ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རམས་པའི་མཚན་མཐོང་དང་འབྲེལ་བའི་གཏམ།

  རྩོམ་པ་པོ། : དགེ་བཤེས་འཇམ་དཔལ་བློ་ཤེས།   སྤེལ་དུས། : 2018-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg 
   ཕྱི་ལོ༢༠༡༧ལོར་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་རབ་འབྱམས་པ་སྐབས་གཉིས་པའི་རྒྱུགས་སྤྲོད་ཀྱི་མཛད་སྒོའི་སྐབས་ཀྱི་གསུངས།
    དགེ་བཤེས་ལྷ་རམས་པ་ཞེས་པ་ནི། ཕྱི་ལོ༡༦༡༣ལོ་ནས་ལོ་དྲུག་གི་རིང་ལ། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དགའ་ལྡན་ཁྲི་ཚབ་གནང་སྟེ། ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུ་མཛད་ཅིང་། གདན་ས་གསུམ་གྱི་སློབ་གཉེར་བ་རྩེ་གྲས་ཁག་ཅིག་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་གཞུང་ཆེན་བཀའ་པོད་ལྔའི་བགྲོ་གླེང་དམ་འཇོག་མཛད་བཅུག་སྟེ། འབྲས་སྤུངས་དགེ་བཤེས་དམ་འབྲུག་གཉིས་ལ་ལྷ་རམས་ཨང་དང་པོའི་མཚན་གནས་ཕུལ་བ་ནས་བཟུང་སྟེ་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དབུ་ཚུགས་ཤིང་། ད་བར་དབུས་ཀྱི་གདན་ས་གསུམ་གང་རུང་ལས་སློབ་གཉེར་མཐར་ཕྱིན་ནས། ལྷ་ལྡན་སྨོན་ལམ་ཆེན་མོར་གཞུང་ཆེན་བཀའ་པོད་ལྔ་ལ་གྲྭ་སྐོར་གནང་བར། ཡོངས་འཛིན་རྣམ་པ་ལྟ་བུའི་ཆེད་བསྐོས་རྒྱུགས་ཞིབ་པ་རྣམས་ཀྱིས་བརྒྱ་ཆ་གནང་བ་ཚད་དུ་ལོངས་ན། དགེ་བཤེས་ལྷ་རམས་པའི་མཚན་རྟགས་གནང་ཆོག་པ་ཞིག་ཡིན་པ་ལས། གདན་ས་རང་ནས་ཀྱང་ལྷ་རམས་པའི་མིང་རྟགས་འདི་དག་རང་དགར་སྤྲོད་ཆོག་པ་ཞིག་གཏན་ནས་མིན་ཏེ། རྩེ་གཟིམ་འགག་གིས་སེ་ར་དགོན་པར་བསྩལ་བའི་རྩ་ཚིག་ལས། ལྷག་པར་གྲྭ་སྐོར་མིང་བཏགས་གཏོང་ལུགས་སྐོར་ཁ་བཤད་དོན་སྟོང་མགོ་བདེ་མཐོར་སྙེག་སྟེར་སྦྱིན་རྗེས་འབྲང་དུ་མ་སོང་བར་ཐོས་བསམ་གྱི་འབྲས་རྟགས་རྣམ་དཔྱོད་འགྲན་ཟླ་བྲལ་བ་རྣམས་ལ་ལྷ་རམས་དང་། དེ་འོག་ཚོགས་རམས། གླིང་བསྲེ། རིགས་རམས་སོགས་སློབ་གཉེར་བཟང་ཞན་གྱི་རྣམ་དབྱེ་གོ་རིམ་མ་འཕྱུགས་པ་ཞིག་ཞིབ་འཇུག་གིས་སྤྲོད་པ་ལས། རྟགས་གསལ་ཁྱབ་གསུམ་གྱི་རིགས་ལམ་རགས་པ་ཙམ་ཡང་བློར་མ་ཆུད་པའི་རིགས་ལ་དགེ་བཤེས་ཀྱི་མིང་རྟགས་ཆེ་ཆུང་གང་ཡང་སྤྲོད་ལེན་མི་ཆོག་པ་སོགས་ཀྱི་སྐོར་ཉེ་ལམ་རྩ་ཚིག་ཟུར་སོང་དོན་བཞིན་འགལ་མེད་ཉམས་ལེན་རྒྱུན་འཁྱོངས་ངེས། ཞེས་སོགས་དགེ་བཤེས་མིང་རྟགས་གནང་བའི་གོ་རིམ་སྒྲིག་ལམ་དམ་པོར་མཛད་འདུག་པ་བཞིན་དུ་ཕོ་ཤེད་སུ་ཆེ་དང་། རང་སྣང་གང་ཤར་གྱི་རྗེས་སུ་མ་སོང་ན་ལེགས་ཞེས་པ་ལས་ཁྲིམས་ཀྱིས་བསྡམས་ཏེ་ནན་ཏུར་བྱེད་མཁན་ཞིག་ཐད་ཀར་ཡོང་དུ་མེད་ཚོད་རེད།
 
