ཏེ་ཤེར་ཕྱིན་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཐུགས་སུ་ཆུད། གཞན་ཡང་དུས་འཁོར་སོགས་དབང་ལུང་མན་ངག་གི་རིགས་དཔག་ཏུ་མེད་པ་ཐུགས་ཀྱི་ཡོལ་གོར་བསྐྱིལ། དགུང་ལོ་ཉེར་ལྔ་པར་རེབ་གོང་སྐྱབས་མགོན་བདུན་པས་ཡོངས་འཛིན་པཎྚི་ཏ་ཡབ་སྲས་ལས་ཕར་ཕྱིན་གསན་སྦྱོང་གནང་སྐབས་རྗེ་འདིསཟིན་བྲིས་དོན་ལྡན་ངག་གི་མེ་ཏོགཞེས་པ་བརྩམས་པ་དང་།  འཇམ་དཔལ་ཞལ་ལུང་གི་ཁྲིད། མི་ཏྲ་བརྒྱ་རྩའི་དབང་།  དྲང་ངེས་ལེགས་བཤད་སྙིང་པོ་གུང་ཐང་མཆན་དང་ཨ་བྷྱཱའི་བསྡུས་དོན་སྦྲགས་པའི་བཤད་ལུང་སོགས་མང་དུ་གསན།རྒྱ་རྩིས་འཇམ་དཔལ་དགྱེས་པའི་འཛུམ་དཀརདངམགྱོགས་རྩིས་མུའི་ཐུང་སྒྱུ་མའི་གོམ་འགྲོསགཉིས་རེའུ་མིག་དང་བཅས་པ་བརྩམས་སོ།  །

སྨྲས་པ།

བཀའ་དང་བསྟན་བཅོས་བྱེ་བའི་སྙིང་བོ་ཀུན། །ལུང་དང་རིགས་པའི་ཡུར་བ་ལས་དྲངས་ཏེ། །

ཐུགས་ཀྱི་ཟེའུ་འབྲུ་རྒྱས་པའི་དཔལ་འབར་བ། །ཡབ་གཅིག་ཆོས་རྒྱལ་རྣམ་གསུམ་ཨེ་མ་རྨད། །ཅེས་པ་ནི་བར་སྐབས་སུ་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

.རྒྱ་ཆེན་ཐོས་པ་མང་དུ་བཙལ་ནས་བསྟན་འགྲོའི་དོན་ཆེན་མཛད་པའི་སྐོར།

དགུང་ལོ་ཉེར་དྲུག་པར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མན་ངག་རྣམ་གསུམ་དང་།  ཁྲི་རྒན་གསང་རྣམ་གྱི་ཁྲིད། པཎ་ཆེན་ཆོས་རྒྱན་དང་ལྔ་བ་ཆེན་མོ་ལྕང་སྐྱ་གོང་མ་རྣམས་ཀྱི་ཡིག་ཆ་སྦྲགས་པའི་གཟུངས་འབུལ་གྱི་ཁྲིད་ཕྲ་ཞིང་ཞིབ་པར་གསན། སྐབས་དེར་པཎ་ཆེན་སྣང་བ་མཐའ་ཡས་ཆོས་ཀྱི་ཉི་མ་སྐུ་འབུམ་དུ་ཕེབས་པར་ཞལ་མཇལ་དང་།  སྟོན་ཁ་ནས་ཁོང་རྡོ་རྗེ་འཆང་གིས་རྟོག་བདུན་འགྲེལ་ཆེན་རྡོ་རྗེ་ཚིག་གི་སྒོ་འབྱེད་བརྩམས་ཟིན་པ་ཞུས་དག་དང་འབྲེལ་བཤད་ལུང་གནང་བ་དང་།  ལྕགས་མཁར་དང་འཁྲུལ་འཁོར་སྦྱིན་སྲེག་རྣམ་གསུམ་གྱི་གདམས་པ་ཡོངས་རྫོགས་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན།  མེ་བྱི་ལོར་ཕར་ཕྱིན་བཞེད་མཚམས་བརྩམས་པའི་ཡི་གེ་བ་དང་།  དེའི་བཤད་ལུང་།  སྒོ་མང་ཕར་སྡོམ་གྱི་ཁྲིད་བཅས་དང་།  ཕར་ཕྱིན་གཟབ་ཁྲིད་མཇུག་གྲུབ་བསྟུན་འདུལ་བ་རྒྱས་ཁྲིད་ཀྱི་དབུ་ཚུགས།   མེ་གླང་ལོ་རྗེ་འཇིགས་མེད་ཞབས་དན་ཏིག་ཏུ་གདན་དྲངས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་སྩལ་བ་དང་།  གཞན་ཡང་གཞི་བྱེས་ཀྱི་དོན་གཉེར་ཅན་མང་པོར་ལེགས་བཤད་ཀྱི་ཐང་མ་བརྡལ་བའང་གསན། ཡོངས་འཛིན་བློ་བཟང་དཔལ་ལྡན་ལས་སུམ་པ་ཡབ་སྲས་ཀྱི་རྩིས་གཞུང་སྟེང་ནས་སྐར་རྩིས་སྟོང་འཇུག་གི་རི་མོ་སྦྱངས། འདི་དུས་དཔའ་རིས་ཕྱོགས་ཀྱི་རྒྱ་མི་གཡང་ཊིའི་གུར་ཁང་ཟེར་བ་ཞིག་བོད་ཡིག་སློབ་ཕྱིར་འོངས་པའི་མདུན་ནས་རྒྱ་ཡིག་བསླབས། ས་ཡོསསྤྱི་ལོ༡༩༣༩ལོར་རེབ་གོང་སྐྱབས་མགོན་བདུནཔ་མཆོག་ལ་དབྱངས་ཅན་སྒྲ་ཊཱིཀ་གི་ས་རིས་སྦྱོང་རོགས་བྱས་ཨ་བྷྱཱའི་ཞབས་ལས་ལམ་རིམ་ཆེན་མོའི་བཤད་ལུང་།  བེའུ་བུམ་སྔོན་པོའི་ལུང་།  བརྒྱ་རྩའི་ཕྱག་ཁྲིད། བཅུ་གསུམ་མའི་རིམ་གཉིས་ཀྱི་ཁྲིད་རྣམས་དང་།  ཟླ་ཕྱེད་ཙམ་ལ་སྟ་གོན་དང་བཅས་པའི་རྡོར་དབྱིངས་ཀྱི་དབང་།  སྦས་དོན་ཀུན་གསལ་གྱི་བཤད་ལུང་།  གུང་ཐང་རྗེའི་བསྟོད་འགྲེལ་གྱི་བཤད་ལུང་།  ལམ་རིམ་ཚིགས་བཅད་མ། བླ་མ་ལྔ་བཅུ་པ། འདུལ་བ་རྒྱ་མཚོའི་སྙིང་པོ་གསུམ་གྱི་བཤད་ལུང་སོགས་ཆོས་བཀའ་རྒྱ་ཆེན་པོ་དང་།  སྐབས་འདི་ནས་ཡང་བསྐྱར་སྙན་ངག་མེ་ལོང་དཀའ་འགྲེལ་དགྱེས་གླུ་དང་དཎྚིའི་དགོངས་རྒྱན། གྲགས་ཆེ་བའི་དཔེ་བརྗོད་གཉིས་བཅས་ཁྲིད་གཞུང་དུ་མཛད་ནས་ལེའུ་གསུམ་གའི་ཁྲིད་ལེགས་པར་གསན་ཅིངལེའུ་གསུམ་གའི་དཔེ་བརྗོདཀྱང་རིམ་པར་བརྩམས། གཞན་ཡང་མདོ་སྔགས་ཀྱི་བཤད་པ་མང་དུ་ཐོས་ཀིརྟིའི་དྲུང་ཡིག་དཀོན་མཆོག་ཤེས་རབ་དང་དུས་འཁོར་བ་དགེ་ལེགས་རྣམ་གཉིས་ལ་ལཉྫ་དང་ཝརྟུ། སུག་རིང་འབྲི་ཚུལ་ཁྲིད། ལྷ་སའི་ལྕགས་མགར་གྱིས་བཟོས་པའི་སྒོ་ལྕགས་ཀྱི་ལྡེ་མིག་ལ་འདྲ་བླངས་པའི་དབྱངས་ལྡན་ཡིག་གསར་ཞེས་པ་ཞིག་ཀྱང་གསར་དུ་བཟོས་ཤིང་།  གཙང་བླ་རིན་པོ་ཆེ་ཁུ་དབོན་ལ་ལྕམ་སྲིང་བེའུ་བུམ་གྱི་ལུང་དང་།  སྟག་ཚ་ཚང་ལ་སྐྱེས་རབས་སོ་བཞི་བའི་ལུང་སྩལ། ལྕགས་འབྲུག་ལོར་དུས་འཁོར་བསྐྱེད་རྫོགས་ཀྱི་ཁྲིད་དང་།  འགྲེལ་ཆེན་དྲི་མེད་འོད་བུ་སྟོན་མཆན་སྦྲགས་ཀྱི་བཤད་ལུང་།  ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན། འཕོ་ཁྲིད་གསེར་གྱི་སྒོ་འབྱེད། ཞང་སྟོན་བསྟན་རྒྱམ་པའི་ཀྱེ་རྡོར་རིམ་གཉིས་རྣམས་ཀྱི་བཤད་ལུང་།  བདེ་མཆོག་རབ་འབྱམས། འཇིགས་བྱེད་བཅུ་གསུམ་མ་དང་བདེ་མཆོགགསང་འདུས། དྲིལ་བུ་ཕྱི་ནང་།  སྤྱི་བཀའི་རིག་བྱེད་མ་རྣམས་ཀྱི་དབང་ཆེན་དང་རྗེས་གནང་གི་སྐོར་མང་པོ་གསན། འདུལ་བའི་སྐོར་ཆ་ལག་དང་བཅས་པའི་དཔེ་ཁྲིད་གསན་གྲུབ་སྟེའདུལ་བའི་བརྡ་བཀྲོལ་གསལ་སྒྲོནབརྩམས།

