ཀྲུང་གོ་བོད་ཀྱི་དྲ་བ།

འཇང་དགུན་ཆོས་ངོ་སྤྲོད།

ཡོང་ཁུངས། : གངས་ལྗོངས་རིག་གནས་འཕྲིན་སྟེགས།     སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.འཇང་དགུན་ཆོས་ཀྱི་མཚན་བྱུང་སྟངས། 

 འཇང་དགུན་ཆོས་ཞེས་པའི་ཆོས་ཐོག་ཆེན་པོ་འདི་ནི་ཆེས་སྔ་མོ་ཞིག་ནས་བོད་དུ་དར་ཞིང་། དེ་ཡང་རི་བོ་དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་ཞིག་ཡིན།  མཚན་གཞན་ལ་འཇམ་དབྱངས་དགུན་ཆོས་ཞེས་ཀྱང་ཟེར་ལ་དེ་ནི་ཕལ་ཆེར་འཇང་དགུན་ཆོས་ཞེས་པ་སྒྲ་དག་པར་འདོན་མ་ཐུབ་ནས་དེ་ལྟར་ཐོགས་ཤིང་། དེ་ཡང་འཇང་དགུན་ཆོས་ཞེས་པའི་འཇང་ནི་ལྷ་སའི་ལྷོ་རྒྱུད་དུ་ཡོད་པའི་ས་ཆ་ཞིག་གི་མིང་ཡིན་ཞིང་། གནས་དེར་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་ཀྱིས་དགུན་ཁར་ཟླ་བ་གཅིག་གི་རིང་འཚོགས་ནས་ཚད་མ་རིག་པའི་གཞུང་ལ་གྲྭ་ས་དང་དགོན་པ་ཕན་ཚུན་བར་བརྒལ་བརྟག་གི་སྒོ་ནས་དཔྱད་པར་བྱེད་པའི་ཆོས་ཐོག་ཅིག་ཡིན་པས་འཇང་དགུན་ཆོས་ཞེས་ཐོགས། 

2.འཇང་དུ་འཚོགས་པའི་དགོས་པ།

    འོ་ན་གདན་གསུམ་གྱི་དགེ་འདུན་པ་རྣམས་འཇང་དུ་འཚོགས་དགོས་དོན་ཅི་ཡིན་ཞེ་ན། འཇང་ཞེས་པ་དེ་གནས་ཁྱད་པར་ཅན་ཞིག་ཡིན་ཏེ། དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལ(རང་ལས་ཞེས་ཀྱང་འབྱུང)མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་བྱ་བས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་བློ་གྲོས་ཀྱི་མཐུ་དམན་པས་སྟོན་པས་གསུངས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་བཞིན་དུ་མ་ཤེས་པས་དེ་དག་གི་དགོངས་དོན་ཚད་མ་རིག་པའི་ལམ་ནས་གསལ་བར་མཛད་པའི་ཕྱིར་ཚད་མའི་བསྟན་བཅོས་ཐོར་བུ་མང་དུ་བརྩམས། བསྟན་བཅོས་དེ་དག་ཕྱོགས་གཅིག་ཏུ་བསྡོམས་པའི་བསྟན་བཅོས་ཚད་མ་ཀུན་བཏུས་བརྩམས་པར་བཞེད་ནས་རང་གི་སྒྲུབ་ཕུག་གི་ཕྱིའི་རྡོ་བར། ཚད་མ་གྲུབ་པ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས།། ཚད་མར་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས།། བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ།།  ཞེས་བྱ་བ་དེ་བྲིས་ནས་ཕྱི་རུ་བསོད་སྙོམས་ལ་ཕེབས་པས། བསོད་སྙོམས་ལ་ཕེབས་རིང་ཕྱི་རོལ་པ་ཞིག་འོངས་ནས་ཡི་གེ་དེ་བསུབ་པར་བྱས། དེ་ལྟར་ཐེངས་གསུམ་དུ་བྱས་མཐར་སློབ་དཔོན་མཆོག་གིས་རྩོད་པར་འདོད་ན་རྩོད་ཆོག་པ་དང་དེ་མིན་མ་གསུབ་ཅེས་བྲིས་ནས་བསོད་སྙོམས་ལ་ཕེབས་ནས་ཕྱིར་ཕེབས་སྐབས་ཕྱི་རོལ་པ་དེ་བྲག་ཕུག་གི་ནང་དུ་སྒུག་བསྡད་ཡོད་པས་སློབ་དཔོན་མཆོག་དང་རྩོད་པ་བརྒྱབས།  ཕྱི་རོལ་པ་དེ་རྩོད་པ་ཕམ་པ་ན་ཁོང་ཁྲོས་སྨྱོས་ཏེ་ཁའི་ནང་ནས་མེ་བཏང་ནས་སློབ་དཔོན་གྱི་ན་བཟའི་སྣེ་རྣམས་འཚིག་པར་བྱས་ནས་བྲོས་ཕྱིན་པས་སློབ་དཔོན་མཆོག་གིས་དགོངས་པར་སེམས་ཅན་མ་རུང་བ་འདི་འདྲ་བ་ཞིག་ཀྱང་ངས་འདུལ་མ་ཐུབ་ན་ངས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟར་བྱ་དགོས། ཚད་མ་ཀུན་བཏུས་དེ་བརྩམས་པས་མི་ཕན་སྙམ་ཞིང་ས་ནས་རྡོ་ཞིག་བླངས་ནས་རྡོ་འདི་གནམ་ལ་འཕངས་ནས་ས་རུ་མ་ལྷུང་ན་ཀུན་བཏུས་མུ་མཐུད་ནས་བརྩམས་པར་བྱ་ཡི་གཞན་མི་བྱ་དགོངས་ནས་གནམ་ལ་འཕངས། རྡོ་ས་ལ་མ་ལྷུང་བས་ཅི་ཡིན་དགོངས་ནས་གནམ་ལ་གཟིགས་པ་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་ནས།  ཁྱེད་དེ་ལྟར་མ་དགོངས་པར་མུ་མཐུད་ནས་བརྩམས་ན་རྗེས་སུ་གཞུང་འདིས་ཕན་པ་རྒྱ་ཆེར་ཡོང་ཞེས་ལུང་བསྟན་མཛད་ལ།  རྡོ་བ་དེ་ཡང་དེ་རུ་མ་ཟགས་པར་བོད་གངས་ཅན་ལྗོངས་ཀྱི་འཇང་གི་གནས་དེར་ལྷུང་བར་གྲགས།  དེས་ན་འཇང་གི་གནས་དེར་འོངས་ནས་རྣམ་འགྲེལ་རྩོད་ན་ཕྱོགས་ཀྱི་གླང་པོའི་བྱིན་རླབས་ཀྱིས་རིགས་ལམ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་ཅེས་བཤད་སྲོལ་ཡོད་པས་རྟགས་དང་རྟེན་འབྲེལ་གྱི་རྣམ་རྟོག་ཤུགས་ཆེར་ལྡན་པའི་བོད་མི་རྣམས་གནས་དེར་འོངས་ནས་རྟགས་གསལ་གཏོང་ཙམ་བྱས་ནས་འགྲོ་མཁན་ཡང་མང་པོ་ཞིག་ཡོད་སྐད།  གདན་གསུམ་གྱི་དགེ་འདུན་པ་རྣམས་ཀྱང་གནས་དེར་འོངས་ནས་ཟླ་བ་གཅིག་གི་རིང་ཚད་མ་རིག་པ་སློབ་པའི་སྲོལ་དར་བ་རེད།

