༼ཆེན་པོའི་གོ་སར་གནས་པ་ལ། །སྐྱོན་ཀྱང་ཡོན་ཏན་ཡིན་ཚུལ་དུ། །འཁོར་ངན་རྣམས་ཀྱིས་ངོ་བསྟོད་སྨྲ། །དེ་ཕྱིར་སྐྱོན་ཡོན་ཤེས་པ་དཀའ།།
ལྡེབ་༥་པ་བག་ཡོད་བརྟག་པའི་རབ་ཏུ་བྱེད་པ།
༼རྒྱལ་པོ་ནོར་གྱིས་མི་དབུལ་ཞིང་། །འཁོར་གྱིས་ངོ་བསྟོད་མི་ཐོས་མིན། །ནོར་གྱིས་བསླུ་དང་ངོ་སྟོད་དང་། །ཟོལ་ཚིག་རྣམས་ལ་དགའ་མི་བྱ།།
ལྡེབ་༦་པ་བག་ཡོད་བརྟག་པའི་རབ་ཏུ་བྱེད་པ།
༼ཡོན་ཏན་གང་ཡང་མི་འཚོལ་བར། །རིགས་ཀྱི་ང་རྒྱལ་ཙམ་ཞིག་གིས། །རང་གི་འཁོར་ལ་འཚེ་བ་ནི། །རྒྱལ་རིགས་ཡིན་ཀྱང་ཐ་མར་ཉམས། །
ལྡེབ་༨་པ་བག་ཡོད་བརྟག་པའི་རབ་ཏུ་བྱེད་པ།
༼རྒྱལ་པོའི་མངའ་ཐང་ཆེ་ཆུང་ནི། །འཁོར་གྱི་དར་རྒུད་རྗེས་སུ་འགྲོ། །དེ་ཕྱིར་འབངས་ཀྱི་བདེ་ཐབས་ལ། །ལེགས་པར་གཞིག་པ་རྒྱལ་པོ་ཡིན།།
ལྡེབ་༨་པ་བག་ཡོད་བརྟག་པའི་རབ་ཏུ་བྱེད་པ།
༼མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཤེས་རབ་མེད་ན་ཡུལ་འཁོར་ལ། །བྱམས་པ་ཙམ་གྱིས་སྐྱོང་མི་ནུས།།
ལྡེབ་༩་པ་མཁས་པ་བརྟག་པའི་རབ་ཏུ་བྱེད་པ།
༼ཤེས་རབ་ལྡན་པས་བརྩམས་བྱས་ན། །མི་འགྲུབ་པ་ནི་གང་ཡང་མེད། །ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཀྱང་། །འགྲུབ་པར་ནུས་ན་གཞན་ལྟ་ཅི།།
ལྡེབ་༩་པ་མཁས་པ་བརྟག་པའི་རབ་ཏུ་བྱེད་པ།
༼ཤེས་རབ་རྒྱ་ཆེར་འཕེལ་བའི་སྒོ། །ཐོས་པ་ཡིན་པ་དེ་ཡི་ཕྱིར། །འབད་དེ་ཐོས་པ་མི་འཚོལ་བར། །མནོག་ཆུང་བྱ་བས་ཅི་ཞིག་བྱ།།
ལྡེབ་༩་པ་མཁས་པ་བརྟག་པའི་རབ་ཏུ་བྱེད་པ།
༼མ་བསླབས་ཁ་རོག་འདུག་པ་ལ། །ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། །མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན། །བརྩོན་པས་དཀའ་བ་དང་དུ་ལོངས།།
ལྡེབ་༡༡་པ་མཁས་པ་བརྟག་པའི་རབ་ཏུ་བྱེད་པ།
༼བརྩོན་པ་མེད་ན་ཡོན་ཏན་མེད། །ཡོན་ཏན་མེད་ན་དཔལ་འབྱོར་ལ། །རེ་སྒུག་བྱེད་པ་འབྲས་མེད་དེ། །དགུན་གྱི་ལྗོན་ཤིང་ཇི་བཞིན་ནོ།།
ལྡེབ་༡༡་པ་མཁས་པ་བརྟག་པའི་རབ་ཏུ་བྱེད་པ།
༼མཁས་པས་སྐྱོན་སེལ་ཡོན་ཏན་སྒྲུབ། །བླུན་པོས་སྐྱོན་སྒྲུབ་ཡོན་ཏན་སྤོང་། །བླུན་པོས་མཁས་ལ་འཕྱ་བྱེད་ཀྱང་། །མཁས་པས་བླུན་ལ་སྙིང་རྗེ་སྐྱེ།།
ལྡེབ་༡༥་པ་མཁས་པ་བརྟག་པའི་རབ་ཏུ་བྱེད་པ།
༼ལེགས་པར་བཤད་ན་མི་མགུ་ཞིང་། །ཟབ་དོན་ཐོས་ན་མི་ཉན་ལ། །དོན་ཆུང་གནས་ལ་ཆེར་བརྩོན་པ། །བླུན་པོ་རྣམས་ཀྱི་རྟགས་ཡིན་ནོ།།
