སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ལྡེབས་བྲིས་ངོ་མཚར་ཅན།

ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །
གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །
གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །
ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །

IMG_0978.JPG

ལྷའི་བུ་དམ་པ་ཏོག་དཀར་པོ།
འཛམ་གླིང་འདིར་སངས་རྒྱས་མར་མེ་མཛད་ཀྱི་སྐུ་མདུན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་སངས་རྒྱས་པར་དམ་བཅས་པ་བཞིན། བྱང་ཆུབ་སེམས་པ་ལྷའི་བུ་དམ་པ་ཏོག་དཀར་པོ་དེས་འཛམ་བུ་གླིང་དུ་མིའི་སྐྱེ་བ་ལེན་པའི་དུས་ལ་བབས་པ་གཟིགས་ནས། ལྷའི་གནས་སུམ་ཅུ་རྩ་གསུམ་ནས་མི་ཡུལ་དུ་སྐྱེ་བ་འཕོས་ནས། སེམས་ཅན་གྱི་དོན་ཆེན་པོ་བསྒྲུབ་པའི་ཆེད་དུ་རྒྱལ་པོ་ཟས་གཙང་མའི་སྲས་སུ་འཁྲུངས་རྒྱུ་ཐག་བཅད། ལྷ་དང་ལྷ་མོ་རྣམས་ལ་ཕན་པའི་ཚིག་མང་དུ་སྨྲས།

IMG_0979.JPG

རྗེ་བཙུན་བྱམས་པ་མགོན་པོ་རང་གི་རྒྱལ་ཚབ་ཏུ་བསྐོས། མ་འོངས་པ་ན་རྗེ་བཙུན་བྱམས་པ་མགོན་པོའང་འཛམ་བུ་གླིང་འདིར་བྱོན་ནས་སངས་རྒྱས་པའི་མཛད་པ་བསྟན་པར་ངེས་སོ། །

IMG_0980.JPG

ལྷ་རྣམས་འདུལ་མཛད་འདུལ་བའི་དུས་གཟིགས་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །
རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་མའི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །
ཟླ་བ་བཅུ་རྫོགས་ཤཱ་ཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །
ཚངས་དང་བརྒྱ་བྱིན་གྱིས་བདུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ། །
འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །
འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །

IMG_0981.JPG

རྒྱལ་སྲས་དོན་གྲུབ་སྐུ་འཁྲུངས་ནས་ཉིན་བདུན་པར། ཡབ་རྒྱལ་པོ་ཟས་གཙང་མས་ཡུལ་གྱི་གྲགས་ཆེ་བའི་སྐར་རྩིས་པ་དང་མཚན་མཁན་རྣམས་ཕོ་བྲང་དུ་གདན་དྲངས་ཏེ་བརྟག་པ་ཞུས་པ་ན། བྲམ་ཟེ་མཚན་མཁན་ཨ་སི་ཏ་ཡིས་རྒྱལ་སྲས་ལ་ཞིབ་ཏུ་བརྟགས་པས།

IMG_0982.JPG

འདི་ཁྱིམ་དུ་བཞུགས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ངེས་ཀྱང་། རབ་ཏུ་བྱུང་ནས་ཆོས་ལ་ཞུགས་ན་སངས་རྒྱས་སུ་འགྱུར་བ་འདུག་ཅེས་ལུང་བསྟན། ཡབ་ཀྱི་རེ་བ་ལྟར་སྲས་ཀྱིས་རྒྱལ་སྲིད་ལ་སྤྲོ་བ་འཕེལ་བར་ཐབས་ཅི་དྲག་ཞུས་ཀྱང་། གཞོན་ནུ་གཞན་གྱི་སྤྱོད་ཚུལ་དང་མི་འདྲ་བར།  སྲོག་ཆགས་གཞན་ལ་བྱམས་པ་དང་བརྩེ་བའི་རྣམ་འགྱུར་མངོན་པར་མཛད།དེ་ནས་རྒྱལ་པོ་ཟས་གཙང་མས་བུ་སྐྱེས་པའི་དགའ་སྟོན་དུ་ཉིན་མང་པོའི་རིང་།ཡར་དཀོན་མཆོག་ལ་མཆོད་པ་ཕུལ།  མར་རང་གི་འབངས་རྣམས་ལ་སྟོན་མོ་དཔག་ཏུ་མེད་པ་དང་ཡུལ་མི་དབུལ་པོ་རྣམས་ལ་སྦྱིན་པ་རྒྱ་ཆེན་པོ་བཏང་ངོ་། །