བྱ་ཁྱུང་གིས་རྗེ་འཇིགས་མེད་པཎྚི་ཏ་གདན་དྲངས་ཏེ་རྗེའི་གསུང་འབུམ་གྱི་ལུང་སོགས་སྩལ་བ་གསན་པ་དང་།  བྲག་ལུང་མཁན་པོ་ཚང་དང་།  ཤར་གདོང་ཚང་།  མདོ་བ་ཞབས་དྲུང་ཆུང་བ་རྣམས་ལ་འཕགས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་དང་།  སྡེབ་སྦྱོར་དང་སྙན་ངགསུམ་ཅུ་བ་རྣམས་ཁྲིད། ཀ་རིང་དུ་ཕེབས་ནས་ལྕང་སྐྱ་སྐུ་ཕྲེང་གཉིས་དང་།  གྲུབ་དབང་འཇིགས་མེད་བསམ་གཏན་གྱི་གསུང་འབུམ་སོགས་ཀྱི་ལུང་གསན་པ་དང་།  དགུན་ནས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཐུགས་བཅུད་ཟབ་མོ་དབུ་མའི་གཞུང་རྗེའི་དགོངས་པ་རབ་གསལ་དང་།  དབུ་མ་ལུང་རིགས་གཏེར་མཛོད་ཁྲིད་གཞུང་དུ་མཛད་རྒྱ་བོད་ཧོར་གསུམ་གྱི་དབུ་མའི་ལེགས་བཤད་གཞན་གྱིས་ཟུར་བརྒྱན་ཏེ་དཔེ་ཁྲིད་གཟབ་རྒྱས་ཞུས། ཆུ་རྟ་ལོར་བྱ་ཁྱུང་ནས་ཨ་བྷྱཱ་ཞབས་ཀྱིས་དུས་འཁོར་དང་བདེ་མཆོག་གི་དབང་སོགས་དང་།  རྒྱལ་ཚབ་དང་མཁས་གྲུབ་ཀྱི་གསུང་འབུམ་གྱི་ལྗགས་ལུང་གནང་བ་གསན། ཀ་རིང་ནས་འཇིགས་བྱེད་དཔལ་པོད་ཀྱི་ལུང་།  མེ་ཏོག་བཅུད་ལེན་གྱི་ཁྲིད། སྤྱན་རས་གཟིགས་ཀྱི་དབང་སོགས་དང་།  རོང་བོར་ཕེབས་ནས་རིན་འབྱུང་བརྒྱ་རྩའི་རྗེས་གནང་།  འདུས་པའི་བསྐྱེད་རིམ་དང་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་།  རྩེ་གཞུང་དུ་དུས་འཁོར། གསང་འདུས། ཀུན་རིགསྨན་བླ་རྣམས་ཀྱི་དབང་དང་རྗེས་གནང་མང་པོ། རོང་བོར་གྲྭ་ཚང་གི་ངོར་ལེགས་བཤད་སྙིང་བོའི་བཤད་ལུང་སོགས་གནང་བ་གསན། ཤིང་སྤྲེལ་ལོར་ལུང་གཡོན་ཐང་དུ་རྡོ་རྗེ་འཆང་ཨ་བྷྱཱ་ཞབས་ལས་རྗེ་ཐམས་ཅད་མཁྱེན་པའི་ལྟ་བའི་ལེགས་བཤད་ལྔའི་ཡ་གྱལ་ལྕགས་མདའ་ལྕགས་གཞུ་ཞེས་བསྔགས་པ་དྲང་ངེས་ལེགས་བཤད་སྙིང་པོ་རྩ་བར་བཟུང་།  ཁོང་གིས་མཛད་པའི་འགྲེལ་ཆེན་དང་བསྡུས་དོན་ཁྲིད་གཞུང་དུ་མཛད་ནས་དཔེ་ཁྲིད་ཟབ་ཅིང་རྒྱ་ཆེ་བ་གསན། དག་ཡིག་ཐོན་མིའི་དགོངས་རྒྱནརྩ་འགྲེལ་ལྷན་ཐབས་དང་བཅས་པ་བརྩམས་ཤིང་།  མགོ་ཟླའི་ཉེར་གཉིས་ཉིན་ཡོངས་འཛིན་བློ་བཟང་དཔལ་ལྡན་ཞི་བའི་དབྱིངས་སུ་གཞོལ་བར་དགོངས་རྫོགས་རྒྱ་ཆེར་མཛད།