ལྡེབ་༡༦་པ་མཁས་པ་བརྟག་པའི་རབ་ཏུ་བྱེད་པ།
༼བདེན་པར་སྨྲས་ན་ཡིད་མི་ཆེས། །གྱ་གྱུ་འཁྲིད་ན་དེ་རྗེས་འབྲངས། །ངོ་བསྟོད་ཙམ་གྱིས་མགུ་བྱེད་པ། །འདི་འདྲ་རྨོངས་པ་རྣམས་ཀྱི་རྟགས།།
ལྡེབ་༡༦་མཁས་པ་བརྟག་པའི་རབ་ཏུ་བྱེད་པ།
༼མི་བདག་རྣམས་ཀྱི་སྤྱོད་ལམ་ནི། །ཤིན་ཏུ་བརྟགས་ཏེ་བསྒྲིམ་པར་བྱ། །གང་ཕྱིར་མ་བརྟགས་སྤྱོད་པ་ཕལ། །ཆུང་ཡང་གྲགས་པ་ཉམས་པའི་རྒྱུ།།
ལྡེབ་༢༠་པ་སྤྱོད་པ་བརྟག་པའི་རབ་ཏུ་བྱེད་པ།
༼ནང་ན་ཡོན་ཏན་ཀུན་ལྡན་ཡང་། །ཆ་ལུགས་ངན་ན་ཀུན་གྱིས་བརྙས། །དེ་ཕྱིར་འབྱོར་པའི་འོས་དང་བསྟུན། །ཆས་རྒྱན་ཡ་རབས་ལུགས་སུ་བྱ།།
ལྡེབ་༢༣་པ་སྤྱོད་པ་བརྟག་པའི་རབ་ཏུ་བྱེད་པ།
༼མ་རབས་མཐོ་བའི་སར་བཞག་ན། །སྤྱོད་ངན་ཇེ་བས་ཇེ་མང་འཕེལ། །ཐེའུ་རང་ཕུག་གི་ལྷར་བརྟེན་ན། །འཁུ་ལྡོག་ཆོ་འཕྲུལ་ཇེ་ཆེར་འགྲོ།།
ལྡེབ་༢༤་པ་སྤྱོད་པ་བརྟག་པའི་རབ་ཏུ་བྱེད་པ།
༼དུས་ཀྱི་དགའ་སྟོན་མ་གཏོགས་པ། །རྒྱུན་ཆགས་རྩེད་མོས་གཡེང་གྱུར་ན། །ཕལ་པ་ཡིན་ཡང་དོན་ཉམས་ན། །ཆེ་བའི་རིགས་ལ་སྨོས་ཅི་དགོས།།
ལྡེབ་༢༥་པ་སྤྱོད་པ་བརྟག་པའི་རབ་ཏུ་བྱེད་པ།
༼ཆང་གིས་སེམས་འཆལ་བག་མེད་སྐྱེ། །དེས་ནི་བླང་དོར་སྤྱོད་པ་ཉམས། །རང་བློ་མུན་པར་བྱ་བ་ལ། །བླུན་པོ་རྣམས་ཀྱིས་བདེ་བར་བསྒོམ།།
ལྡེབ་༢༥་པ་སྤྱོད་པ་བརྟག་པའི་རབ་ཏུ་བྱེད་པ།
༼འཇིག་རྟེན་འཇུག་ལྡོག་བྱ་བ་རྣམས། །ངག་གི་ལམ་ནས་ཤེས་བྱེད་ཕྱིར། །སྨྲ་བའི་ཚིག་རྣམས་གང་ལའང་། །སྐྱོན་ཡོན་བསམས་ཏེ་སྨྲ་བར་བྱ།།
ལྡེབ་༣༢་པ་ངག་བརྟག་པའི་རབ་ཏུ་བྱེད་པ།
༼སྐྱེ་བོ་མཁས་ཤིང་དྲང་པ་རྣམས། །དྲང་པོར་སྨྲས་ན་མགུ་འགྱུར་ཏེ། །བླུན་ཅིང་གྱ་གྱུར་སྤྱོད་རྣམས་ལ། །ཇི་བཞིན་བཤད་ཀྱང་དགོས་པ་ཆུང་།།
ལྡེབ་༣༣་པ་ངག་བརྟག་པའི་རབ་ཏུ་བྱེད་པ།
༼གཞན་ལ་སྟོད་པ་བྱས་གྱུར་ན། །རང་ཉིད་གཞན་གྱིས་བསྟོད་པར་འགྱུར། །གཞན་ལ་ཇི་ལྟར་སྨད་བྱས་པ། །དེ་ཙམ་རང་ཉིད་གཞན་གྱིས་སྨད།།
ལྡེབ་༣༥་པ་ངག་བརྟག་པའི་རབ་ཏུ་བྱེད་པ།
༼ཡུལ་གྱི་བདེ་སྡུག་སྐྱོན་ཡོན་རྣམས། །ཕལ་ཆེར་དོན་མེད་ངག་ལས་གསལ། །བདེན་པའི་མི་ལ་འདྲི་ཞིང་དཔྱད། །དོན་མེད་ངག་ལས་དོན་རྟོགས་མང་།།
ལྡེབ་༤༣་པ་ངག་བརྟག་པའི་རབ་ཏུ་བྱེད་པ།