   དེང་སྐབས་ཀྱང་གདན་ས་ཆེན་པོ་གསུམ་གང་རུང་ལས་གཞུང་ཆེན་བཀའ་པོད་ལྔ་མཐར་ཕྱིན་ཏེ། དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་ཐུན་མོང་རིག་གནས་བཅས་ལ་ལོ་དྲུག་རིང་གི་རྒྱུགས་སྤྲོད་ཚད་དུ་ལོངས་པ་དང་། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་ལེགས་གྲུབ་བྱུང་མཐར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་གནང་བཞིན་པ་དང་། དེ་ཡང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་མ་གཏོགས་གདན་ས་གསུམ་གྱི་གྲྭ་ཚང་དྲུག་པོ་རེ་རེའི་ངོས་ནས་དགེ་བཤེས་ལྷ་རམས་པའི་མཚན་གྱི་ཐོབ་ཐང་ལག་ཁྱེར་གནང་རྒྱུའི་དབང་ཚད་མེད་པ་རེད། དེ་མིན་སློབ་གཉེར་ཅུང་ཟད་ཞན་རིགས་རྣམས་ལ་གྲྭ་ཚང་སོ་སོའི་ངོས་ནས་དགེ་བཤེས་ཚོགས་རམས་པ་དགེ་བཤེས་རྡོ་རམས་པ་དགེ་བཤེས་རིགས་རམས་པ་གླིང་བསྲེའི་དགེ་བཤེས་སོགས་ཀྱི་མཚན་གནས་རིམ་པ་བཞིན་ཕུལ་བའི་ཕྱག་སྲོལ་ཡོད་པས། འདི་འདྲའི་སློབ་གཉེར་གྱི་བརྒྱུད་རིམ་སྤུས་ཀ་ལྡན་པ་ཞིག་གི་ལམ་ནས་ལྷ་རམས་པའི་འགྲོ་ལུགས་ཤིག་ཡོད་བཞིན་དུ། གཞིས་དགོན་དག་ཏུ་དཔེ་ཆའི་སྣེ་ཞིག་འཕུལ་མྱོང་བ་དང་། དགེ་རྒན་རེ་བྱས་པ་ཚང་མ་ལ་དགེ་བཤེས་ལྷ་རམས་པ་དང་དགེ་བཤེས་ཞེས་པའི་མིང་འདོགས་པ་ནི། ཆོས་ལུགས་སྤྱིའི་སྒྲིག་གཞི་དང་འགྲོ་ལུགས་ལ་བརྩི་བཀུར་མ་བྱས་པའི་སྐྱོན་ཆེན་པོ་ཞིག་དང་། གང་འཚམ་ནས་མིང་གི་ཐོབ་ཐང་གི་སྒོ་ནས་སློབ་སྦྱོང་དང་ལས་གནས་ཚོད་འཛིན་བྱ་བའི་ཐབས་ལམ་ཅི་ཡང་མེད་པར་འགྱུར་ངེས་རེད།
 