IMG_0983.JPG

ཡུལ་དེར་ཞིང་འདེབས་པའི་ཐོག་མར་རྟེན་འབྲེལ་གྱི་ཚུལ་དུ་རྒྱལ་པོ་ཉིད་ཞིང་རྨོ་བར་བྱོན་དགོས་པ་ལྟར། རྒྱལ་པོ་ཟས་གཙང་ས་ཞིང་རྨོ་བར་བྱོན་སྐབས།  རྒྱལ་སྲས་དོན་གྲུབ་ཀྱང་ཡབ་དང་ལྷན་དུ་ཕེབས་ཀྱང་། མི་ཚོགས་ཀྱི་དགའ་སྟོན་དང་།རྩི་ཤིང་དང་། མེ་ཏོག་གི་མཛེས་སྡུག བྱ་བྱིའུ་དང་བུང་བའི་སྐད་སྙན་སོགས་ཀྱིས་ཡིད་མ་འཕྲོག་པར།འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ་བསམ་བཞིན་དུ་འཛམ་བུ་ཤིང་གི་དྲུང་དུ་བཞུགས།

IMG_0984.JPG

འོན་ཀྱང་གཞོན་ནུ་དོན་གྲུབ་གྲོང་ཁྱེར་དུ་ཕེབས་པའི་ལམ་ཟུར་དུ་ཐོག་མར་མི་རྒས་འཁོགས་ལུས་སྒུག་པོར་གྱུར་པ། འཁར་རྒྱུག་ས་ལ་བཙུགས་ནས་འདར་སིག་སིག་ཏུ་འགྲོ་བ་ཞིག་དང་།དེ་ནས་ཕར་ཙམ་ན་ནད་དྲག་པོས་མནར་བའི་མི།

IMG_0985.JPG

གཟུགས་པོ་ཡོངས་རྫོགས་རྨ་ཡིས་ཁྱབ་པ། ན་ཟུག་གིས་སྐད་ངན་འདོན་པ་ཞིག་གཟིགས། ད་དུང་དེ་ནས་ཕར་ཙམ་ཕེབས་པ་ན། མི་ཞིག་གི་ལུས་པོ་རས་ཀྱིས་བཏུམས་པ་ཞིག་མི་གཞན་བཞིའི་ཕྲག་པར་འཁྱེར་བ་དང་། གཉེན་དང་ཉེ་དུ་རྣམས་ཀྱིས་ངུ་འབོད་བྱེད་པ་གཟིགས་པ་དེ་དག་ཅི་ཡིན་ཤིང་རྟའི་ཁ་ལོ་པར་དྲིས་པ་ལས། འཁོར་བའི་ཆོས་ཉིད་རྒ་བ་དང་། ན་བ། འཆི་བའི་སྡུག་བསྔལ་དག་ཡིན་པར་མཁྱེན། དེ་ནས་ཕོ་བྲང་དུ་ལོག་པའི་ལམ་དུ་རབ་ཏུ་བྱུང་བ་ཞིག་མཇལ་བ་དེ། འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་འཚོལ་མཁན་ཡིན་པ་མཁྱེན། དེ་ནས་བཟུང་སེམས་ཅན་སྡུག་བསྔལ་བ་འདི་རྣམས་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་ཐབས་དེ་ངེས་པར་དུ་འཚོལ་དགོས་བསམ་པ་དེ་ནམ་ཡང་མ་བྲལ་བར་གནས།  འདི་ལ་བསྟན་བཅོས་རྣམས་སུ་གཟིགས་པ་བཞི་ཞེས་གྲགས་སོ། །

IMG_0988.JPG

འཁོར་བའི་བྱ་བར་སྙིང་པོ་མེད་གཟིགས་ནས། །
ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །
མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད། །
རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །

IMG_0989.JPG

དེ་ནས་དབེན་པའི་གནས་སུ་བྲམ་ཟེ་དང་སློབ་དཔོན་མང་པོ་ལས་ཡང་དག་པའི་ལམ་དང་། ཡང་དག་པའི་ལྟ་བ་འཚོལ་བཞིན་བཞུགས།

