ཀྲུང་གོ་བོད་ཀྱི་དྲ་བ།

​ནས་ནག་གི་ས་བོན་རྩ་ཆེན་དུ་གྱུར་ནས་ཞིང་ལས་ཐད་ཕན་བདེ་བསྐྲུན་པ།

ཡོང་ཁུངས། : ​མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2020-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

      མཚོ་སྔོན་ཧན་ཧི་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་དང་འབྲི་སྟོད་རྫོང་གཉིས་ཀྱིས་ཞིང་ལས་འདེབས་འཛུགས་ཉོ་བསྡུ་བྱེད་པའི་ཚོང་ཐོའི་ཐད་གྲོས་མཐུན་གན་རྒྱ་བཞག་པ།

     ཟླ4ཚེས25ཉིན་འབྲི་སྟོད་རྫོང་དང་མཚོ་སྔོན་ཧན་ཧི་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཞིང་ལས་འདེབས་འཛུགས་ས་བོན་ཉོ་བསྡུའི་ཐད་གྲོས་མཐུན་གན་རྒྱ་འཇོག་བཞིན་པ།

    རང་རེའི་དྲ་བའི་འཕྲིན། ཟླ་བཞི་པ་ཚེས་པ་དང་མཉམ་དུ་སྐྱེ་དངོས་ཁྲི་ཕྲག་ལ་གསོན་སྟོབས་རྒྱས་འགོ་ཚུགས་པས་ཞིང་ལས་ལ་བྲེལ་བ་ཧ་ཅང་ཆེ། ཟླ4ཚེས25ཉིན་ནི། འབྲི་སྟོད་རྫོང་དང་མཚོ་སྔོན་ཧན་ཧི་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཞིང་ལས་འདེབས་འཛུགས་ཀྱི་ས་བོན་ཉོ་བསྡུའི་ཐད་ལ་གྲོས་མཐུན་གན་རྒྱ་བཞག

  མཚོ་སྔོན་ཧན་ཧི་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་ནི་རྒྱལ་ནང་གི་ཆེད་ལས་རང་བཞིན་གྱི་མདོ་དབུས་མཐོ་སྒང་གི་ཁྱད་ལྡན་སྐྱེ་དངོས་ནས་ནག་ལ་ལས་སྣོན་བྱེད་པའི་ཁེ་ལས་ཤིག་སྟེ། ཐོན་རྫས་གཙོ་བོརγའདུས་ཨན་ཅི་ཏེན་སྐྱར་ལྡན་ནས་ཀྱི་མྱུ་གུའི་རྩམ་པ་དང་སྲན་དམར་ཁུ་བ། སིལ་དམར་ཁུ་བ། ཚོ་བྱང་གོར་ལེབ་སོགས་ཡོད། γའདུས་ཨན་ཅི་ཏེན་སྐྱར་ལ་གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད། ཀླད་སྙིང་ཁྲག་རྩའི་རིམས་ནད་སོགས་ལ་སྨན་བཅོས་བྱེད་པར་ཕན་ནུས་ངེས་ཅན་ལྡན་པའི་སྨན་རྫས་ཀྱི་གྲུབ་ཆ་འདུས་ཡོད་པ་འཛམ་གླིང་གསོ་རིག་གིས་ཐུན་མོང་ཁས་ལེན་ཐོབ་ཡོད། γའདུས་ཨན་ཅི་ཏེན་སྐྱར་ཀྱི་མྱུ་གུའི་རྩམ་པའི་རིགས་ནི་ཧན་ཧི་ཀུང་ཟི་ཡིས་ཐོག་མར་གསར་གཏོད་བྱས་པའི་ཐོན་རྫས་ཡང་ཡིན།

