ཀྲུང་གོ་བོད་ཀྱི་དྲ་བ།

ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།

ཡོང་ཁུངས། : 康巴传媒藏文     སྤེལ་དུས། : 2018-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རང་རྒྱལ་ཏུན་ཧོང་གི་ས་གནས་ནས་ཐོན་པའི་གནའ་རབས་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་ཧ་ཅང་མང་པོ་ཡོད་པའི་ནང་ནས་ཁག་གཅིག་ང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་གཤམ་གསལ་མྱོང་ཚོར་འདི་འདྲ་ཞིག་བྱུང་བ་སྟེ།

2.jpg

   ༡. ཡིག་ཆ་འདི་རྣམས་ལོ་ཆིག་སྟོང་ལྷག་ཙམ་གོང་བོད་ཀྱི་བཙན་པོའི་དུས་སྐབས་དེ་རང་ལ་བོད་མི་རང་གིས་བྲིས་པ་ཞིག་ཡིན་པ་ལས། ཕྱི་རབས་ཀྱི་ལོ་རྒྱུས་རྩོམ་འབྲི་བྱེད་མཁན་ཚོས་རང་ཉིད་ཀྱི་རིག་སྟོབས་ལ་བརྟེན་ནས་གནའ་རབས་ཀྱི་ལོ་རྒྱུས་ལ་ཚོད་དཔག་དང་བཅོས་བཟོ་བྱས་པའི་བསྲེ་བསླད་ཕྲན་བུ་ཙམ་ཡང་མ་ཞུགས་པར་ལོ་སྟོང་ཕྲག་ལྷག་ཙམ་རིང་བྲག་རྡོ་དང་བྱེ་མའི་འོག་ཏུ་ལུས་པའི་ཡིག་རྙིང་ཤ་སྟག་ཡིན་པ།
   ༢. སྤྱིར་བཏང་གི་ལོ་རྒྱུས་ཡིག་རིགས་ལྟ་བུའི་ཚིག་རིང་པོ་མེད་རུང་། གནད་དོན་གལ་ཆེ་བ་རྣམས་ཚིག་ཉུང་ངུའི་ཐོག་ནས་གསལ་བཤད་བྱས་པ་དང་། གཞི་འཛིན་ས་བརྟན་པོ་ཡོད་པ་ལས་ལྷད་མེད་གསེར་གྱི་ཐིགས་པ་ལྟ་བུ་ཡིན་པ།
   ༣. དུས་རབས་བཅུ་གཅིག་པའི་མགོ་ནས་ད་བར་བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ་ཚོས་རྩོམ་འབྲི་གནང་བའི་ལོ་རྒྱུས་ཡིག་ཆའི་ནང་གསལ་བ་དང་མ་གསལ་བའི་གནད་དོན་མང་པོ་ཞིག་ཡིག་ཆ་འདི་དག་གི་ཐོག་ནས་སྔར་ལས་ལྷག་པར་ར་སྤྲོད་བྱེད་ཐུབ་པ།
   ༤. ཐང་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ཡི་ལོ་རྒྱུས་མཁས་པ་ཚོས་དུས་སྐབས་དེ་རང་ལ་བྲིས་པའི་རྒྱ་ཡིག་གི་ལོ་རྒྱུས་ནང་གསལ་བའི་བོད་ཀྱི་ལོ་རྒྱུས་དང་ཕན་ཚུན་ལྟ་བསྡུར་བྱས་ཆོག་པ་མ་ཟད། གནད་དོན་མང་པོ་ཞིག་གཅིག་ལ་བལྟས་ཚེ་ཅིག་ཤོས་གསལ་དུ་འགྲོ་བའི་ངོ་མཚར་ཆེན་པོ་སྐྱེད་ཐུབ་པ།
   ༥. ཡིག་ཆ་འདི་དག་གི་ནང་ལོ་ཆིག་སྟོང་ལྷག་ཙམ་གོང་གི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་། སྲིད་འཛིན། ཁྲིམས་ལུགས།  དམག་དོན། དཔལ་འབྱོར་བཅས་ཀྱི་གནས་ཚུལ་དང་། དེ་བཞིན་རྒྱ་བོད་མི་རིགས་དང་། མི་རིགས་གཞན་དག་བཅས་བར་གྱི་འབྲེལ་བ་སོགས་གལ་ཆེའི་ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིབ་འཇུག་བྱེད་རྒྱུར་མཁོ་བའི་དཔང་རྟགས་ཡོད་པར་བརྟེན། ཡིག་འབྲུ་གཅིག་བརླག་ཀྱང་ཧ་ཅང་ཕངས་སེམས་བྱེད་དགོས་པའི་རིན་ཐང་ཆེན་པོ་ཡོད་པ།
   ༦. བོད་ཡིག་ཐོག་མར་གསར་དུ་བྱུང་བ་ནས་བཟུང་ད་བར་ལོ་ངོ་ཆིག་སྟོང་ལྷག་ཙམ་ཕྱིན་རུང་ང་ཚོས་ཡིག་ཆ་འདི་དག་བལྟས་ནས་ཞིབ་འཇུག་བྱེད་སྐབས་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་ཀློག་ཐུབ་པ་མ་ཟད། ཚོད་དཔག་བྱས་པ་ཙམ་མ་ཡིན་པར་གོ་བ་གསལ་པོ་ལོན་ཐུབ་པ་འདིའི་ཐོག་ནས་བོད་ཡིག་འདི་སྒྲ་སྦྱོར་ཡི་གེ་ཡིན་པ་དང་ས་གནས་སོ་སོའི་ཡུལ་སྐད་ཕུད་གཞི་རྩའི་ཐོག་ནས་གཅིག་གྱུར་ཡིན་པའི་ཁྱད་ཆོས་གསལ་པོར་མཐོང་ཐུབ་པ།
   ༧. ཡིག་ཆ་འདི་དག་གི་བརྒྱ་ཆ་བཅུ་ཙམ་ནི་ཐེངས་བཅུ་ཕྲག་ཁ་ཤས་བལྟས་ཀྱང་ད་དུང་ཚོད་དཔག་བྱས་པ་ཙམ་ལས་གདེང་ཚོད་ཡོད་པའི་གོ་བ་ལེན་ཐུབ་ཀྱི་མེད་པ་དང་། འགའ་ཞིག་ནི་ཚོད་དཔག་ཙམ་ཡང་བྱེད་ཐུབ་ཀྱི་མེད་པ། དེའི་ཐོག་ནས་སྐབས་དེའི་བོད་ཀྱི་སྐད་ཡིག་དང་། དེང་སྐབས་ཀྱི་བོད་ཀྱི་སྐད་ཡིག་བར་ལ་ཁྱད་པར་མི་ཉུང་བ་ཞིག་གནས་ཡོད་པ་དང་། ཁྱད་པར་དེ་འདྲ་འབྱུང་བའི་རྒྱུ་མཚན་གང་ཡིན་སྐོར་ང་ཚོས་སླར་ཡང་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱེད་དགོས་པའི་གལ་ཆེའི་རང་བཞིན་གསལ་བོར་མཐོང་ཐུབ་པ་བཅས་ཡིན། 
༼   དུང་དཀར་རིན་པོ་ཆེའི་གསུང་ལས་དྲངས། ༽


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།