ཀྲུང་གོ་བོད་ཀྱི་དྲ་བ།

བདུང་རྩི་ལྔ་ལུམས་ཀྱི་བསྟེན་ཐབས་རགས་ཙམ་བརྗོད་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།   རྩོམ་པ་པོ། : སྐལ་བཟང་འཚོ།   སྤེལ་དུས། : 2020-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  བདུད་རྩི་ལྔ་ལུམས་ནི་དཔྱད་ལྔའི་ནང་ཚན་གྱི་འཇམ་དཔྱད་ཀྱི་ལེའུ་གཅིག་ཡིན་ལ། དེར་འཇམ་དཔྱད་ཅེས་བྱ་བ་ནི་ལུས་ཀྱི་ཕྱི་ནས་ཐད་ཀར་སྤྱད་པར་བརྟེན་ནས་ནད་ཞི་ཞིང་འཇོམས་པར་བྱེད་པས་ན་དཔྱད་ཅེས་བྱ་ཞིང་། དེ་སྤྱོད་པའི་ཚེ་ན་ཡང་ནད་པར་མི་བཟོད་པའི་ཟུག་རྔུ་དང་ཚོར་བ་ཆེར་མེད་པས་འཇམ་པོ་ཞེས་སྒྲ་བསྣན་པ་ཡིན་ལ། དེ་ལྟ་བུའི་འཇམ་པོའི་དཔྱད་དེར་བད་ཀན་ཤས་ཆེ་བར་སྤྱོད་པའི་དུགས་དང་མཁྲིས་པ་ཤས་ཆེ་བར་སྤྱོད་པའི་ལུམས། རླུང་ཤས་ཆེ་བར་སྤྱོད་པའི་བྱུགས་པ་བཅས་རྣམ་གསུམ་གྱི་སྒོ་ནས་བསྟན་ཡོད་པ་ལས་འདིར་བདུད་རྩི་ལྔ་ལུམས་ལ་བསྟེན་ཐབས་སྐོར་རགས་ཙམ་བརྗོད་པ་ལ།

དང་པོ། བདུད་རྩི་ལྔ་ལུམས་ཀྱི་ཁུངས་བཤད་པ།
       བརླན་གཤེར་གྱི་མཚན་ཉིད་ཚང་བའི་ཆུ་ཁམས་དང་རེག་བྱ་ཚ་ཞིང་མེ་ཁམས་ཀྱི་མཚན་ཉིད་ཡང་ཚང་བའི་མེ་ཆུ་གཉིས་ལྡན་གྱི་རང་བྱུང་གི་ཆུ་ཚན་དང་བདུད་རྩི་ལྔ་ལུམས་ཀྱི་འབྱུང་ཁུངས་ནི《དྲང་སྲོང་ཙ་ར་ཀ》དང《ཡན་ལག་བརྒྱད་པ》སོགས་ཡིན་ལ། དེ་ཡང《དྲང་སྲོང་ཙ་ར་ཀ》ལས། དུགས་ཀྱི་གསོ་བར་བྱ་བའི་ནད།། རླུང་དང་བད་ཀན་བདག་ཉིད་ཅན།། སྣུམ་ནི་སྔོན་དུ་འགྲོ་བ་ཡིན།། དུགས་ཀྱི་རབ་ཏུ་ཞི་བར་འགྱུར།། ཞེས་དང་རྩ་རྒྱུད་ལས། ཆུ་ཚན་རིགས་ལྔ་རུ་གསུངས་ཡོད་པའི་ཆུ་ཚན་རིགས་ལྔའི་ཕན་ཡོན་དང་བཅས་པ་ནི། རྡོ་སོལ་ཅོང་ཞི་འདྲེས་པའི་ཆུས།། རབ་ཏུ་ཚ་བའི་ནད་རྣམས་སེལ། རྡོ་སོལ་མུ་ཟི་འདྲེས་པའི་ཆུས།། ཁྱད་པར་གྲང་བའི་ཆུ་སེར་འཇོམས། ཅུང་ཟང་རྩབ་པའི་རླུང་ལ་གནོད། རྡོ་སོལ་བྲག་ཞན་འདྲེས་པའི་ཆུས།། བསིལ་དྲོད་སྙོམས་ཤིང་ལྡན་འདུས་སེལ།། དེ་བཞིན་ཅོང་ཞི་མུ་ཟི་དང་། རྡོ་སོལ་གསུམ་འདྲེས་ཆུ་ཚན་ནི།། ཀུན་ལ་ཡོད་དེ་གྲང་རྐྱང་སེལ།། རྡོ་སོལ་མུ་ཟི་བྲན་ཞུན་དང་། ལྡོང་རོས་འདྲེས་པའི་ཆུ་ཚན་ནི།། ཆུ་སེར་ཚ་བ་ལ་སོགས་སེལ།། ཞེས་རང་བྱུང་ཆུ་ཚན་རིགས་འབྱུང་བའི་རྒྱུ་རྐྱེན་དང་སོ་སོའི་ཕན་ནུས་རྒྱས་པར་གསུངས་ཡོད་པ་དང་། བདུད་རྩི་ལྔ་ལ་སོགས་པ་སྨན་སྣ་སྦྱར་བའི་ཆུ་ལུམས་ཀྱི་ཕན་ནུས་དང་རང་བཞིན་སོགས་ནི་རང་བྱུང་ཆུ་ཚན་དང་ཇི་བཞིན་དུ་ཐོན་པས་བདུད་རྩི་ལྔ་ལུམས་ཀྱ་འབྱུང་ཁུངས་ཀྱང་དེ་བཞིན་དུ་གསལ་བོར་བསྟན་ཡོད།