ཤིང་བྱསྤྱི་ལོ༡༩༤༥ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་ནས་འཇིགས་མེད་པཎྚི་ཏས་རིམ་ལྔའི་དཀའ་འགྲེལ་དང་བསྡུས་དོན་རྩོམ་བཞིན་རིམ་ལྔ་གསལ་སྒྲོན་གྱི་དཔེ་ཁྲིད་གང་གཟབ་ཞུས། མཐུ་དགོན་པར་ཁང་ཆོས་མཛོད་བཀྲ་ཤིས་སྒོ་བརྒྱ་ཞེས་པ་བཞེངས། དགུང་ལོ་སོ་བདུན་པར་སྔར་བཞིན་ཟབ་རྒྱས་ཆོས་ཀྱི་གདམས་པའི་བདུད་རྩི་ངོམས་མེད་དུ་བཞེས་པ་དང་།  དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཟླ་དགུ་བའི་ཚེས་བདུན་གྱི་ཕྱི་དྲོ་མྱ་ངན་ལས་འདས་པར་དགོངས་རྫོགས་རྒྱ་ཆེར་བསྒྲུབས་པ་དང་།  བླ་མའི་ལུང་བསྟན་དང་།  གོང་ས་སྐལ་ལྡན་བདུན་པ། ཨ་རོལ་རིན་པོ་ཆེ། རོང་བོ་མཁན་ཆེན་ཚང་སོགས་ཀྱིས་གསུང་བསྐུལ་མཛད་པ་ལྟརརྟོགས་བརྗོད་གདུང་སེལ་སྨན་གྱི་ལྗོན་པདང་སྐུ་བསྟོད་ཚིགས་བཅད་མགཉིས་བརྩམས། མེ་ཕག་ལོའི་དཔྱིད་ཀ་ནས་སྐུ་གདུང་ལྷ་ཁང་ཆེན་མོ་བཞེངས་པ་དང་།  སྐུ་གདུང་མཆོད་རྟེན་བརྒྱད་ཀྱི་གཟུངས་འབུལ་མཛད། དབྱར་ཐོག་གསན་མཁན་ཉུང་བསྡུས་ལ་ཨ་བྷྱཱ་ཞབས་ཀྱི་བཀའ་འབུམ་བྲིས་དཔར་གཉིས་ལས་ལུང་ཁྲིད་བཤད་ལུང་གང་ཡོད་ཀྱི་ཆོས་རྒྱུན་སྩལ། ཨེ་ཝཾ་གཟིམ་ཁང་ནས་རི་ཁུད་སྤྲུལ་སྐུ་སོགས་བསྒྲུབ་བྱ་བཅོ་ལྔ་བསྙེན་རྫོགས་ལ་བཀོད། གཞནསྔགས་རིམ་ཚིགས་བཅད་མདང་།  ཡོངས་འཛིན་རྒན་པ་སྤྱན་སྔ་དཀོན་མཆོག་ཕུན་ཚོགས་ཀྱི་རྟོགས་བརྗོད》《དཔལ་ཆོས་མཁན་ཆེན་ཚང་གི་རྣམ་ཐརབཅས་རྩོམ་འཕྲོར་ལུས་པའི་ཁ་བསྐངས་ནས་མཇུག་གྲུབ་པར་བྱས། ཚོ་འདུ་མཁན་སྤྲུལ་རིན་པོ་ཆེར་བླ་མའི་བཀའ་འབུམ་ལས་རྣམ་ཐར་སྐོར་གྱི་ལུང་དང་།  ལྷག་མཐོང་ལས་བརྩམས་པའི་འབེལ་གཏམ་མཛད། བིས་མདོའི་དགེ་བཤེས་རྣམ་པ་གསུམ་གྱིས་རྩོམ་སྐུལ་གནང་བ་ལྟརདུས་འཁོར་སྡོམ་འགྲེལ་གསང་ཆེན་གཎྚིའི་སྒྲ་དབྱངསཞེས་བྱ་བའི་བསྟན་བཅོས་ལྗགས་རྩོམ་མཛད།

ས་བྱི་ལོར་ཆོས་སྡེ་ཆེན་པོ་བྱ་ཁྱུང་དུ་ཕེབས་ནས་སྤྲུལ་པའི་སྐུ་དང་དགེ་བཤེས་བགྲེས་གཞོན་བརྒྱ་ཕྲག་དུ་མར་ཨ་བྷྱཱའི་བཀའ་འབུམ་གྱི་ལུང་དང་།  སྟ་གོན་སྔོན་དུ་འགྲོ་བའི་འཇིགས་བྱེད་དཔའ་གཅིག་གི་དབང་བཞི་ལེགས་པར་བསྐུར། བྲག་ལུང་དགོན་དུ་ཡང་འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་དང་།  སྟག་དགོན་པར་རྗེ་ཙོང་ཁ་བའི་གསུང་འབུམ་གྱི་ལུང་།  ཀ་རིང་ཨེ་ཝཾ་དུ་འཇིགས་བྱེད་དཔའ་གཅིགམགོན་པོ་དང་ཆོས་རྒྱལ་གྱི་རྗེས་གནང་།  རྣམ་སྣང་མངོན་བྱང་གི་དབང་བཅས་གནང་།  དོན་གཉེར་ཅན་དུ་མར་སུམ་རྟགས། སྐར་རྩིས། རྒྱ་རྩིས། རྭ་བསྡུས། ཀིརྟིའི་སྡོམ་གསུམ་རྣམས་ལེགས་པར་ཁྲིད། ས་གླང་ལོར་རི་ཁུད་ཚང་སོགས་ལ་སྒྲ་དབྱངས་ཅན་མ་དང་སྔགས་བཀླག་ཐབས། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་ཀྱི་ཁྲིད་དང་།  འཇིགས་བྱེད་དཔའ་གཅིགཀུན་རིགརྣམ་སྣང་མངོན་བྱང་གསུམ་གྱི་དབང་བརྒྱུད་ལྡན་དམ་པའི་མན་ངག་བཞིན་བསྐུར་ཀ་རིང་ལུང་གཡོན་དུ་མ་ཎི་སྤྲུལ་སྐུ་སོགས་ལ་ཆོས་བཀའ་མང་པོ་དང་།  དོན་གཉེར་ཅན་སྐོར་ཞིག་ལ་དབྱངས་ཅན་དགྱེས་གླུ་དང་།  བདུད་རྩིའི་མཆོད་ཡོན་སྦྲགས་པ། དག་ཡིག་སྐྱ་རེངས་གསར་བ། བིས་པ་མི་ཕམ་ཟླ་བའི་ཡིག་བསྐུར་རྣམ་གཞག་རྒྱས་བསྡུས་སོགས་ཀྱི་དཔེ་ཁྲིད་སྩལ། སྐུ་གདུང་མཆོད་རྟེན་གྱི་དཀར་ཆག་གདུང་སེལ་སྨན་གྱི་དྲི་བསུངདངདྷྲུ་ཝ་ཡར་སློག་ཕུག་པའི་དགོངས་རྒྱན》《འདུལ་བ་ལས་བརྩམས་པའི་དྲིས་ལན》《རིགས་ལྡན་རྟོགས་བརྗོད་ཆེན་མོའི་དོན་ཟབ་སྒོ་བརྒྱ་འབྱེད་པའི་ལྡེ་མིགསོགས་བརྩམས།