༼རང་ཉིད་སྨྲ་བའི་ཚུལ་ལ་ལེགས་མཁས་ཤིང་། །གཞན་གྱིས་སྨྲས་ལ་རིགས་དང་མི་རིགས་རྟོགས། །སྨྲ་བའི་ངག་ལ་ཚུལ་བཞིན་ལེགས་འཇུག་པ། །ངག་གི་དཔལ་མོ་ལྟ་བུར་གྲགས་པ་ཐོབ།།
ལྡེབ་༤༤་པ་ངག་བརྟག་པའི་རབ་ཏུ་བྱེད་པ།
༼བློ་ཁོག་ཡངས་ཤིང་ཕྱི་མཐར་བལྟ། །བླང་དོར་ཚུལ་བཞིན་དཔྱོད་ལ་མཁས། །རང་འདོད་ཆུང་ཞིང་འབངས་ལ་སེམས། །དེ་འདྲ་གང་ཡིན་བློན་པོར་འོས།།
ལྡེབ་༤༦་པ་འཁོར་བརྟག་པའི་རབ་ཏུ་བྱེད་པ།
༼བྱའམ་སྐྱེས་བུའི་བཟང་ངན་ནི། །མངོན་དུ་གྱུར་ཚེ་སུས་ཀྱང་ཤེས། །ས་བོན་ལ་ནི་ནུས་པ་བཞིན། །སྔ་ནས་ཤེས་ན་མཁས་པ་ཡིན།།
ལྡེབ་༥༡་པ་འཁོར་བརྟག་པའི་རབ་ཏུ་བྱེད་པ།
༼སྲོག་ལ་བབ་པའི་ཆད་ལས་སོགས། །ལུགས་དང་མི་འགལ་འགའ་ཞིག་ལས། །འཇིག་རྟེན་ཁྲིམས་ཀྱི་བྱ་བ་ལ། །ངོ་ཆེན་བླ་མས་གསུང་མི་བྱ།།
ལྡེབ་༦༡་པ་འཁོར་བརྟག་པའི་རབ་ཏུ་བྱེད་པ།
༼རྒྱལ་པོ་གཅིག་པུས་ས་རྣམས་མཐའ་དག་གི། །སྐྱེ་རྒུའི་ལེགས་ཉེས་གཏན་ལ་བབ་པར་དཀའ། །འཁོར་ཚོགས་བཟང་པོ་འཁོར་དུ་བསྡུས་བྱས་ནས། །འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་དགེ་བར་འགྱུར།།
ལྡེབ་༦༣་པ་འཁོར་བརྟག་པའི་རབ་ཏུ་བྱེད་པ།
༼མི་ཡི་བདག་པོས་འཁོར་རྣམས་ལེགས་བསྐྱང་ཞིང་། །འཁོར་གྱིས་སྐྱེ་རྒུས་རྗེ་ལ་མངོན་མཆོད་པ། །དེ་དང་ལྷན་ཅིག་བདེ་དང་སྐྱིད་པ་ཡིས། །རྒྱལ་ཁབ་ཕྱུར་བུར་གང་བ་བཞིན་དུ་འགྱུར།།
ལྡེབ་༦༣་པ་འཁོར་བརྟག་པའི་རབ་ཏུ་བྱེད་པ།
༼གསར་པའི་ཚེ་ན་འགྲོགས་བདེ་ཞིང་། །ཡུན་དུ་བསྟེན་ན་རྒྱུ་མེད་པར། །སྐྱོ་བ་སྐྱེད་པའི་གྲོགས་པོ་ནི། །གཞུང་ངན་མི་བརྟན་པ་ཞེས་བྱ།།
ལྡེབ་༡༡༤་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼དང་པོར་འདྲིས་པར་དཀའ་བ་ལ། །ལེགས་པར་འགྲོགས་ན་སླར་ཡང་ནི། །མི་ཕྱེད་མཛའ་བ་བརྟན་པ་དེ། །གྲོགས་པོ་བློ་བརྟན་པ་ཞེས་བརྗོད།།
ལྡེབ་༡༡༥་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼བློ་བརྟན་རྣམས་ཀྱིས་གང་བསྒྲུབས་ཀྱང་། །ཡུན་ནས་ཡུན་དུ་འབད་པ་ཡིས། །ཐིགས་པ་བསགས་པས་རྒྱ་མཚོ་བཞིན། །ཐ་མ་གྲུབ་འབྲས་རྒྱ་ཆེར་ལྡན།།
ལྡེབ་༡༡༨་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼ལེགས་པར་མཐར་ཕྱིན་སྦྱང་གྱུར་ན། །གཞུང་གཅིག་ཤེས་ཀྱང་ཉི་མ་བཞིན། །ཐེ་ཚོམ་དང་བཅས་གཞུང་མང་པོ། །འཛིན་རློམ་བྱས་ཀྱང་རྒྱུ་སྐར་འདྲ།།
ལྡེབ་༡༢༥་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼ཐོས་པའི་དོན་ལ་རྩེ་གཅིག་ཏུ། །རིག་པའི་ལམ་ནས་དཔྱད་བྱས་ཏེ། །བསམ་བྱུང་ངེས་པ་མ་རྙེད་ན། །ཐོས་ཀློག་ཕལ་ཆེར་ནེ་ཙོ་འདྲ།།
ལྡེབ་༡༢༥་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼བརྩོན་པ་དག་དང་བྲལ་གྱུར་ན། །དོན་ཆུང་ཡིན་ཡང་འགྲུབ་པར་དཀའ། །བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། །རང་གི་ལག་ན་གནས་དང་མཚུངས།།
ལྡེབ་༡༢༧་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །དེ་བས་རང་དོན་ཤེས་པ་རྣམས། །ཡོན་ཏན་ལེན་ལ་ཤིན་ཏུ་བརྩོན།།
ལྡེབ་༡༢༧་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼དགྲ་བོ་མི་དགའ་བྱེད་འདོད་ན། །རང་ཉིད་ཡོན་ཏན་ལྡན་པར་བྱ། །ཁྲོ་བའི་སེམས་དང་ཚིག་རྩུབ་ཀྱིས། །གཞན་དག་མི་ཐུལ་རང་ལ་གནོད།།
ལྡེབ་༡༢༧་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼མཆོག་རྣམས་རྒུད་དང་ཉམ་ངའི་ཚེ། །སྙིང་སྟོབས་བློ་གྲོས་ལྷག་པར་ཆེ། །མུན་པ་འཐིབ་པོས་ནོན་པ་ན། །སྒྲོན་མེ་ལྷག་པར་གསལ་བ་བཞིན།།
ལྡེབ་༡༢༧་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼ཕན་བཏགས་པ་ལ་དྲིན་མི་གཟོ། །གནོད་བྱས་ལན་ལྡོན་མེད་པ་ཡི། །ནུས་མེད་ལམ་ཁའི་ཐོ་ཡོར་དང་། །འདྲ་ལ་ཀུན་གྱིས་བརྙས་པར་བྱེད།།
ལྡེབ་༡༢༨་པ་བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ།
༼ལེགས་བཤད་ཤེས་ཤིང་འོས་པའི་གནས་ལ་གུས། །མི་འོས་བརྙས་ཐབས་བྱེད་ཚེ་སྤོབས་པའི་གདེངས། །ལྷུན་པོའི་རྩེ་མོ་ལྟ་བུར་གཟེངས་མཐོ་བ། །སྐྱེ་བུ་དེ་ཡི་ང་རྒྱལ་རྒྱན་དང་འདྲ།།
ལྡེབ་༡༣༤་པ་མི་བདག་དུལ་བ་བརྟག་པའི་རབ་ཏུ་བྱེད་པ།
༼མཛའ་བར་བྱས་ན་ཁྲོ་འགྱུར་ཞིང་། །ཕན་བཏགས་པ་ན་ལོག་པར་ལྟ། །བདེན་པར་སྨྲས་ན་ཕྱིར་རྒོལ་བ། །བཅོས་སུ་མི་རུང་མི་སྲུན་ཡིན།།
ལྡེབ་༡༣༩་པ་མི་བདག་དུལ་བ་བརྟག་པའི་རབ་ཏུ་བྱེད་པ།
༼ཆ་ལུགས་དང་ནི་སྤྱོད་ལམ་སོགས། །ཡ་མ་ཟུང་དུ་མི་བྱེད་པར། །རྒྱུན་དུ་སྙོམས་པར་གནས་བྱས་ན། །ཡ་རབས་ཚུལ་དུ་གནས་པ་ཡིན།།
ལྡེབ་༡༤༨་པ་ཀུན་ལ་སྙོམས་པ་བརྟག་པའི་རབ་ཏུ་བྱེད་པ།
༼ཕྱི་ཐག་བལྟ་བའི་མིག་རྒྱང་གིས། །དགྲ་ལའང་བུ་བཞིན་བསྐྱངས་བྱས་པས། །ཐ་མར་དགྲ་བོ་དབང་གྱུར་བ། །བློ་ཁོག་ཡངས་པའི་ཡོན་ཏན་ཡིན།།
