ཀྲུང་གོ་བོད་ཀྱི་དྲ་བ།

རིན་ཆེན་ནོར་བུ། བོད་ཀྱི་ལོ་རྒྱུས་ངེས་ཀློག་དཔེ་ཐོ་འོས་སྦྱོར།

  རྩོམ་པ་པོ། : རིན་ཆེན་ནོར་བུ།   སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས། རིན་ཆེན་ནོར་བུ།  སྤྱི་ལོ1964ལོར་ཁྲི་ཀ་གསེར་མོ་ལྗོངས་ནས་སྐྱེས། སྤྱི་ལོ1988ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ཏེ་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་དགེ་རྒན་གྱི་འགན་ཁུར།  སྔ་ཕྱིས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་པེ་ཅིང་དགེ་ཐོན་སློབ་ཆེན་དུ་ལོ་རྒྱུས་དང་སློབ་གསོ་རིག་པ་བཅས་ལ་སློབ་སྦྱོང་བྱས། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་དགེ་རྒན་ཆེན་མོ་ཡིན། ལོ་ངོ་སུམ་ཅུར་ཉེ་བའི་རིང་ལ་བོད་ཀྱི་རྒྱུས་དང་། བོད་ཀྱི་རྩོམ་རིག་ལོ་རྒྱུས། བརྡ་སྤྲོད་རིག་པ། སྙན་དག མཚོ་སྔོན་གྱི་ས་གནས་ལོ་རྒྱུས། སློབ་ཁྲིད་བྱེད་ཐབས། བོད་སོག་རིག་གནས་འབྲེལ་བ་བཅས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་བཅས་ཀྱི་ལས་ལ་འབད་པ་ཡིན། ད་ལྟའི་བར་བོད་ཀྱི་ལོ་རྒྱུས་དང་། བརྡ་སྤྲོད། རྩོམ་རིག དམངས་སྲོལ་རིག་གནས། སློབ་གསོ། ལོ་ཙྰ། བོད་སོག་རིག་གནས་འབྲེལ་བ། ས་གནས་ལོ་རྒྱུས་བཅས་ཀྱི་དཔྱད་རྩོམ60ལྷག《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》སོགས་ཀྱི་སྟེང་དུ་སྤེལ་ཡོད། བརྩམས་ཆོས་ཀྱི་ཐད་ནས《བོད་ཀྱི་ལོ་རྒྱུས་སློབ་གཞི་བློ་གསར་འཇུག་པའི་འབབ་སྟེགས》 དང 《བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང》  《བོད་ཀྱི་ལོ་རྒྱུས》《བོད་ཀྱི་སྐད་ཡིག》བཅས་བཞི་ཡོད་ཅིང་། གཞན་ཡང《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང《བོད་སྤྱི་བཤད》《མཚོ་ལྷོའི་དགོན་སྡེ་ཁག་གི་ལོ་རྒྱུས་མདོར་བསྡུས》སོགས་མཉམ་འབྲེལ་བརྩམས་ཆོས་དྲུག་ཡོད། སྔ་རྗེས་སུ་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སོགས་ལ་ཐེངས་མང་ཞུགས་ཤིང་དཔྱད་རྩོམ་གྱི་ལྟ་བ་བརྗེས་རེས་བྱས། མིག་སྔར་རྒྱལ་ཁབ་རིམ་པའི་ལས་གཞི《མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་སོག་མི་རིགས་གཉིས་ཀྱི་རིག་གནས་འབྲེལ་བ་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་སྐོར་ཀྱི་ཞིབ་འཇུག》 ཅེས་པ་ཡོངས་གྲུབ་བྱུང་ཞིང་།  དངོས་གཞི་སློབ་མའི་སློབ་དེབ《བོད་ཀྱི་ལོ་རྒྱུས་སྤྱི་དོན་རབ་གསལ་སྐལ་བཟང་འཇུག་ངོགས》ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་ལེགས་གྲུབ་བྱུང་ཡོད། ད་ལྟ་སློབ་ཁྲིད་ཀྱི་ཞོར་དུ《དགེ་ལུགས་པའི་གྲུབ་མཐའ་མཚོ་སྔོན་སོག་པོ་ས་ཁུལ་དུ་ཁྱབ་སྤེལ་བཏང་བའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ཞིབ་འཇུག》ཅེས་པའི་ལས་གཞི་ཞིབ་འཇུག་བྱེད་བཞིན་ཡོད།

     བོད་ཀྱི་ལོ་རྒྱུས་ངེས་ཀློག་དཔེ་ཐོ་འོས་སྦྱོར།
གཤམ་དུ་འོས་སྦྱོར་བྱ་རྒྱུའི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་ལ་དུས་ཀྱི་ཆ་ནས་གནའ་རབས་ཀྱི་མཁས་པས་བརྩམས་པའི་ལོ་རྒྱུས་དེབ་ཐེར་དང་། ཉེ་དུས་དང་དེང་དུས་ཀྱི་མཁས་པས་བརྩམས་པའི་ལོ་རྒྱུས་ཅི་རིགས་ཤིག་ཡོད་ཅིང་། འདི་དག་ནི་ཡོངས་གྲགས་ཀྱི་ལོ་རྒྱུས་དེབ་ཐེར་གལ་ཆེན་དག་ཡིན་ཞིང་མཁས་པ་ཕྱི་མ་རྣམས་ཀྱིས་སྔ་མ་རྣམས་ལ་ཁུངས་གཏུགས་པ་དང་སྒོ་བསྟུན་ནས་བརྩམས་ཡོད་པ་རེད། སྤྱིར་བཏང་དུ་བརྩམས་པའི་དུས་སྔ་ཤོས་ཀྱི་གཞུང་དེ་དག་ནི་ལོ་རྒྱུས་ཀྱི་རིན་ཐང་གཞན་ལས་ཆེ་ཞིང་དོ་སྣང་བླ་ལྷག་ཏུ་བྱེད་དགོས། སྔ་ཕྱི་མི་འདྲ་བའི་ལོ་རྒྱུས་དེབ་ཐེར་རྣམས་བརྗོད་བྱ་དང་སྒྲིག་གཞི་སོགས་ཀྱི་འགྱུར་བ་དང་། སྤྱི་ཚོགས་དང་རིག་གནས་ཀྱི་འཕེལ་རྒྱས། ལོ་རྒྱུས་བསམ་བློའི་འཕེལ་རྒྱས་དང་འགྱུར་ལྡོག་བཅས་ཀྱི་དབང་གིས་སོ་སོའི་བསམ་བློ་གཏོང་སྟངས་དང་གནས་ཚུལ་འགོད་སྟངས། ཚིག་སྦྱོར་སྤེལ་སྟངས་སོགས་ཀྱི་ཆ་ནས་མི་འདྲ་ས་ཡོད་སྲིད་པ་རེད། བོད་ཀྱི་ལོ་རྒྱུས་ལ་ཐོག་མར་འཇུག་མཁན་ཞིག་ཡིན་ཚེ་དེང་དུས་དང་ཉེ་དུས་ཀྱི་མཁས་པས་བརྩམས་པའི་ལོ་རྒྱུས་ནས་རིམ་བཞིན་གནའ་དུས་ཀྱི་མཁས་པས་བརྩམས་པའི་ལོ་རྒྱུས་དེབ་ཐེར་སོགས་ལ་འཇུག་རྒྱུ་ཤིན་ཏུ་གལ་ཆེ་བར་སྣང་། ལོ་རྒྱུས་དེབ་ཐེར་དེ་དག་ཀློག་སྐབས་ལོ་རྒྱུས་མི་སྣ་དང་། ལོ་རྒྱུས་དོན་རྐྱེན། ཕྱི་ནང་གི་འབྲེལ་བ་བཅས་ཀྱི་བྱུང་རིམ་དང་འབྱུང་རྐྱེན། དོན་རྐྱེན་ཀྱི་ངོ་བོ་དང་འབྱུང་རྩ། བརྒྱུད་རིམ་དང་མཇུག་འབྲས། དེའི་ཤུགས་རྐྱེན། དེ་དག་ལས་བྱུང་བའི་ཉམས་མྱོང་བསླབ་བྱ་བཅས་གཙོ་གནད་དུ་བཟུང་སྟེ་བསམ་བློ་ཡག་པོ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས། དེའི་ཞོར་དུ་ཡིག་རིགས་གཞན་གྱིས་བྲིས་པའི་བོད་དང་འབྲེལ་ཡོད་ལོ་རྒྱུས་སོགས་ལ་བལྟ་རྒྱུ་དང་རིམ་བཞིན་ཀྲུང་གོ་དང་འཛམ་གླིང་ལོ་རྒྱུས་བཅས་ཀྱི་ཤེས་བྱ་མང་པོ་ཞིག་བསགས་པ་ཡིན་ཚེ་བོད་ཀྱི་ལོ་རྒྱུས་ལ་རྨང་གཞི་བརྟན་པོ་ཞིག་དང་ངེས་ཤེས་གསར་བ་ཞིག་ཆགས་ངེས་སོ། །