ལྕགས་ཡོསསྤྱི་ལོ༡༩༥༡ལོར་རོང་བོ་དགོན་ཆེན་དུ་ཕེབས་ནས་ཤར་སྐྱབས་མགོན་བདུན་པ་ཆེན་པོར་མན་ངག་རྣམ་གསུམ་གྱི་ཁྲིད་ཕུལ་བ་དང་།  སྟོན་ཀར་སྐུ་འབུམ་དུ་ཕྱིན་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་དུས་འཁོར་དབང་ཆེན་མནོས།  དགུན་གོང་སྐྱ་ནས་སྐུ་མཚམས་མཛད་དེབླ་མ་རྡོ་རྗེ་འཆང་གི་གསང་རྣམ་གསོལ་འདེབས་རིན་ཆེན་དང་པོའི་སྦྲམ་བུམཛད། རི་ཁུད་ཚང་ལ་རྒྱ་རྩིས་བསམ་འཕེལ་དབང་རྒྱལ་དང་།  རྫོང་ནང་ཚེ་རྡོར་ལ་སྙན་ངག་གི་ཁྲིད་སྩལ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔར་མཇལ་སྐོར་དུ་ཕེབས། ལམ་བར་དུ་རྒྱ་བོད་སོག་གསུམ་གྱི་སྐྱེ་བོ་སའི་རྡུལ་གྲངས་དང་མཉམ་པའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན། བྱ་ཁྱུང་དུ་ཁོང་རྣམ་པ་བཅུ་གཅིག་ལ་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་ལུང་ཟབ་རྒྱས་དང་འགྲེལ་དབང་།  གཏམ་རྒྱུད་རིན་ཆེན་ཕྲེང་བ། བཀའ་གདམས་གསུང་སྒྲོས་ཐོར་བུ། རི་ཆོས་སྐལ་ལྡན་སྒྲོན་མེ། སྔགས་རིམ་ཚིགས་བཅད་མ་རྣམས་ཀྱི་ལུང་།  སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་རྗེས་གནང་།  དབལ་མང་རྒྱུད་སྡེ་སྤྱི་རྣམ་གྱི་ཁྲིད། འཇིགས་བྱེད་དཔའ་གཅིག་གི་དབང་བཅས་གནང་སྟེ་ཚིམ་པར་མཛད།

དགུང་ལོ་ཞེ་བཞི་པརགངས་ཅན་སྒྲ་རིག་པའི་ལེ་ཚན་འགའ་ཕྱོགས་བསྒྲིགསབརྩམས་པ་དང་།  རྨ་ལྷོ་བྱང་གི་སྔགས་གྲྭ་དྲུག་ཅུ་ལྷག་ལ་སུམ་རྟགས་དག་གསུམ་གྱི་དཔེ་ཁྲིད་དང་།  ཞིང་ཆེན་སྲིད་གཞུང་གི་འགོ་བ་ཚོས་བོད་ཡིག་བསྒྱུར་རྩོམ་གྱི་འགན་བཞེས་དགོས་པའི་བཀའ་ཕབ། དབྱར་བྱ་ཁྱུང་དུ་ཕེབས་ནས་གསན་མཁན་མང་པོར་དབེན་ས་བཀའ་འབུམ་གྱི་ལུང་དང་གཞི་གསུམ་ཆོ་གའི་བཤད་ལུང་།  འཇིགས་བྱེད་དཔའ་གཅིག་གི་དབང་སྟ། སྟག་དགོན་དུ་རྒྱལ་ཚབ་རྗེའི་གསུང་འབུམ་གྱི་ལུང་སོགས་གནང་བ་དང་།  བསྒྲུབ་བྱ་བརྒྱ་ཕྲག་མང་པོ་བསླབ་པའི་གཞི་ལ་བཀོད། ཤིང་རྟསྤྱི་ལོ༡༩༥༤ལོར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བསྒྱུར་སླད་པེ་ཅིན་དུ་ཕེབས་ཏེ་ཡིག་སྒྱུར་གནང་།  དེ་དུས་གངས་ཅན་འགྲོ་བའི་མགོན་པོ་རྣམ་གཉིས་ཀྱི་ཞལ་མཇལ་ཞིང་གསུང་གི་བདུད་རྩི་མྱངས། རྒྱལ་བ་རིན་པོ་ཆེ་ལས་ལམ་རིམ་སྤྱིའི་བཤད་པ་དང་།  དགའ་ལྷ། ལམ་གཙོ། ཡོན་ཏན་གཞི་གྱུར་མ། རྒྱལ་བ་མ་ལུས་མ་བཅས་ཀྱི་ལུང་དང་།  གཟིམ་ཆུང་ནས་གྲུབ་རྒྱལ་ཚེ་དབང་དང་།  སྐྱབས་འགྲོདགའ་ལྷའི་ལུང་བཅས་དགྱེས་བཞིན་སྩལ་བ་གསན། ཤིང་ལུག་ལོར་བླ་མ་རྡོ་རྗེ་འཆང་གི་གསུང་འབུམ་པོད་བཅོ་ལྔའི་པར་ལེགས་པར་བསྐོས་གྲུབ་ནསབཀའ་འབུམ་པར་དུ་བསྒྲུབ་ཚུལ་གྱི་དཀར་ཆག་ཛམྦུའི་ཆུ་གསེརབརྩམས་པ་དང་།  དབྱར་པེ་ཅིན་དུ་ཚོགས་འདུ་ཆེན་མོའི་རྩོམ་སྒྱུར་གྱི་བྱ་བར་ཞུགས། ཆོས་སྡེ་ཆེན་པོ་བྱ་ཁྱུང་དུ་རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོས་འཇིགས་བྱེད་རྣམ་གཉིས། གསང་འདུས། བདེ་མཆོགའཁོར་ཆེན། རྟ་མགྲིན། ཐུགས་རྗེ་ཆེན་པོ་རྣམས་ཀྱི་དབང་དང་།  འཇིགས་བྱེད། རྟ་མགྲིན། མགོན་པོ་གུར་ཆོས་རྒྱལ་རྣམ་གསུམ་གྱི་རྗེས་གནང་བཅས་ལེགས་པར་སྩལ་བ་གསན།