ལྡེབ་༡༤༩་པ་ཀུན་ལ་སྙོམས་པ་བརྟག་པའི་རབ་ཏུ་བྱེད་པ།
༼དང་པོ་ལེགས་བརྟགས་ཐེ་ཚོམ་གཅོད། །བར་དུ་གང་རྩོམ་འཇིགས་པ་མེད། །ཐ་མར་དགེའམ་ཉེས་ཀྱང་རུང་། །མཁས་རྣམས་འགྱོད་མེད་རྟག་ཏུ་བདེ།།
ལྡེབ་༡༥༠་པ་ཀུན་ལ་སྙོམས་པ་བརྟག་པའི་རབ་ཏུ་བྱེད་པ།
༼སྙིགས་མའི་དུས་ཀྱི་རྒྱལ་རིགས་རྣམས། །འབངས་ལ་གཟན་ཟས་ལྟ་བུར་མཐོང་། །སྡིག་པ་དག་གི་ཕྲུག་གུ་ཡིས། །མ་ཉིད་ཟས་སུ་མཐོང་ནས་ཟ། །
ལྡེབ་༡༥༥་པ་སྙིང་རྗེ་བརྟག་པའི་རབ་ཏུ་བྱེད་པ།
༼རང་དོན་ཆེ་ཞིང་གཞན་འདོར་བ། །དེ་ལ་སུ་ཞིག་སྐྱབས་སུ་འཛིན། །འབྲས་མེད་ཤིང་དང་མི་གཙང་ཆུ། །བློ་ལྡན་སུ་ཡིས་བརྟེན་བྱར་བྱེད།།
ལྡེབ་༡༥༥་པ་སྙིང་རྗེ་བརྟག་པའི་རབ་ཏུ་བྱེད་པ།
༼འཁོར་དང་ནོར་གྱིས་འབྱོར་གྱུར་ན། །རྒྱལ་པོ་སྟོབས་དང་ཅིས་མི་ལྡན། །འབྱོར་བར་གྱུར་ཚེ་ཀུན་ཀྱང་མཛའ། །རྒུད་པར་གྱུར་ཚེ་ཀུན་ཀྱང་དགྲ།།
ལྡེབ་༡༥༧་པ་སྙིང་རྗེ་བརྟག་པའི་རབ་ཏུ་བྱེད་པ།
༼མི་བདག་སྙིང་རྗེར་ལྡན་པའི་ཡུལ་ཁམས་སུ། །རྣམ་མང་འབྱོར་བ་དབྱར་གྱི་ཆུ་ལྟར་འཕེལ། །ཕ་རོལ་དཔུང་གི་ཚོགས་ཀྱིས་མི་བརྫི་ཞིང་། །སྐྱེ་བོ་ཚོགས་རྣམས་དགའ་བས་བག་ཕེབས་འགྱུར།།
ལྡེབ་༡༦༥་པ་སྙིང་རྗེ་བརྟག་པའི་རབ་ཏུ་བྱེད་པ།
༼རིན་ཆེན་སྨན་དང་རིགས་སྔགས་ཀྱི། །སྦྱོར་བའམ་རླུང་གི་རྣལ་འབྱོར་སོགས། །ཐབས་དང་ལྡན་པའི་ཆོ་ག་ཡིས། །ལུས་ནི་ལེགས་པར་བསྲུང་བར་བྱ།།
ལྡེབ་༡༦༦་པ་རང་ཉིད་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼ངོ་ཚ་མེད་པའི་མི་རྣམས་ནི། །ཇི་ལྟར་བརྒྱན་ཀྱང་མཛེས་མ་ཡིན། །ཁྱད་པར་ཆེན་པོའི་མི་རྣམས་ལ། །ངོ་ཚ་ཁྲེལ་ཡོད་མཆོག་ཏུ་དགོས།།
ལྡེབ་༡༦༩་པ་རང་ཉིད་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼ཕོ་བཟང་རྒྱལ་ཁ་ཕྱི་ལ་རྩོད། །ཕོ་ངན་རྒྱལ་ཁ་ནང་དུ་རྩོད། །རྩོད་པར་འདྲ་ཡང་ཕ་རོལ་གྱིས། །བལྟས་ན་རྩོད་ཚུལ་འདྲ་མི་འགྱུར།།
ལྡེབ་༡༧༤་པ་རང་ཉིད་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼བླུན་པོས་ཐོག་མར་བདེ་འབྲས་འཚོལ། །མཁས་པས་ཐོག་མར་བདེ་རྒྱུ་འཚོལ། །བཙལ་བར་འདྲ་ཡང་གནད་ཤེས་པས། །བལྟས་ན་འཚོལ་ཚུལ་འདྲ་མི་འགྱུར།།
ལྡེབ་༡༧༤་པ་རང་ཉིད་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼བླུན་པོས་བདེ་དང་སྡུག་བསྔལ་ཀུན། །གཞན་གྱིས་རྐྱེན་ལས་བྱུང་སྙམ་དུ། །རྟག་ཏུ་ཡུལ་ལ་འདོར་ལེན་གྱི། །ཆགས་སྡང་རྣམ་རྟོག་རྦ་ལ་གཡེང་།།