1.《བཀའ་ཆེམས་ཀ་ཁོལ་མ》བཀའ་ཆེམས་འདི་ནི་བོད་རྒྱལ་སྲོང་བཙན་སྒམ་པོས་མཛད་ཅིང་ཇོ་བོ་རྗེ་ཨ་ཏི་ཤས་སྤྱི་ལོ1049ལོར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་མོར་གཏེར་ནས་བཏོན། མཚན་གཞན་ལ《བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་ཕྲེང་བ》ཞེས་གྲགས།  ཁྱོན་བསྡོམས་པས་ས་བཅད་བཅུ་དྲུག་དང་མཇུག་བསྡུ་བ་བཅས་ས་བཅད་བཅུ་བདུན་གྱི་བདག་ཉིད་ཅན་ཞིག་ལགས་ཤིང་། བོད་བཙན་པོའི་སྐབས་སུ་བྱུང་བས་སྔ་མོ་ནས་བོད་ཡུལ་ལ་གྲགས་ཆེ་ཞིང་ལོ་རྒྱུས་སྨྲ་བ་སྔ་རབས་པ་མང་པོས་བརྩམས་པའི་ལོ་རྒྱུས་ཀྱི་གཞུང་དུ་མར་འདིའི་ཁུངས་ལུང་མང་པོ་དྲངས་ཡོད། སྔོན་ཆད་དཔེ་རྒྱུན་དཀོན་ཐོག་དཔེ་ཁུངས་བཙུན་ཞིང་། བཀའ་ཆེམས་ཤོག་དྲིལ་གྱི་ངོས་ནས་མཚོན་ན་བོད་ཡིག་གི་བོད་ཀྱི་ལོ་རྒྱུས་ཡོད་དོ་ཅོག་ལས་སྔ་ཤོས་སུ་གྱུར་པ་དང་། བརྗོད་བྱ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་གྱི་དོན་མཛད་ཚུལ། དེ་དང་འབྲེལ་ནས་བོད་ཀྱི་ཐོག་མའི་རིགས་རུས་ཀྱི་འབྱུང་ཁུངས་དང་ཡུལ་ལུང་སོ་སོར་གྱེས་ཚུལ། ཡབ་མེས་གོང་མའི་སྐུ་དུས་སུ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་ཚུལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་པ་གཙོ་བོར་བསྟན་པ་དང་ཆབས་ཅིག བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོའི་མཛད་པ་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞེངས་ཚུལ། ར་ས་གཙུག་ལག་ཁང་དང་ཆོས་འཁོར་ལྷ་ས་བཅས་བཞེངས་པའི་ལོ་རྒྱུས་དང་མ་འོངས་བསླབ་བྱའི་བཀའ་ཆེམས་སོགས་འཁོད་ཡོད་ཅིང་། ལྷག་པར་དུ་བཙུན་མོ་བགྲེས་ཤོས་མོང་བཟའ་ཡིན་པ་དེ་ལ་སྲས་གུང་རི་གུང་བཙན་འཁྲུངས་པ། བལ་བཟའ་བཙུན་མོ་ལྔ་པ་དང་། རྒྱ་བཟའ་བཙུན་མོ་དྲུག་པ་ཡིན་པ་སོགས་དང་། གཞན་ཡང་གཙུག་ལག་ཁང་གི་ཀ་གདོང་ངོས་སུ་བྲིས་པའི་གབ་ཚིག་གི་ནང་དོན་དང་རི་མོའི་འགྲེལ་བཤད་གསལ་བོར་བྲིས་ཡོད་ཕྱིར་ལོ་རྒྱུས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་དང་ལྡན་པ་ཞིག་རེད། འོན་ཀྱང་འདི་བསྟན་པ་ཕྱི་དར་གྱི་སྐབས་སུ་གཏེར་ནས་བཏོན་པས་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་ཁུངས་བཙུན་ཞིག་མིན་པར་འདོད་མཁན་དང་བརྗོད་བྱར་དོགས་སློང་མཛད་མཁན་ཡང་མང་པོ་ཡོད་པ་དང་། ད་དུང་དེའི་ནང་དུ་དམངས་ཁྲོད་ཀྱི་ངག་རྒྱུན་ཁུངས་མེད་འགའ་བྲིས་ཡོད་པ་དེ་ཚོ་ལོ་རྒྱུས་དོན་དངོས་དང་མི་མཐུན་ཞིང་དགོས་པ་མེད་པས་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ཚོས་དོ་སྣང་བྱ་རིགས་སོ། །
དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1989ལོར་པར་དུ་བསྐྲུན།

2. 《སྦ་བཞེད》 ཅེས་པའི་ལོ་རྒྱུས་འདིའི་མིང་ཆ་ཚང་ལ《སྦ་བཞེད་ཅེས་བྱ་བ་ལས་སྦ་གསལ་སྣང་གི་བཞེད་པ་བཞུགས》ཞེས་བྱ་ཞིང་། རྩོམ་པ་པོ་སྦ་གསལ་སྣང་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་དང་སད་མི་བདུན་གྱི་ཡ་གྱལ་ཡིན། སྦ་གསལ་སྣང་གི་བཞེད་པར་གྲགས་པ་འདི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་རྒྱུས་ཅུང་ཞིབ་མོ་ཞིག་ཡིན་ཞིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་གཙོ་བོར་བཀོད་པས་བསམ་ཡས་དཀར་ཆག་ཆེན་མོ་ཞེས་ཀྱང་འབོད། དེའི་ནང་དོན་གཙོ་ཆེ་བ་བསམ་ཡས་གཙུག་ལག་ཁང་བཞེངས་ནས་བོད་དུ་སངས་རྒྱས་ཀྱི་ཆོས་སྤེལ་བའི་ལོ་རྒྱུས་དང་། བོད་དང་ཐང་རྒྱལ་རབས་བར་གྱི་འབྲེལ་བ་དང་། བོད་དང་རྒྱ་གར་བར་ཆོས་ལུགས་ཐོག་ནས་འགྲོ་འོང་བྱས་ཚུལ། བཙན་པོས་བཀའ་གཙིགས་བསྒྲགས་ཚུལ། སྒྲ་སྒྱུར་གླིང་བཙུགས་ཏེ་དམ་པའི་ཆོས་བོད་དུ་བསྒྱུར་པ་སོགས་བརྗོད་པ་དང་མཉམ་དུ་སྐབས་དེའི་ཆབ་སྲིད་ལམ་ལུགས་དང་། དཔལ་འབྱོར་རིག་གནས་ཀྱི་འཕེལ་རྒྱས་ཀྱང་ཅུང་གསལ་བོར་འཁོད་ཡོད། ལྷག་པར་དུ་བསམ་ཡས་བཞེངས་ཚུལ་དང་། བན་བོན་བར་གྱི་འཐབ་རྩོད། རྒྱའི་ཧྭ་ཤང་བོད་ནས་སྤྱུགས་ཚུལ། སད་མི་བདུན་རབ་ཏུ་བྱུང་ཚུལ། རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བོད་དུ་དྲངས་ཚུལ་སོགས་ཞིབ་ཏུ་བརྗོད་པའི་བོད་ཀྱི་ལོ་རྒྱུས་སྔ་ཤོས་ཤིག་ཡིན་སྟབས་ཕྱིས་ཀྱི་ལོ་རྒྱུས་དེབ་ཐེར་རྩོམ་མཁན་ཚོས་འདི་དཔྱད་གཞིར་བཟུང་སྟེ་ཁུངས་ལུང་མང་པོ་དྲངས་ཡོད་ཅིང་། སྐབས་དེའི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཚོར་མེད་དུ་མི་རུང་བའི་དཔྱད་གཞི་གལ་ཆེན་ཞིག་ཡིན། ལོ་རྒྱུས་འདིར་ད་དུང་སྦ་བཞེད་ཞབས་བཏགས་མ་ཞེས་བྱ་བ་བཞུགས་སོ། ། ཞེས་པ་དང་། སྦ་བཞེད་ཅེས་བྱ་བ་ལས། སྦ་གསལ་སྣང་གི་བཞེད་པ་བཞུགས། ཆོས་འབྱུང་གི་ཡི་གེ་ཞིབ་མོ། དབའ་བཞེད་བཞུགས་སོ། །ཞེས་སོགས་ལག་བྲིས་མ་དང་པར་གཞི་མི་གཅིག་པ་སྣ་ཚོགས་ཤིག་ཡོད་ཀྱང་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་རྒྱུས་སོགས་ཀྱི་བརྗོད་བྱའི་ཐད་ནས་ཁྱད་པར་ཆེར་མེད་ཀྱང་། སྦ་བཞེད་ཞབས་བཏགས་མའི་ནང་དུ་ཁྲི་སྲོང་ལྡེ་བཙན་གྱི་རྗེས་ཀྱི་ལོ་རྒྱུས་སྐོར་ཞིག་ཞབས་བཏགས་ཀྱི་ཚུལ་དུ་ཁ་སྐོང་མཛད་ཡོད་པ་རེད། སྦ་བཞེད་དེབ་འདི་ནི་པར་སྐྲུན་བྱེད་སྐབས་བོད་ཀྱི་ལོ་རྒྱུས་དཔྱད་གཞིར་ཕན་པར་དམིགས་ཏེ། མི་རིགས་རིག་གནས་ཕོ་བྲང་དང་། བོད་ལྗོངས་ཡིག་ཚགས་ལས་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོ་བཅས་ཀྱི་ཆེད་མཁས་པས་བྲིས་མ་བཤུས་ཏེ་གཤིབ་བསྡུར་བརྒྱུད་ནས་པར་དུ་བསྐྲུན་པས་ཅུང་ཚད་ལྡན་དུ་སྣང་མོད། འོན་ཀྱང་འདི་ལོ་ཆིག་སྟོང་ཉིས་བརྒྱ་སྔོན་གྱི་ལོ་རྒྱུས་ཡིག་རྙིང་ཡིན་པས་མ་ཕྱི་མི་གསལ་བ་དང་། ཚིག་སྦྱོར་མི་བདེ་བ། གོ་དཀའ་བར་མཐོང་བའི་རིགས་རྣམས་སྔ་མར་ཇི་ལྟར་བྱུང་བ་བཞིན་བཞག་ཡོད་པས་དཔྱད་ཞིབ་བྱ་དགོས་སོ། །
དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1980ལོར་པར་དུ་བསྐྲུན།