3.འཇང་དགུན་ཆོས་འཚོགས་སྟངས།

     བོད་དུ་འཇང་དགུན་ཆོས་དེ་དུས་ནམ་ཞིག་ནས་དར་པ་ཡིན་གསལ་བར་མ་ཤེས་ཀྱང་།ཅུང་སྔ་མོ་ཞིག་ནས་དར་བར་མངོན་ཞིང་། དེ་ཡང་གདན་ས་གསུམ་གྱི་དགེ་འདུན་པ་གྲགས་གྲས་རྣམས་འཇང་དུ་འཛོམས་ནས་འཚོགས་ཤིང་།རྗེས་སུ་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་གདན་ས་གསུམ་ལ་རེས་མོས་ཀྱིས་འཚོགས།དེ་ཡང་ཞོགས་པར་ཆུ་ཚོད་དགུ་བ་ནས་བཅུ་གཅིག་བར་གདན་ས་གསུམ་གྱི་དགེ་འདུན་པ་ཡོངས་ལྷན་དུ་འཚོགས་ཤིང་།དགོང་དྲོར་ཆུ་ཚོད་དྲུག་པ་ནས་འཐོར་ཆོས་དམ་བཅའ་འཚོགས་ལ། དེ་ཡང་གྲྭ་ཚང་རེ་རེ་བཞིན་དམ་བཅའ་བསྡད་ནས་གྲྭ་ཚང་གཞན་གྱིས་རྟགས་གསལ་གཏོང་དགོས་ཀྱི་ཡོད། དམ་བཅའ་ཆུ་ཚོད་གཅིག་དང་ཕྱེད་རིང་འཚོགས་ནས་སླར་ཡང་སོ་སོའི་འཛིན་གྲོགས་དང་ལྷན་དུ་རྩོད་ཟླ་བསྒྲིགས་ནས་རྩོད་པ་རྩོད་དགོས་ཀྱི་ཡོད་པ་དང་། དེ་ཡང་གྲྭ་ཚང་གཞན་གྱི་གྲྭ་བ་དང་རྩོད་ཟླ་སྒྲིག་དགོས་ཤིང་དེ་ལྟར་བྱེད་དོན་ནི་གྲྭ་ཚང་སོ་སོའི་ཡིག་ཆ་དང་འཛིན་མཚམས་དང་མི་མཐུན་པས་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་གོ་རྟོགས་སྤེལ་བར་ཁྱད་པར་ཆེན་པོ་ཡོད་ཅེས་བཤད། དེ་ནས་ཆུ་ཚོད་ཕྱེད་ཀྱི་རིང་བར་གསེང་བྱས་ནས་སླར་ཡང་གྲྭ་ཚང་སོ་སོའི་ཉེ་ལོག་དང་ལྷན་དུ་རྩོད་པ་བྱེད་དགོས་ཀྱི་ཡོད་པ་རེད། དེ་ལྟར་དགོང་དྲོ་ཆུ་ཚོད་བཅུ་གཅིག་གི་བར་རྩོད་དགོས་ཀྱི་ཡོད་ཀྱང་རྩོད་ཤུགས་ཆེ་བ་རྣམས་ཆུ་ཚོད་དང་པོ་གཉིས་པ་ལའང་རྩོད་ནས་བསྡད་ཀྱི་ཡོད།  རྒྱ་གར་དུ་འཇང་དགུན་ཆོས་འཚོགས་སྐབས་སྔོན་དང་མི་འདྲ་བར་རྡ་ས་ནས་ཀི་རྟི་གྲྭ་ཚང་དང་རིགས་ལམ་སློབ་གཉེར་ཁང་སོགས་དང་། རྒྱུད་གྲྭ་སྟོད་སྨད། ར་སྟོད་དང་བཀྲ་ཤིས་ལྷུན་པོ། དེ་བཞིན་དགོན་པ་ཆེ་ཕྲ་དུ་མ་དང་ཆོས་ལུགས་འདྲ་མིན་ནས་སློབ་གཉེར་བ་མང་དག་ཅིག་འཛོམས་བཞིན་ཡོད།

4.འཇང་དགུན་གྱི་སྐབས་གཞུང་གང་ལ་སློབ་པ།

འཇང་དགུན་གྱི་སྐབས་གཙོ་བོར་ཚད་མ་རིག་པའི་གཞུང་ལ་སློབ་ཅིང་། དེ་ཡང་གཙོ་བོར་ཚད་མ་རིག་པའི་སློབ་དཔོན་ཕྱོགས་གླང་ཡབ་སྲས་སུ་གྲགས་པའི་སྲས་སློབ་དཔོན་ཆོས་ཀྱི་གྲགས་པའི་དཔལ་གྱིས་མཛད་པའི་ཚད་མ་རྣམ་འགྲེལ་ཞེས་པ་རྩ་བ་དང་དེས་མཚོན་པའི་རྒྱ་གར་མཁས་པའི་ཚད་མའི་གཞུང་གཞན་རྣམས་དང་།  བོད་འགྲེལ་གྱི་ནང་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཅེས་བྱ་བས་མཚོན་པའི་རྗེ་ཡབ་སྲས་གསུམ་གྱིས་དབུས་པའི་བོད་གངས་ཅན་ལྗོངས་ཀྱི་མཁས་པ་གཞན་རྣམས་ཀྱི་ཚད་མའི་གཞུང་སོགས་དང་།དེ་བཞིན་གྲྭ་ཚང་སོ་སོའི་ཡིག་ཆ་སྟེ། དགའ་བྱང་དང་སེར་བྱེས་ཀྱིས་རྗེ་བཙུན་ཆོས་རྒྱན་གྱི་རྣམ་འགྲེལ། དགའ་ཤར་དང་བློ་གསལ་གླིང་གིས་པན་ཆེན་བསོད་གྲགས་ཀྱི་རྣམ་འགྲེལ།སྒོ་མང་གིས་ཀུན་མཁྱེན་འཇམ་བཞད་ཀྱི་རྣམ་འགྲེལ། སེར་སྨད་ཀྱིས་མཁས་གྲུབ་བསྟན་དར་བའི་རྣམ་འགྲེལ་བཅས་ལ་དམིགས་བསལ་གྱིས་སློབ་བཞིན་ཡོད།

5.ཇི་ལྟར་རྩོད་པའི་སྲོལ། 

   ཆེས་སྔ་མོར་རྒྱ་གར་དུ་རྩོད་པ་རྒྱག་སྐབས་སྔ་རྒོལ་ཕྱི་རྒོལ་གཉིས་གདན་ཐོག་ཏུ་བསྡད་ནས་རྩོད་ཅིང་དམ་བཅའ་རེ་རེ་ཤོར་བ་དང་གདན་རེ་རེ་ལེན་པར་བཤད་ལ་བོད་དུའང་དེ་ལྟར་བྱུང་བར་སྣང་ཞིང་།རིག་པའི་དབང་ཕྱུག་ཆ་པ་ཆོས་ཀྱི་སེང་གེ(ཕྱྭ་བ་ཆོས་ཀྱི་སེང་གེ་ཞེས་ཀྱང་ཟེར)ཡིས་རྟགས་གསལ་གཏོང་མཁན་ལང་དགོས་པ་དང་། གཟན་རྐེད་པར་སྡོམ་པ། རྐང་པ་གཡས་པ་གནམ་ལ་བཀྱགས་ཤིང་གཡོན་མ་ཅུང་ཡར་འདེགས་པ་སོགས་ཀྱི་ལམ་སྲོལ་ཇི་ལྟར་བཏོད་པ་བཞིན་ཆོས་གྲྭར་དེ་ལྟར་རྩོད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།