IMG_0990.JPG

དབེན་པའི་གནས་སུ་བདེན་པ་སྟོན་པའི་དགེ་རྒན་དང་གྲོགས་བཟང་པོ་འཚོལ་བཞིན་རྟ་ཐུལ་སོགས་ལྔ་སྡེ་དང་འཕྲད་དེ་ཆོས་དང་ཟང་ཟིང་མཉམ་སྤྱོད་བྱས་ཀྱང་། སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པའི་མན་ངག་མ་ཐོབ། ལྔ་སྡེ་རྣམས་ཀྱང་གཽ་ཏ་མའི་སྤྱོད་ཚུལ་འགའ་ཤས་ལ་མ་དགའ་བས་གནས་དེ་ནས་གཞན་དུ་སོང་། བཅོམ་ལྡན་འདས་སངས་རྒྱས་པའི་རྗེས་སུ་གདུལ་བྱའི་ཐོག་མ་ལྔ་སྡེ་རྣམས་ཡིན་པ་མཁྱེན་ཏེ། ཝཱ་རཱ་ཎ་སཱིར་བྱོན་ནས་ལྔ་སྡེ་རྣམས་ལ། “འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །༌༌༌༌༌༌༌༌ཀུན་འབྱུང་༌༌༌༌༌༌ལམ་༌༌༌༌༌༌༌༌༌འགོག་པ་འཕགས་པའི་བདེན་པའོ། །” ཞེས་སོགས་བདེན་པ་བཞིའི་ཆོས་གསུངས་པ་དེ་ལ།བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཞེས་སུ་གྲགས། དེའི་སྐབས་ཀྱི་སློབ་མ་གཙོ་བོ་ཀུན་ཤེས་ཀཽཎྜི་ནྱ་དང་། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་ལ་འཁོར་ལྔ་སྡེ་བཟང་པོ་ཞུ་བ་ཡིན་ནོ། །

IMG_0991.JPG

བརྩོན་པས་བྱང་ཆུབ་སྒྲུབ་པར་དགོངས་ནས་ཀྱང་། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །

IMG_0992.JPG

ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ། །
ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །
གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ནས། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །
འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །

IMG_0993.JPG

ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །
མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་དེ། །
བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །

IMG_0995.JPG

དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་(jktx`g)ཏུ་བྱོན་པ་ན། ཡུལ་དེའི་རྒྱལ་པོ་གཟུགས་ཅན་སྙིང་པོ་བློན་པོ་དང་བཙུན་མོ་སོགས་འཁོར་དང་བཅས་པས་བསུ་བ་གཟབ་རྒྱས་ཞུས་ཤིང་།སྟོན་པ་བཞུགས་པའི་གནས་སྐྱེད་མོས་ཚལ་ཡིད་དུ་འོང་བ་ཞིག་ཕུལ་ནས་ཆོས་ཀྱང་ཞུས་སོ། །

IMG_0997.JPG

རྒྱལ་པོའི་ཁབ་ཅེས་བྱ་བ་ན་ཚོང་དཔོན་ཕྱུག་པོ་མགོན་མེད་ཟས་སྦྱིན་ཟེར་བ་དེས་སངས་རྒྱས་བཅོམ་ལྡན་འདས་མཇལ་བ་ན། དད་པ་དཔག་ཏུ་མེད་པ་སྐྱེས་ནས་སངས་རྒྱས་བཞུགས་སའི་ལྡུམ་ར་ཧ་ཅང་ལེགས་པོ་ཞིག་འབུལ་རྒྱུའི་ཆེད་དུ།  རྒྱལ་བུ་རྒྱལ་བྱེད་ལ་ལྡུམ་ར་ལེགས་པོ་ཞིག་ཡོད་པ་འཚོང་རོགས་ལབ་པར། རྒྱལ་སྲས་དེས་འཚོང་རྒྱུའི་འདོད་པ་མེད་པར། ལྡུམ་ར་འདིའི་ས་ཁྱོན་ཡོངས་རྫོགས་གསེར་ཊམ་གྱིས་འགེབ་ནུས་ན་འཚོང་ཆོག་ཟེར་བར།  ཚོང་དཔོན་མགོན་མེད་ཟས་སྦྱིན་གྱིས་གསེར་ཊམ་དོ་པོ་མང་པོ་སྤྲད་དེ་ལྡུམ་ར་དེ་ཉོས་ནས་སངས་རྒྱས་བཞུགས་སའི་ལྡུམ་ར་བཟོས་ཏེ་ཕུལ་བ་དེར། སངས་རྒྱས་དབྱར་ཉི་ཤུ་ལྷག་བཞུགས་པའི་གནས་དེ་ནི་མཉན་ཡོད་ཀྱི་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཞེས་པ་དེའོ། །