3.《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》 ཆོས་འབྱུང་འདིའི་རྩོམ་པ་པོ་ནི་ཉང་ཉི་མ་འོད་ཟེར་མཆོག( 1124-1192)ཡིན་ཞིང་། འདིའི་བརྗོད་བྱའི་ནང་དོན་གྱི་ཆ་ནས་ས་བཅད་གསུམ་དང་ནང་གསེས་དོན་ཚན་ཉི་ཤུ་རྩ་གཅིག་ཡོད། དང་པོ་འཇིག་རྟེན་གྱི་ཁམས་ཆགས་ཚུལ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་དང་ཉན་ཐོས་སྡེ་བ་བཅོ་བརྒྱད་དུ་གྱེས་ཚུལ་སོགས་གཙོ་བོར་བརྗོད་ཡོད། ས་བཅད་གཉིས་པའི་ནང་རྒྱ་གར་གྱི་རྒྱལ་རབས་རིམ་བྱོན་གྱི་ལོ་རྒྱུས་སོགས་བརྗོད་ཡོད། ས་བཅད་གསུམ་པའི་ནང་བོད་མིའི་འགྲོ་བ་བྱུང་ཚུལ་ནས་མིའུ་རིགས་དྲུག་གི་སྐོར་དང་། རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་ཁྲི་དར་མ་འུ་དུམ་བཙན་གྱི་བར་གྱི་ལོ་རྒྱུས་སོགས་གོ་རིམ་བཞིན་བྲིས་ཡོད་པ་མ་ཟད། ནང་གསེས་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱི་སྐུ་དུས་སུ་བྱུང་བའི་བྱེ་བྲག་གི་ལོ་རྒྱུས་གནད་དོན་མང་པོ་ཞིག་ཀྱང་ཅུང་གསལ་བོར་འཁོད་ཡོད་པ་རེད། མཇུག་ཏུ་བསྟན་པའི་མེ་རོ་བསླངས་པའི་སྐོར་དང་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་དྲངས་པའི་སྐོར། སྔ་འགྱུར་རྙིང་མའི་གྲུབ་མཐའ་བྱུང་ཚུལ་སོགས་ཅུང་ཞིབ་རྒྱས་སུ་བརྗོད་ཡོད།
ཆོས་འབྱུང་འདི་ཉིད་རྩོམ་པ་པོའི་ཡིག་རིགས་ཀྱི་ཁུངས་གཏུགས་ས་ནི། སྔོན་གྱི་བན་བོན་གཉིས་ཀྱི་ལོ་རྒྱུས་ཡིག་ཚངས་ཁག་ལ་གཏུགས་པ་ལས། ཕྱོགས་རིས་མེད་པ་ནི་ཆོས་འབྱུང་གི་མཇུག་ཏུ་འདི་ལྟར་གསུངས་ཡོད་དེ། བོད་ཀྱི་སྔགས་དང་མཚན་ཉིད་གྲྭ་ས་ཀུན་ལ་མཁས་པ་རྣམས་ཀྱི་སྙན་དུ་གྲགས་པའི་གསུངས་དང་། གཏམ་རྒྱུད་མ་ནོར་བ། རྒྱལ་རབས་གསང་བ་ཆོས་ལུགས་དང་། སྦྲགས་པ་བོན་ལུགས། རྐྱང་བ། ཁུག་པ། སྦགས་པ་གསུམ། རྒྱལ་བློན་གབ་པ། ཡུན་པོ་གསེར་སྐས་དགུ་པ། ཟིངས་པོ་སྣ་ཚོགས་ཅན། དེ་རྣམས་ཀྱི་དོན་དང་། སྟོན་པའི་གསུང་རབ་ལས་བྱུང་བ་དང་། བླ་མ་དམ་པ་རྣམས་ཀྱི་བཀའ་ལུང་དང་། རྒྱལ་པོའི་བཀའ་ཆེམས། སོ་སོ་སྐྱེ་བོའི་བདེན་པའི་ངག་སྨར་བ་རྣམས་ལ་འདུ་བ་དང་བསྟན་བཅོས་དྲི་མ་མེད་པ་ལས་བྱུང་བ་དང་། དེ་རྣམས་ཀྱི་ནང་ནས་བཏུས་ཏེ། ངེས་དོན་གཏན་ལ་ཕབ། ཚིག་གི་ལྷད་མ་བཅུག སྒྲོ་མ་བཏགས། སྐུར་བ་མ་བཏབ། གྲ་ཆག་ཟུར་ཉམས་སུ་མ་བཏང་། བཀའ་མདོ་རྒྱུད་རྣམས་དང་། བསྟན་བཅོས་མན་ངག་ཀུན་ནས་གཏན་ལ་ལེགས་པར་ཕབ་ནས་བསྡེབས་པ་ལགས་སོ། །ཞེས་བཀོད་པ་བཞིན་བན་བོན་ཕྱོགས་ཀྱི་ལོ་རྒྱུས་མང་པོ་ཞིག་ལ་ཁུངས་གཏུགས་ཏེ་མཛད་པ་ཤེས་ཐུབ། འདིར་བྱུང་བའི་བན་བོན་གྱི་ལོ་རྒྱུས་འགའ་ཞིག་དང་། ལྷག་པར་དུ་བོན་གྱི་ལོ་རྒྱུས་སྐོར་ཞིག་གི་མིང་དེ་ཚོ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་མ་མྱོང་བས་ད་ལྟ་ང་ཚོའི་ལག་ཏུ་ཐོན་དཀའ་བར་གྱུར་ཟིན་པ་རེད།
ཆོས་འབྱུང་འདིའི་ཁྱད་ཆོས་གཅིག་ནི། འདི་ནི་བོད་ཀྱི་ཆོས་འབྱུང་གྲགས་ཆེ་བ་ཕལ་མོ་ཆེ་རྣམས་ཀྱི་ཆེས་སྔ་རོལ་དུ་བྱུང་བ་ཞིག་ཡིན་པ་དཔེར་ན། ཡར་རྗེ་ཨོ་རྒྱན་གླིང་བས་གཏེར་ནས་བཏོན་པའི《བཀའ་ཐང་སྡེ་ལྔ》དང《པདྨ་བཀའ་ཐང》གཞན《བུ་སྟོན་ཆོས་འབྱུང》《རྒྱལ་རབས་གསལ་་་བའི་མེ་ལོང》《དེབ་ཐེར ་དམར་པོ》《དེབ་ཐེར་སྔོན་པོ》《ཆོས་འབྱུང་མཁས་པའི་དགའ་སྟོན》《རྒྱ་གར་ཆོས་འབྱུང》《བཀའ་གདམས་ཆོས་འབྱུང་ཆེན་མོ་མཁས་པའི་ཡིད་འཕྲོག》《དགའ་ལྡན་ཆོས་འབྱུང》《ཞལ་སྔ་བཀའ་བརྒྱུད་ཀྱི་ཆོས་འབྱུང》《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》《མདོ་སྨད་ཆོས་འབྱུང》དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི《ཆོས་འབྱུང་རིན་པོ་ཆེའི་གཏེར》སོགས་གོང་སྨྲས་བོད་དུ་གྲགས་ཆེ་བའི་ཆོས་འབྱུང་དང་རྒྱལ་རབས་ལོ་རྒྱུས་དག་གི་ཁུངས་གཏུགས་ས་གཙོ་བོ་ཡིན་ཞིང་ད་ལྟའི་བར་དུ་ལོ་ངོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པས་ཡིག་རྙིང་སྔ་ཤོས་ཤིག་གོ ། ཁྱད་ཆོས་གཉིས་པ་ནི། སྐབས་དེར་བོད་དུ་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་མང་པོ་བྱུང་མེད་ལ། སྤྲུལ་སྐུ་འཚོལ་བའི་ལུགས་སྲོལ་ཡང་བྱུང་མེད་ཕྱིར་གྲུབ་མཐའི་ཕྱོགས་རིས་ཀྱི་སྐྱོན་གྱིས་ལོ་རྒྱུས་བསླད་མེད་པ་གསལ་བོར་ཤེས་ཐུབ། ཁྱད་ཆོས་གསུམ་པ་ནི། ཁྲི་དར་མ་འུ་དམ་བཙན་གྱིས་ཆོས་བསྣུབས་པའི་རྗེས་བཙན་པོའི་གདུང་རྒྱུད་ཕྱོགས་སུ་གྱེས་ཚུལ་དང་། སྐབས་དེའི་སྤྱི་ཚོགས་གནས་བབ། མི་སྣ་གྲགས་ཆེན་སྐོར་ཞིག་གི་གདུང་རྒྱུད་ཇི་ལྟར་གྱེས་ཚུལ་སོགས་ཅུང་གསལ་བོར་བཀོད་ཡོད། གཞན་དུས་དེར་སྙན་ངག་མེ་ལོང་མ་བོད་དུ་མ་སྒྱུར་སྔོན་གྱི་ཚིག་གི་སྦྱོར་བ་དང་སྙན་ངག་གི་ཉམས་འགྱུར་སོགས་ལའང་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེའོ། །
དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ1988ལོར་པར་དུ་བསྐྲུན།

