རྒྱལ་སྲས་ལག་ལེན་སོ་བདུན་མ།

༄༅། །ན་མོ་ལོ་ཀེ་ཤྭ་རཱ་ཡ།གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་།།འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི།།བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ།།རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།ཕན་བདེ་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས།།དམ་ཆོས་བསྒྲུབས་ལས་བྱུང་སྟེ་དེ་ཡང་ནི།།དེ་ཡི་ལག་ལེན་ཤེས་ལ་རག་ལས་པས།།རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ།།

༼༡༽ 

དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར།།

བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར།།

ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི།།

ཉན་སེམས་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།

༼༢༽ 

གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།།

དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།།

བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན།།

ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

༼༣༽ 

ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ།།

རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ།།

རིག་པ་དྭངས་པས་ཆོས་ལ་ངོས་ཤེས་སྐྱེ།།

དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན།།

༼༤༽ 

ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ།།

འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས།།

ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་འབོར།།

ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན།།

༼༥༽ 

གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང་།།

ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ།།

བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི།།

གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

༼༦༽ 

གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་།།

ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི།།

བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང་།།

གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན།།

༼༧༽

 རང་ཡང་འཁོར་བའི་བཙོན་རྭར་བཅིངས་བ་ཡི།།

འཇིག་རྟེན་ལྷ་ཡིས་སུ་ཞིག་བསྐྱབ་པར་ནུས།།

དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི།།

དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན།།

༼༨༽ 

ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས།།

སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས།།

དེ་ཕྱིར་སྲོག་ལ་བབ་ཀྱང་སྡིག་པའི་ལས།།

ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།།

༼༩༽ 

སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་བ་བཞིན།།

ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན།།

ནམ་ཡང་མི་འགྱུར་ཐར་བའི་གོ་འཕང་མཆོག།

དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན།།

༼༡༠༽

 ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན།།

མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ།།

དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར།།

བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན།།

༼༡༡༽ 

སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་།།

རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས།།

དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག།

ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན།།

༼༡༢༽ 

སུ་དག་འདོད་ཆེན་དབང་གིས་བདག་གི་ནོར།།

ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་།།

ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས།།

དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན།།

༼༡༣༽ 

བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ།།

གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་།།

སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས།།

བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན།།

༼༡༤༽

 འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ།།

སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་ན་ཡང་།།

བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི།།

ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན།།

༼༡༥༽ 

འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས།།

མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང་།།

དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས།།

གུས་པས་འདུད་པ་རྒྱལ་སྲས་ལག་ལེན་ཡིན།།

༼༡༦༽ 

བདག་གིས་བུ་བཞིན་གཅེས་པར་བསྐྱངས་པའི་མིས།།

བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་།།

ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ།།

ལྷག་པར་བརྩེ་བར་རྒྱལ་སྲས་ལག་ལེན་ཡིན།།

༼༡༧༽

 རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས།།

ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང་།།

བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི།།

སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན།།

༼༡༨༽ 

འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས།།

ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར།།

འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང་།།

ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན།།

༼༡༩༽ 

སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད།།

རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་།།

སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས།།

ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན།།

༼༢༠༽

 རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན།།

ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར།།

དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས།།

རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན།།

༼༢༡༽

 འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ།།

ཇི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་བར་འགྱུར།།

གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས།།

འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

༼༢༢༽

 ཇི་ལྟར་སྣང་བ་འདི་དག་རང་གི་སེམས།།

སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ།།

དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས།།

ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།།

༼༢༣༽

 ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་ན།།

དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ།།

མཛོས་པར་སྣང་ཡང་བདེན་པར་མེད་ལྟ་ཞིང་།།

ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

༼༢༤༽ 

སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར།།

འཕྲུལ་སྣང་བདེན་པར་བཟུང་བས་ཨ་ཐང་ཆད།།

དེ་ཕྱེར་མི་མཐུན་རྐྱེན་དང་འཕྲད་པའི་ཚེ།།

འཁྲུལ་བར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན།།

༼༢༥༽

 བྱང་ཆུབ་འདོད་པས་ལུས་ཀྱང་གཏོང་དགོས་ན།།

ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས།།

དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི།།

སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན།།

༼༢༦༽ 

ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན།།

གཞན་དོན་སྒྲུབ་པར་འདོད་པ་གད་མོའི་གནས།།

དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡིས།།

ཚུལ་ཁྲིམས་བསྲུང་བ་རྒྱལ་སྲས་ལག་ལེན་ཡིན།།

༼༢༧༽ 

དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ།།

གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་མཚུངས།།

དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་ཡི།།

བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།

༼༢༨༽

 རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང་།།

མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན།།

འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི།།

བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན།།

༼༢༩༽ 

ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།།

ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས།།

གཟུགས་མེད་བཞི་ལས་ཡང་དག་འདས་པ་ཡི།།

བསམ་གཏན་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།

༼༣༠༽ 

ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས།།

རྫོགས་པའི་བྱང་ཆུབ་འཐོབ་པར་མི་ནུས་པས།།

ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི།།

ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།

༼༣༡༽ 

རང་གི་འཁྲུལ་བ་རང་གིས་མ་བརྟགས་ན།།

ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས།།

དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་བ་ལ།།

བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

༼༣༢༽ 

ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི།།

ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས།།

ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི།།

ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན།།

༼༣༣༽ 

རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་།།

ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བས།།

མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ།།

ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

༼༣༤༽ 

རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང་།།

རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས།།

དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི།།

ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

༼༣༥༽ 

ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས།།

དྲན་ཤེས་སྐྱེས་བུས་གཉོན་པོའི་མཚོན་བཟུང་ནས།།

ཆགས་སེམས་ཉོན་མོངས་དང་པོ་སྐྱེས་མ་ཐག།

འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན།།

༼༣༦༽ 

མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང་།།

རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས།།

རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས།།

གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེནཡིན།།

༼༣༧༽ 

དེ་ལྟར་བརྩོན་པས་བསྒྲུབས་པའི་དགེ་བ་རྣམས།།

མཐའ་ཡས་འགྲོ་བའི་སྡུག་བསྔལ་བསལ་བྱའི་ཕྱིར།།

འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས།།

བྱང་ཆུབ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན།།

    མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན། །དམ་པ་རྣམས་ཀྱིགསུང་གི་རྗེས་འབྲངས་ནས།།རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་ཅུ་བདུན།།རྒྱལ་སྲས་ལམ་ལ་སློབ་འདོད་དོན་དུ་བཀོད།།བློ་གྲོས་དམན་ཞིང་སྦྱང་པ་ཆུང་བའི་ཕྱིར།།མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཀྱང་།།མདོ་དང་དམ་པའི་གསུངས་ལ་བརྟེན་པའི་ཕྱིར།།རྒྱལ་སྲས་ལག་ལེན་འཁྲུལ་མེད་ལགས་པར་སེམས།།འོན་ཀྱང་རྒྱལ་སྲས་སྤྱོད་པ་རླབས་ཆེན་རྣམས།།བློ་དམན་བདག་འདྲས་གཏིང་དཔག་དཀའ་བའི་ཕྱིར།།འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས།།དམ་པ་རྣམས་ཀྱི་བཟོད་པར་མཛད་དུ་གསོལ།།དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན།།དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས།།སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི།།སྤྱན་རས་གཟིགས་མགོན་དེ་དང་མཚུངས་པར་ཤོག།

    ཅེས་པ་འདི་རང་གཞན་ལ་ཕན་པའི་དོན་དུ་ལུང་དང་རིགས་པ་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་རིན་ཆེན་ཕུག་ཏུ་སྦྱར་བའོ།།།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།