IMG_0998.JPG

ཡང་སྐབས་ཤིག་སྟོན་པ་བཅོམ་ལྡན་འདས་དགོན་པ་ཞིག་ཏུ་ཕེབས་པར། དགེ་སློང་ནད་པ་གཅིག་ལ་ནད་གཡོག་དང་སྨན་བཅོས་ཀྱི་རོགས་བྱེད་མཁན་མེད་པ་གཟིགས་ནས། དགེ་སློང་གཞན་རྣམས་ལ་འདི་ལྟ་བུ་སྡུག་བསྔལ་བའི་སྐྱེ་བོར་རིམ་འགྲོ་བྱས་ན་ང་ལ་རིམ་འགྲོ་བྱས་པ་དང་ཁྱད་པར་མེད་གསུངས་སོ།  །དེས་རང་རེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ནང་པ་ཚོས་སྲོག་ཆགས་ལ་འཚེ་བ་མི་བྱེད་པར། སྡུག་བསྔལ་ཅན་ལ་ཕན་གྲོགས་བྱེད་པའི་མིག་དཔེ་ཆོས་ལུགས་གཞན་ལས་ལྷག་པ་ཞིག་མ་བྱུང་ན། རང་ཉིད་ནང་པ་སངས་རྒྱས་པ་མཚན་ཉིད་ཚང་ལ་མིང་དོན་མཚུངས་པ་ཞིག་ཡིན་དང་མིན་བློ་ནང་དུ་ཕྱོགས་ནས་རང་གིས་རང་ལ་དཔྱད་པར་འཚལ་ལོ། །

རྒྱ་གར་གྱི་ཆུ་བོ་རོཧིནི་ཞེས་བྱ་བའི་ཉེ་འགྲམ་དུ་ཤཱཀྱ་པ་དང་ཀོ་ལི་ཡའི་རིགས་ཀྱི་ཡུལ་གཉིས་ཡོད་པ་ལ།  ནམ་ཞིག་ཆར་ཆུ་དུས་སུ་མ་བབས་པའི་རྐྱེན་གྱིས་ཆུ་བོ་རོཧིནི་ཡང་སྐམ་སྟེ། ཆུ་ཕྲན་ཇི་ཙམ་དུ་གྱུར་པ་ན། ཡུལ་གཉིས་དབར་ཞིང་ཆུ་འདྲེན་སྔ་ཕྱིའི་ཐད་རྩོད་པ་ཆེན་པོ་བྱུང་། ཡུལ་ཕན་ཚུན་གཉིས་ཀས་དམག་འཐབ་རྒྱུའི་གྲ་སྒྲིག་བྱས་ཏེ། མི་གསོད་ཁྲག་སྦྱོར་དང་།ཡུལ་ལུང་རྩ་བརླག་ཏུ་འགྲོ་བའི་དྲག་པོའི་ལས་ལ་ཞུགས་པར་ཉེ་བའི་སྐབས་དེར། སངས་རྒྱས་བཅོམ་ལྡན་འདས་དེར་བྱོན་ནས།འཚེ་བ་ཅན་གྱི་དམག་འཐབ་མི་བྱེད་པར། ཕན་ཚུན་ཕུ་ནུའི་འདུ་ཤེས་ཀྱིས་ཕྱོགས་གཉིས་ཀར་ཕན་པའི་འཚེ་བ་མེད་པའི་ཐབས་ལམ་ཟབ་མོ་བསྟན་ཏེ། ཡུལ་གཉིས་ཀྱི་དབར་དྲག་པོའི་དམག་འཁྲུག་རྒྱག་མ་དགོས་པར་ཞི་བདེར་གནས་ཐུབ་པ་བྱུང་ངོ་། །
རྒྱལ་སྲས་གཞོན་ནུ་དོན་གྲུབ་གློ་བུར་དུ་བྲོས་བྱོལ་དུ་སོང་བའི་རྗེས་སུ་ཡབ་རྒྱལ་པོ་ཟས་གཙང་དང་།ཆུང་མ་གྲགས་འཛིན་མ།  སྲས་རཱ་ཧུལ། དེ་བཞིན་རྒྱལ་བློན་འཁོར་དང་བཅས་པ་མྱ་ངན་དྲག་པོས་ནོན་པའི་དུས་ཤིག་ན།གཞོན་ནུ་དོན་གྲུབ་སངས་རྒྱས་ཏེ། དམ་པའི་ཆོས་སྟོན་བཞིན་རྒྱལ་པོའི་ཁབ་ཏུ་བཞུགས་པ་ཐོས་སོ། །ཡབ་རྒྱལ་པོས་ཕོ་ཉ་མངགས་ཏེ་གདན་འདྲེན་ཞུས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ། ཡུལ་སེར་སྐྱའི་གྲོང་(dfiyoLrq)དུ་ཕེབས།དེར་རྒྱལ་བློན་འཁོར་དང་བཅས་པར་ཡབ་སྲས་མཇལ་བའི་མདོ་ལ་སོགས་པའི་ཆོས་མང་པོ་བསྟན་ཏོ།  །སྲས་སྒྲ་གཅན་འཛིན་གྱིས་ཀྱང་རང་གི་ཡབ་ལས་ཆོས་ཐོས་སོ། །