4.《དེབ་ཐེར་དམར་པོ》འདི་ནི་ཚལ་བ་ཀུན་དགའ་རྡོ་རྗེས(1309-1364)མཛད་ཅིང་། འདིར་ཁྱོན་བསྡོམས་པས་ལེའུ་ཉེར་དྲུག་གིས་གྲུབ་ཡོད་ཅིང་། བརྗོད་བྱའི་ཆ་ནས་ལེའུ་དང་པོ་ནས་གསུམ་པའི་བར་ཡུལ་རྒྱ་གར་གྱི་རྒྱལ་པོ་མང་པོས་བཀུར་བའི་གདུང་རབས་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར། བཀའ་བསྡུ་མཛད་ཚུལ། བསྟན་པའི་གཏད་རབས། རྒྱ་གར་གྱི་རྒྱལ་རབས་མདོར་བསྡུས་བཅས་རྒྱ་གར་འཕགས་པའི་ཡུལ་གྱི་ལོ་རྒྱུས་འཁོད་ཡོད། བཞི་པ་ནས་དྲུག་པའི་བར་དུ་རྒྱ་ནག་གི་ཀྲོའུ་རྒྱལ་རབས་ནས་ཐང་རྒྱལ་རབས་བར་གྱི་ལོ་རྒྱུས་མདོར་བསྡུས་དང་། ཐང་བོད་ལོ་རྒྱུས་གནད་བསྡུས། ལེང་རྒྱལ་རབས་ནས་སུང་ལྷོ་མའི་རྒྱལ་རབས་བར་གྱི་ལོ་རྒྱུས་མདོར་བསྡུས་བཅས་འཁོད་ཡོད། བདུན་པ་མི་ཉག་རྒྱལ་རབས་ཀྱི་ལོ་རྒྱུས་དང་། བརྒྱད་པ་ཧོར་གྱི་རྒྱལ་རབས། དགུ་པ་བོད་ཀྱི་རྒྱལ་རབས། བཅུ་པ་བསྟན་པ་ཕྱི་དར་གྱི་གནས་ཚུལ། བཅུ་གཅིག་པ་མངའ་རིས་རྒྱལ་རྒྱུད། བཅུ་གཉིས་ནས་བཅུ་བཞི་པའི་བར་ས་སྐྱའི་གདུང་རབས་དང་དཔོན་རབས། བསྟན་པའི་གཏད་རབས་བཅས་བརྗོད་ཡོད། བཅོ་ལྔ་པ་པཎ་ཆེན་སྡོམ་བརྒྱུད་བྱུང་ཚུལ། བཅུ་དྲུག་ནས་བཅུ་དགུ་པའི་བར་དུ་བཀའ་གདམས་པའི་བྱུང་ཚུལ་སོགས་གཙོ་བོར་བརྗོད་ཡོད། ཉི་ཤུ་པ་གསང་ཕུ་དགོན་པའི་གདན་རབས་ཡིན། ཉེར་གཅིག་ནས་ཉེར་ལྔའི་བར་དྭགས་པོ་དང་། ཀརྨ་པ། ཕག་གྲུ་པ། འབྲི་གུང་པ་། ཚལ་བ་བཅས་བཀའ་བརྒྱུད་པའི་བྱུང་ཚུལ་སོགས་གཙོ་བོར་བརྗོད་ཡོད། ཉེར་དྲུག་པ་ཡོན་རྒྱལ་རབས་ཀྱི་གོང་མ་ཨོལ་ཇ་ཐུའི(      元 泰 定)དུས་བོད་ཀྱི་གྲྭ་བ་རྣམས་ལ་གནང་བའི་བནྡེ་ཤེད་སྐྱེད་ཀྱི་འཇའ་ས་གནང་ཚུལ་སོགས་བརྗོད་ཡོད། འདིའི་བརྗོད་བྱ་ནི་བོད་གཅིག་པུའི་ལོ་རྒྱུས་ཁོ་ན་མ་ཡིན་པར་ཉེ་འབྲེལ་གྱི་རྒྱ་དཀར་ནག་དང་ཧོར་སོགས་ཀྱི་ལོ་རྒྱུས་ཀྱང་མདོར་བསྡུས་སུ་འཁོད་ཡོད་ཅིང་། ལྷག་པར་དུ་བོད་ཀྱི་ཉེ་འབྲེལ་གྱི་རྒྱ་ནག་གི་ཀྲོའུ་རྒྱལ་རབས་ནས་སུང་ལྷོ་མའི་དུས་ཀྱི་ལོ་རྒྱུས་མདོར་བསྡུས་བཅས་སྔོན་གྱི་རྒྱའི་ཡིག་ཚང་སོགས་ནས་བོད་ཡིག་ཏུ་བསྒྱུར་ནས་བསྒྲིགས་ཡོད་པ་རེད།
སྔོན་གྱི་ལོ་རྒྱུས་མཁས་པ་རྣམས་ཀྱིས་དེབ་ཐེར་འདིར་མཐོང་ཆེན་གནང་གི་ཡོད་པ་མ་ཟད། འདིའི་ནང་དུ་ཡོན་རྒྱལ་རབས་ཀྱི་འགྲོ་མགོན་འཕགས་པའི་སྐུ་དུས《ཐང་ཧྲུའུ》ལས་བྱུང་བའི་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་དུམ་བུ་ཞིག་བོད་ཡིག་ཏུ་བསྒྱུར་ཡོད་པ་དེ་དཔྱད་གཞིར་བཟུང་སྟེ་དེབ་ཐེར་དུ་དྲངས་ཡོད་པ་རེད། རྩོམ་པ་པོས་ཚལ་བ་ཁྲི་སྐོར་གྱི་ཁྲི་དཔོན་གྱི་འགན་བཞེས་དུས་ཡོན་གོང་མའི་རྒྱལ་སར་ཕེབས་ཏེ་ཡོན་གོང་མ་དང་དངོས་སུ་མཇལ་འཛོམས་བྱུང་སྟེ། མཆོན་ཡོན་གྱི་འབྲེལ་བ་བྱུང་ཡོད་ཕྱིར་སྐབས་དེའི་ལོ་རྒྱུས་ལ་ཆ་རྒྱུས་ཧ་ཅང་གསལ་བོ་ཡོད་འདུག  དུས་སྐབས་དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་འབྲི་མཁན་ཚོས་བོད་ཡིག་གི་དཔྱད་གཞི་ཁོ་ན་གཞིར་བཟུང་ནས་བྲིས་པ་མིན་པར་རྒྱའི་ལོ་རྒྱུས་ལས་བྱུང་བའི་ཡིག་རིགས་དེ་དག་ལུང་དྲངས་ཡོད་པ་རེད།  དེ་ཡང་དཔེར་ན།  ཕྱིས་ཀྱི་ལོ་རྒྱུས་མཁས་པ་འགོས་ལོ་གཞོན་ནུ་དཔལ་དང་། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་དེབ་དམར་གྱི་སྒྱུར་ཡིག་དུམ་བུ་དེ་དག་དྲངས་ཡོད་པ་དང་ཐང་བོད་འབྲེལ་བའི་ཐད་ལ་རྟོག་ཞིབ་བྱེད་སྐབས་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་ལྟ་བུ་རེད། འོན་ཀྱང་དེབ་ཐེར་དེ་དག་གི་ནང་དུ་བཀོད་པའི་དུམ་བུ་དེའི་ཚིག་མི་འདྲ་བའི་ཐོག ཐང་བོད་རྒྱལ་པོ་སོ་སོའི་སྲིད་ལོའི་ལོ་ཁམས་དང་ལོ་གྲངས་ཐད་ལ་ནོར་འཁྲུལ་ཁ་ཤས་ཡོད་པ་མ་ཟད། དེ་མིན་གྱི་ལོ་རྒྱུས་འགའ་ཞིག་གི་ཐད་ལའང་དོགས་གཞི་མང་པོ་འདུག  རྒྱུ་མཚན་ནི་གཅིག་ནས་དེབ་དམར་མཁན་པོས་ཐང་ཡིག་གི་མ་ཕྱིའི་དོན་གྱི་གོ་བ་ལེན་སྟངས་སམ་སྔ་འགྱུར་ཐད་ཀྱི་གནད་དོན་དང་། གཉིས་ནས་སྔོན་ཆད་དེབ་ཐེར་འདིའི་དཔེ་བཤུས་མ་ཡིག་ཁག་མང་པོ་འཕེལ་རྒྱས་སུ་སོང་སྟབས་གནད་དོན་འདི་དག་བྱུང་བ་རེད། ཡིན་ཡང་སྤྱི་ལོ1981ལོའི་ཟླ10པར་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་པའི་དེབ་དམར་འདི་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མ་ཕྱི་མི་འདྲ་བ་བདུན་ལ་གཤིབ་སྡུར་མཛད་ཡོད་པ་མ་ཟད། མཇུག་ཏུ་མིང་ཚིག་གོ་དཀའ་བ་རྣམས་ལ་ཚིག་འགྲེལ་གནད་བསྡུས་ཤིག་ཀྱང་བཀོད་ཡོད་པས་བོད་དང་བོད་ཀྱི་ཉེ་འབྲེལ་རྒྱལ་ཁབ་རྣམས་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ཚོར་མེད་དུ་མི་རུང་བའི་དཔྱད་གཞི་གལ་ཆེན་ཞིག་ཏུ་འཁུམས་སོ། །
དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1981ལོར་པར་དུ་བསྐྲུན།
5.《ཆོས་འབྱུང་མཁས་པའི་དགའ་སྟོན》ཆོས་འབྱུང་འདིའི་མཚན་ཡོངས་ལ་དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་པ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་ལ། དཔེ་ཆ་འདིའི་པར་ཤིང་ལྷོ་ཁ་ལྷོ་བྲག་ལྷ་ལུང་དགོན་དུ་ཡོད་པས་ལྷོ་བྲག་ཆོས་འབྱུང་ཞེས་ཀྱང་གྲགས། འདི་ནི་མཁས་པའི་དབང་བོ་དཔའ་བོ་གཙུག་ལག་ཕྲེང་བས་(1504-1566)མཛད་ཅིང་། ཁོང་གིས་ལོ་ངོ་ཉི་ཤུར་ཉེ་བའི་འབད་བརྩོན་ལ་བརྟེན་ནས་ལེགས་གྲུབ་བྱུང་བའི་བོད་ཀྱི་ལོ་རྒྱུས་བརྩམས་ཆོས་གྲགས་ཆེན་ཞིག་རེད། འདིར་ཁྱོན་བསྡོམས་པས་ལེའུ་བཅུ་གསུམ་ཡོད་ཅིང་། དེའི་བརྗོད་བྱ་གཙོ་བོ་ནི་གོ་རིམ་བཞིན་བརྗོད་ན་དང་པོར་རྒྱ་གར་འཕགས་པའི་ཡུལ་དུ་བསྟན་པ་དར་ཚུལ་དང་། ཤཱཀྱའི་རིགས་ཀྱི་གདུང་རྒྱུད་དང་གནའ་བོའི་རྒྱ་གར་གྱི་རྒྱལ་རབས་རིམ་བྱོན་གྱི་བྱུང་བ་བརྗོད་ཡོད། གཉིས་པར་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་ཁམས་གཙོ་བོར་བརྗོད་ཡོད། གསུམ་པར་བོད་ཀྱི་རྒྱལ་རབས་རིམ་བྱོན་བརྗོད་ཡོད། བཞི་པར་དམ་པ་ཆོས་ཀྱི་འབྱུང་ཁུངས་སོགས་བརྗོད་ཡོད། ལྔ་པར་པཎྜི་ཏ་དང་ལོ་ཆེན་རྣམས་ཀྱི་རྣམ་ཐར་བརྗོད་ཡོད། དྲུག་པར་གསང་སྔགས་རྙིང་མའི་འབྱུང་ཁུངས་སྐོར་བརྗོད་ཡོད། བདུན་པ་ནས་བཅུ་གཅིག་བར་གཙོ་བོ་གྲུབ་མཐའ་སོ་སོའི་བྱུང་ཚུལ་དང་མཁས་དབང་རིམ་བྱོན་གྱི་མཛད་རྣམ་བརྗོད་ཡོད། བཅུ་གཉིས་པར་གཙོ་བོ་ལི་ཡུལ་དང་། མི་ཉག  ཧོར་རམ་སོག་པོ། རྒྱ་ནག་བཅས་ལ་དམ་པའི་ཆོས་ཇི་ལྟར་དར་ཚུལ་སོགས་བརྗོད་ཡོད། བཅུ་གསུམ་པར་རིག་གནས་བཅུའི་བྱུང་ཚུལ་མདོར་བསྡུས་ཤིག་བཅས་བརྗོད་ཡོད་པ་རེད།