གཉིས་པ། བདུད་རྩི་ལྔ་ལུམས་ཀྱི་ངོ་བོ།
       བདུད་རྩི་ལྔ་ལུམས་ཀྱི་ངོ་བོ་ནི་དཔྱད་ཡིན་ཏེ། ཇི་སྐད་དུ། ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང་། ཞི་བར་བྱེད་པ་གང་ཡིན་དཔྱད་ཡིན་ནོ།།ཞེས་གསུངས་པ་ལྟར་ཆ་དཔྱད་དང་སྨན་རྫས་སོགས་ལུས་ཀྱི་ཕྱི་ནས་སྤྱད་དེ་ཆུ་སེར་བ་སྤུར་འདོན་པ་དང་ཟུག་རྔུ་ལ་སོགས་ཞི་བར་བྱེད་པའི་ཐབས་ཀྱི་རིགས་ཡིན་ནོ།།

གསུམ་པ། བདུད་རྩི་ལྔ་ལུམས་ཀྱི་གྲུབ་ཆ།
       རང་བྱུང་གི་ཆུ་ཚན་དེ་མ་གྲུབ་པའི་བདུད་རྩི་ལྔ་ལུམས་ཀྱི་གྲུབ་ཆ་གཙོ་བོ་ནི། བ་ལི་སྤང་གི་བདུད་རྩི། ཤུག་པ་ཉིན་གྱི་བདུད་རྩི། མཚེ་སྲིབས་ཀྱི་བདུད་རྩི། འོམ་བུ་ཆུའི་བདུད་རྩི། མཁན་སྐྱ་སའི་བདུད་རྩིར་གྲགས་པ་ཆ་སྙོམསདང་ཡང་ན་ནད་རྟགས་དང་སྦྱར་ནས་སྣོན་འཕྲི་བྱེད་ཆོག་ལ། དེའི་ཁ་ཚར་ལ་ཆུ་སེར་གྱི་ནད་གཞི་ཅན་སེང་ལྡེང་དང་ཆུ་སེར་སྨན་གསུམ། གུ་གུལ་ནག་པོ། རླུང་ཤས་ཆེ་བ་ལ་རུས་པ་སྣ་ཚོགས་ཀྱི་ཁུ་བ་བསྣན་པ། གྲང་ཤས་ཆེ་བ་ལ་ལུག་རིལ་ཆང་བཅོས་དང་ཚ་ཤས་ཆེ་བ་ལ་གླ་རིལ་ཆང་བཅོས། རྩ་དཀར་དང་གཟའ་ནད་ལ་གླ་རྩི། གླ་རིལ། རི་བོང་གི་རིལ་མ་བཅས་དྲོད་སྨན་དང་རྩི་ཤིང་གི་སྨན་རིགས་གང་འཛོམས་རྣམས་ནད་ཁམས་དང་བསྟུན་ནས་སྦྱར་ཆོག་ལ། སྒལ་དཔལ་ཆེན་གྱིས་དམིགས་བསལ་གྱི་ཁ་ཚར་ལ་རུས་པ་སྣ་ཚོགས་དང་། རྡོ་སོལ། མུ་ཟི། ཅོང་ཞི། ཙན་དན། སྤང་སྤོས། མེ་ཏོག་སྣ་ཚོགས་སོགས་སྐབས་བསྟུན་གྱིས་འདེབས་དགོས་ཚུལ་གསུངས་སོ།།

