ཡོངས་འཛིན་པཎྚི་ཏ་སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཆབ་ཤོག

            ༄༅། །  གོང་ས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞུ་འཕྲིན་དུ་ཕུལ་བ།

1.jpg

མདོ་སྔགས་ཆོས་ཚུལ་གདོང་ལྔ་འབར་བའི་ཁྲི་ལ་འདོད་དགུར་དབང་སྒྱུར་ཞིང་།།མ་ལུས་ཆོས་ཀུན་ཅིག་ཅར་མཁྱེན་པའི་འདྲེན་བྱེད་སྟོང་ཕྲག་རྣམ་པར་གཡོ། །ཁམས་གསུམ་ལུས་ཅན་འཆི་མེད་ཚོགས་ཀྱི་ཟུར་ཕུད་མཛེས་པའི་རྒྱན་དམ་པ།།མཚུངས་མེད་རྣམ་འདྲེན་ལྷ་ཡི་དབང་བོའི་ཞབས་སེན་གསེར་གྱི་པདྨོའི་དྲུང་། །

  མི་ཕྱེད་དད་པའི་རྒྱ་མཚོ་ལས་སྐྱེས་སྙིང་།།སྙིམ་པའི་མེ་ཏོག་སྤྲང་རྩིའི་དོག་པ་ཅན། །རྒྱན་དུ་ངོམ་པའི་མགོ་བོ་འཛིན་མའི་གཞིར།།ཡིད་འོང་མངོན་པར་དུད་པའི་ཕྱག་བྱས་གསོལ། །ཀུན་བཟང་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ།།བསོད་ནམས་ཡེ་ཤེས་ཚོགས་ཀྱིས་ལེགས་ཕྱིན་ཏེ། །ཡོན་ཏན་བླ་ན་མེད་པའི་རིན་ཆེན་མཛོད། །རིང་ནས་བརྙེས་པའི་སྤྲིངས་ཡིག་རང་སྒྲ་རྒོད།།དེ་ལྟ་ན་ཡང་ཐུགས་རྗེའི་གཞན་དབང་གིས། །མཐའ་ཀླས་ཡིད་ཅན་ཁམས་དང་རྗེས་མཐུན་པར། །གསང་གསུམ་ལེགས་པའི་མཛད་བཟང་གྲངས་མེད་པ།།སྟོན་འདི་དུས་གསུམ་གཟིགས་པ་ཀུན་གྱི་གཤིས། །གྲུབ་པའི་ཁྱུ་མཆོག་ལུང་རིགས་རྒྱ་མཚོའི་སྡེའི།།ཞབས་སེན་ནོར་བུ་སྤྱི་གཙུག་ངྷྭ་ཛ་ཀའི། །རྩེ་མོར་བཅིངས་པ་བདེ་ལེགས་དངོས་པོའི་ཆར།།ཀུན་འབྱུང་དང་པོའི་རྩ་བར་ཁྱོད་ཀྱིས་གཟིགས། །མན་ངག་རླབས་ཀྱི་ཕྲེང་བས་རྒྱས་བཏབ་པའི།།མཐའ་ཡས་ལུང་ཆོས་ཆུ་ཀླུང་རྣམ་པ་བཞིའི། །རྒྱུན་བཟང་ཤོང་བའི་མཁྱེན་རབ་རྒྱ་མཚོའི་ཀློང་།།ཡངས་པའི་དཔེ་ཟླར་འོས་པ་དམིགས་སུ་མེད། །ཁྱོད་སྐུ་སྐྱེད་ཚལ་ཡངས་པའི་དོ་ར་དེར།།ལུང་རིགས་བསུང་ཞིམ་འཐུལ་བའི་དྲིས་མཛེས་པའི། །ཟད་མི་ཤེས་པའི་ཟབ་རྒྱས་སྦྲང་རྩིའི་མཛོད།།ཡངས་འདི་སྐལ་བཟང་བུང་བའི་ཉེར་འཚོའི་གཞི། །མང་ཐོས་སྙིང་པོ་མ་ཎི་ཀའི།།ཕྲེང་བ་དཔྱད་འཇོག་ཟུང་འབྲེལ་གྱི། །རྒྱལ་མཚན་རྩེ་མོར་མངོན་མཆོད་ནས།།དོན་གཉིས་དགའ་སྟོན་ཁྱོད་ཀྱིས་མྱངས། །ཐུགས་རྗེའི་རལ་ཀླུང་ལས་བབས་པའི།།ལེགས་བཤད་ཛ་ཧུའི་བུ་མོའི་རྒྱན། །འགྲོ་ཁམས་མོས་པའི་རྒྱ་མཚོ་ཆེར།།འཇུག་པའི་འཕྲིན་ལས་ཨེ་མ་ཧོ། །དེ་ལྟའི་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས།།རབ་མཛེས་ཤེལ་གྱི་ཏམྦུ་ར་ཡི་རྒྱུད། །གཟུར་གནས་ཡོངས་ཀྱིས་བདུངས་པའི་གྲགས་སྙན་དབྱངས།།ས་གསུམ་ལུས་ཅན་རྣ་བའི་རྒྱན་ཏུ་འབར། །འདི་ན་དཔྱིད་དཔལ་ལང་ཚོ་དར་བབ་པ། །རྒ་བའི་བ་མོའི་རེག་པས་ཉིན་རེར་ཡང་།།འཕྲོག་པའི་མཚན་མ་འཕེལ་བའི་ལུས་དང་སེམས། །སོ་སོར་འབྱེད་པའི་ཕོ་ཉ་མ་སླེབས་ཙམ།།བྱམས་བརྩེ་མེད་པའི་ལས་ཉོན་ཤ་ཝ་རིས། །འདུ་བྱས་སྙིང་བོ་མེད་པའི་བྱ་བའི་རྒྱར།།བདེ་མེད་སྡུག་བསྔལ་གསུམ་གྱིས་མནར་བཞིན་མཆིས། །ཚུལ་འདིས་གསོན་ཡང་ཤི་དང་ཁྱད་ཅི་ཞིག།འགྲོ་མང་རལ་བའི་ཅོད་པན་གྱིས། །མཆོད་འོས་རིན་ཆེན་མངོན་མཐོའི་ཁྲིར། །ཞབས་མཐིལ་འཁོར་ལོའི་མཚན་རིས་ཅན།།གཡོ་མེད་བརྟན་པར་བཞུགས་གསོལ་འདེབས། །ཕན་བདེ་ཨུཏྤལ་སྔོན་པོའི་རྩ་ལག་མཆོག།ཐུབ་བསྟན་ཟླ་ཤེལ་དུས་ངན་ནུབ་རིའི་ལྟོར། །མནལ་ཐབས་ཆགས་པའི་ཚུལ་འདི་སླར་སློང་བའི།།ཐུགས་བསྐྱེད་དུས་ལས་གཡོལ་བ་མེད་འཚལ་ལོ། །དམ་པ་རྣམས་ནི་ནམ་མཁའི་མཐར་འགྲོ་བའི། །སྙིང་རྗེས་འགྲོ་ལ་ཕན་དང་བདེ་བཞེད་པ།།རང་བཞིན་ཉིད་ཕྱིར་འཁོར་བ་སྲིན་མོའི་གླིང་།།འཕྱན་པའི་འགྲོ་ལ་ཐར་བའི་དབུགས་དབྱུང་མཛོད། །ཁ་བའི་རྡུལ་མང་བརྩེགས་པའི་ས་འཛིན་གྱི།།ཕྲེང་བ་ཚར་དུ་དངར་བའི་ཡུལ་ལྗོངས་འདིར། །ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་ཆེ།།རྣམ་ཀུན་བསྐོར་བའི་ལེགས་མཛད་དུས་ལ་བབ། །ཕ་ཡུལ་ནགས་ཀླུང་ཉུལ་བའི་ཡིད་ཕྱུང་སྟེ།།བས་མཐའི་ནགས་མལ་རིང་ནས་བསྟེན་ཕྱིར་བདག །མི་རྟག་དུཿཁ་སྟོང་བ་བདག་མེད་པའི།།ཏིང་འཛིན་སེམས་ལ་རི་མོ་བྲིས་བྱས་ནས། །རང་སེམས་ཞི་བའི་ལམ་དུ་བསྒྱུར་རིགས་མོད།།དེང་ཡང་དབང་མེད་བྱིས་པའི་ཤ་ཚུགས་ཀྱིས། །ཐོག་མེད་དུས་ནས་སྲིད་པར་སླར་ནས་སླར།།གུས་འདུད་བྱེད་པའི་སེམས་འདི་བཅོས་སུ་མེད། །སྲིད་འབྱོར་བྱིས་པ་འབྲིད་བྱེད་དུ།།ཚིག་རྗེས་འབྲངས་པའི་ངེས་རྙེད་མོད། །སྙིང་བོས་དབེན་པའི་ཡོན་ཏན་ལྔར།།ཞེན་པའི་མདུད་བཅིངས་དམ་དུ་གྱུར། །དེ་ཕྱིར་བདག་སེམས་གླང་བོ་དར་མའི་ཁ།།ཡང་དག་ཆོས་ལམ་དྲང་བོར་ལེགས་ཞུགས་ནས། །མི་གནས་མྱ་ངན་འདས་པའི་གྲོང་མཆོག་ཏུ། །འཁྲིད་བྱེད་བྱིན་རླབས་ཀྱོ་བ་དེར་སྐུལ་ལོ།།བརྩེ་མེད་མཐར་བྱེད་ཕོ་ཉ་འཇིགས་རུང་པས། །འཆོར་མེད་དུས་ཞགས་ནག་པོས་དམ་བཟུང་སྟེ།།བདེ་མེད་དུཿཁའི་གདུང་བ་ཆེར་ལྕི་བའི།།ལྔ་བའི་ལམ་དུ་ཁྲིད་ཚེ་མགོན་ཁྱོད་དགོངས། །མཛེས་སྡུག་མི་ཟད་རྒྱན་གྱི་འཁོར་ལོའི་མཆོག།ཞལ་གྱི་དཀྱིལ་འཁོར་མཐོང་བ་དོན་ལྡན་པ། །འདྲེན་བྱེད་དབང་བོའི་བདུད་རྩིར་ཡོངས་སྨིན་པའི།།སྐལ་བ་བཟང་པོའི་རེ་བ་སྙིང་ལ་ཉལ། །དེ་སླད་བྱམས་བརྩེ་ཆུ་ལྡན་ཕང་བ་ལས། །སྙན་ཚིག་གློག་གི་རྩེ་དགའ་དང་འགྲོགས་པའི།།དོན་བཟང་བཀའ་ཡིག་སྤྲིན་གྱི་རྔ་བོ་ཆེ། །སྒྲ་འཛིན་དབང་བོའི་བཅུད་དུ་རྡུང་འཚལ་ལོ།།དེ་ལྟའི་ཞུ་འཕྲིན་དྲི་ཟའི་བྱ་མ་རྟ། །ཁ་བའི་གྲོགས་མིན་ལྷོ་ཡི་ཕྱོགས་བགྲོད་དང་།།མར་གད་མདངས་ལྡན་རྒྱ་ཕིབས་ཀྱིས་མཛེས་པའི། །ལྟ་ན་སྡུག་པའི་ཆོས་ཀྱི་ཕོ་བྲང་ཆེར།།བདག་གི་འདྲེན་པ་ཆོས་ཀྱི་རྒྱལ་བོ་བཞུགས། །འདོད་གསོལ་རི་མོ་གཡས་སུ་འཁྱིལ་བའི་དུང་།།ཐགས་བཟང་དར་དཀར་སྐྱེས་ཀྱིས་ཉེར་བཅིབས་པ། །གུས་འདུད་བླ་ན་མེད་པའི་ཕུལ་ཅིག་ཀྱེ། །

  ཞེས་དབོ་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་ཙོང་ཁའི་ས་འཛིན་ཆེན་པོའི་ལྷ་ཞོལ་རྨ་ཀླུང་དལ་གྱིས་འབབ་པའི་ཉེ་འགྲམ་དབེན་གནས་བཀྲ་ཤིས་ཆོས་སྡིངས་ནས་ཕྲན་མི་ཕམ་མཚོ་བྱུང་བཞད་པའི་ལང་ཚོས་གུས་པ་ཆེན་པོས་ཕུལ།  

༧རིགས་པའི་དབང་ཕྱུག་སྒེའུ་སྟེང་ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་ནི།  མདོ་སྨད་རེབ་གོང་ཚོ་འདུ་ཞེས་པའི་སྡེར་ཡབ་ཆོས་མཛད་དང་ཡུམ་སྒྲོལ་མ་གཉིས་ཀྱིས་སྲས་སུ་རབ་བྱུང་བཅོ་ལྔ་བའི་ལྕགས་སྦྲུལ་སྤྱི་ལོ་༡༨༨༡ལ་སྐུ་བལྟམས།དགུང་ལོ་བཅུ་བ་ལ་རབ་ཏུ་བྱུང་སྟེ་སྒེའུ་སྟེང་དགའ་ལྡན་ཆོས་འཕེལ་གྱི་སྒྲུབ་གྲྭར་ཞུགས།དེར་ཀློག་གི་སློབ་དཔོན་ཞིག་བསྟེན་ཏེ་ཕྲལ་སྦྱར་གྱི་ཀློག་དང་སྐྱབས་འགྲོ་སོགས་འདོན་ཆོས་ཀྱི་སྐོར་བསླབས།རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་དུས་ཞབས་པ་མཚོ་བྱུང་དགྱེས་པའི་དཔལ་ལས་སུམ་རྟགས་དག་གསུམ་དང་སྙན་ངག  རྒྱ་རྩིས་དང་ནག་རྩིས། ནག་རྩིས་དང་ཀཱ་ཙན་དབྱངས་གསུམ་སོགས་ལ་མཁས་པར་སྦྱངས།དགུང་ལོ་ཉེར་བཞི་བ་ལ་སྒེའུ་སྟེང་དགོན་པར་གནང་བ་ཞུས་ཏེ་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་གྲྭར་ཞུགས་ཏེ་ཞྭ་དམར་པཎྚིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་ཧོར་ཆེན་ཡེ་ཤེས་རྒྱ་མཚོའི་ཞབས་བསྟེན་ཏེ་བསྡུས་གྲྭ་ནས་བཀའ་པོད་ལྔ་སྔགས་དང་བཅས་པ་ལ་ཞིབ་ཏུ་སྦྱངས་ཏེ་མཁས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན།དགུང་ལོ་ཞེ་བདུན་པར་ཤར་སྐྱབས་མགོན་སྐུ་ཕྲེང་བདུན་པས་ཡོངས་འཛིན་དུ་བཀུར། དེ་དང་ཆབ་མཚུངས་རོང་ཆེན་བསྟན་པའི་སྒྲོན་མེ་ཀིརྟི་སྐུ་ཕྲེང་བཅུ་བའི་ཡོངས་འཛིན་དུའང་གདན་འདྲེན་ཞུས།གསུང་ལས་སྐྱེས་པའི་སློབ་མའི་ཚོགས་ཀྱང་མདོ་སྨད་ལྷོ་བྱང་ཀུན་ལ་ཁྱབ་ཅིང་རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ།རེབ་གོང་སྐུ་ཕྱོགས་ཆེན་མོ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན།དཔྱི་ས་བློ་གྲོས་རྒྱ་མཚོ།ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས། ཀིརྟིའི་ཡོངས་འཛིན་མགོན་པོ་ཀླུ་སྒྲུབ།དྲུང་ཡིག་དཀོན་མཆོག་ཤེས་རབ་སོགས་གྲགས་ཅན་མང་དུ་བྱུང་ངོ་།།དེ་ལྟར་མཁས་གྲུབ་ཆེན་པོ་འདི་ནི་རིག་པའི་གནས་མཐའ་དག་ལ་མཁས་གྲགས་རྒྱས་པ་ཙམ་མ་ཡིན་པར་གཞུང་དེ་དང་དེའི་དཀའ་བའི་གནས་ཀུན་ལ་སྒྲོ་འདོགས་ཆོད་པའི་སྒོ་ནས་འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་སྐུ་ཚེ་དང་སྙོམས་པར་མཛད་པ་ལགས་ཤིང་།བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ་ལྟ་སྒོམ་སྤྱོད་གསུམ་ལ་མ་གཡེལ་བར་མཛད་བཞིན་དགུང་ལོ་རེ་བཞི་བ་ཤིང་སྤྲེལ་སྤྱི་ལོ་༡༩༤༤ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་གྱི་མཚན་མོར་རྫོང་དཀར་བཀའ་གདམས་ཕོ་བྲང་དུ་སྐུ་ཞི་བར་གཤེགས་སོ།།སྤྱིར་ཁོང་གིས་མཛད་པའི་གསུང་རྩོམ་མང་དུ་བཞུགས་མོད། ཡུལ་དུས་རྒྱུ་རྐྱེན་མང་བོའི་དབང་གིས་རྙེད་དཀའ་བར་གྱུར་ཅིང་།ད་ལྟ་བཞུགས་པ་ནི་སྔགས་ཕྱོགས་སྟོང་ཐུན་དེབ་ཉིས་བརྒྱར་ཉེ་བ་དང་། དེའི་བསྡུས་དོན་ནོར་བུའི་མེ་ལོང་།བྱང་སའི་བསྡུས་དོན། ལེགས་བཤད་ཆུའི་འཁྲུལ་འཁོར། ཕོ་ཉ་མི་འཇིགས་སེང་གེ་ཁྲོས་པའི་ང་རོ།རྩ་ཤེའི་བསྡུས་དོན་དང་དེའི་དོན་སྦྱོར་ངག་གི་སྒྲོན་མེ། མངོན་པ་མཛོད་ཀྱི་ཐོབ་པའི་རྣམ་གཞགགསེར་ཕྲེང་དྲིས་ལན་དེབ་ཉི་ཤུར་ཉེ་བ་སོགས་ཕུལ་དུ་བྱུང་བའི་བསྟན་བཅོས་པོད་འགའ་བཞུགས་སོ།།  གྲྭ་སྐོར་དགེ་བཤེས་བློ་བཟང་དཔལ་ལྡན་གྱིས་བྲིས།།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།