   དེས་ན། བདག་གི་ངོས་ནས་ཀྱང་སྤྱིའི་སྒྲིག་གཞི་དང་ལམ་ལུགས། གྲྭ་ས་དང་གཞིས་དགོན་གྱི་ཁྱད་པར། སློང་སྦྱོང་དང་སློབ་ཐོན་གྱི་མཚན་གནས་སོགས་ཆེ་འབྲིང་ཆུང་ངུའི་དབྱེ་བ་ཡོད་ན་ལེགས་སོ་ཞེས་པ་ལས་སྒེར་གྱི་ཁེ་ཕན་དང་ཐོབ་དབང་ལ་དམིགས་ནས་བཤད་དགོས་པ་གང་ཡང་མེད་དོ། །
 
   དེ་བཞིན་དུ་ཆོས་བརྒྱུད་གང་ཡིན་ཡང་རང་རང་གི་ལུགས་ཀྱི་ཆོས་ལུགས་སློབ་སྦྱོང་གི་གོ་རིམ་དང་གོ་རིམ་དེ་དང་མཚུངས་པའི་མཚན་མཐོང་ལག་ཁྱེར་སོགས་ཀྱང་ཆོས་བརྒྱུད་སོ་སོའི་དགོན་པ་དང་དབུ་བཞུགས་རྣམ་པས་དོ་དམ་ནན་ཏན་མཛད་དགོས་པ་ནི་གནད་དོན་ཅུང་ཟད་གལ་ཆེ་བ་ཞིག་རེད་བསམ་བཞིན་ཡོད། གལ་སྲིད་གང་འདོད་ཅི་འདོད་དུ་བྱས་ཏེ་ཆོས་ལུགས་ཀྱི་མཚན་གནས་བེད་སྤྱད་ན་མཁན་པོ་དང་དགེ་བཤེས་སོགས་ཆོས་ལུགས་སློབ་སྦྱོང་གི་ཡོན་གནས་ཀྱི་མཚན་དག་ཀྱང་ད་ལྟའི་སྤྲུལ་སྐུ་ངོས་འཛིན་གྱི་འགྲོ་ལུགས་ལྟ་བུའི་ཚོད་འཛིན་གང་ཡང་མེད་པར་འགྱུར་ངེས་རེད། དཔེར་ན། དེང་སྐབས་རང་རང་གང་འདོད་དུ་རྗེ་བཙུན་ཞེས་དང་། སྐྱབས་རྗེ་ཞེས་དང་། སྐྱབས་མཆོག་ཅེས་དང་། ཡོངས་རྫོགས་བསྟན་པའི་བདག་པོ་ཞེས་དང་། མཁས་བཙུན་གྲུབ་པའི་དབང་ཕྱུག་ཅེས་སོགས་ཆོས་ལུགས་ལས་བྱུང་བའི་མཚན་གྱི་རིགས་དང་། སྤྱི་ཚོགས་ཀྱི་གནས་བབ་འགའ་རེ་སྟོན་པའི་རྩོམ་ཐར་ཐོར་རེ་བྲིས་ཡོང་དུས། བསམ་བློ་པ། གསར་བརྗེ་པ། བློ་འབྱེད་པ། སྣེ་ཁྲིད་པ་སོགས་གང་འདོད་དུ་འདོགས་པར་བྱེད་པ་ནི་མིང་དེ་དག་གིས་དོན་གྱི་གནད་གང་ཞིག་སྟོན་པ་ཧ་མ་གོ་བའམ། གོ་བཞིན་དུ་ཧམ་པ་རྒྱག་མཁན་ཡང་ཡོད་ཚོད་རེད།
 