བཞི་བ། བདུད་རྩི་ལྔ་ལུམས་ལ་འདུག་ཐབས།
       གོང་དུ་བཤད་པའི་སྨན་རྫས་རྣམས་ཆོ་ག་བཞིན་དུ་བསྒྲུབས་པའི་སྨན་ཆུས་བཀང་བའི་སྣོད་དུ་འདུག་པ་དང་། སྣོད་ལ་ཡང་ལུས་ཡོངས་རྫོགས་ཤོང་བའི་ཁྲུས་གཞོང་ཆེན་མོ་རིང་སྟབས་ཅན་སྨན་ཆུས་བཀང་བའི་ནང་དུ་ནད་པ་འདུག་པར་བྱ་ཞིང་དེ་ཡང་ལུམས་ཆུའི་དྲོད་ཚད་ནི་ནད་པའི་ལུས་ཟུངས་དང་བསྟུན་ནས་ཆེས་མཐོ་ན་ཏུའུ43དང་ཆེས་དམའ་ན་ཏུའུ38ཀྱི་ཚད་ལྡན་བསྟེན་ཚུལ་དང་བསྟུན་དགོས་ལ། གང་ལྟར་ལུམས་ལ་ཞུགས་པའི་དམིགས་ཡུལ་ནི་འོས་མཚམས་ཀྱིས་རྔུལ་ཐོན་དགོས་པ་ཡིན་མོད། འོན་ཀྱང་ཚ་ཆེ་ན་ཤ་ལྤགས་བསྲེགས་ནས་འཇུག་མི་ཐུབ་པ་དང་། ཡང་ན་ཞུགས་ཐུབ་རུང་དེ་མ་ཐག་ཏུ་ཤ་ལྤགས་བར་ནས་རྔུལ་བ་ཞུར་བ་མང་ཡང་གཏིང་ལ་དྲོད་ཀྱི་ནུས་པས་ཁྱབ་མི་ཐུབ་པས་ཕན་འབྲས་ཆུང་བ་དང་། སྨན་ཆུ་གྲང་ཆེ་ན་ལུས་ཁམས་ནས་རྔུལ་མི་ཐོན་པས་ཕན་ཐོག་ཆུང་བ་རེད། དེར་བརྟེན་ལུམས་ལ་འདུག་པའི་དུས་ཡུན་ནི་སྤྱིར་སྐར་མ15ནས25བར་ཡིན་ལ། ནད་པ་རང་གི་ལུས་སྟོབས་ཀྱི་དབང་གིས་དུས་ཡུན་ཅུང་རིང་བའམ་ཐུང་དགོས་པའི་གནས་ཚུལ་ཡང་ཡོད་ལ། དེའི་རྒྱུ་མཚན་ནི་ལུམས་ཆུར་ཞུགས་ནས་དུས་ཡུན་རིང་ཆེ་ན་རྔུལ་ཆུ་བཞུར་བ་མང་དྲགས་པས་ལུས་ཁམས་ཀྱི་རླུང་བསྐྱེད་དེ་ལུས་ཟུངས་ལ་གནོད་པ་དང་། དུས་ཡུན་ཐུང་ཆེ་ན་རྔུལ་ཐོན་པ་ཉུང་བས་ཤ་ལྤགས་རྩ་རུས་བར་གྱི་ནད་དུག་ཕྱིར་འབྱིན་མི་ནུས་པས་རྒྱུད་ན་གསུངས་པ་ལྟར་བསྟེན་རྒྱུ་གལ་ཆེའོ།།

ལྔ་བ། བདུད་རྩི་ལྔ་ལུམས་ཀྱི་ཕན་ཡོན།
       དྲེག་དང་གྲུམ་བུ། རྩ་དཀར་དང་ཆུ་སེར་དཀར་ནག ཚ་བ་རྙིང་བ་རྩ་རུས་ཞན་པ། ཕོ་མཆིན་མཚེར་མཁལ་གྱི་གནས་སུ་བད་ཀན་དང་གྲང་རླུང་ཞུགས་པ། རྨ་རིགས་རྙིང་བ། མོ་ནད་རླུང་ཚབས། དུག་ནད་རྙིང་བ་དང་ལྷག་པར་གྲིབ་སྐྱོན་རླུང་རླན་སོགས་ཀྱིས་བསྐྱེད་པའི་ནད་རིགས། རྐང་ལག་དང་སོར་མོ་རྣམས་ཞ་བའམ། ཡང་ན་རྐྱང་སྐུམ་དང་འགྲོ་འདུག་དཀའ་བ། ལུས་པོ་སྒུར་བ། ཚིགས་འབུར་བ། རྐང་ལག་དང་སོར་མོ། ངོ་གདོང་སོགས་སྤྲིད་ཅིང་གཡོ་བ། ཁྱད་པར་རླུང་གི་ནད་ཐམས་ཅད་ལ་ཕན་ཐོག་མངོན་གསལ་དུ་ཡོད་ལ། ཕྱི་རྒྱུད་ལས། ལུམས་སྤྱིའི་ཕན་ཡོན་བཤད་པ་ལས། ལུམས་ཀྱི་རྩ་རླངས་ཆུ་སེར་བ་སྤུར་འདོན།། རླུང་འདུལ་སྐྲངས་འཇོམས་སྐེམ་པོ་ཤ་རྒྱས་བྱེད། ཅེས་གསུངས་པ་ལྟར་ཞིབ་པར་རྒྱུད་འགྲེལ་སོགས་ལས་ཤེས་སོ།།