རྩོམ་པ་པོ་ནི་མཁྱེན་རྒྱ་ཤིན་ཏུ་ཡངས་ཤིང་རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་པ་མ་ཟད། རྩོམ་པའི་ལས་ལ་ཧ་ཅང་མཁས་ཤིང་གཟབ་ནན་ཡིན་ཕྱིར་བསྟན་བཅོས་འདི་ནི་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། དཔྱད་གཞིའི་ཡིག་རིགས་ཁུངས་བཙུན་པ་དང་། མ་དག་པ་རྣམས་ཁུངས་སྐྱེལ་གཏན་ཁེལ། ཆད་ལུས་རྣམས་ཁ་གསབ་གང་ལེགས་བྱས་པའི་བརྩམས་ཆོས་གྲགས་ཆེན་ཞིག་རེད། ལྷག་པར་དུ་བོད་ཀྱི་རྒྱལ་རབས་རིམ་བྱོན་སྐོར་ལ་དཔྱད་གཞི་དང་སྒྲུབ་བྱེད་གང་མང་དྲངས་ནས་ཞིབ་དཔྱད་མཛད་ཡོད་པས་ལོ་རྒྱུས་ཀྱི་རིན་ཐང་ཆེ་ཆེར་མངོན་ཡོད། ཁོང་ནི་མཁས་པ་གཞན་དང་མི་འདྲ་བར་ཆེས་སྔ་བར་གྲགས་པའི་བོད་བཙན་པོའི་ལོ་རྒྱུས་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ། བཙན་པོའི་དུས་ཀྱི་རྡོ་རིང་རེ་རེ་བཞིན་ཞིབ་ཏུ་བསྡུར་ཅིང་། ད་ལྟ་མཐོང་རྒྱུ་མེད་པའི་གསང་བ་ཡང་ཆུང་དང་ལོ་རྒྱུས་ཆེན་མོ་སོགས་ཀྱི་བཤད་རྒྱུན་བསྡུས་ཡོད་པ་རེད། ཆོས་འབྱུང་འདིར་སྔོན་བྱོན་རྒྱལ་བློན་རྣམས་ཀྱི་མཛད་རྗེས་ཁོ་ན་བརྗོད་པ་མ་ཡིན་པར་དུས་སྐབས་དེའི་སྲིད་འབྱོར་རིག་གསུམ་དང་དམག་དོན། ཁྲིམས་ལུགས་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་བོད་བཙན་པོའི་ལོ་རྒྱུས་ཅུང་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་བརྗོད་ཡོད་པ་རེད།
ལྷག་པར་དུ་གླེང་དགོས་པ་ཞིག་ནི་བསྟན་བཅོས་འདིའི་རྩོམ་པ་པོས་ལོ་རྒྱུས་དོན་རྐྱེན་དང་གནད་དོན་མང་བོའི་ལྟ་སྟངས་དང་དཔྱད་སྟངས་གང་མང་ཞིག་ཆོས་ལུགས་པའི་བསམ་བློ་ལས་འགོངས་ནས་ལོ་རྒྱུས་དོན་དངོས་ལ་འཛེམ་དོགས་ཅི་ཡང་མེད་པར་དབྱེ་ཞིབ་ནན་མོ་མཛད་ཡོད་དེ། དཔེར་ན། བོད་མི་རིགས་ཀྱི་འབྱུང་ཁུངས་དང་གཉའ་ཁྲི་བཙན་པོའི་བྱོན་ཚུལ་སྐོར་ལ་བུ་སྟོན་ཆོས་འབྱུང་དང་མ་ཎི་བཀའ་འབུམ་གཉིས་ལས་རྒྱ་གར་ནས་བྱུང་བར་འདོད་པའི་ལྟ་བར་ལུང་དང་རིགས་པའི་སྒྲུབ་བྱེད་མང་པོ་དྲངས་ནས་བཀག་ཡོད་ཅིང་། ཁོང་ནི་ཕྱི་རབས་པའི་ཁྲོད་ལྟ་བ་དེར་དགག་ཕོད་མཁན་གྱི་མཁས་པ་དང་པོ་རེད། མདོར་ན། ཆོས་འབྱུང་འདིའི་ཁྱད་ཆོས་ཕྱོགས་སོ་སོ་ན་ཡོད་དེ། ལོ་རྒྱུས་ནང་དོན་ཕུན་སུམ་ཚོགས་པ་དང་། དཔྱད་གཞིའི་ལུང་ཁུངས་དག་ཏུང་ཧོང་གཏེར་ཡིག་དང་གཉིས་སུ་མེད་པ་ལྟ་བུའི་སྣང་བ་སྟེར་བས་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ལོ་རྒྱུས་རིག་པར་འཇུག་མཁན་ཚོས་ཡིག་ཚང་འདིར་ཞིབ་འཇུག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྙམ།
དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1980ལོར་པར་དུ་བསྐྲུན།

6. 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》དེབ་ཐེར་འདི་ནི་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས(1617-1682)མཛད་ཅིང་། ཁྱོན་བསྡོམས་པས་ས་བཅད་བདུན་གྱིས་གྲུབ་ཡོད། ས་བཅད་དང་པོར་དེབ་ཐེར་གྱི་མཚན་བྱང་དང་། མཆོད་བརྗོད། རྩོམ་པར་དམ་བཅའ་བ་བཅས་ཀྱི་སྐོར་བརྗོད་ཡོད་ལ། ས་བཅད་གཉིས་པར་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱལ་རབས་དང་། ཤྰཀྱའི་རྒྱལ་རབས། སྟོན་པའི་མཛད་འཕྲིན་སོགས་གཙོ་བོར་བརྗོད་ཡོད། ས་བཅད་གསུམ་པར་བོད་ཀྱི་རྒྱལ་རབས་ཀྱི་སྐོར་ཏེ་བོད་ཁམས་ཀྱི་མིའི་འགྲོ་བ་བྱུང་ཚུལ་དང་། རྒྱལ་ཕྲན་སིལ་མ་དང་གནམ་གྱི་ཁྲི་བདུན་ནས་བོད་སིལ་བུའི་སྐབས་བར་དུ་གོ་རིམ་བཞིན་ཅུང་ཞིབ་རྒྱས་སུ་བརྗོད་ཡོད། ས་བཅད་བཞི་པར་རྒྱ་ནག་གི་རྒྱལ་རབས་རགས་རིམ་ཞིག་བརྗོད་ཡོད། ས་བཅད་ལྔ་པར་ས་སྐྱ་པའི་རྒྱལ་རབས་དང་འབྲེལ་ཚལ་པ་དང་འབྲི་གུང་པ་བཅས་ཀྱི་སྐོར་བརྗོད་ཡོད། ས་བཅད་དྲུག་པར་ཕག་གྲུའི་དུས་རབས་ཀྱི་གནས་ཚུལ་དང་རིན་སྤུངས་པ་ནས་རིམ་བཞིན་དགེ་ལུགས་པའི་སྐོར་བཅས་བརྗོད་ཡོད། ས་བཅད་བདུན་པར་སོག་པོ་ཧོ་ཤོད་ཀྱི་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་སྐོར་བཅས་གཙོ་བོར་བརྗོད་ཡོད་པས་བརྗོད་བྱའི་ནང་དོན་རྒྱ་ཆེ་ལ། ཆོས་སྲིད་གཉིས་ལས་སྲིད་ཕྱོགས་གཙོ་བོ་དང་། དུས་རབས་སྔ་ཕྱི་གཉིས་ལས་ཕྱི་རབས་ཁྲི་དར་མ་འུ་དུམ་བཙན་མན་ཆད་གཙོ་བོར་བསྟན་ཅིང་། ས་སྐྱ་པ་དང་ཕག་གྲུ་པ་གཉིས་ཀྱི་འཕེལ་འགྲིབ་བམ་དར་རྒུད་སོགས་ཞིབ་མོར་བཀོད་ཡོད། དེབ་ཐེར་འདི་ཚིག་བཅད་ལྷུག་སྤེལ་མའི་སྒོ་ནས་མཛད་ཡོད་ཅིང་རྗོད་བྱེད་ཚིག་གི་ཉམས་འགྱུར་ལ་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་མངོན་ཡོད་པ་རེད། རྩོམ་པ་པོ་ཁོང་ཉིད་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོ་ཐོག་མ་ཡིན་པ་མ་ཟད། བོད་ཀྱི་ཆོས་སྲིད་རིག་གནས་ཐམས་ཅད་ལའང་ཤིན་ཏུ་མཁས་ཕྱིར་སྔོན་བྱོན་མཁས་དབང་མང་པོས་དེབ་ཐེར་འདི་ཉིད་ཚད་ལྡན་དུ་བཟུང་སྟེ་ཁུངས་ལུང་གི་གཞི་བཅོལ་ས་བྱས་ཡོད་པ་དང་།  བོད་ཀྱི་ལོ་རྒྱུས་ཤེས་བྱ་དོན་དུ་གཉེར་མཁན་ཚོས་སྔ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་མིག་མདུན་དུ་འཕྲད་པའི་དཀའ་གནད་སེལ་རྒྱུ། ལོ་རྒྱུས་ཤེས་བྱའི་ཉིང་བཅུད་བསྡུ་ལེན་བྱེད་པའི་སྐབས་སུ་གཏན་ཚིགས་ལུང་འདྲེན་གང་མང་དེབ་ཐེར་འདི་ནས་བྱེད་ཀྱི་ཡོད་པས་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ཚོར་མཚོན་ན་མེད་ཐབས་བྲལ་བའི་དཔྱད་གཞིའི་ཡིག་ཆ་ཅུང་རིན་ཐང་ལྡན་པ་ཞིག་རེད། ལྷག་པར་དུ་སྐབས་དེའི་ཆོས་སྲིད་གྲུབ་མཐའ་བར་གྱི་འགལ་བ་དང་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཇི་ལྟར་བཙུགས་ཚུལ།  བོད་སོག་བར་གྱི་འགལ་འབྲེལ་དང་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས།  བོད་དང་ཆིང་རྒྱལ་རབས་བར་གྱི་འབྲེལ་བ་སོགས་ཀྱི་ཐད་རྩོམ་པ་པོས་དུས་སྐབས་དེའི་དངོས་ཡོད་གནས་ཚུལ་བརྒྱུད་ནས་མཛད་ཡོད་སྟབས་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ། དེང་སྐབས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སློབ་གྲྭ་ཆེན་མོ་དག་གིས་དེབ་ཐེར་འདི་ཉིད་གཙིགས་ཆེར་བཟུང་སྟེ་ལ་ལས་ལོ་རྒྱུས་ཀྱི་སློབ་གཞི་དང་། ལ་ལས་རྩོམ་རིག་སློབ་དེབ་ཏུ་བརྩིས་ཏེ་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ལྗགས་རྩོམ་འདི་ཉིད་ཀྱི་བརྗོད་བྱའི་དོན་ཅུང་རྒྱ་ཆེ་ཐོག་རྗོད་བྱེད་ཀྱི་ཚིག་ཀྱང་སྙན་ངག་གི་ཉམས་འགྱུར་འབུམ་གྱིས་བཅིངས་པའི་བཅད་ལྷུག་སྤེལ་མའི་རྣམ་པ་ཡིན་གཤིས། བོད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་མེད་ན་ནི་དེབ་ཐེར་འདིའི་དོན་གྱི་སྙིང་བོ་གྲོལ་ཁག་པ་དང་ལོ་རྒྱུས་དོན་དངོས་ཤིག་སྙན་ངག་གི་ལམ་ནས་བརྗོད་ན་ནི་ཅུང་ཡིད་ཆེས་དཀའ་བ་ལྟ་བུའི་སྣང་བ་ཡང་སྟེར་རོ། །
དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1990 ལོར་པར་དུ་བསྐྲུན།

7.《དེབ་ཐེར་དཀར་པོ》འདིའི་མཚན་ཡོངས་ལ་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ།  ཞེས་བྱ་ཞིང་།   འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ(1903-1951)ལགས་ཀྱིས་བརྩམས་ཤིང་། ཕྱི་རབས་པ་ཚོས་བོད་ཀྱི་རྒྱལ་རབས་རྩ་ཆེན་ཞིག་ཏུ་རྩི་བཞིན་ཡོད། བརྗོད་བྱའི་ནང་དོན་གྱི་ཆ་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་མང་སྲོང་མང་བཙན་བར་གྱི་ལོ་རྒྱུས་གཙོ་བོར་བརྗོད་ཡོད་ཅིང་། ལོ་རྒྱུས་འདི་རྩོམ་སྐབས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྩོམ་འཕྲོ་སྐྱོང་མ་ཐུབ་པར་ལུས་པས་ཆ་མི་ཚང་མོད། འོན་ཀྱང་དགེ་ཆོས་ནི་རྒྱལ་ཁམས་འགྲིམས་པའི་ཐོས་རྒྱ་དང་མཐོང་རྒྱ་ཤིན་ཏུ་ཡངས་པའི་མཁས་པ་ཞིག་ཡིན་པ་མ་ཟད་ལེགས་སྦྱར་སྐད་དང་དབྱིན་ཇི་སོགས་སྐད་ཡིག་ཀྱང་མང་པོ་མཁྱེན་པས་རྩོམ་ཚུལ་སོགས་མཁས་པ་གཞན་དང་ཐུན་མོང་མིན་པའི་ཆ་མང་བོ་ཡོད་པ་རེད། ཁོང་གིས་ལོ་རྒྱུས་འདིར་ཆེད་དུ་དམིགས་ནས་ཡུལ་རྒྱ་གར་སོགས་ནས་ལི་ཡུལ་དང་། ཏུང་ཧོང་གཏེར་ཡིག་སོགས་ནས་ཐོན་པའི་རྒྱུ་ཆ་འཚོལ་བསྡུ་བྱས་ཡོད་པ་དང་། བོད་ཀྱི་གནའ་རབས་ཡིག་ཆ་དང་ལྷག་པར་དུ་བོད་ཀྱི་གནའ་ཤུལ་དང་རྡོ་རིང་གི་ཡི་གེ་སོགས་ལ་ཞིབ་འཇུག་བྱས་ཏེ་ཆོས་སྲིད་གཉིས་སོ་སོར་གསལ་བོར་བཀར་ནས་སྲིད་ལུགས་གཙོ་བོར་བཟུང་སྟེ་བརྗོད་ཡོད་པ་རེད། ཁོང་ནི་ཆོས་ལུགས་གྲུབ་མཐའ་ལ་ཕྱོགས་ཞེན་དང་བྲལ་བ་ཞིག་ཡིན་ཕྱིར་ས་དགེ་བཀའ་རྙིང་གང་ལའང་ཕྱོགས་རིས་མེད་པར་ལོ་རྒྱུས་ཀྱི་གཏམ་མང་པོ་དྲང་པོར་བརྗོད་ཡོད་པ་མ་ཟད། དཔྱད་གཞིའི་ཡིག་རིགས་མང་བོར་ཞིབ་འཇུག་དང་བླང་དོར་གང་ལེགས་བགྱིས་ཏེ་སྔོན་གྱི་ཆོས་འབྱུང་དང་དེབ་ཐེར་སོགས་ཀྱི་ལྷ་སྒྲུང་ལྟ་བུའི་རྩོམ་ཚུལ་ལས་བརྒལ་ནས་དངོས་གཙོའི་ལྟ་བ་གཞིར་བཟུང་སྟེ་གུང་བསྒྲིགས་ནས་བཀོད་ཡོད་ཅིང་། ལྷག་པར་དུ་བཙན་པོ་རྣམས་ཀྱི་འཁྲུངས་འདས་ལོ་ཚིགས་དང་སྲིད་བསྐྱངས་ལོ་ཚིགས། ཁོང་རྣམ་པའི་མཛད་རྗེས་དང་དེ་དག་གིས་བོད་བཙན་པོའི་ལོ་རྒྱུས་སྟེང་ཐོན་པའི་ནུས་པ་སོགས་གནད་དོན་མང་བོ་ཞིག་ལ་ཡིག་རིགས་མང་བོ་གཤིབ་སྡུར་དང་ཞིབ་འཇུག་བྱས་ཏེ་སྡོམ་ཚིག་བཀོད་ཡོད། གཞན་ཡང་དུས་སྐབས་དེའི་རྒྱ་དཀར་ནག་དང་བོད་ཀྱི་ཆོས་སྲིད་རིག་གནས་ཐད་ཀྱི་འབྲེལ་བ་དང་བོད་རང་གི་ཆབ་དཔལ་རིག་གསུམ་དང་། ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱས་བཤད་མཛད་ཡོད་པས་ཕྱི་རབས་པ་རྣམས་ལ་སློབ་སྦྱོང་གི་རིན་ཐང་ཡོད་པ་མ་ཟད། ལོ་རྒྱུས་བསྟན་བཅོས་སོགས་རྩོམ་པར་འཇུག་པའི་རིགས་ལམ་དང་ཐབས་ཤེས་ལ་ཟུར་བལྟའི་རིན་ཐང་ཡང་མང་དུ་ཡོད་དོ།།
དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2005 ལོར་པར་དུ་བསྐྲུན།
8.《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ཅེས་པ་འདི་ནི་ད་ལྟའི་བོད་ཀྱི་མཁས་པ་ཆེན་པོ་ནམ་མཁའི་ནོར་བུ(19 38-)ལགས་ཀྱིས་བརྩམས་པའི་བསྐལ་བ་ཡ་ཐོག་སྐབས་ཀྱི་ཞང་ཞུང་དང་བོད་ཀྱི་གནས་ཚུལ་སྐོར་བརྗོད་པའི་ལོ་རྒྱུས་བརྩམས་ཆོས་ཤིག་རེད། འདིའི་ནང་གཙོ་བོ་ཞང་བོད་ཀྱི་ལོ་རྒྱུས་དུས་རིམ་མི་འདྲ་བ་གསུམ་དུ་ཕྱེས་ཏེ་དུས་རིམ་སོ་སོའི་བྱུང་རབས་ལོ་རྒྱུས་རྒྱས་བསྡུས་འཚམས་པ་ཞིག་ཞིབ་གསལ་གྱི་སྒོ་ནས་རིམ་པ་བཞིན་བཀོད་ཡོད་པ་རེད། གཞུང་དེའི་ལེའུ་དང་པོའི་ནང་དུ་དུས་རིམ་གོང་མ་ཞང་ཞུང་གི་མི་རབས་དང་མི་མ་ཡིན་པའི་འགྲོ་བའི་བྱུང་ཚུལ་དང་རྩ་བའི་རུས་ཆེན་བཞི་དང་མིའུ་གདུང་དྲུག་གི་བྱུང་ཚུལ། ཞང་ཞུང་གི་རུས་ཚན་དང་བོན་རབས། གཤེན་རབ་མི་བོ་ཆེས་བོན་གྱི་བསྟན་པ་སྤེལ་ཚུལ་དང་། ཞང་ཞུང་གི་རྒྱལ་རབས་དང་ཤེས་རིག་བྱུང་ཚུལ་བཅས་དང་འབྲེལ་བའི་ལོ་རྒྱུས་རྣམས་བཀོད་ཡོད་པ་རེད། ལེའུ་གཉིས་པའི་ནང་དུས་རིམ་བར་མའི་བོད་ཀྱི་མི་རབས་དང་རུས་ཆེན་བཞིའི་བྱུང་ཚུལ་དང་བོན་རབས་བྱུང་ཚུལ། དེ་ནས་བོད་ཀྱི་རྒྱལ་རབས་དང་བོད་ཀྱི་ཡི་གེ་བྱུང་ཚུལ་དང་བོད་རྒྱལ་སྐུ་མཁར་གྱི་སྐོར་བཅས་དང་འབྲེལ་བའི་ལོ་རྒྱུས་ཞིབ་རྒྱས་སུ་བཀོད་ཡོད། ལེའུ་གསུམ་པའི་ནང་དུས་རིམ་འོག་མའི་ཞང་བོད་གཅིག་གྱུར་གྱི་སྐབས་དང་འབྲེལ་བའི་ལོ་རྒྱུས་ཏེ་ཡ་ཐོག་བོད་ཀྱི་མི་རབས་ལ་ངོས་འཛིན་ཚུལ་དང་། ཡ་ཐོག་བོད་ཀྱི་བོན་རབས་ལ་ངོས་འཛིན་ཚུལ། ཡ་ཐོག་བོད་ཀྱི་རྒྱལ་རབས་ལ་ངོས་འཛིན་ཚུལ། ཡ་ཐོག་བོད་ཀྱི་ཤེས་རིག་ལ་ངོས་འཛིན་ཚུལ་བཅས་ཀྱི་སྐོར་ལ་ལུང་དང་རིགས་པས་ལེགས་པར་དཔྱད་དེ་གོ་རིམ་བཞིན་གསལ་བོར་བསྟན་ཡོད། བོད་ཀྱི་ལོ་རྒྱུས་སྐོར་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་སོགས་སུ་སྔོན་བྱོན་མཁས་པ་རྣམས་ཀྱི་བཞེད་པ་གང་མང་ཞིག་མཆིས་མོད། འོན་ཀྱང་འདིར་ཞང་ཞུང་དང་བོད་གཉིས་ཀྱི་བྱུང་རབས་ཀྱི་ལོ་རྒྱུས་སྐོར་ཡ་ཐོག་རིང་མོར་གཏུགས་ཡོད་ཅིང་། ལྷག་པར་དུ་ཞང་ཞུང་གི་ལོ་རྒྱུས་ཞིབ་རྒྱས་ཤིག་ད་ལྟའི་བར་དུ་མཐོང་རྒྱུ་ཧ་ཅང་ཉུང་བ་དང་། རྩོམ་པ་པོས་རྒྱལ་ཁབ་ཕྱི་ནང་གི་ཡིག་རིགས་མང་བོའི་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་འཚོལ་བསྡུ་བྱས་པ་དང་དེར་ཞིབ་འཇུག་གི་ཐབས་ལམ་གསར་བ་སྤྱད་ནས་བརྩམས་པའི་ལོ་རྒྱུས་ཤིག་ཡིན་པས་རིག་གཞུང་གི་རིན་ཐང་དང་དཔྱད་གཞིའི་རིན་ཐང་མི་དམན་པ་ཞིག་ཡོད་དོ། །
དཔེ་སྐྲུན་ཁང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ1996ལོར་པར་དུ་བསྐྲུན།
 
9.《ཆོས་སྲིད་ཟུང་འབྲེལ་གྱི་སྐོར་བཤད་པ》འདི་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས(1927-1997)མཛད་པ་ཡིན་ལ། ཁོང་གིས་ལོ་མང་བོའི་རིང་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་། གདུང་རབས། ཡིག་ཚང་། རྣམ་ཐར་སོགས་ལ་ཞིབ་འཇུག་ནན་ཏན་གནང་སྟེ་བརྩམས་པའི་ལོ་རྒྱུས་ཡིག་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་དང་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་ལ་བློ་གཟུ་བོར་གནས་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ། ཡང་དག་པའི་སྒོ་ནས་དཔྱད་འཇོག་བྱས་པའི་ལོ་རྒྱུས་ཡིག་ཆ་ཐོག་མའང་རེད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གཞན་ལ་མེད་པའི་ལམ་ལུགས་ཁྱད་པར་ཅན་ཞིག་ཡིན་སྟབས་ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་གི་གནས་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། འདི་ནི་རྩོམ་པ་པོས་ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་བྲིས་པ་མིན་པར་དངོས་གཙོ་རྩོད་སྒྲུབ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་གཞིར་བཟུང་སྟེ། བོད་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་དུས་སྐབས་སོ་སོའི་དཔལ་འབྱོར་ལམ་ལུགས་དང་། ཆབ་སྲིད་ལམ་ལུགས། ཆོས་ལུགས་ཀྱི་གནས་ཚུལ་བཅས་ལ་དབྱེ་ཞིབ་བྱས་ཡོད་ཅིང་། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ཐོག་མའི་འབྱུང་ཁུངས་དང་བར་གྱི་འཕེལ་རྒྱུས། མཇུག་མཐའི་ཉམས་རྒུད་བཅས་ལ་ཞིབ་འཇུག་བྱས་ཡོད་པས་ནང་དོན་ཅུང་རྒྱ་ཆེ་ཞིང་གཏིང་ཟབ་པ་རེད། བརྗོད་བྱའི་ཐད་ནས་ཐོག་མར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་མ་བྱུང་གོང་གི་ཆོས་སྲིད་ཐ་དད་ཡིན་པའི་དུས་ཀྱི་གནས་ཚུལ་དང་ཆོས་ལུགས་བར་གྱི་འཐབ་རྩོད་སོགས་བརྗོད་ཡོད་དེ། སངས་རྒྱས་ཆོས་ལུགས་བོད་དུ་མ་དར་བའི་སྔོན་གྱི་བོན་དང་སྐབས་དེའི་སྤྱི་ཚོགས་གནས་ཚུལ་དང་། སངས་རྒྱས་ཆོས་ལུགས་ཐོག་མར་བོད་དུ་དར་བའི་དུས་ཀྱི་སྲིད་འབྱོར་གྱི་གནས་ཚུལ། བན་བོན་བར་གྱི་འཐབ་རྩོད། རབ་བྱུང་བ་དང་རྙིང་མའི་གྲུབ་མཐའ་ཐོག་མར་བྱུང་ཚུལ། རབ་བྱུང་བ་སྐོར་ཞིག་རིམ་བཞིན་དགོན་པ་དང་གཞིས་ཀ་སོགས་ཀྱི་བདག་པོ་སྟེ་དབང་སྒྱུར་པར་གྱུར་ཚུལ། ཁྲི་དར་མས་བསྟན་པ་བསྣུབས་ཚུལ་དང་འབངས་གྱེན་ལོག་བྱུང་ཚུལ་བཅས་ཀྱི་རྒྱུ་རྐྱེན། སྐབས་དེའི་བོད་དང་རྒྱལ་ནང་གི་ཆབ་སྲིད་ཀྱི་འབྲེལ་བ། བོད་སིལ་བུའི་དུས་སྐབས་སུ་བསྟན་པའི་མེ་རོ་སླར་གསོས་པའི་རྒྱུ་རྐྱེན་སོགས་གཙོ་བོར་བརྗོད་ཡོད། རིམ་པ་གཉིས་པར་ས་སྐྱ་པ་དང་ཕག་གྲུ་པ། རིན་སྤུངས་པ། གཙང་པ་བཅས་ཀྱིས་སྲིད་དབང་བཟུང་དུས་ཀྱི་གྲུབ་མཐའ་སོ་སོའི་འཕེལ་རྒྱས་དང་ཕན་ཚུན་བར་གྱི་འགལ་རྩོད། གུ་ཤྲི་བསྟན་འཛིན་གྱིས་གཙང་པ་རྒྱལ་པོ་མེད་པར་བཏང་སྟེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་དང་། དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་འཐབ་རྩོད་དང་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་དར་རྒུད། ཕྱིའི་བཙན་རྒྱལ་རིང་ལུགས་པས་བོད་ལ་ཐེ་གཏོགས་བྱས་ཤིང་བོད་ཀྱི་མཐོ་རིམ་དཔོན་རིགས་ཁ་ཤས་ཀྱིས་མེས་རྒྱལ་དང་ཁ་བྲལ་བའི་བྱ་སྤྱོད་བྱུང་ཞིང་མཐར་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་རྩ་ནས་མེད་པར་བཏང་བའི་ལོ་རྒྱུས་གནས་ཚུལ་སོགས་གཙོ་བོར་བརྗོད་ཡོད་ཕྱིར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་བྱུང་འཕེལ་དང་ཉམས་རྒུད། དེའི་ཁྱད་ཆོས་སོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ཟུར་ལྟ་དང་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེའོ། །
དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 2004ལོར་དཔར།