   དཔེར་ན། གོང་གི་ཡོངས་རྫོགས་བསྟན་པའི་བདག་པོ་ཞེས་བཏགས་ན་ཚིག་དེའི་ནང་གི་ཡོངས་རྫོགས་ཞེས་པའི་ནུས་པ་དང་བསྟན་པའི་བདག་པོ་ཞེས་པའི་བསྟན་པ་ཡོངས་རྫོགས་ལ་ཅི་ཞིག་ཡོད་པ་དང་། དེའི་བདག་པོར་ཇི་ལྟར་གྱུར་སོང་བ་ཡང་སེམས་ལ་འཁོར་དགོས་པ་ཞིག་ཡིན་ལ། དམ་པ་གོང་མ་ཞིག་གམ་མཁས་པ་ཞིག་ལ་སྦྱར་བའི་མིང་ཆེན་པོ་ཡོད་ཚད་བཙལ་ནས་རང་གི་དགེ་རྒན་ཆེ་གེ་མོའམ། བླ་སྤྲུལ་ཆེ་གེ་མོ། རྩོམ་འབྲི་པ་ཆེ་གེ་མོ་སོགས་ལ་སྦྱོར་བ་ནི། རྫ་མའི་ཁ་གཅོད་ཕོར་པ་ལ་བཀབ་པའི་ངང་ཚུལ་ཙམ་ཞིག་ལས་མ་འདས་ལ། མིང་དོན་མཚུངས་པ་ཞིག་མིན་ན་མིང་གདགས་ས་རང་ཉིད་ངོ་ཚ་ཁ་སྐྱེངས་ཀྱི་རྒྱུ་དང་། གཞན་ལ་མགོ་སྐོར་དང་། སྤྱི་ཚོགས་རུལ་སུངས་ཀྱི་རྩ་བར་གྱུར་པ་སོགས་ཀྱང་ཤེས་དགོས་སོ། །
 
   ཆོས་ལུགས་ཀྱི་ཡོན་ཚད་ཀྱི་མིང་རྣམས་ཀྱང་མ་ནོར་བར་འདོགས་དགོས་པར་འདུལ་བའི་གཞུང་དུ་གསུངས་ཏེ། སློབ་དཔོན་ཤཱཀྱ་འོད་ཀྱི་འདུལ་བ་སུམ་བརྒྱ་པ་ལས། སངས་རྒྱས་དེ་ཡི་ཡོན་ཏན་སྨོས་པས་བརྗོད། །སློབ་དཔོན་སློབ་དཔོན་ཚིག་དང་ལྡན་པས་སོ། །དོན་སོགས་སྨོས་པས་ཉེ་བའི་ཚིག་བྱ་སྟེ། །འདུད་བཅས་མཁན་པོར་གྱུར་པའི་མིང་དག་བརྗོད། །རྒན་ལ་བཙུན་པ་ཉེ་བའི་ཚིག་གིས་བརྗོད། །གཞོན་ལ་འང་ཚེ་དང་ལྡན་པའི་ཉེ་ཚིག་གིས། །དེ་བཞིན་གནས་བརྟན་ཞེས་བྱའི་ཉེ་ཚིག་བརྗོད། །དེ་ལྟར་འདིར་ནི་མིང་སྨོས་རིམ་པ་ཡིན། །ཞེས་སོགས་སངས་རྒྱས་ཞེས་པ་དང་། མཁན་པོ་དང་སློབ་དཔོན། བཙུན་པ་དང་ཚེ་དང་ལྡན་པ་ཞེས་སོགས་གནས་བབ་དང་མཐུན་པའི་མཚན་ནས་འབོད་ཚུལ་ནན་ཏན་མཛད་པ་དང་། འཇིག་རྟེན་པའི་ནང་དུ། རྒྱལ་ཁབ་དང་ཚོགས་སྡེ་ཁག་གི་སློབ་གསོ་དང་ལས་གནས་ཀྱི་རིམ་པ་དང་མཚུངས་པའི་མིང་གི་གོ་རིམ་གཏིང་ཚུགས་པ་ཅི་འདྲ་ཞིག་བཟོ་ཡི་འདུག་པ་ལྟར་ཆོས་ལུགས་པ་ལ་ནི་དེ་བས་ཀྱང་ཚད་ལྡན་ཞིག་ཡོང་དགོས་པ་ཞིག་རེད།
 