དྲུག་པ། བདུད་རྩི་ལྔ་ལུམས་ཀྱིས་བཅོས་སུ་རུང་དང་མི་རུང་བ།
       ༡.བདུད་རྩི་ལྔ་ལུམས་ཀྱིས་བཅོས་སུ་རུང་བ་ནི། རྐང་ལག་སོགས་ཀྱི་རྩ་དང་རུས་ཚིགས་ཆུ་རྒྱུས་བཅས་རེངས་པའམ་འཁུམས་པ། ཡང་ན་བད་ཀན་འབྱོར་བྱེད་ཀྱི་བྱེད་ལས་ཉམས་ཏེ་རྐྱང་སྐུམ་དང་འདེགས་འཇོག་གི་ནུས་པ་ཉམས་པའམ་ཞ་བ། འབྲས་དང་ལྷོག་པ། རྨ་གསར་རྙིང་། ཚིགས་མིག་རྣམས་དམར་སྐྲངས་ཆགས་པ། རླུང་ཚབས། སྒལ་ཚིགས་དང་རྐེད་ཚིགས་ལ་འབུར་འཁྱོག་དོན་པའམ་སྒུར་བོར་གྱུར་པ། ཆུ་སེར་གཡོས་པ་ལ་སོགས་པགས་ནད་ཟ་འཕྲུག་ཅན། ཁྱད་པར་རླུང་ནད་ཀྱི་རིགས་སུ་གྱུར་པ་རྣམས་ལ་རུང་ངོ་།། ༢.བདུད་རྩི་ལྔ་ལུམས་ཀྱིས་བཅོས་སུ་མི་རུང་བ་ནི། ཕྱི་རྒྱུད་ལས། མི་རུང་རིམས་འཁྲུགས་ཚ་རྒྱས་སྐྱ་རྦ་དང་། ཉམས་ཆུང་དང་ག་འགགས་ལ་སྤང་བར་བྱ། ཞེས་གསུངས་ཡོད་ལ། དེ་མིན་གློ་འཚངས་དང་། སྟོད་འཚངས་ཀྱི་རིགས། སྙིང་ཚད། ཁྲག་ཤེད་མཐོ་བ། ད་དུང་སྦྲུམ་མ་དང་བུ་སྐྱེས་མ་ཐག་པ། ཟླ་མཚན་འཛག་པ། གཞང་འབྲུམ། གཅིན་ནད་བཅས་ལའང་ལུམས་བཅོས་བྱེད་མི་རུང་ངོ་།།

བདུན་པ། བདུད་རྩི་ལྔ་ལུམས་བསྟེན་པའི་དུས།
       ལུམས་ལ་བསྟེན་པའི་དུས་ནི་ནམ་ཟླའི་དྲོད་གྲང་དང་འབྱུང་བའི་ཁམས་མཐུན་པར་སྦྱར་ནས་བསྟེན་དགོས་ལ། དབྱར་ཆར་ཆུའི་དུས་འབྱུང་མེ་རླུང་གིས་བསྐྱེད་དེ་ཆུའི་ནུས་པ་ཁོལ་བ་བཞིན་གྱེན་དུ་རྒྱུ་བཞིན་པས་དེའི་ནུས་པ་ཆུང་། དགུན་དུས་འབྱུང་བ་ས་དང་ཆུ་རླུང་གསུམ་གྱི་སྟོབས་རྒྱས་ཏེ་ས་འཁྱགས་ཤིང་ནུས་པ་ཡང་སྦུབས་ནས་གཏིང་ལ་སོང་བས་དེའི་ནུས་པ་ཆུང་བ་མ་ཟད་གནོད་པའི་ཉེས་པའང་འབྱུང་སྲིད། དེ་བས་མེ་དང་ས་རླུང་གསུམ་གྱི་ནུས་པ་གང་ཡང་མ་འདྲེས་པར་ཆུ་ཁོ་ནའི་ནུས་པ་རང་རྒྱས་ཤིང་བསིལ་དྲོད་སྙོམས་པའི་དུས་ཚོད་དེ་དཔྱིད་ཀ་དང་སྟོན་མཇུག་གི་དུས་དེ་གཉིས་ནི་ལུམས་རྒྱག་པའི་ལུས་ཁམས་ལ་ཧ་ཅང་འཕྲོད་པའི་དགེ་མཚན་ལྡན་པ་ལས་གནོད་སྐྱོན་ཅི་ཡང་འབྱུང་མི་སྲིད་དོ།།    

རྩོམ་སྒྲིག་པ། : བདེ་ལེགས་མཚོ།