10.《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》འདི་ནི་རྒྱལ་མོ་འབྲུག་པས(1957-)བརྩམསཤིང་། ཁོང་གིས་ལོ་མང་བོའི་རིང་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་བརྩམས་པའི་བོད་ཀྱི་བསྐལ་བ་ཡ་ཐོག་གི་གནའ་རབས་ཀྱི་ལོ་རྒྱུས་ནས་ཉེ་རབས་བོད་ཞི་བས་བཅིངས་གྲོལ་བྱས་ཚུན་གྱི་ལོ་རྒྱུས་ཆ་ཚང་ཞིག་རང་རེའི་སྔོན་རབས་ལོ་རྒྱུས་ཀྱི་གཞུང་སྤྱི་ཁོག་ལྟར། བོད་ཀྱི་རྒྱལ་རབས་རིམ་བྱུང་དང་ཆོས་སྲིད་ཀྱི་བྱུང་བ་གཞུང་རྟར་བྱས་ཤིང་། གཞན་རིགས་ལོ་རྒྱུས་ཡིག་ཚང་གིས་ཟུར་བརྒྱན་ཏེ་གསར་རྩོམ་མཛད་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་ཞིག་ཡིན་ལ། ནང་དོན་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་གླེང་བའི་སྔོན་འགྲོ་ས་བཅད་དང་པོ་བྱས་ཤིང་། རིམ་བཞིན་བོད་གནའ་རབས་ཀྱི་ལོ་རྒྱུས་དང་། བོད་ཆེན་པོའི་སྐབས་ཀྱི་ལོ་རྒྱུས། བོད་སིལ་བུའི་སྐབས་ཀྱི་ལོ་རྒྱུས། དཔལ་ལྡན་ས་སྐྱ་པའི་སྐབས་ཀྱི་ལོ་རྒྱུས། དཔལ་ཕག་མོ་གྲུ་བའི་སྐབས་ཀྱི་ལོ་རྒྱུས་བཤད་པ་དང་། དེའི་ནང་དུ་རིན་སྤུངས་པ་དང་གཙང་པ་རྒྱལ་པོའི་དུས་ཀྱི་ལོ་རྒྱུས་བསྡུས་ཡོད་ཅིང་། དེ་ནས་དགའ་ལྡན་ཕོ་བྲང་བའི་དུས་སྐབས་ཀྱི་ལོ་རྒྱུས་བཅས་ཡོངས་སུ་ས་བཅད་བདུན་གྱི་བདག་ཉིད་ཅན་ཞིག་ཡིན། ནང་གསེས་བྱེ་བྲག་ཏུ་བོད་ཀྱི་སྣོད་བཅུད་ཆགས་ནས་མིའི་འགྲོ་བ་བྱུང་ཚུལ་དང་། བོད་གདོད་མའི་དུས་ཀྱི་གནས་ཚུལ། སྔོན་བྱོན་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་དང་སྐབས་དེའི་རྒྱལ་ཕྲན་སུམ་པ་དང་འ་ཞ་སོགས་ཀྱི་སྐོར་དང་། བོད་སིལ་བུའི་སྐབས་ཀྱི་བསྟན་པ་དར་ནུབ་དང་དབུས་གཙང་མངའ་རིས་དང་། མདོ་སྨད་སོགས་སུ་བྱོན་པའི་བཙན་པོའི་གདུང་རྒྱུད་གྱེས་ཚུལ་དང་། ཞར་བྱུང་དུ་གླིང་ཚང་དཔོན་པོ་དང་མི་ཉག་རྒྱལ་རབས་སྐོར་དང་། ས་སྐྱ་བའི་དུས་ཀྱི་ཧོར་དང་བོད་ཀྱི་འབྲེལ་གཏུག་དང་ས་པཎ་ཁུ་དབོན་གྱི་མཛད་རྗེས། ཕག་གྲུ་བ་དང་དགའ་ལྡན་ཕོ་བྲང་གི་དུས་དབུས་གཙང་དང་མདོ་ཁམས་གསུམ་གྱི་ལོ་རྒྱུས་ཕྱོགས་ཡོངས་ནས་གླེང་བ་དང་། གཞན་དུས་སྐབས་དེའི་བོད་སོག་མཆོད་ཡོན་འབྲེལ་བ་སོགས་རེ་རེ་བཞིན་ཅུང་ཞིབ་གསལ་གྱི་སྒོ་ནས་བྲིས་ཡོད་པ་ནི་དེབ་འདིའི་བརྗོད་བྱའི་ཁྱད་ཆོས་གཙོ་བོ་ཞིག་ཏུ་ངེས། དེབ་འདི་ནི་ཚིག་ཉུང་ཞིང་དོན་འདུས་པ་དང་རྒྱས་བསྡུས་འཚམས་ཤིང་གོ་རིམ་ལྡན་པ་མ་ཟད། ཡིག་རིགས་མི་འདྲ་བ་སྣ་ཚོགས་ཀྱི་ཡིག་ཚང་ལ་ཁུངས་གཏུགས་ཏེ་བོད་ཡིག་ནང་ཁ་མི་གསལ་བ་དང་ཆ་མི་ཚང་བ་རྣམས་ཁ་སྐོང་གི་ཚུལ་དུ་བྲིས་ཡོད་ལ། ལྷག་པར་དུ་སྔོན་གྱི་དབུས་གཙང་གི་ཆོས་སྲིད་ལོ་རྒྱུས་རྐྱང་རྐྱང་འབྲི་བའི་སྲོལ་ལས་བརྒལ་ཏེ་བོད་མདོ་དབུས་ཁམས་གསུམ་དང་། ཡུལ་དེ་དག་ཏུ་བྱུང་བའི་རྒྱལ་ཕྲན། ཉེ་འདབས་བོད་དང་འབྲེལ་བ་ཟབ་པའི་མི་རིགས་གཞན་དག་གི་ལོ་རྒྱུས་དང་ས་གནས་ཁག་ཅིག་གི་ལོ་རྒྱུས་བཅས་ཁ་གསབ་ཀྱི་ཚུལ་དུ་བྲིས་ཡོད་པ་ནི་དེབ་འདིའི་ཁྱད་ཆོས་གཞན་ཞིག་ཏུ་འཁུམས་ཤིང་། རྗོད་བྱེད་ཚིག་གི་ཐད་ནས་ཚིག་རྒྱན་དང་མངོན་བརྗོད། བརྡ་རྙིང་སོགས་ཀྱིས་མ་བཅིངས་པར་གོ་སླ་ཞིང་སློབ་བདེ་པས་ད་ལྟ་མི་རིགས་སློབ་གྲྭ་མང་པོ་ཞིག་གིས་སློབ་དེབ་ཏུ་སྤྱོད་བཞིན་ཡོད་ལ་བོད་ཀྱི་ལོ་རྒྱུས་ལ་འཇུག་མཁན་རྣམས་ལ་སྦྱང་བྱའི་ཟུར་ལྟ་དང་ཞིབ་འཇུག་པ་རྣམས་ལ་དཔྱད་གཞིའི་རིན་ཐང་ཡང་མི་དམན་པ་ཞིག་ཡོད་དོ། །
དཔེ་སྐྲུན་ཁང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2015ལོར་པར་དུ་བསྐྲུན།

བོད་ཀྱི་ལོ་རྒྱུས་ཟུར་ལྟའི་དཔེ་ཐོ་འོས་སྦྱོར།

  1. འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989 ལོར་དཔར།
    2. སྟག་ཚང་དཔལ་འབྱོར་བཟང་པོའི་《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད》
    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985 ལོར་དཔར།
    3.ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》 མི་རིགས་དཔེ་སྐྲུན་ཁང་། 1986ལོར་དཔར།
    4. བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་《   མདོ་སྨད་ཆོས་འབྱུང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། 1982ལོར་དཔར།
    5. གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་གྱི་ལུང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱི་《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང །1992ལོར་དཔར།
    6.གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི་《  བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོར་དཔར།
    7. སྡེ་རོང་ཚེ་རིང་དོན་གྲུབ་ཀྱི་《  བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》  རྒྱ་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2001 ལོར་དཔར།
    8. ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱི་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990 ལོར་དཔར།
    9.  དམུ་དགེ་བསམ་གཏན་གྱི་《 བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》 མི་རིགས་དཔེ་སྐྲུན་ཁང་། 2010ལོར་དཔར།
    10.འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་པའི 《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོར་དཔར།  
    11. 陈庆英.高淑芬主编: 《西藏通史》中州古籍出版社2003年版。
    12. 编写组: 《西藏简史》西藏人民出版社1985年版。

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།