མེ་སྤྲེལ་ལོའི་དཔྱིད་ཨེ་ཝཾ་ནས་སྤྲུལ་སྐུ་ཆེ་ཆུང་མང་པོར་ཨ་བྷྱཱའི་བཀའ་འབུམ་གྱི་ལུང་གནང་བ་དང་།  དན་ཏིག་དཀར་ཆག་དོན་ལྡན་ངག་གི་རྒྱུད་མངསཞེས་པ་སྔོན་མེད་ཀྱི་ལོ་རྒྱུས་རྒྱས་པ་བརྩམས། དགུན་སྲིད་གཞུང་གི་བཀས་མཚོ་སྔོན་གྱི་བླ་སྤྲུལ་མང་པོ་ལྟད་སྐོར་ཚོགས་པའི་ཚོགས་གཙོའི་འགན་བཞེས་ཏེ་ཙི་ནའི་ཡུལ་གྲུ་ཀུན་ཏུ་ལྟད་མོར་ཕེབས། ནན་ཅིན་དུ་རི་བོ་ཙི་ཅིན་གྱི་རྩེ་མོར་ཕྱིན་ཏེ་དེང་རབས་ཅན་གྱི་རྒྱང་ཤེལ་ལས་ནམ་མཁའི་གོ་ལར་ཞིབ་གཟིགས་དང་།  འབྱུང་འགྱུར་ལོ་དུ་མའི་ཉི་ཟླ་གཟའ་འཛིན་གྱི་མྱོང་བྱང་ཞིག་ཀྱང་ཕྱག་ཏུ་སོན། མེ་བྱའི་ལོར་ལུང་གཡོན་དུ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོའི་ལུང་སྩལ་བ་དང་།  དབྱར་ཟི་ལིང་དུ་ཕེབས་ནས་སྲིད་དང་འབྲེལ་བའི་ཕྱག་ལས་གནང་།  ཆོས་སྡེ་ཆེན་པོ་བྱ་ཁྱུང་གིས་གདན་ཞུས་ལྟར་ཕྱིན་ནས་བླ་གྲྭ་བརྒྱ་ཕྲག་དུ་མར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་སྩོལ་བའི་དབུ་ཚུགས་པ་དང་།  བྱ་ཁྱུང་གདན་རབས་ཡིད་འཕྲོག་གཏམ་གྱི་ཉིང་ཁུདངཨ་ལགས་མདོ་བ་ཚང་གི་རྟོགས་བརྗོད་སྙན་ངག་མ་དྲོས་རྫིང་བུསོགས་བརྩམས། མཁས་དབང་གསུང་རབ་རྒྱ་མཚོ་སོགས་དང་ལྷན་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་ལེགས་སྒྲིག་དང་ཞུས་དག་གནང་།  ཞིང་ཆེན་མི་རིགས་སློབ་གྲྭའི་བོད་ཡིག་དགེ་རྒན་རྣམ་པའི་རེ་བ་ལྟར་སྐྱེས་རབས་སོ་བཞི་པའི་དཔེ་ཁྲིད་དང་།  སུམ་རྟགས་རིག་པའི་མེ་ལོང》《སྙན་ངག་མེ་ལོང་གི་སྤྱི་དོན་སྡེབ་ལེགས་རིག་པའི་འཆར་སྒོ》《ཡིག་བསྐུར་གྱི་རྣམ་གཞག་ལྷག་བསམ་པདྨོ་འཛུམ་པའི་ཉིན་བྱེད》《ཀ་ཁའི་རྣམ་གཞག་ཐོན་མིའི་བཞད་སྒྲསོགས་ལྗགས་རྩོམ་གནང་ངོ་།  །

སྨྲས་པ།   ཁོ་ལག་རབ་རྫོགས་དཔག་བསམ་གྱི་ལྗོན་པས།  །དགོས་འདོད་མ་ལུས་གང་བསམ་དུ་འཇོ་བ། །

གནས་ལྔ་ཀུན་གཟིགས་ཡོངས་རྫོགས་ཀྱི་བཤེས་དེའི། །འཆད་རྩོད་རྩོམ་པའི་མཛད་འཕྲིན་གྱི་དཔེར་འོས། །ཞེས་པ་ནི་བར་སྐབས་སུ་ངལ་གསོ་བའི་ཚིགས་སུ་བཅད་པའོ།  །

.འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བའི་མཛད་པའི་སྐོར་།

རབ་རྒྱལ་ས་ཁྱིསྤྱི་ལོ༡༩༥༨ལོ་ནས་རྒྱལ་བའི་བསྟན་པ་ལ་གེགས་ཆག་ཆེན་པོ་བྱུང་བ་དང་།  ས་ཕག་ལོར་ཡིག་ཆ་གལ་ཆེན་འགའ་རེ་སྒྱུར་རྩོམ་དང་ཞུས་དག་གི་དོན་དུ་མི་རིགས་དཔེ་སྐྲུན་ཁང་གིས་གདན་ཞུས་ལྟར་པེ་ཅིན་དུ་ཕེབས། དེར་བླ་བྲང་གི་མཁས་པའི་དབང་པོ་སྨྲ་བའི་སེང་ཆེན་དམུ་དགེ་བསམ་གཏན་རྒྱ་མཚོ་དང་ལྷན་དུ་ཟླ་ངོ་གསུམ་ལྷག་ཙམ་གྱི་རིང་ལ་དོན་དང་ལྡན་པའི་འབེལ་གཏམ་ཅི་རིགས་ཀྱིས་དུས་འདས། སྔ་ཕྱིརབླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་ཐུབ་བསྟན་ཁང་བཟང་མཛེས་པའི་ཏོགདང་།ཆོས་ལ་བསྐུལ་བའི་མགུར་དབྱངས་དད་པའི་ལྗོན་ཤིང》《མ་ཧཱ་ཙི་ནའི་སྐར་རྩིས་ཀྱི་གོ་དོན་ངོ་མཚར་རིག་པའི་འཕྲ་ཚོམསོགས་བརྩམས། དགུང་ལོ་ང་དྲུག་པ་ཤིང་སྦྲུལ་ནས་དགུང་ལོ་རེ་བདུན་པ་མེ་འབྲུག་ལོའི༡༩༦༥-༡༩༧༦དྲུག་པའི་བཅུ་གསུམ་བར་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་རྒྱལ་པོའི་ཆད་པ་ལས་ཀྱི་འཇིགས་པ་ཐོག་ཏུ་བབས་ནས་ཁྲི་མོན་དུ་བཞུགས་དགོས་བྱུང་།  མེ་འབྲུག་ལོར་རྡོ་སྦིས་སྟོད་མའི་གྲོང་སྡེ་ཧོར་དྲོ་བ་ཞེས་པའི་ཡུལ་དུ་ཕེབས་ནས་གཞི་བཏིངས། སྐབས་དེརརྒ་བའི་སྡུག་བསྔལ་རང་ཐོག་ཏུ་བབས་པའི་ངོ་སྤྲོད་འཁོར་བའི་རང་མཚང་སྟོན་པའི་མེ་ལོངདང་།  མདོ་སྨད་གྲུབ་པའི་གནས་མཆོག་རི་བོ་དན་ཏིག་རྗེས་སུ་དྲན་པའི་གདུངས་དབྱངས་ངོ་མཚར་སྒྱུ་མའི་ལྟད་མོགཡེར་གཤོང་ཚང་གིས་བསྐུལ་ནསབསླབ་བྱ་ཐར་འདོད་ཡིད་ཀྱི་བཅུད་ལེནམང་ཐོས་འཇིགས་མེད་དོན་གྲུབ་ཀྱི་ངོརགཅིག་དུ་བྲལ་གྱི་གནད་གཞིའི་དཔྱད་པ་ཉམས་སུ་ལེན་པའི་ལྟ་མགུར་ཀླུ་སྒྲུབ་དགྱེས་པའི་མཆོད་ཡོན》《ཕྱོགས་བཅུའི་མུན་སེལ་གྱི་མདོ་དོན་ཁྲིགས་ཆགས་སུ་བཀོད་པ་དགོས་འདོད་ནོར་བུཞེས་པ་སོགས་བརྩམས། ཁོང་གི་བུ་སློབ་སྤྲུལ་བའི་སྐྱེས་མཆོག་དུ་མས་ཡང་ཡང་བསྐུལ་བ་ལྟརཤཱཀྱའི་རྗེས་ཞུགས་འཇིགས་མེད་རིགས་པའི་བློ་གྲོས་རང་གི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བདུད་རྩིརྩོམ་པའི་དབུ་བཙུགས་ཤིང་།  དགུང་ལོ་རེ་དགུ་བརམཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེརབརྩམས་པ་དང་།  ལོ་དུ་མའི་སྔོན་ནས་བསྟན་རྩིས་རེའུ་མིག་རྒྱས་པ་ཞིག་འབྲི་རྩིས་ཀྱིས་དེབ་ཐོག་ཏུ་ཐོ་འགོད་བྱས་པ་ལོ་སྔ་ཕྱི་འདིར་བསྒྲིགས་ཏེ་མཚན་ལབསྟན་རྩིས་ཀུན་བཏུསསུ་གསོལ།  ཡང་ཁོང་གི་ཐུགས་དགོངས་ལ་སྙིགས་དུས་ཀྱི་གདུལ་བྱ་མང་པོར་ཕན་དུ་རེ་བསཉི་མའི་གཉེན་གྱི་བསྟན་ལ་གཅེས་པའི་ཀུན་སློང་མཚོན་པའི་དྲི་བ་ལྷག་བསམ་དཀར་པོའི་རྦ་རླབས་ཀྱི་གཟེགས་མདང་།  གླེན་རྟགས་བཅུ་གཉིས་སྟོན་པའི་བསླབ་བྱ་ལྕགས་ཀྱི་ཐུར་མ》《སློབ་མ་དད་པ་ཅན་ལ་ཕན་པའི་བསླབ་བྱ》《མཐོན་པོ་གནམ་དང་དམའ་མོ་ས་གཤིབ་པའི་བསླབ་བྱ་གསེར་གྱི་སྦྲམ་བུསོགས་སྔ་ཕྱིར་བརྩམས།

ཀན་སུའུ་ཞིང་ཆེན་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དུ་གདན་ཞུས་ལྟར་ཕེབས་ནས་དགེ་སློབ་མང་པོར་སུམ་རྟགས་དག་གསུམ་དང་སྙན་ངག།ནང་དོན།རྩོམ་རིག།ལོ་རྒྱུས་སོགས་ཀྱི་དཔེ་ཁྲིད་གཟབ་རྒྱས་གནང་བ་དང་།  སི་ཁྲོན་ཁྲེང་ཏུའུ་རུ་ཕེབས་ནས་གངས་ཅན་མཁས་དབང་མང་པོ་དང་ལྷན་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་བྱ་བར་ཞུགས་ཏེ་ལོ་རྒྱུས་སྐོར་གྱི་མིང་ཚིག་ཕྱོགས་བསྒྲིགས་དང་།  དོན་གཉེར་ཅན་དུ་མར་ལེགས་བཤད་ནོར་བུ་མང་དུ་སྩལ། ལོ་རྒྱུས་ཀྱི་ལོ་ཚིགས་གཏན་འབེབས་ས་ཆེན་གྲགས་པའི་དགོངས་རྒྱནདང་།  ལོ་ཚིགས་སྐོར་གྱི་བརྗེད་བྱང》《བསྟན་རྩིས་ཟུར་རྒྱན་ཉེས་རྡུལ་སྤྲུགས་པའི་རྔ་ཡབསོགས་གསར་རྩོམ་དང་སྐྱེས་སྤྲུལ་མང་པོར་དབང་ལུང་མན་ངག་ཁྲིད་ཀྱི་རིམ་པ་མང་དུ་སྩལ། དགུང་ལོ་བདུན་ཅུ་བ་ས་ལུགསྤྱི་ལོ༡༩༧༩ལོར་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་དགེ་བཤེས་དུ་མས་གསོལ་བ་བཏབ་པ་ལ་བརྟེན་ནསལམ་རིམ་ཆེན་མོའི་བརྗེད་བྱང་གི་སྙིང་པོ་ཀུན་ལས་བཏུས་པ་ལེགས་བཤད་འདོད་འཇོཞེས་བྱ་བའི་སྔོན་མེད་ཀྱི་བསྟན་བཅོས་ཆེན་པོ་རྩོམ་པའི་དབུ་བཙུགས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་དུས་དང་དུས་སུ་དཔེ་ཁྲིད་གནང་བ་དང་།  སུམ་རྟགས་གཉིས་ཀྱི་དགོངས་དོན་འཁྲུལ་མེད་དུ་སྟོན་པ། འགལ་འཁྲུལ་ལོག་རྟོག་གི་དགག་སྒྲུབ་དབྱངས་སུ་གྱེར་པའི་བསྟན་བཅོསཐོན་མིའི་ཞལ་ལུངདང་།  བདག་གཅེས་འཛིན་དང་གཞན་གཅེས་འཛིན་གཉིས་ཀྱི་ཁ་ཤགས་འཐབ་པ་སེམས་ཀྱི་གླང་སྨྱོན་འདུལ་བའི་ལྕགས་ཀྱུ》《ཐོན་མིའི་བཞད་སྒྲ》《ལཉྫའི་མ་ཕྱི》《ཝརྟུའི་མ་ཕྱི》《ལཉྫའི་ཐིག་འགྲེལ》《ཐོན་མིའི་མཛུབ་རིསསོགས་བརྩམས།

རབ་རྒྱལ་ལྕགས་སྤྲེལ་ལོར་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཀྲུན་ཏུ་ཕེབས་སྐབསརྟོགས་བརྗོད་དངུལ་གྱི་མེ་ཏོགཞེས་པའི་སྙན་ངག་བརྩམས་པ་དང་།  གཞན་ཡངསྐུ་འབུམ་ཆུ་དཀར་རི་ཁྲོད་ཀྱི་གནས་བསྟོད་ཚངས་སྲས་དགྱེས་པའི་གླུ་དབྱངས》《གནས་བརྟན་ཚུལ་ཁྲིམས་མེ་ལོང་དང་དགེ་ཚུལ་ཤེས་རབ་རལ་གྲི་གཉིས་ཀྱི་འབེལ་གཏམ་རྐང་ལ་ཟུག་པའི་མེ་བཙའསོགས་ལྗགས་རྩོམ་དང་།  ལོ་འདིའི་ཟླ་བ་གསུམ་པ་བདུན་པ་བཅུ་བ་སྟེ་སྔ་ཕྱིར་ཀ་རིང་དུ་ལན་གསུམ་ཕེབས་ཏེ་དབང་ལུང་རྗེས་གནང་གིས་ཚིམ་པར་མཛད། ལྕགས་བྱསྤྱི་ལོ༡༩༨༡ལོར་དན་ཏིག་དང་།  ཚེ་ཏན་དགོན། ཀ་རིང་ཨེ་ཝཾ་སོགས་ཀྱི་ཆོས་སྒོ་ཕྱེ་སྐབས་ཕེབས་ཏེ་འདོད་ཆོས་མང་དུ་སྩལ་བ་དང་།  བསྒྲུབ་བྱ་སྟོང་ཕྲག་མང་པོ་དགེ་ཚུལ་སློང་གི་བསླབ་པར་བཀོད། རོང་བོ་དགོན་པའི་རིགས་སྨྲའི་དབང་ཕྱུག་དགེ་འདུན་བསྟན་འཛིན་དང་དགེ་འདུན་དར་རྒྱས་རྣམ་གཉིས་ཀྱིས་བསྐུར་ངོརསྐྱབས་འགྲོའི་ཁྲིད་ཡིག་བསྟན་པའི་འཇུག་སྒོདང་།  དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་གདུང་ཆོག་བྱེད་ཚུལ་ཕན་བདེ་འདོད་འཇོ》《ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་བསྡུས་པ་དད་པའི་སྒོ་འབྱེད》《བོད་དར་གྲུབ་མཐའ་སོ་སོའི་མིང་འདོགས་ཀྱི་དཔྱད་པ་འཁྲུལ་སེལ་ངག་གི་ཕྱགས་མསོགས་གསར་རྩོམ་དང་།  ཕྱོགས་སོ་སོར་ཕེབས་ཏེ་སྐལ་ལྡན་གྱི་གདུལ་བྱ་མང་པོར་ཆོས་ཀྱི་བགོ་བཤའ་བར་མེད་དུ་སྩལ།

ཆུ་ཁྱི(སྤྱི་ལོ༡༩༨༢)ལོའི་ཧོར་ཟླ་གཉིས་པར་ལམ་རིམ་བརྗེད་བྱང་ཆེན་མོ་བརྩམས་གྲུབ་པ་དང་།  གཞི་གསུམ་གྱི་ཕྱག་ལེན་ཉེས་ལྟུང་དྲི་མ་འཁྲུད་པའི་འདག་རྫས》《གངས་ཅན་བོད་ཀྱི་ཡིག་གཟུགས་འབྲི་ཚུལ་གྱི་མཛེས་རྩལ་ཇི་ལྟར་བྱུང་བ》《བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་གྱི་སྐད་བོད་སྐད་དུ་ཇི་ལྟར་བསྒྱུར་ཚུལ་སྐོར》《སྙན་ངག་མེ་ལོང་གི་འདོད་པའི་གཏམ་གྱི་ཕྱོགས་སུ་གཞོལ་བའི་དཔེར་བརྗོད་ཀྱི་དཔྱད་པ་བག་ཡོད་གོས་ཀྱི་ཤམ་བུསོགས་གསར་རྩོམ་དང་།  སློབ་གྲྭའི་སློབ་མ་དང་དགེ་རྒན། དགོན་པའི་སྤྲུལ་སྐུ་ཆེ་ཆུང་དང་དགེ་བཤེས་མང་པོར་མདོ་སྔགས་རིག་གནས་ཀྱི་ལེགས་བཤད་མང་དུ་སྩལ།  དགུང་ལོ་དོན་བཞི་བར་ལྷ་ས་སྨན་རྩིས་ཁང་གིས་དྲི་བ་ཕུལ་བ་ལྟརརབ་བྱུང་བཅུ་བདུན་པའི་མིང་འདོགས་ཀྱི་དཔྱད་པཞེས་པའི་རྩོམ་ཡིག་སྤེལ་ནས་རབ་བྱུང་བཅུ་བདུན་པ་ལ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ཉན་ས་ལས་བྱུང་བའི་དགེ་སྦྱོང་གི་རྒྱན་བཅུ་བདུན་དང་སྦྱར་ནས་རབ་རྒྱན་ཞེས་པའི་མིང་འདོགས་མཛད།  ཁ་ཏི་ཀའི་དགོན་པའི་འདུས་སྤྱིའི་མོས་པ་བཞིན་ཕེབས་ཏེ་རྗེའི་ཞལ་ཐང་རིན་པོ་ཆེ་དང་འདུ་ཁང་གསར་བཞེངས་ལ་རབ་གནས། སེར་སྐྱ་ཡོངས་ལ་ལུང་ཆོས་གནང་།  རྣམ་དཔྱོད་ཡངས་པ་འཇིགས་མེད་ཕྱོགས་གླང་གིས་ཞུས་པ་བཞིནཁ་ཏི་ཀའི་དགོན་པའི་རྟེན་གཙོ་རྗེ་ཞལ་ཐང་གཞན་ཕན་ཆེན་མོའི་ལོ་རྒྱུས་མདོར་བསྡུས་བསོད་ནམས་ཆུ་གཏེར་འཕེལ་བའི་ཟླ་ཟེརདང་།སྔ་ཕྱིརསྒོ་དམར་བྱམས་ཆེན་དཀར་ཆག་མུ་ཏིག་ཕྲེང་མཛེས》《དམ་པའི་ཆོས་ལ་བསྐུལ་བའི་བསླབ་བྱ་རྟག་འཛིན་དུག་ཚེར་འབྱིན་པའི་སྨན་ཁབ》《བསླབ་བྱ་རབ་སྙན་ཁུ་བྱུག་སྐད་གདངས》《དགེ་བསྙེན་གྱི་སྡོམ་པ་ཚུལ་བཞིན་དུ་བསྲུང་དགོས་པའི་བསླབ་བྱ་གཞན་ཕན་ལྷ་ཡི་བདུད་རྩི》《འཆི་ཁར་ཕན་པའི་གདམས་ངག་ཉམས་ལེན་གྱི་སྙིང་པོ》《ཡིད་དགའ་ཆོས་འཛིན་དུ་སྐྱེ་བར་སྨོན་པའི་བདེན་ཚིག་གཡས་འཁྱིལ་དུང་གི་སྒྲ་དབྱངས》《ལམ་རིམ་སྨོན་ལམ་དང་ཤམྦྷ་ལར་སྐྱེ་བའི་སྨོན་ཚིགསོགས་གསར་རྩོམ་དང་།  དགེ་སློབ་མང་པོ་དང་གྲྭ་བཙུན་མང་པོར་དབང་ལུང་མན་ངག །མདོ་སྔགས་རིག་གནས་ཀྱི་འཆད་སྤེལ་རྒྱུན་ཆད་མེད་པར་སྩལ། ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་བློ་བཟང་དཔལ་ལྡན་གྱིས་མཛད་པའི་སྔགས་སྟོང་ཐུན་ཆེན་མོ་རྩོམ་འཕྲོར་ལུས་པར་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་འདུས་སྤྱིས་ནན་བསྐུལ་ཞུས་པ་ལྟརསྔགས་ཀྱི་བསྡུས་དོན་གསང་ཆེན་བདུད་རྩིའི་སྙིང་པོའི་དགོངས་འགྲེལ་སྔགས་ཕྱོགས་སྟོང་ཐུན་རིག་འཛིན་སྐལ་བཟང་མིག་འབྱེད་ལས་རྣལ་འབྱོར་བླ་མེད་སྐོར་གྱི་ཁ་སྐོང་གསང་ཆེན་ཉ་ཟླའི་དཀྱིལ་འཁོརཞེས་པའི་བསྟན་བཅོས་ཆེན་པོའི་རྩོམ་དབུ་བཙུགས།

ཤིང་བྱིསྤྱི་ལོ༡༩༨༤ལོར་དན་ཏིག །ཀ་རིང་།  བྱ་ཁྱུང་སོགས་ཆོས་སྡེ་མང་པོར་ཕེབས་ཏེ་དགེ་འདུན་འདུས་པའི་སྡེ་ལ་དབུང་ལུང་མན་ངག་ཁྲིད་ཀྱི་ཆོས་འཁོར་བསྐོར་བ་དང་།  རྨ་ལྷོ་རྒྱུད་ཀྱི་ཆོས་སྡེ་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གཙོ་བྱས་པའི་སྒྲུབ་སྡེ་སོ་སོར་ཕྱིན་ཏེ་ལེགས་བཤད་ཀྱི་བདུད་རྩི་བར་མེད་དུ་སྩལ། སྔ་ཕྱིར་པེ་ཅིན་སོགས་མེས་རྒྱལ་ནང་ཁུལ་དང་།  ལྷ་ས་ཀན་ལྷོ་མཚོ་སྔོན་སོགས་བོད་ཀྱི་ས་ཕྱོགས་ཀུན་ཏུ་ཞབས་ཀྱིས་བཅགས་ཤིང་ཆོས་ཀྱི་དགའ་སྟོན་སྤེལ་བ་དང་།  དགུན་ཐོག་ཀིརྟི་སྔགས་སྡོམ་གྱི་འགྲེལ་བ་བརྩམས་གྲུབ། དགུང་ལོ་དོན་དྲུག་པ་ཤིང་གླང་ལོར་ཁོང་གི་ཐུགས་ལ་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ལས་ལེགས་སྦྱར་སྒྲ་རིག་པ་དང་སྐར་རྩིས་ཀྱི་འཆད་ཉན་རྒྱུན་ཕྲ་བར་བརྟེན་སྒྲ་རྩིས་ཀྱི་ཞིབ་འཇུག་འཛིན་གྲྭ་བསྒྲུབས་རྩིས་ཀྱིས་སློབ་མ་བསྡུས་པར་རྗེས་སོར་ཁྲིད་རྒྱུ་མ་བྱུང་།  སྔ་ཕྱིར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཅོ་ཧྲིག།ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་སྐར་རྩིས་རིག་གཞུང་ཚོགས་པའི་མཚན་འཛིན་ཚོགས་གཙོ། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་མི་རིགས་སྐད་ཡིག་སློབ་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་སོགས་ཀྱི་འགན་བཞེས་ཡོད། ལོ་དེའི་ཧོར་ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གླིང་དུ་དགེ་སློང་མང་པོར་ཆོས་བཀའ་གསུང་བཞིན་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།  །

རྗེ་འདིས་ཆོས་ཀྱི་བདུད་རྩིས་བསྐྱངས་པའི་བུ་སློབ་ནི་ཕྱག་ན་པདྨོ་ཤར་སྐྱབས་མགོན་བདུན་པ་ཆེན་མོ། ལུང་རྟོགས་བསྟན་པའི་མཛེས་རྒྱན་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། སྨྲ་བའི་དབང་ཕྱུག་པཎྚི་ཏ་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། བཤད་སྒྲུབ་བསྟན་པའི་མངའ་བདག་ཐུགས་སྲས་གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ། རྫོང་ཆུང་པཎྚི་ཏ་མཁས་བཙུན་ལུང་རིགས་རྒྱ་མཚོ། བསླབ་གསུམ་རྒྱན་ལྡན་སྐུ་དཔོན་གསེར་རིའི་མ་ཎི་བ་འཇིགས་མེད་ལེགས་བཤད་སྒྲ་དབྱངས་སོགས་སྐལ་ལྡན་གྱི་སློབ་མ་ས་ཆེན་པོའི་རྡུལ་གྲངས་ལྟར་བགྲང་བ་ལས་འདས་ཤིང་།  གསུང་རྩོམ་གྱི་ཆ་ནས་མདོ་སྔགས་རིག་གནས་རྣམ་ཐར་ལོ་རྒྱུས་གསན་ཡིགཆབ་ཤོགབསྟོད་ཚོགས་གསོལ་འདེབས་དྲིས་ལན་མཎ་བཤད་སོགས་པོད་བཅུ་གསུམ་ལོངས་པ་བཞུགས་ཡོད་དོ།   །

སྨྲས་པ།

རྒྱ་ཆེན་རིག་པར་ཐོས་པས་སྒྲོ་འདོགས་བཅད།  །དེ་དོན་རྒྱུད་ལ་སྦྱངས་ཏེ་ཉམས་རྟོགས་བརྡོལ། །

ཀུན་ཀྱང་སྐྱེ་འགྲོའི་འདི་ཕྱི་དགེ་བའི་ཆེད།  །ཕུལ་བའི་མཛད་བཟང་ཕྱོགས་ཀྱི་འཁོར་ལོར་ཁྱབ།   །

འདི་བྲིས་དགེ་བས་ཚེ་རབས་ཐམས་ཅད་དུ།   །ཐེག་ཆེན་ཆོས་ཀྱི་མཛོད་ལ་དབང་བསྒྱུར་ཅིང་།   །

རྫོགས་ལྡན་གསར་བའི་ཉིན་བྱེད་འཆར་བའི་ཚེ།  །འཁོར་གྱི་ཐོག་མ་ཉིད་དུ་གྱུར་ཅིག་གུ།   །


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།