ལྡེབ་༡༧༧་པ་རང་ཉིད་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼མཁས་པས་བདེ་དང་སྡུག་བསྔལ་ཀུན། །བདག་ལ་རག་ལས་ཤེས་བྱས་ནས། །རྟག་ཏུ་ནང་དུ་བློ་ཕྱོགས་ཏེ། །བདག་ལ་རྟོག་ཅིང་བག་ཡོད་གནས།།
ལྡེབ་༡༧༧་པ་རང་ཉིད་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼ལེགས་ཉེས་གང་དང་གང་མཐོང་ཡང་། །བསམ་དཔྱོད་ཅན་ལ་བློ་སྐྱེད་ཐོན། །སྐྱིད་སྡུག་བརྒྱ་ཕྲག་མཐོང་ན་ཡང་། །བསམ་མེད་བླུན་པོར་བོགས་སྐྱེད་མེད།།
ལྡེབ་༡༧༨་པ་རང་ཉིད་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼རིག་པ་ལོག་པར་ཤེས་པ་དུག །རྒན་པོས་གཞོན་ནུ་བརྟེན་པ་དུག །ནད་ལ་བཏང་སྙོམས་བྱ་བ་དུག །དབུལ་པོ་ཉལ་དགའ་ཆེ་བ་དུག།
ལྡེབ་༡༨༩་པ་རང་ཉིད་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼ཆུ་མཚོ་རི་བྲག་ཤིང་བཟང་པོ། །ཡུལ་གྱི་གཞི་བདག་བརྟེན་པའི་གནས། །ཅུང་ཟད་ཉམས་པར་མི་བྱ་ཞིང་། །བཀོད་པས་རྒྱན་ལ་བཞག་པར་བྱ།།
ལྡེབ་༢༠༢་པ་ཡུལ་འཁོར་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼རི་མཐོ་ས་གཉན་ཡུལ་བཟང་པོ། །དཔལ་དང་ལྡན་པའི་ས་ཕྱོགས་རྣམས། །མི་སྲུན་རྣམས་ལ་རང་དབང་དུ། །སྨ་འབབ་བྱེད་དུ་མི་གཞུག་གོ།།
ལྡེབ་༢༠༢་པ་ཡུལ་འཁོར་བསྲུང་བ་བརྟག་པའི་རབ་ཏུ་བྱེད་པ།
༼བྱེ་བྲག་ཕྱེད་པའི་བློ་ཡོད་ཀྱང་། །བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ། །འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱི། །མ་འགྲུབ་ན་ཡང་མཛེས་པ་ཡིན།།
ལྡེབ་༢༡༢་པ་གྲོས་བརྟག་པའི་རབ་ཏུ་བྱེད་པ།
༼འཇུག་ལྡོག་རང་གིས་ཤེས་ན་ཡང་། །རྒྱལ་ཁམས་བྱ་བ་གྲོས་ཀྱིས་བརྟག །ཐམས་ཅད་མཐུན་པར་གྲོས་བྱས་པའི། །བྱ་བ་གང་བྱུང་འགྱོད་མེད་ཉིད།།
ལྡེབ་༢༡༣་པ་གྲོས་བརྟག་པའི་རབ་ཏུ་བྱེད་པ།
༼རྒྱལ་པོ་རང་ཉིད་ཁྲིམས་ལྡན་པས། །གཞན་ལ་ཁྲིམས་སུ་བྱས་ན་མཛེས། །རང་ཉིད་ཁྲིམས་ལས་འདས་སྤྱོད་ན། །སྐྱེ་རྒུའི་དབང་པོར་ག་ལ་འོས།།
ལྡེབ་༢༢༠་པ་དགེ་བཅུ་བརྟག་པའི་རབ་ཏུ་བྱེད་པ།
༼ལས་འབྲས་ནམ་ཡང་མི་བསླུ་བས། །ཆུང་ཡང་དོན་མེད་ཆུད་མི་ཟ། །རང་གིས་གང་བྱས་རང་ལ་སྨིན། །འདི་ལ་སུས་ཀྱང་འདའ་བ་མེད། །
ལྡེབ་༢༢༦་པ་དགེ་བཅུ་བརྟག་པའི་རབ་ཏུ་བྱེད་པ།