   དེང་དུས་སྤྱི་ཚོགས་ཀྱི་ནང་དུ་སློབ་གྲྭ་ཆུང་འབྲིང་གི་སྒྲིག་འཛུགས་དང་། སློབ་སྦྱོང་གི་གོ་རིམ། དེ་མཚུངས་ཀྱི་གནས་རིམ་ལྟར་གྱི་མཚན་མཐོང་ལག་ཁྱེར་སོགས་ཀྱི་འགྲོས་ལྟ་བུ་ཞིག་ནང་བསྟན་ཆོས་ལུགས་པ་དང་དགོན་པ་ཁག་གིས་སློབ་སྦྱོང་གི་རིམ་པ་ལ་ཡང་དམིགས་ཡུལ་ཡོད་པ། མགོ་མཇུག་ཡོད་པ། གྲུབ་འབྲས་ཡོད་པ། གྲུབ་འབྲས་ཀྱི་དཔང་རྟགས་ཡོད་པ། འཆར་གཞི་ཡོད་པ་སོགས་བཟོ་མ་ཐུབ་ཚེ་ཆོས་ལུགས་སློབ་སྦྱོང་གི་སྤུས་ཚད་དང་དེའི་རྗེས་སུ་འབྲང་བའི་ཀུན་སྤྱོད་སོགས་དུས་རབས་ཀྱི་རྗེས་ལུས་ཡང་ལུས་སུ་འགྱུར་རྒྱུ་ཉག་ཅིག་རེད།
 
   ཚན་རིག་ལག་རྩལ་གྱི་ནུས་པ་ཡང་རྩེར་སོན་ཅིང་། ཆབ་དཔལ་རིག་གསུམ་ཡོངས་རྫོགས་ཤེས་རིག་དང་སློབ་སྦྱོང་གིས་ཁ་ལོ་བསྒྱུར་བའི་དུས་རབས་འདི་འདྲ་ཞིག་ལ་ཡང་། ང་ཚོས་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་གི་ཚད་གཞི་གོང་མཐོར་གཏོང་ཐབས་ལ་ནན་ཏན་གང་ཡང་མི་བྱེད་པར། དོན་གཏན་ནས་ཤེས་མི་དགོས་ཤིང་ཤེས་པ་ལ་མི་འབད་པར་ཐབས་ཤེས་ཡོད་རྒུ་བྱས་ཏེ་གྲངས་གསོག་ཉམས་ལེན་ཙམ་ལ་དུས་ཚོད་ཟད་དུ་བཅུག་པ་ནི་མི་རིགས་ཤིག་གི་གྱོང་རྒུད་ཁོ་ན་ཡིན།
 
   དེས་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ནི། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་སློབ་སྦྱོང་གི་ནུས་ཤུགས་ཁོ་ནའི་ཐོག་ནས་ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་མ་ནོར་བར་བྱས་ཏེ་ལམ་གོང་མར་འཛེགས་དགོས་པ་ཞིག་ཡིན་ལ། ལྷག་པར་ད་ལྟའི་དུས་རབས་དང་བསྟུན་ཏེ་ཆོས་ཀྱི་ནང་དོན་ཟབ་རྒྱས་གཞུང་ལུགས་ལ་སློབ་སྦྱོང་གི་རིམ་པ་ཚང་ལ་མ་ནོར་བ་ཞིག་བྱེད་མ་ཐུབ་ཚེ་ཆོ་ག་ཕྱག་ལེན་ཙམ་གྱི་སྲོལ་རྒྱུན་ཐབས་ཆག་ཅིག་ལ་ཨུ་ཚུགས་མཐའ་སྐྱེལ་བྱེད་པ་ནི་དོན་དངོས་སུ་རང་རང་གི་དགོན་པ་དེ་ཉིད་ཉམ་པར་བྱེད་པའོ། །
 