2.jpg

    ནས་ནི་མདོ་དབུས་མཐོ་སྒང་ས་ཁུལ་གྱི་ལོ་ཏོག་ཐོན་རྫས་གཙོ་བོ་ཞིག་སྟེ། དེར་ལོ་ངོ3500ལྷག་གི་འདེབས་འཛུགས་ལོ་རྒྱུས་ལྡན། འབྲི་སྟོད་རྫོང་ནི་རྒྱལ་ཁབ་གཞུང་ལམ214ཡི་རྒྱུད་དུ་ཡོད་པ་དང་ཞིང་ལས་ལོ་ཏོག་གི་རིགས་གཙོ་བོར་ནས་དང་གྲོ། ཡུང་མ། ཀེ་ཚེ། སྔོ་ཚོད་སོགས་འདུས་ཡོད་ལ། ནས་ནག་འདེབས་འཛུགས་ཀྱི་ལོ་རྒྱུས་དེ་ལས་ཀྱང་རྒྱུན་རིང་། ད་བར་དུ་འབྲི་སྟོད་རྫོང་ལ་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་འོག་སྲོལ་རྒྱུན་ཞིང་ལས་ཀྱི་རྨང་གཞི་ཅུང་སྲབ་པས། ཞིང་ཕྱུགས་ལས་ཀྱིས་དཀའ་སྡུག་གི་འབད་བརྩོན་ལ་བརྟེན་ནས་ས་བོན་འདེབས་འཛུགས་དང་རང་བྱུང་གི་ཆར་ཆུའི་འབབ་ཚད་ཁོ་ནར་བརྟེན་དགོས་པས། ཞིང་ལས་ཀྱི་ཐོན་ཚད་མི་མཐོ་ཞིང་རྒྱུ་སྤུས་མི་ལེགས་པ། ཕན་འབྲས་མི་ལེགས་པ་བཅས་ཀྱིས་དུས་ཡུན་རིང་བོར་འཕེལ་རྒྱས་ཐད་རྗེས་ལུས་ཐེབས་པས། གཅིག་ནས་ཐོན་ལས་ཀྱི་ཡོང་འབབ་ཧ་ཅང་དམའ་བའི་ཞན་ཆ་དེ་ནི་རོང་འབྲོག་མང་ཚོགས་ཀྱི་སེམས་ཁུར་བྱེད་ཡུལ་ཅིག་ལས་མ་འདས། 

3.jpg

  དེ་ཡང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནས་ནག་སོན་བཟང་ལ་འདེབས་འཛུགས་མཉམ་ལས་གྲོས་མཐུན་གྱི་ཚད་གཞི་ལོན་པས། ཐེངས་འདིའི་མཉམ་ལས་གྲོས་མཐུན་གན་རྒྱ་ཡིས་ཁུལ་ཡོངས་ཀྱི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་ངེས་ཅན་ཞིག་བྱས་ཡོད། གྲོས་མཐུན་གན་རྒྱ་ལྟར་ན། ཧན་ཧི་ཀུང་ཟིས་རེ་འདུན་བླང་བྱ་དང་མཐུན་པའི་ནས་ནག་ས་བོན་འདོན་སྤྲོད་དང་ཚན་རིག་ལ་བརྟེན་ནས་འདེབས་འཛུགས་ཐད་ལ་མཛུབ་སྟོན་ལྟ་སྐུལ་བྱེད་པ་འགན་སྲུང་སྒོས་ཁ་གྲངས་དང་རྒྱུ་སྤུས་ལ་ཁག་ཐེག་བྱས་ཏེ། བསྡུ་ལེན་བྱས་རྗེས་ཀྱི་ས་བོན་དེའི་རིན་དངུལ་རྩིས་སྤྲོད་རྨང་གཞིའི་སྟེང་དུས་བཅད་ཀྱི་རྒྱུ་སྤུས་གཞིར་བཟུང་སྟེ་ཉོ་བསྡུ་བྱས། འབྲི་སྟོད་རྫོང་གིས་ཞིང་བའི་རེ་འདུན་ལྟར། འདེབས་འཛུགས་དང་དེ་མིན་ཐོན་སྐྱེད་དོ་དམ་དང་སྐྱེལ་འདྲེན་གྱི་བྱ་བ་སྒྲུབ་བཞིན་ཡོད།

4.jpg

   གྲོས་མཐུན་གན་རྒྱ་དེས་ཧན་ཧི་ཀུང་ཟིའི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་བྱེད་པའི་བརྟན་འཇགས་རང་བཞིན་ལ་འགན་སྲུང་གིས་འབྲི་སྟོད་རྫོང་དེ་མཐོ་སྒང་ཞིང་ལས་ཀྱི་ཁྲོམ་ར་ཅན་ལ་གོམ་ཁ་བསྒྱུར་པ་མཚོན་ཞིང་། སྲོལ་རྒྱུན་འདེབས་འཛུགས་ཀྱི་སྤུས་ཚད་མཐོན་པོ་དང་ཕན་འབྲས་མཐོན་པོ་དེ་མངོན་འགྱུར་བྱེད་རྒྱུ་ནི་ཞིང་ལས་ཐོན་ལས་ཅན་དུ་བསྒྱུར་བའི་ཐོག་མའི་ཚོད་ལྟ་ཐེངས་ཤིག་ཡིན་ལ། ཞིང་ལས་དེང་རབས་ཅན་ལ་གོམ་པ་སྤོ་བའི་མྱུར་ཚད་ལ་སྐུལ་འདེད་སྒོས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་དུ་ཇེ་མང་ལ་བཏང་ནས་ཞིང་ལས་དར་རྒྱས་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།  

 མ་ཡིག་གི་ཁ་བྱང་། ནས་ནག“ས་བོན་རྩ་ཆེན”དུ་གྱུར་ནས་ཞིང་ལས་ཐད་སྟབས་བདེ་བསྐྲུན་པ།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།