རང་ཉིད་འཁྲུངས་ནས་ཉི་མ་ཁ་ཤས་ཀྱི་རྗེས་སུ་ཡུམ་སྒྱུ་མ་ལྷ་མཛེས་གྲོངས་པ་དེ། ད་ལྟ་རིགས་དྲུག་གང་དུ་སྐྱེ་བ་བླངས་ཡོད་པ་མངོན་ཤེས་ཀྱིས་གཟིགས་པ་ན།  དགའ་ལྡན་གྱི་ལྷའི་གནས་སུ་བཞུགས་པ་མཁྱེན་ནས།  དེར་རྫུ་འཕྲུལ་གྱིས་བྱོན་ཏེ།ཟླ་བ་འགའ་ཤས་བཞུགས་པའི་རིང་ལ་ཡུམ་གཙོ་བོར་གྱུར་པའི་ལྷ་རྣམས་ལ་ཆོས་སྣ་ཚོགས་བསྟན། དེ་ནས་སླར་མི་ཡུལ་དུ་བབས་པའི་གནས་དེ། དེང་སང་རྒྱ་གར་བྱང་ཕྱོགས་སུ་ལྷ་བབས་མཆོད་རྟེན་ཡོད་སའི་གནས་དེ་ཡིན་ལ། དུས་ཆེན་དེ་ལ་ཡོངས་གྲགས་སུ་ལྷ་བབས་དུས་ཆེན་ཞེས་འབོད་དོ། །

ཡང་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ཤིག་ན། ཡུལ་ཀོ་ས་ལིའི་རྒྱལ་པོ་གསལ་རྒྱལ་གྱི་མཆོད་གནས་བྲམ་ཟེ་ཞིག་ལ་བུ་ཞིག་སྐྱེས་པ་དེའི་མིང་ལ་མི་གདུང་བ་ཞེས་བཏགས།
  དེ་ཡུལ་རྡོ་འཇོག་གི་སློབ་དཔོན་ཞིག་གི་དྲུང་དུ་རིག་པ་སློབ་པར་སོང་ནས་རིག་གནས་ལ་ཧ་ཅང་མཁས་པར་གྱུར།  སློབ་གྲོགས་ཚོས་ཕྲག་དོག་གིས་ཁོའི་དགེ་རྒན་དང་དཀྲུག་ཤིང་བརྒྱབ་པས་ཕྱིར་འབུད་བཏང་། ནང་དུ་ལོག་པར་ཕ་མ་དང་ཡུལ་མི་ཚོས་ཁ་རྡུང་དང་མཐོང་ཆུང་ཁོ་ན་བྱས་པར་བརྟེན། མཐར་འུ་ཐུག་ནས་ཇག་བཅོམ་དང་མི་གསོད་ཁྲག་སྦྱོར་གྱི་བྱ་བར་ཞུགས། དེ་མ་ཟད།མི་རེ་བསད་པའི་མཛུབ་མོ་རེ་ཉར་ནས་ཕྲེང་བ་བཟོས་པ་སྐེ་ལ་གྱོན། ཡུལ་ལུང་ཐམས་ཅད་དུ་སོར་མོའི་ཕྲེང་བ་ཅན་ཞེས་བདུད་ལྟ་བུར་ངོས་འཛིན་བྱས། ཁོས་ཀྱང་མི་སྟོང་ཕྲག་གཅིག་གསོད་རྒྱུ་དམ་བཅས་ཏེ། མི་ ༩༩༩ བསད་པའི་རྗེས་སུ་གཅིག་མ་ཐོབ་པར་རང་གི་མ་རྒན་མོ་གསོད་དུ་རྒྱུག་པ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། དེ་དང་ཉེ་བར་བྱོན།ཁོས་མ་བསད་པ་ལས་དགེ་སློང་འདི་བསད་ན་བཟང་
སྙམ་ནས་དེར་རྒྱུག དགེ་སློང་དེས་ཁོ་ལ་བྱམས་བརྩེའི་རྣམ་པས་ཡིད་ལ་འབབ་པའི་གཏམ་སྨྲས། སོར་མོའི་ཕྲེང་བ་ཅན་ཡང་གྲོགས་ཤིག་ཐོབ་པར་དགའ་ཚོར་དང་སྡིག་པའི་ལས་བྱས་པར་འགྱོད་པ་སྐྱེས། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་། སྡིག་བཤགས་དང་དགེ་སྦྱོར་ལ་བརྩོན་པ་བྱས་པས། མཐར་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །

སངས་རྒྱས་རང་གི་གཉེན་ཉེར་གྱུར་པ་ལྷས་བྱིན་ཟེར་བ་ཞིག་ཡོད་པ་དེས༌བཅོམ་ལྡན་འདས་ཀྱི་ཡོན་ཏན་དང་སྙན་གྲགས་ལ་ཕྲག་དོག་གིས་ངན་བྱུས་མང་པོ་བྱས། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་མ་སྐྱེས་དགྲ་ཟེར་བས་ཀྱང་ལྷས་བྱིན་ལ་རོགས་བྱས།ཐ་ན་བཅོམ་ལྡན་འདས་དགྲོང་རྒྱུའི་ཆེད་དུ་གླང་ཆེན་སྨྱོན་པ་བཏང་བ་དང་། མདའ་འཕེན་པ། རི་མགོ་ནས་འབབ་རྡོ་ཆེན་པོ་དྲིལ་བ་སོགས་མི་དགེ་བའི་ཐབས་སྣ་ཚོགས་པ་བྱས། འོན་ཀྱང་སངས་རྒྱས་ཀྱིས་ལྷས་བྱིན་ལ་ཕན་ཐབས་ཁོ་ན་མཛད་ཅིང་།  མ་སྐྱེས་དགྲ་ཡང་རྗེས་སུ་སངས་རྒྱས་ལ་དད་པར་གྱུར་ནས་བསྟན་པ་ལ་ཞབས་འདེགས་རྒྱ་ཆེན་པོ་ཞུས་སོ། །

སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚ་བོ་དང་འཁོར་གྱི་གཙོ་བོ་དགེ་སློང་ཀུན་དགའ་བོ་དེ་ཧ་ཅང་ཚ་བ་ཆེ་བའི་ནམ་དུས་ཀྱི་ཉིན་མོ་གཅིག་ལ། གྲོང་གསེབ་ཅིག་གི་ལམ་རྩུབ་པོ་ཞིག་ཏུ་སྐྱོད་སྐབས། ལམ་ཟུར་ནས་བུ་མོ་ཞིག་ཆུའི་རྫ་མ་འཁྱེར་ནས་འགྲོ་བ་གཟིགས་ནས། དེ་ལས་ཆུ་སློང་བ་ན། བུ་མོ་དེས་ང་རིགས་དམའ་བ་ཡིན་པས་ཁྱེད་ལ་ཆུ་བྱིན་ན་མི་འགྲིག་ཟེར་བར། དགེ་སློང་ཀུན་དགའ་བོས། མའི་མངལ་ནས་སྐྱེ་བའི་སྐབས་སུ་འདི་རིགས་མཐོ་བ་དང་། འདི་རིགས་དམན་པ་ཡིན་ཟེར་བ་མེད་ཀྱང་། རིགས་ཀྱི་དབྱེ་བས་གང་ཟག་གཅིག་གིས་གང་ཟག་གཞན་ལ་དམའ་འབེབས་པ་དང་། བཤུ་གཞོག་གཏོང་བའི་ཆེད་དུ་བཤད་པ་ཡིན།  ངས་ཁྱེད་ལ་ཆུ་སློང་བ་མ་གཏོགས་རིགས་འདྲི་བ་མིན། སྟོན་པའི་རྗེས་འཇུག་ལ་བྱ་བ་གཙོ་བ་ལས་རིགས་གཙོ་བ་མ་ཡིན་ནོ། །ཞེས་གསུངས་སོ། །

ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །
འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །
ཡང་དག་ཉིད་དུ་འཇིག་པ་མེད་གཟིགས་ཀྱང་། །མ་འོངས་སེམས་ཅན་བསོད་ནམས་བསག་བྱའི་ཕྱིར།།
དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །
དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །
དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག །
དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །
ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།
ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །

སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །
བསྟན་འཛིན་བུ་སློབ་ཤིན་ཏུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།