༼མི་དགེ་བཅུ་པོ་དུག་འདྲ་སྟེ། །འདིར་གནོད་ཕྱི་མ་སྡུག་བསྔལ་ཀྱང་། །ཞེ་འདོད་ལག་ལེན་འགལ་རྣམས་ལ། །ཆོས་རྒྱལ་རྣམས་ཀྱིས་ཁྲིམས་སུ་མཛད། །
ལྡེབ་༢༢༨་པ་ཁྲིམས་བརྟག་པའི་རབ་ཏུ་བྱེད་པ།
༼ཁྲིམས་ཞེས་བྱ་བ་ཕྱོགས་ལྷུང་མེད། །དྲང་པོ་གནམ་གྱི་ཐིག་ཡིན་པས། །ལས་འབྲས་མངོན་སུམ་སྟོན་པ་དང་། །འདྲ་ཕྱིར་སུས་ཀྱང་བསྒྱུར་དུ་མེད། །
ལྡེབ་༢༣༡་པ་ཁྲིམས་བརྟག་པའི་རབ་ཏུ་བྱེད་པ།
༼ཁྲིམས་ཡོད་པ་ཡི་ས་ཕྱོགས་སུ། །ཆོས་བཞིན་བྱེད་རྣམས་བག་ཕེབས་ལ། །ཆོས་མིན་བྱེད་རྣམས་བག་ཡོད་འགྱུར། །ཁྲིམས་བཟང་འཇིག་རྟེན་མགོན་དང་སྐྱབས། །
ལྡེབ་༢༣༢་པ་ཁྲིམས་བརྟག་པའི་རབ་ཏུ་བྱེད་པ།
༼སངས་རྒྱས་བསྟན་པ་མི་ཉམས་ཕྱིར། །ཁྱིམ་པ་སུན་འབྱིན་སྐྱེ་བོ་རྣམས། །བསལ་ཞིང་ཆོས་ཀྱི་ཁྲིམས་བསྡོམས་པ། །ཆོས་ལྡན་ཆོས་ཀྱི་རྒྱལ་པོ་ཡིན། །
ལྡེབ་༢༤༣་པ་ཁྲིམས་བརྟག་པའི་རབ་ཏུ་བྱེད་པ།
༼ཚུལ་མཐུན་གཙུག་ལག་ཟུང་གི་ཁྲིམས། །ཡ་རབས་རྣམས་ལ་གཉེན་དང་འདྲ། །མ་རབས་རྣམས་ལ་དགྲ་འདྲ་ཡང་། །ཁྲིམས་ཀྱི་སྐྱོན་མིན་རང་སྐྱོན་ཡིན། །
ལྡེབ་༢༤༦་པ་ཁྲིམས་བརྟག་པའི་རབ་ཏུ་བྱེད་པ།
༼ས་སྐྱོང་ཐབས་ལ་མཁས་པ་རྣམས། །སྟོབས་ཤེས་པ་དང་དུས་ཤེས་ཤིང་། །བྱ་བའི་ཐབས་ཀྱང་ཤེས་པ་ཡིས། །དོན་རྣམས་བདེ་བླག་འགྲུབ་པར་འགྱུར། །
ལྡེབ་༢༤༨་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།
༼བྱ་བ་གང་དང་ཅི་བསྒྲུབ་ཀྱང་། །དུས་ལ་བབ་ན་དཀའ་བ་མེད། །དུས་ཤེས་པ་ནི་འཇུག་པ་དང་། །ལྡོག་པའི་གནས་ལ་རྨོངས་མི་འགྱུར། །
ལྡེབ་༢༥༠་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།
༼ས་གཞི་བཞིན་དུ་སྙིང་སྟོབས་བརྟན་ལ་ཡངས། །བརྩོན་པ་དུས་མཐའི་རླུང་ལྟར་དྲག་གཡོ་བ། །གང་ལ་རྒོལ་བར་བྱེད་པའི་དགྲ་བོ་རྣམས། །ཐལ་བའི་གོང་བུ་བཞིན་དུ་འཇིག་པར་བྱེད། །
ལྡེབ་༢༥༣་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།
༼ཤིན་ཏུ་བདེན་པའི་གཏམ་ཡིན་ཡང་། །ཡུལ་དང་དུས་ལ་མ་བསྟུན་ན། །གཞན་གྱི་རྣ་བར་མི་འཇེབས་པས། །རན་པར་སྨྲ་བ་མཆོག་ཏུ་མཛེས། །
ལྡེབ་༢༥༦་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།
༼ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། །བརྙས་ཐབས་ཁུར་བར་མི་བྱ་སྟེ། །ནོར་འཛིན་ཡངས་པའི་ལྟོ་བ་རུ། །སུ་ཞིག་སུ་ཡི་བྲན་དུ་བཞག།
