དཔལ་ཚེ་ཏན་ཞབས་དྲུང་ལ་བསྔགས་པ་ངོ་མཚར་གཏམ་གྱི་མེ་ཏོག་ཅེས་བྱ་བ།

༄༅། །ངེས་དོན་མཁས་པའི་ཁྱུ་མཆོག་རྗེ་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་པོ་ལ་བསྔགས་པ་ངོ་མཚར་གཏམ་གྱི་མེ་ཏོག་ཅེས་བྱ་བ།

1.jpg

འཇིགས་མེད་སྟོབས་བཅུ་མངའ་བའི་མདོ་རྒྱུད་ལུགས་བཟང་ཀཻ་ལ་ཤ་ཡི་རི་སུལ་རྟག་ཏུ་སྐྱོང་། །དྲི་མེད་ལུང་དང་རིགས་པའི་ལུས་རྩལ་དར་བབ་ཕས་རྒོལ་འབུམ་སྡེ་གནོན་པའི་གད་རྒྱངས་ཅན། །ཟླ་མེད་བློ་གྲོས་མཆོག་གི་གཡུ་རལ་ཁུར་འཆང་གཞན་ཕན་ལྷག་བསམ་རང་མདངས་དུང་ལས་དཀར། །དཔག་མེད་སྐལ་ལྡན་རི་སྐྱེས་བྱེ་བའི་གཉེན་གྱུར་སྨྲ་བའི་སེང་ཆེན་ཕྱོགས་ལས་རྒྱལ་གྱུར་ཅིག །དག་པ་ལྔ་ལྡན་རིན་ཆེན་ཐེམ་སྐས་ལས་བབས་དམར་སེར་ཐུན་མཚམས་གསར་བའི་སྲོལ་ལ་བརྟེན། །ཟབ་རྒྱས་ཤེས་བྱའི་རི་མོ་མ་འདྲེས་གསལ་བྱེད་རྣམ་དག་ཡི་ཤེས་འབར་བའི་གཟི་འོད་འཁྱུག །སྣ་ཚོགས་མོས་པའི་ཆུ་བོར་ཅིར་ཡང་འཆར་བའི་ངོ་མཚར་ཟླ་བརྙན་སྟོང་གི་རོལ་གར་གྱིས། །དཔག་ཡས་སྐྱེ་དགུར་མ་ནོར་ལམ་བཟང་མཚོན་མཁས་ཟླ་མེད་བཤེས་གཉེན་མཆོག་གང་སྲིད་ཞིའི་མིག །ངག་ལ་དབང་འབྱོར་དབྱངས་ལྡན་ལྷ་ཡི་བུ་མོ་ཐུགས་ཀྱི་ཁབ་ཏུ་བག་མར་བསུས་པའི་མཐུས། །དྭངས་གསལ་མཁྱེན་པའི་ཡི་ཤེས་མེ་ལོང་གཅིག་ལ་བདེན་གཉིས་ཤེས་བྱའི་སྣང་བརྙན་འབུམ་དུ་རྫོགས། །བཅུ་ཕྲག་རིག་པའི་མེ་ཏོག་འཛུམ་བརྒྱར་རྒོད་ལས་ལེགས་བཤད་སྦྲང་རྩིའི་འདོད་པ་ཅི་ཡང་འཇོ། །སྔོན་མེད་པཎ་ཆེན་རིན་ཆེན་དང་པོའི་ལྷུན་པོར་བདག་བློ་དད་པའི་ཕྱོགས་སུ་ཀུན་ནས་ལྷུང་། །ཀླུ་ཐོགས་བློ་གྲོས་གཅིག་ཏུ་བསྡེབས་པ་མིན་ནམ་འེད་པ་སྐལ་བཟང་སྙིང་གི་དཔྱིད་དུ་དར། །ཕྱོགས་གླང་གྲགས་པའི་རིགས་འཕྲུལ་འདུས་པ་མིན་ནམ་རྩོད་པ་ཕས་རྒོལ་འཇོམས་པའི་གཤེད་དུ་འབར། །དགེ་དབང་དཔའ་བོ་སླར་ཡང་བྱོན་པ་མིན་ནམ་རྩོམ་པ་མཁས་དགུ་མཆོད་པའི་ཡོན་ཏུ་སྤྲོ། །འཇམ་དཔལ་སྙིང་བོའི་གར་གྱི་སྒྱུ་འཕྲུལ་མིན་ནམ་མཁས་རློམ་ཕལ་བ་སྟོང་གི་སྒྲུན་དུ་མེད། །ལྟར་སྣང་སྟོང་སྐད་བྲག་ཆའི་གཞུང་ལུགས་མ་ཡིན་མདོ་རྒྱུད་གཞུང་བརྒྱ་ལེགས་པར་སྦྱངས་པས་མཁས། །ནག་ཆང་དུད་སྲེད་རྣམ་གཡེང་སྤྱོད་པ་མ་ཡིན་སྒོ་གསུམ་བག་ཡོད་ཁྲིམས་ཀྱིས་བསྡམས་པའི་བཙུན། །རང་རྒྱལ་གཞན་ཕམ་ཕྱོགས་རིས་བསམ་པ་མ་ཡིན་རླབས་ཆེན་བྱང་ཆུབ་སེམས་མཆོག་འབྱོངས་པས་བཟང་། །རིགས་མཐུན་བླུན་པོ་འདུས་པས་བསྟི་བསྟང་མ་ཡིན་མཁས་དགུས་བཀུར་འོས་དགེ་བའི་བཤེས་སུ་འཁུམས། །ཨེ་མ་བསིལ་ལྡན་སཱ་ལའི་སྨན་གྱི་ལྗོངས་འདིར་རྫོགས་ལྡན་དཔྱིད་ཀྱི་ལང་ཚོ་དར་བའི་དུས། །མཁས་གྲུབ་ལོ་པཎ་སྟོང་གི་མཚན་གྱི་རོལ་མོ་ཕྱོགས་ཀྱི་བུ་མོས་བརྡུངས་པའི་རང་སྒྲ་སྙན། །འོན་ཀྱང་དེང་དུས་མ་ཞུམ་སྙིང་སྟོབས་མཆོག་གིས་ལེགས་བཤད་བདུད་རྩི་གསར་བའི་གྲུ་ཆར་གྱིས། །རིས་མེད་གདུལ་བྱའི་མྱུ་གུ་སྨིན་པར་བྱེད་མཁས་དྲན་དབང་ཆུ་འཛིན་དབང་བོ་རེ་རེ་ཙམ། །སྟོང་འཁུན་བདག་པོའི་སྣ་ཚོགས་ཐབས་འཕྲུལ་ངོ་མཚར་ཟ་འོག་རིས་སུ་སྨིན་པའི་དྲ་བ་ལས། །གང་འཚམས་དགེ་ལེགས་འདོད་དགུ་འཇོ་བ་རྨད་བྱུང་རིག་པའི་ལྗོན་བཟང་དཔག་བསམ་མེ་ཏོག་ཅན། །ནོར་བུ་པད་མ་རྩེན་པའི་ཞིང་འདིར་གནའ་ནས་འཛུམ་པའི་མན་ཤེལ་འདབ་ལྡན་སྟེང་འཐུང་དང་། །ལྷན་དུ་མཛེས་པར་བཞད་པ་འདི་ཡང་མགོན་པོ་གང་གི་ཐུགས་བསྐྱེད་འཕྲུལ་གྱི་ཆ་ཤས་ཉིད། །གང་ཐུགས་ཤེས་བྱའི་གཟུགས་མཚར་བཀྲ་བ་བརྒྱ་བྱིན་མིག་སྟོང་བགྲད་པས་མ་མཚོན་འཆི་མེད་གྲོང་ན་སོམ་ཉིས་གཟིར། །བརྩེ་ཆེན་སྤྱན་ཞགས་དམན་སར་གཡོ་བས་སྲིད་པའི་གྲོང་འདི་སྟོང་བར་འགྱུར་ཞེས་ལུས་མེད་བདག་པོ་གདུང་བས་མནར། །ཕན་བདེ་འོད་རླབས་མཁའ་ལ་འཕྱུར་བ་ཀུན་ཏུ་བཟང་བོའི་མཆོད་པའི་སྤྲིན་གྱིས་རྒྱལ་དང་རྒྱལ་སྲས་དབྱིངས་ནས་དགྱེས། །ལེགས་བཤད་ནོར་བུའི་བགོ་སྐལ་བསྟབས་པས་སྐལ་བཟང་གཟུར་གནས་སིམ་པའི་དབྱངས་སྙན་ཁོར་ཡུག་ར་བའི་ཁོང་ལས་བརྒལ། །ཚོགས་གཉིས་བཟོ་བོས་འཕྲུལ་གྱིས་བསྒྲུབས་པའི་ཟླ་བའི་ཆ་ལས་བཏོན་པ་ལ་འཁུ་མཛེས་སྡུག་གཟུགས་སྐུ་གློ་བུར་ཡལ། །སྲིད་ཞིའི་ནད་བརྒྱ་འཇོམས་པའི་སྨན་མཆོག་གདུལ་བྱའི་བློ་དང་འཚམས་པར་འཇུག་པའི་ཚངས་དབྱངས་དབྱར་རྔ་དབྱིངས་སུ་འགགས། །ཟབ་རྒྱས་གཙུག་ལག་འབུམ་གྱི་མཛའ་བཤེས་སྒྲིབ་བྲལ་དག་པ་མཁྱེན་བརྩེ་གཏེར་ཆེན་མི་མངོན་ཞི་བའི་མལ་དུ་མནལ། །ཀྱེ་ཧུད་གང་ལ་དད་པའི་འགྲོ་རྣམས་མ་ཡིས་བོར་བའི་བྱིས་པ་དང་མཚུངས་ཉམ་ཐག་འོ་དོད་དབྱངས་ཀྱིས་བྲེལ། །འོན་ཏེ་ཆེར་སྙིགས་དུས་ཀྱིས་ནོངས་ཀྱང་སྔོན་གྱི་དམ་བཅའ་དཔག་བསམ་ནོར་བུའི་སྙིང་བོ་ཅན། །མི་ཞིག་གཡུང་དྲུང་རིས་སུ་སྨིན་པ་དུས་ལས་ཡོལ་བའི་གོ་སྐབས་ནམ་ཡང་སྲིད་མིན་པས། །དཔག་ཡས་མ་མར་གྱུར་པའི་སྐྱེ་དགུ་གཏན་བདེའི་བདུད་རྩིས་ཚིམ་པར་མ་བྱས་དེ་སྲིད་དུ། །མཁའ་དང་མཉམ་པར་འཇུག་པའི་འཕྲིན་ལས་བདག་སོགས་འགྲོ་བའི་སྐྱེ་ཞིང་སྐྱེ་བའི་དཔལ་དུ་ཤོག །

          ཅེས་པ་འདི་ནི་གང་གི་ཞལ་སློབ་འགས་མགོན་པོ་གང་ལ་རྗེས་དྲན་གྱིས་དེབ་ཆུང་གཅིག་སྐྲུན་རྩིས་ཀྱི་བརྡ་འབྱོར་སྐབས་རིག་སྨོན་པ་བཤད་སྒྲུབ་རྒྱ་མཚོས་ཤིན་ཏུ་དད་པས་འཕྲལ་དུ་བྲིས་པ་དགེའོ། །

ཡོངས་ཁུངས། དགེ་བའི་བཤེས་གཉེན་ཆེན་མོ་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།