   ང་ཚོས་རྩ་དོན་ཞིག་ལ་བསམ་བློ་གཏོང་དགོས་ས་དེ་ཆོས་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་སློབ་སྦྱོང་གི་ནུས་ཤུགས་ཇེ་ཆེར་གཏོང་དགོས་པ་དེ་ཡིན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྣམས་ཀྱི་ཁོངས་སུ་གཏོགས་པའི་དགོན་པ་ཁག་གི་སློབ་སྦྱོང་གི་གནས་བབ་ཉམས་ན་ཆོས་ཉམས་ལེན་ཡོང་ཐབས་མེད་དེ། ཉམས་སུ་ལེན་མི་ཤེས་པའི་ཕྱིར་རོ། །ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གཉིས་ཀ་ཉམ་སོང་ན། ཆོས་བརྒྱུད་སོ་སོ་ཉམ་འགྲོ་བ་ཐག་ཆོད་པ་དང་། ཆོས་བརྒྱུད་ཆེན་པོ་རྣམས་ཉམ་སོང་ན་བོད་བརྒྱུད་ནང་བསྟན་ཡང་ཉམ་འགྲོ་བ་ཡིན་ཏེ། བྱེ་བྲག་ཐམས་ཅད་ཁེགས་ན་སྤྱི་ཁེགས་དགོས་པའི་ཕྱིར་རོ། །
 
   དེས་ན། ནང་བསྟན་ཆོས་ལུགས་ཀྱི་སྤྱི་གཞུང་ཁག་དང་། ཆོས་བརྒྱུད་སོ་སོའི་རང་གཞུང་ཁག་ལ་སློབ་སྦྱོང་འཐུས་ཚང་ཅན་དང་ཚད་གཞི་ཇེ་མཐོར་གཏོང་དགོས་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཉམས་ལེན་རྣལ་མ་ཞིག་ཡོང་བ་དང་། ཆོས་བརྒྱུད་སོ་སོ་རྒྱུན་འཛིན་དར་སྤེལ་ལ་ཆེས་གལ་ཆེ་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་གཅིག་པུ་དེ་ཡིན།
 
   ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་རང་གི་ངོས་ནས་ཡིན་ནའང་བོད་རིགས་ཚང་མས་གཟུངས་སྔགས་རེ་གསོག་སྐོར་བ་རེ་བྱས་ཏེ་འདུག་རྒྱུ་མ་ཡིན་པར་མི་རིགས་ཀྱི་རིག་པའི་གནས་སྤྱི་དང་ལྷག་པར་ཆབ་དཔལ་རིག་གསུམ་གྱི་ཕྱོགས་གང་ལ་ཡང་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པ་ཧ་ཅང་གི་གལ་ཆེ་བར་སེམས།
 
   སྡོམ་བརྒྱབ་ན། སྐྱ་བོ་རྒན་པ་ཚོས་ཞལ་འདོན་གསུངས། སྐོར་བ་རྒྱོབ། འོན་ཀྱང་གཙོ་ཆེར་སེམས་དགེ་བའི་ཕྱོགས་ལ་བསམ་བློ་སྐོར་སྟངས་ཐད་སློབ་སྦྱོང་བྱོས། གཞོན་པ་ཚོས་རང་གི་སྐད་ཡིག་གཞིར་བྱས། དེང་རབས་ཀྱི་རིག་གནས་ལ་སློབ་སྦྱོང་དང་། དཔལ་འབྱོར་རྩོལ་སྒྲུབ་བྱས་ཏེ་མི་རིགས་ཀྱི་རྐང་འཛིན། འཛམ་གླིང་གི་མྱི་རྗེས་ཆོད་པ་ཞིག་ཅིས་ཀྱང་འབད་པར་འཚལ་ལོ། །
 

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།