ལྡེབ་༢༥༧་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།
༼ཤིན་ཏུ་སྟོབས་དང་ལྡན་ན་ཡང་། །ཕ་རོལ་ཁྱད་དུ་མི་བསད་པར། །ཇི་ལྟར་འོས་པར་རྗེས་བཟུང་ན། །རང་གི་ཕུན་སུམ་ཚོགས་པ་འཕེལ། །
ལྡེབ་༢༥༧་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།
༼འཇུག་པའི་ཚུལ་གྱིས་ལྡོག་བྱེད་ལ། །ལྡོག་པའི་ཚུལ་གྱིས་འཇུག་བྱེད་ལ། །ཐབས་མཁས་ལྡན་པའི་བྱ་བ་ནི། །གཞན་གྱིས་གཏིང་མི་དཔོག་བཞིན་འགྲུབ། །
ལྡེབ་༢༥༨་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།ོ
༼སུས་ཀྱང་མཚང་དུ་ཤེས་ནུས་པའི། །གཡོ་ལ་ཐབས་མཁས་ཞེས་མི་བྱ། །ཐབས་མཁས་ལྡན་པའི་བྱ་བ་ནི། །ཀུན་གྱིས་ངོ་མཚར་ཕུད་དུ་སྒྲོགས།
ལྡེབ་༢༥༩་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།
༼དམ་པ་བསྟེན་དང་རིག་པ་བསླབ། །བཟོ་གནས་སྦྱང་དང་ནོར་གསོག་པ། །ལྷ་སྒྲུབ་ཏིང་འཛིན་སྒོམ་པ་སོགས། །ངང་ཐུང་མི་བྱ་མཐར་གྱིས་བརྩོན། །
ལྡེབ་༢༦༡་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།
༼ཞི་ཞིང་དུལ་ལ་ཁྲོ་ན་བཟོད་པར་དཀའ། །བསྟེན་ན་རྒྱལ་བྱེད་འཐབ་ན་ཕབ་པར་བྱེད། །བཏུད་ན་རྗེས་འཛིན་འགྲན་ན་ཚར་གཅོད་པ། །མི་མཆོག་སྐྱེས་བུ་ངོ་མཚར་རྣམ་མང་ལྡན། །
ལྡེབ་༢༦༢་པ་ཐབས་མཁས་བརྟག་པའི་རབ་ཏུ་བྱེད་པ།
༼མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་གནས།།
ལྡེབ་༢༦༦་པ་ཆོས་ལ་སེམས་པ་བརྟག་པའི་རབ་ཏུ་བྱེད་པ།
༼མི་བདག་བཟང་པོ་པདྨའི་ཚལ་ལྟ་བུ། །གཏོང་བའི་དྲི་བསུང་ཕྱོགས་སུ་ཁྱབ་པ་ན། །ས་གཞིའི་སྐྱེ་བོ་མེ་ཏོག་ཟས་ཅན་རྣམས། །དགའ་བའི་གར་གྱིས་འདུ་ཞིང་དགའ་བར་འགྱུར། །
ལྡེབ་༢༧༨་པ་བསོད་ནམས་བྱ་བ་བརྟག་པའི་རབ་ཏུ་བྱེད་པ།
༼ཆོས་ལྡན་རྒྱལ་པོ་ལྷ་ཡི་སྲས། །མི་རྣམས་ཀུན་གྱི་རྗེ་གྱུར་པ། །འབངས་ཀྱི་ཕ་དང་སྐྱེ་དགུའི་གཉེན། །རིས་མེད་འགྲོ་བའི་མཆོད་སྡོང་ཡིན། །
ལྡེབ་༢༩༠་པ་ཡོན་ཏན་བརྟག་པའི་རབ་ཏུ་བྱེད་པ།
སྤྱི་ལོ་༡༩༨༣་ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས། མི་ཉག་ཐུབ་བསྟན་ཆོས་དར་གྱིས་བཏུས་པའོ།།
རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།
རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་གཅེས་བསྡུས།